cover

བདུད་འཇོམས་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས།།

ཆོས་འབྱུང་།༽

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བོད་སྔ་རབས་པའི་གསང་ཆེན་རྙིང་མའི་ཆོས་འབྱུང་ལེགས་བཤད་གསར་པའི་དགའ་སྟོན་གྱི་དབུ་འདྲེན་གཞུང་དོན་ལེའུ་ངོས་འཛིན།

༄༅། །བོད་སྔ་རབས་པའི་གསང་ཆེན་རྙིང་མའི་ཆོས་འབྱུང་ལེགས་བཤད་གསར་པའི་དགའ་སྟོན་གྱི་དབུ་འདྲེན་གཞུང་དོན་ལེའུ་ངོས་འཛིན་བཞུགས།

ༀ་སྭསྟི། བོད་སྔ་རབས་པའི་རྙིང་མའི་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་འདི་ལ་ལེའུ་བརྒྱད་དུ་ཡོད་པ་ལས། ༈ ལེའུ་དང་པོས། ཀླད་ཀྱི་དོན་བསྟན་བཅོས་ཀྱི་མཚན་སྨོས་ཤིང༌། ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་དེ་བརྩམ་པར་དམ་བཅས་པས་ཐོག་དྲངས། གཞུང་གི་དོན་དངོས་ཀྱི་ཐོག་མར་འཇིག་རྟེན་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱོན་ཚུལ་སྤྱིར་བཤད་པ་ལ། སྟོན་པ་སངས་རྒྱས་བྱོན་ཚུལ། བསྡུ་བ་པོས་བཀའ་བསྡུ་ཚུལ། བསྟན་པའི་གཏད་རབས། བསྟན་པ་བསྐྱངས་ཤིང་ཐེག་ཆེན་རྒྱས་ཚུལ་བཅས་བསྟན། ༈ ལེའུ་གཉིས་པས། གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་བྱོན་ཚུལ་བྱེ་བྲག་ཏུ་བཤད་པ་ལ། གསང་སྔགས་ཀྱི་ཆོས་འཁོར་གང་དུ་གང་གིས་བསྐོར་བ། བསྡུ་བ་པོ་རྣམས་ཀྱིས་ཇི་ལྟར་བསྡུས་པ། བསྟན་པ་དེ་ཉིད་འཇིག་རྟེན་མི་ཡུལ་དུ་བྱུང་ཚུལ་བཅས་བསྟན། ༈ ལེའུ་གསུམ་པས། བོད་ཡུལ་མུན་པའི་གླིང་དུ་རྒྱལ་བསྟན་སྣང་བའི་སྒྲོན་མེ་དེ་ཉིད་ཐོག་མར་བྱུང་ཚུལ་སྤྱིར་བཤད་པ་ལ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བསྟན་པ་ཇི་ལྟར་བཙུགས་ཚུལ། བར་སྐབས་སུ་བསྟན་པའི་འཕེལ་འགྲིབ་བྱུང་ཚུལ། བསྟན་པ་ཕྱི་དར་གྱིས་གསོས་ཚུལ་བཅས་བསྟན། ༈ ལེའུ་བཞི་པས། གསང་སྔ་གས་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབ་ཚུལ་བྱེ་བྲག་ཏུ་འཆད་པ་ལས། རྒྱུད་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་སོ་སོའི་བབ་ཚུལ་དང༌། ཁྱད་པར་མན་ངག་སྙིང་ཐིག་ཆེན་པོའི་ལོ་རྒྱུས་དང་འབྲེལ་བར་བརྒྱུད་པའི་རྣམ་ཐར་རགས་རིམ་བཅས་བསྟན།

༈ ལེའུ་ལྔ་པས། རིང་བརྒྱུད་བཀའི་ཆུ་བོ་མ་ཉམས་པར་གནས་པ་མདོ་སྒྱུ་སེམས་གསུམ་གྱི་བབ་ཚུལ་ལ། བསྐྱེད་པ་མ་ཧཱ་ཡོ་གའི་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ། སྒོས་རྒྱུད་སྒྲུབ་སྡེ་སོ་སོའི་རིམ་པ་དང༌། རྫོགས་པ་ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་པ་འདུས་པ་རྩ་བ་ཡན་ལག་དང་བཅས་པ། རྫོགས་ཆེན་ཨ་ཏི་ཡོ་ག་སེམས་ཀློང་མན་ངག་གི་སྡེ་ཡོངས་སུ་རྫོགས་པའི་བབ་ཚུལ་རིག་འཛིན་བརྒྱུད་པའི་ལོ་རྒྱུས་རགས་རིམ་དང་འབྲེལ་ད་ལྟའི་བར་དུ་བསྟན་པ་ཇི་ལྟར་བསྐྱངས་ཚུལ་བཅས་བསྟན། ༈ ལེའུ་དྲུག་པས། ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་ལ། གཏེར་གྱི་མཚན་ཉིད་དང་དབྱེ་བ། དགོས་ཆེད་ཁྱད་ཆོས། གཏེར་ནས་བྱོན་པའི་ཆོས་ནོར་དམ་རྫས་སོགས་ཀྱི་ངེས་བརྗོད་དང་འབྲེལ་གཏེར་འབྱིན་སྐྱེས་མཆོག་རགས་རིམ་གྱི་རྣམ་ཐར་བཅས་བསྟན། ༈ ལེའུ་བདུན་པས། སྔ་འགྱུར་རྙིང་མའི་ཕྱོགས་འདིར་སྔོན་གྱི་དུས་སུ་ལོག་པར་བསྟན་པའི་རིགས་འགའ་ཤས་བྱུང་བའི་སྐྱོན་སྤོང་དང་འབྲེལ་གོ་དོན་གསལ་འདེབས་བསླབ་བྱར་བསྙད་པ་མདོ་ཙམ་བསྟན། ༈ ལེའུ་བརྒྱད་པས། བསྟན་པའི་བབ་ཚུལ་དེ་རྣམས་ཀྱང་འདས་ལོའི་དུས་ཚིགས་དང་སྦྱར་ཏེ་རགས་རིམ་ཙམ་དཔྱད་ནས་གོ་བདེ་བར་སྨོས་ཤིང༌། སླད་ཀྱི་བསྟན་པའི་གནས་ཚད་བསྟན་པ་བཅས་ཀྱིས་གཞུང་གི་དོན་ཡོངས་སུ་ཚང་ནས། མཇུག་གི་དོན་ལ། འཆད་བྱའི་ཁུངས་གང་ལ་བརྟེན་ནས། དགོས་ཆེད་ཅིའི་ཕྱིར་བརྩམས་པ་དང༌། རྒྱུ་མཚན་བརྗོད་པའི་སྒོ་ནས་སྨོན་ཚིག་སྦྱར་བྱང་དང་བཅས་པས་ལེགས་པར་གྲུབ་བོ། །བོད་དུ་སྐྱེས་པའི་མི་རྒན་བདུད་འཇོམས་བདག །བོད་ཆོས་མིང་གཞི་གསང་སྔགས་སྔ་འགྱུར་བའི། །བོད་ཞེན་འཐུག་པོ་སངས་པར་མ་ནུས་ཏེ། །བོད་ཀྱི་ཆོས་འབྱུང་རྒྱ་གར་ཡུལ་དུ་བྲིས། །མང་ཐོས་ཤེས་བྱའི་མཐའ་རྒྱ་མ་ཆོད་ཀྱང༌། །ཟབ་དོན་རྒྱུད་ལུང་མན་ངག་ཕ་ཕོག་ཏུ། །རང་དབང་ཐོབ་པས་ཡིད་ཚིམས་བློ་བདེ་ངས། །གུ་ཡངས་མི་ཚད་བསྐྱལ་བའི་ལག་རྗེས་ཡིན། །གཟིགས་པར་དགོངས་རྣམས་ཅི་ནས་གཟིགས་མཛོད་དང༌། །ལོ་རྒྱུས་རྙིང་པས་ངེས་ཤེས་གསར་པ་སྐྱེ། །གཟིགས་མ་དགོངས་ན་ཨུ་ཚུགས་ཅི་སྟེ་ཞུ། །ཀུན་ལ་བྲིན་སྙམ་རེ་བའང་བདག་ལ་མེད། །འོན་ཀྱང་སྒྲུང་གཏམ་ཕལ་དང་མི་འདྲ་བར། །ཆོས་ཚུལ་བྱུང་བ་བརྗོད་པའི་ཡི་གེ་ནི། །ཁྲོ་མེད་སློབ་དཔོན་འདིར་བསྟེན་མོས་ལྡན་འགའི། །ཡིད་ལ་ཀུན་དགའི་དགའ་སྟོན་མྱོང་ཡང་སྲིད། །འདི་ཀོ་རང་གཞན་སྡིག་པའི་ས་བོན་དུ། །ནམ་ཡང་མི་འགྱུར་དག་པའི་སྣང་ཆེན་དང༌། །ཉེར་འགྲོགས་དོན་ལྡན་བཟང་པོ་སྤྱོད་ལ་བཀྲི། །བསྟན་སྲོག་བཙས་སུ་སྨིན་པར་སྙིང་ནས་སྨོན། །རྗོད་བྱེད་ཚིག་ལ་སྙན་འཇེབས་མི་ལྡན་ཡང༌། །བརྗོད་བྱའི་དོན་ལ་ནོར་འཁྲུལ་མེད་ངེས་ཤིང༌། །བརྒྱུད་གསུམ་དགོངས་པའི་འདྲ་འབག་ཁོ་ནའི་ཕྱིར། །གླེགས་བམ་འདི་ཡང་ཆོས་སྐུའི་མཆོད་སྡོང་ཉིད། །ཆོས་ཀྱི་རིང་བསྲེལ་གཏན་པ་མེད་འཇོ་བ། །ཆོས་མཐུན་གྲོགས་རྣམས་དགྱེས་པའི་སྐྱེས་བཟང་སྟེ། །ཆོས་མཆོག་འཛིན་སྐྱོང་སྤེལ་བའི་ཕྱག་མཚན་ཆེར། །ཆོས་མཛད་གཅེས་པའི་དབྱིག་ཏུ་བཟུང་མཛད་གསོལ། །ཞེས་ཀྱང་སྨྲས་སོ།། །།

བདུད་འཇོམས་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས།
མཆོད་བརྗོད་དང་བརྩམས་པར་དམ་བཅའ་བ།

༄༅། །གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

སྤྲོས་པའི་སྨག་དང་ནམ་ཡང་མི་མཛའ་བ། །ཀུན་མཁྱེན་ཡེ་ཤེས་ཉི་མ་ཉག་གཅིག་སྟེ། །རྟེན་འབྱུང་སྲིད་པ་སྒྱུ་མའི་གྲོང་ཁྱེར་དུ། །ཕན་བདེའི་འོད་སྟོང་ཅི་ཡང་འགྱེད་དེས་སྐྱོངས། །ཀུན་རྨོངས་མི་བཟད་ཚ་གདུང་སེལ་བའི་སྐྱེས། །ཞི་བསིལ་ག་བུར་བདུད་རྩིས་མཚོན་མིན་པ། །སྲིད་པའི་རིམས་ནད་གཞིལ་བའི་སྨན་ཆེན་པོ། །ལུང་རྟོགས་དམ་ཆོས་རིན་ཆེན་གཙུག་ན་རྒྱལ། །ལྷག་བསམ་གསེར་གྱི་ཡུ་བ་ལ་བརྟེན་པའི། །རྣམ་དག་བསླབ་གསུམ་གོས་བཟང་འཕུར་ལྡིང་ཅན། །བཤད་སྒྲུབ་ནོར་བུའི་ཏོག་གིས་མངོན་མཛེས་པ། །ཚོགས་མཆོག་བསྟན་པའི་རྒྱལ་མཚན་བླ་ན་བསྟོད། །ཡེ་ནས་རྣམ་དག་གཉུག་མའི་དེ་ཉིད་ལྷག་པའི་ཆོས་སྐུ་མཁའ་ཁྱབ་སྙིང་པོ་ངོ་བོ་རིག་སྟོང་ཀུན་ཏུ་བཟང༌། །རྣམ་འགྱུར་མ་འགག་ཡེ་ཤེས་རོལ་རྩལ་སྒྱུ་འཕྲུལ་དྲྭ་བའི་སྤྲིན་དུ་ཡོངས་ཤར་རང་བཞིན་བདེ་སྟོང་རྡོ་རྗེ་སེམས། །དམིགས་པ་མེད་ཀྱང་བརྩེ་བའི་སྙིང་རྗེ་དུས་ལས་མི་ཡོལ་གང་འདུལ་དེར་སྟོན་ཐུགས་རྗེ་སྣང་སྟོང་རྡོ་རྗེ་འཛིན། །སྐུ་གསུམ་དབྱེར་མེད་ཐེག་མཆོག་སྟོན་པ་དགོངས་བརྡ་སྙན་སོགས་དྲུག་ལྡན་བརྒྱུད་པའི་བླ་མ་རྣམས་ལ་གུས་ཕྱག་བགྱི། །བདེ་བ་མཆོག་ལྡན་གསང་བ་དམ་པའི་དཀྱིལ་འཁོར་ཆེར་ནི་ཐམས་ཅད་བདག་ཉིད་རྟག་པ་ཉིད་དུ་དགྱེས་རོལ་པ། །རྣམ་མང་གདུལ་བྱའི་རྗེས་སུ་རབ་ཞུགས་གདུག་པ་ཅན་ངོར་འབར་བའི་སྐུ་སྟེ་ཞི་དང་ཆགས་ལའང་དེ་བཞིན་སྣང༌། །ཕ་མཐའ་དང་བྲལ་སྐུ་དང་ཞིང་ཁམས་ཟུང་འཇུག་རོལ་མོའི་སྤྲིན་ཆེན་བཀོད་ལས་གྲུབ་གཉིས་འདོད་རྒུའི་གྲུ་ཆར་འབེབས། །ཧེ་རུ་ཀ་དཔལ་དཔའ་བོ་ཆེན་པོས་བདག་ནི་རབ་བཟུང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཉིད་དུ་ཡོངས་སྒྲུབས་ཤིག །སྟོང་ཉིད་མཛེས་མའི་ཕྱག་རྒྱས་མ་བཅིང་བརྟན་གཡོའི་དངོས་འགའ་གང་དུའང་ཡོད་མིན་དེར་མ་བསྟེན་པའི་སངས་རྒྱས་སུ། །མི་འགྱུར་མཆོག་བདེའི་ཡེ་ཤེས་འདི་ནི་ཐབས་འདིས་མཚོན་ཅེས་རྣམ་བཅས་རྗེས་ཆགས་དགའ་མའི་ཟོལ་གྱིས་ལྷགས་པ་བཞིན། །མཆོག་དངོས་འདོད་པའི་ཕོ་ཉ་མོ་སྟེ་སྐལ་བཟང་བདག་གི་འཁོར་ལོའི་དབང་ཕྱུག་མ་གཅིག་རྡོ་རྗེ་བཙུན་མོ་ཀྱེ། །འདིར་ནི་ལྷན་སྐྱེས་རོ་མཉམ་རྟོགས་པའི་ཕྱག་གིས་འདུད་དོ་བདེ་ཆེན་རྩེ་འཇོས་དམ་པོར་འཁྱུད་དེ་རྗེས་བརྩེར་མཛོད། །རྒྱལ་བའི་བསྟན་ལ་རྒྱལ་བའི་ཕྲིན་ལས་ཅན། །རྒྱལ་བ་དངོས་མཚུངས་ཀླུ་ཐོགས་རྣམ་གཉིས་སོགས། །དགོངས་པ་འགྲེལ་མཛད་གྲུབ་མཐའི་མཐར་སོན་པའི། །འཕགས་ཡུལ་པཎ་ཆེན་ཚོགས་རྣམས་སྤྱི་བོས་མཆོད། །རྡོ་རྗེའི་ལམ་ལས་རྡོ་རྗེའི་ས་བགྲོད་དེ། །རྡོ་རྗེ་འཆང་དང་དགོངས་པ་མཉམ་གནས་པ། །ས་ར་ཧ་དང་ལཱུ་ནག་དྲིལ་གསུམ་སོགས། །དཔག་ཡས་གྲུབ་ཆེན་ཚོགས་ལ་བདག་ཕྱག་བགྱི། །ཁྱད་པར་གངས་ཅན་མཐའ་འཁོབ་མུན་གླིང་དུ། །རྒྱལ་བསྟན་སྐྱ་རེངས་ཐོག་མར་འདྲེན་མཛད་མགོན། །སྲོང་བཙན་སྒམ་པོ་ཞེས་གྲགས་འཇིག་རྟེན་དབང༌། །ཁྱོད་ཞབས་བྱང་ཆུབ་ཐོབ་ཀྱང་སུ་ཞིག་སྤོང༌། །བདེ་ལྡན་ཞིང་མགོན་མཁྱེན་བརྩེའི་ཡེ་ཤེས་ཧྲཱིཿཡིག་ཐིག་ལེ་སིན་དྷཱུའི་མཚོ་གླིང་པད་སྦུབས་ལས་གྲོལ་མཚན་དཔེའི་སྐུ། །འཁོར་བ་ཇི་སྲིད་སྐྱེ་འཆི་མི་མངའ་བདེ་ཆེན་རྡོ་རྗེའི་བརྟུལ་ཞུགས་གར་གྱིས་ས་གསུམ་པོ་ཡི་ཡིད་ཅན་ཀུན། །ཚར་གཅོད་རྗེས་འཛིན་ཐོགས་མེད་ནུས་རྩལ་སྲིད་འདིར་དཔེར་འོས་རང་ཉིད་ཙམ་སྟེ་རྒྱལ་ཀུན་འགྲོ་ལ་བརྩེར་མཚུངས་ཀྱང༌། །ཉམ་ཐག་བོད་འབངས་ལྷག་པར་སྐྱོང་བའི་བཀའ་དྲིན་ཅན་དེ་ཐོད་ཕྲེང་རྩལ་ཁྱོད་ཁོ་ན་ལགས་ཕྱིར་སྙིང་ནས་གུས། །ཤཱཀྱའི་རྒྱལ་པོའི་ཐུགས་ཀྱི་སྲས་གཅིག་གསང་བདག་དཔའ་བོ་སྡོམ་བརྩོན་ཚུལ་འཛིན་བྱང་ཆུབ་སེམས་དཔའ་ཆེར་གྲགས་པ། །གཟུངས་སྤོབས་མཐའ་ཡས་དབང་བཅུར་མངའ་བརྙེས་ཁ་བ་ཅན་གྱི་སྒྲོན་མེ་མཛད་ཕྱིར་བསམ་བཞིན་མི་ལོ་དགུ་བརྒྱར་གནས། །སྡེ་སྣོད་གསུམ་གྱི་བསྟན་པའི་རྒྱལ་མཚན་གངས་ཅན་དབུས་འགྱུར་རྒྱན་དུ་ལེགས་བཙུགས་སྔོན་མེད་རྒྱལ་བའི་གདུང་རབས་བསྐྲུན། །བོད་ཡུལ་ཐོག་མའི་མཆོད་གནས་ཉིད་དུ་བསོད་ནམས་བགོ་སྐལ་ཞི་བ་འཚོ་ཁྱོད་ལེགས་པར་ཐོབ་སྙམ་དད་ཕྱག་བརྩེགས། །བསིལ་ལྗོངས་རྨོངས་མུན་སྟུག་པོའི་ཁྲོད་ན་མཁྱེན་རབ་རལ་གྲིའི་འཁྲི་ཤིང་ཅན་དེ་མི་ཡི་ལྷ་རུ་ཡོངས་བརྫུས་ཏེ། །རྒྱལ་བསྟན་རིན་ཆེན་སྣང་བའི་སྒྲོན་མེ་གསར་དུ་སྦར་ལས་མཐའ་ཁོབ་ཞིང་འདི་འཕགས་ཡུལ་ལས་ཀྱང་སྐལ་བཟང་དུ། །བསྒྲུབས་པའི་ངོ་མཚར་བཀའ་དྲིན་ཕུང་པོ་གཟུགས་སུ་གྲུབ་ན་སྲིད་ཁམས་ཁྱོན་ཡང་སྣོད་དུ་ཆུང་སྟེ་ད་ལྟའང་འདིར། །ཟབ་དོན་ཡིད་བཞིན་ནོར་བུའི་མཛོད་ལ་ཅི་དགར་སྤྱོད་གང་ཁྲི་སྲོང་རྗེ་ཁྱོད་ཁོ་ནའི་མཐུར་ཤེས་བདག་དད་དོ། །དྲི་མེད་རྒྱལ་བའི་གསུང་རབ་དགོངས་འགྲེལ་བཅས། །མ་ནོར་ཇི་བཞིན་བསྒྱུར་ཞུས་གཏན་ཕབ་སྟེ། །གངས་ལྗོངས་ཕན་བདེའི་སྒོ་བརྒྱ་འབྱེད་མཛད་པ། །འཕགས་བོད་ལོ་པཎ་ཚོགས་རྣམས་ལན་བརྒྱར་བསྔགས། །བརྒྱུད་གསུམ་དགོངས་བཅུད་མན་ངག་བདུད་བརྩིའི་རོས། །རབ་མྱོས་ཅིར་སྣང་བདེ་ཆེན་མནྜ་ལར། །དགྱེས་རོལ་འཕོ་ཆེན་རྡོ་རྗེའི་གདུང་འཛིན་པའི། །གྲུབ་མཆོག་རིག་འཛིན་ཚོགས་ལ་སྙིང་ནས་དད། །གཞན་ཡང་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རིས་སུ་མ་ཆད་བསྟན་འགྲོའི་དཔལ་གྱུར་པའི། །འདྲེན་པ་རྒྱལ་བའི་ཕྲིན་ལས་པར་སྣང་བ། །དེ་ཀུན་གུས་པའི་བློ་ཡིས་འདིར་བསྟོད་དོ། །གསང་འཛིན་ཌཱ་ཀི་བཀའ་ཡི་ཆོས་སྲུང་ཚོགས། །ཟབ་དོན་ལོ་རྒྱུས་འཆད་ལ་མ་འཁྲེན་པར། །བསྟན་གཞུག་མནལ་དུ་ཉེ་བ་འདིར་དགོངས་ནས། །དགྱེས་པའི་འཛུམ་གྱིས་གནང་བའི་སྐབས་ཕྱེས་ཤིག །ཆེར་སྙིགས་དུས་ཀྱི་རྒུད་པའི་ཆར་སྤྲིན་ངམ་གནག་གཡོ་བས་རྒྱལ་བསྟན་སྣང་བྱེད་བཞིན་རས་འགེབ་ལ་མངོན་ཕྱོགས་ཤིང༌། །ཐུན་མོང་མ་ཡིན་གྲུབ་པའི་སྐྱེས་བུའི་བརྟེན་བྱ་ཉིད་གྱུར་མཆོག་གསང་ཐེག་པའི་རིང་ལུགས་བག་ལ་ཞ་ཉེ་བས། །རྟོགས་པའི་རྣམ་ཐར་ཉམས་འོག་ཆུད་པ་དེང་དུས་འདི་ན་སྲིད་པ་ཙམ་སྟེ་དེ་ཡི་ལོ་རྒྱུས་སྨྲ་བ་ཡང༌། །ཆེས་དཀོན་གྱུར་ཕྱིར་སྔོན་བྱུང་གཏམ་གྱི་ཆ་ཤས་ཙམ་ཡང་ནུབ་པར་འཕངས་ཏེ་བདག་ནི་འབད་པས་འདི་བརྩམ་བྱ། །དེའང་སྟོན་པ་བདེ་བར་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་གསང་ཆེན་བླ་ན་མེད་པ་རྡོ་རྗེ་ཐེག་པའི་ཆོས་ཚུལ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ཁ་བ་ཅན་གྱི་ལྗོངས་སུ་ཇི་ལྟར་བྱུང་ཞིང་རྒྱས་པར་གྱུར་པའི་ཚུལ་དག་ཅིང་གསལ་བའི་ངག་གིས་མདོ་ཙམ་འཆད་པར་སྤྲོའོ།།

ལེའུ་དང་པོ་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་བཤད་པ།

སྟོན་པ་སངས་རྒྱས་བྱོན་ཚུལ།

དེ་ལ་ཐོག་མར་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་ཇི་ལྟར་བྱོན་པའི་ཚུལ་བཤད་པར་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་ལས་རྒྱ་མཚོས་རྣམ་པར་བསྐྱེད་པའི་རྟེན་སྣོད་ཀྱི་འཇིག་རྟེན་རབ་འབྱམས་ནམ་མཁའི་འཐའ་ཀླས་པར་བརྡལ་བ་ལས། ལོངས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོས་ལོངས་སྤྱོད་པའི་གནས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ན་བཞུགས་པའི་རྒྱལ་བ་དེའི་བ་སྤུའི་ཁུང་བུ་རེར་ཡང་རྡུལ་སྙེད་ཀྱི་ཞིང་ཁམས་རྒྱ་མཚོ་སྣང་ཞིང༌། ཕྱག་མཐིལ་སྤོས་ཆུའི་རྒྱ་མཚོར་བརྟེན་པའི་པདྨ་རྣམས་ལས་འཇིག་རྟེན་གྱི་ཁམས་ཉེར་ལྔ་བརྩེགས་མར་གནས་པའི་ནང་གསེས། བཅུ་གསུམ་པ་མི་མཇེད་ཀྱི་འཇིག་རྟེན་འདིར་ཡང་གླིིང་བཞི་བྱེ་བ་ཕྲག་བརྒྱར་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོ། གླིང་བཞི་རེ་རེ་ལའང་གླིང་ཕྲན་གཉིས་རེ་བཅས་ཡོད་པའི་ནང་ནས། ཤིང་ཛམྦུ་བྲ໏ཀྵའི་ལྗོན་པས་མཚན་པ་ལྷོ་ཕྱོགས་ཛམྦུའི་གླིང་གི་ཡུལ་དབུས་མ་ག་དྷ་རྡོ་རྗེའི་གདན་རང་བྱུང་དུ་གྲུབ་པ་ལ། མཆོག་གི་སྤྲུལ་སྐུ་སྟོང་རྩའི་ཕྲེང་བ་རིམ་པར་བྱོན་ཏེ་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བས་སྒྲོན་མེའི་ཞིང་ཞེས་བསྐལ་པ་བཟང་པོར་མཛད་པ་ལས། ད་ལྟ་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེའི་སྣང་བ་འཇིག་རྟེན་ན་ཡོངས་སུ་བརྡལ་བའི་སྐབས་སོ།།

དེ་ཇི་ལྟར་བྱུང་བའི་ཚུལ་ལ་བཞི་སྟེ། སྟོན་པ་སངས་རྒྱས་བྱོན་ཚུལ། བསྡུ་བ་པོས་བཀའ་བསྡུས་ཚུལ། བསྟན་པའི་གཏད་རབས། བསྟན་པ་བསྐྱངས་ཤིང་ཐེག་ཆེན་ཇི་ལྟར་རྒྱས་ཚུལ་ལོ། །དང་པོ་སྟོན་པ་སངས་རྒྱས་བྱོན་ཚུལ་ནི།

དེ་ཡང་གདུལ་བྱ་བློ་ཆེ་ཆུང་གི་རིམ་པ་ལ་སྣང་བའི་གྲུབ་མཐའི་བྱེ་བྲག་གིས་བཞེད་པ་མི་མཐུན་པ་མང་དུ་མཐོང་སྟེ། དེ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འོ་སྐོལ་གྱི་སྟོན་པ་འདི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་བསགས་ཤིང༌། རྒྱལ་བུ་དོན་གྲུབ་སྲིད་པ་ཐ་མ་པའི་སོ་སོའི་སྐྱེ་བོ་འཆིང་བ་དང་བཅས་པ་ཞིག་རྡོ་རྗེ་གདན་དུ་ཚོགས་ལམ་ཆེན་པོའི་རྟེན་ལ་སྦྱོར་མཐོང་སྒོམ་པ་མི་སློབ་པའི་ལམ་རྣམས་སྟན་ཐོག་གཅིག་ལ་ཐོབ་ནས་སངས་རྒྱས་པར་འདོད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་སྟོན་པ་འཚང་རྒྱ་ཚུལ་རང་རྒྱལ་དབང་པོ་རྣོན་པོ་བསེ་རུ་ལྟ་བུ་དང་འདྲ་བར་གསུངས་ཤིང༌། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་སོ་སྐྱེ་ཡིན་པར་ཡང༌། དེ་ཡི་སྔོན་དུ་ཐར་པ་ཆ་མཐུན་ཞེས་དང༌། འཕགས་པ་མིན་ཡང་ཕ་མ་དང༌། །ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་འབྱུང་ངོ༌།།

ཡང་ཐེག་པ་ཆེན་པོ་ཐུན་མོང་བ་ལ་གྲགས་པ་ལྟར་ན། བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར། ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་ས་བཅུ་པའི་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་ཞིག་ས་བཅུའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་རྒྱལ་བུ་དོན་གྲུབ་ཏུ་སྐྱེ་བ་བཞེས་ནས་ཞིང་འདིར་སངས་རྒྱས་པར་འདོད་དེ། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པ་ཆེན་པོས་ཚོགས་བསགས་ཤིང༌། ཚེ་ལོ་བརྒྱ་པའི་ཚེ་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམས་ལ་གཟིགས་ཏེ་ཛམྦུའི་གླིང་འདི་ཉིད་དུ་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྐོར་ཏེ། ཞེས་སོགས་གསུངས་སོ།།

ཡང་གསང་སྔགས་ཀྱི་གཞུང་འགའ་ཞིག་ལས་ནི་སྤྱིར་དེ་དང་ཚུལ་མཐུན་པ་ལས། ཁྱད་པར་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ལས་བསླང་སྟེ་བསྐུལ་བས། བཏགས་པའི་ལུས་དེར་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་བྱོན་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་ཏེ་མངོན་པར་བྱང་ཆུབ་པ་ལྔའི་ཐབས་ཀྱིས་སངས་རྒྱས་ནས། སླར་རྡོ་རྗེ་གདན་དུ་འཚང་རྒྱ་བར་བསྟན་པར་བཞེད་དེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ཅིའི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང༌། །འདི་དོན་མ་རྟོགས་ནཻ་རཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་ཕྱོགས་བཅུའི་བདེ་གཤེགས་ཀྱིས། །ཐལ་བྱུང་བློ་ཆགས་དེ་བཟློག་སྟེ། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་རབ་བསྟན་པས། །ནམ་ཕྱེད་དུས་ན་རྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་དུས། །སྐད་ཅིག་གཅིག་གིས་ཡང་དག་རྟོགས། །འགྲོ་བ་གདུལ་བར་བྱ་བའི་ཕྱིར། །བྱང་ཆུབ་སྙིང་པོར་བཞུགས་ནས་ཀྱང༌། །དཔུང་ཆེན་བདུད་རྣམས་རབ་བཅོམ་སྟེ། །སེམས་ཅན་བཟུང་བར་བྱ་དོན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་འོ། །ཞེས་དང༌། སློབ་དཔོན་ཨརྱ་དེ་བས། མངོན་པར་བྱང་ཆུབ་རྣམ་གཉིས་ཏེ། །ཕྱི་དང་ནང་གི་ཞེས་སུ་བཤད། །ཅེས་པ་ལྟར་ཕྱིའི་མངོན་བྱང་ཆགས་བྲལ་གྱི་ཚུལ་གྱིས་སངས་རྒྱས་ཚུལ་དང༌། ནང་གི་མངོན་བྱང་འདོད་ཆགས་ཆོས་ཀྱི་ཚུལ་བཞིས་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད་ནས་ཟུང་འཇུག་གི་སྐུ་བརྙེས་པར་བཞེད་པ་ཡིན་ནོ།།

ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་པའི་རྗེས་སུ་གཙང་མའི་གནས་དང༌། རྡོ་རྗེ་གདན་དུ་རིམ་བཞིན་འཚང་རྒྱ་ཚུལ་བསྟན་པར་བཞེད་དེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། །འཚང་རྒྱ་འོག་མིན་གནས་མཆོག་ཏུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དེ། །དེ་དག་སྟུག་པོའི་ཞིང་གཤེགས་ནས། །སངས་རྒྱས་སྤྲུལ་པ་བྱེ་བ་ཡིས། །རྟག་ཏུ་རྣལ་འབྱོར་མཉམ་པར་བཞག །སྤྲུལ་པ་དག་དང་ཐབས་གཅིག་རོལ། །ཐམས་ཅད་ཞིང་དུ་ཟླ་བ་ལྟར། །གང་ལ་གང་གིས་དབང་བསྒྱུར་བ། །དེ་ལ་དེར་སྟོན་འབྱུང་བ་སྟེ། །ཞེས་དང༌། ལངྐར་གཤེགས་པ་ལས། གཙང་མའི་རིས་དག་རྣམ་སྤངས་པའི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་གསུངས་སོ། །མདོར་ན་འདོད་གཟུགས་ཀྱི་ཞིང་དུ་སངས་རྒྱས་པར་གསུངས་པ་དེ་ཐམས་ཅད་ཀྱང་གདུལ་བྱའི་ངོར་ཚུལ་བསྟན་ཁོ་ན་སྟེ། འདིར་ངེས་དོན་གྱི་སྙིང་པོ་བླ་ན་མེད་པའི་ཚུལ་ལྟར་ན། འོ་སྐོལ་གྱི་སྟོན་པ་འདི་ཐོག་མ་མེད་པའི་དུས་ནས་གཞི་གདོད་མའི་དབྱིངས་སུ་རང་རིག་པའི་ཡེ་ཤེས་གྲོལ་བས་མངོན་པར་བྱང་ཆུབ་སྟེ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་མ་གཡོས་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་སྤྲུལ་པ་སྐུའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་བས། གདུལ་བྱ་རྣམས་སོ་སོའི་སྐལ་བ་དང་འཚམས་པར་བྱང་ཆུབ་གསུམ་ལ་འགོད་པའི་ཕྲིན་ལས་ཚད་མེད་པས་འདུལ་བར་མཛད་པ་སྟེ།

ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྔོན་རོལ་སངས་རྒྱས་པ། །རྡོ་རྗེ་འཛིན་རྒྱལ་གསང་བ་ཆེ། །བསམ་ཡས་ཞིང་དུ་རྣམ་པར་རོལ། །གྲངས་མེད་སྔ་ཕྱིའི་དུས་ཀུན་ཏུ། །ཞི་དང་ཁྲོ་ཚུལ་དཔག་མེད་ཅིང༌། །རྔོན་དང་སྨད་ཚོང་ལ་སོགས་གཟུགས། །སྣ་ཚོགས་ཚུལ་གྱིས་དོན་མཛད་ཀྱང༌། །ད་དུང་བསྐལ་པ་བཟང་པོ་འདིར། །འདྲེན་པ་སྟོང་དུ་བསྒྱུར་མཛད་ཅིང༌། །དེ་བཞིན་སྣ་ཚོགས་ཚུལ་འཆང་ཞིང༌། །དཔག་མེད་འགྲོ་བའི་དོན་མཛད་དོ། །ཞེས་དང༌། རྩ་རྒྱུད་གསང་བ་སྙིང་པོ་ལས་ཀྱང༌། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ཞེས་གསུངས་ཤིང༌། དེ་ལྟར་གསང་སྔགས་ཀྱི་རྒྱུད་རྣམས་སུ་གསུངས་པར་མ་ཟད་ཟབ་མོའི་མདོ་སྡེ་རྣམས་ལས་ཀྱང་ཚུལ་མཐུན་པར་འབྱུང་སྟེ། དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་དང༌། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང༌། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་གདུལ་བྱ་དང་མཐུན་པར་འཇུག་པ་སྤྲུལ་པའི་སྐུ་དེ་ལའང་དབྱེ་ན། མདོ་སྡེ་རྒྱན་ལས། སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་ཕུན་སུམ་ཚོགས་པ་ནི། །རྣམ་པ་ཐམས་ཅད་ཉིད་ལ་གནས། །བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །མྱ་ངན་འདས་པར་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་པས་བརྟན་གཡོ་སྣ་ཚོགས་པའི་སྣང་བརྙན་དུ་འཆར་བས་དཔག་ཏུ་མེད་ཀྱང་གཙོ་ཆེ་བའི་ངོས་ནས་བསྡུས་ན། བཟོ་དང༌། སྐྱེ་བ་དང༌། མཆོོག་གི་སྤྲུལ་པ་གསུམ་དུ་གསུངས་པ་ལས། མཆོག་གི་སྤྲུལ་པའི་སྐུ་ཆེན་པོའི་མཛད་པ་སྟོན་ཚུལ་གྱི་དབང་དུ་བྱས་ན། སྒྱུ་འཕྲུལ་རྩ་རྒྱུད་དུ་འདུལ་བ་རྣམ་པ་བཞིས་འགྲོ་བའི་དོན་མཛད་པར་གསུངས་ཏེ། ལྷུམས་སུ་འཇུག་པ་ནས་མྱ་ངན་ལས་འདའ་བའི་བར་སྟོན་པ་སྐུ་བསོད་ནམས་ཆེན་པོས་འདུལ་བ་དང༌། ཆོས་ཀྱི་ཕུང་པོ་མཐའ་ཡས་པ་སྟོན་པ་ནི་གསུང་རིག་པས་འདུལ་བ་དང༌། མངོན་པར་ཤེས་པ་དྲུག་གིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པས་དོན་མཛད་པ་ནི་ཐུགས་མངོན་སུམ་པས་འདུལ་བ་དང༌། སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་གྱི་རྣམ་པ་དེ་དང་དེར་སྟོན་པ་ནི་ཡོན་ཏན་དང་ཕྲིན་ལས་ཀྱི་མཛད་པ་སྟེ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བའོ། །དེ་ལས་སྐུ་བསོད་ནམས་ཆེན་པོས་འདུལ་བའི་མཛད་པ་ལ་སྟོན་པ་སྤྲུལ་པའི་སྐུའི་མཛད་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་གྲངས་སོགས་མཐའ་གཅིག་ཏུ་ངེས་བཟུང་བྱར་མེད་ཅིང་ཐེག་ཆེན་གྱི་མདོ་སྡེ་རྣམས་སུའང་མང་ཉུང་ཅི་རིགས་འབྱུང་བ་འགལ་བར་མི་འདུ་ལ། འདིར་གཙོ་ཆེ་བ་འཛམ་བུའི་གླིང་འདིར་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པའི་དབང་དུ་བྱས་ན། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པ་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་པས། བདག་ཅག་གི་སྟོན་པ་འདི་དགའ་ལྡན་ལྷའི་གནས་རིས་བཟང་པོ་ན་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ནས། ལྷ་རྣམས་ལ་ཆོས་སྟོན་ཅིང་དེ་རྣམས་དང་ཐབས་གཅིག་གོ། དེའི་ཚེ་འཁོར་གྱི་ཁྱམས་སུ་མར་མེ་མཛད་ཀྱི་ལུང་བསྟན་བསྐུལ་བའི་ཚིགས་སུ་བཅད་པ་རོལ་མོའི་སྒྲ་ལས་རང་བྱུང་བས། དམ་པ་ཏོག་དཀར་ཆོས་ཀྱི་མངོན་པར་མཐོ་བའི་ཁང་བཟང་གི་ཁྲི་རབ་ཏུ་བཟང་པོ་ལ་བཞུགས་ནས། འཛམ་བུའི་གླིང་དུ་སྐྱེ་བ་འཛིན་པའི་མཛད་པ་སྟོན་པ་ལ། གླིང་དང༌། རིགས་དང༌། ཡབ་དང༌། ཡུམ་དང༌། དུས་དང་ལྔའི་ཁྱད་པར་གྱིས་གཟིགས་པ་ལྔ་ལ་གཟིགས་སོ། །དེ་ལྟར་གཟིགས་ནས་ལྷ་རྣམས་ལ་ཁོ་བོ་འཛམ་བུའི་གླིང་དུ་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཉིང་མཚམས་སྦྱོར་ནས་བདུད་རྩི་ཟབ་མོ་ནི་མངོན་དུ་བྱེད། རྟོག་གེ་བ་བཅོ་བརྒྱད་ནི་ཟིལ་གྱིས་གནོན་པར་བྱེད། འགྲོ་བ་མང་པོ་ནི་རྣམ་པར་བྱང་བ་ལ་འགོད་པར་བྱེད་པའི་གསུང་གིས་དབུགས་ཕྱུང་ནས། བྲམ་ཟེའི་རིག་བྱེད་ཀྱིས་རྗེས་སུ་བསྟན་པའི་གླང་པོ་གཞོན་ནུ་ཐལ་དཀར་གྱི་རྣམ་པས་ཡུམ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་གཤེགས་སོ། །གཤེགས་ནས་ཀྱང་ལྷུམས་དེ་ནི་ལྟ་ན་སྡུག་པ། སྲིད་པའི་འདུ་བྱེད་ཀྱིས་རྣམ་པར་དབེན་པ། རྒྱལ་སྲས་རྣམས་ཀྱིས་ཉེ་བར་སྤྱད་པའི་གཞལ་མེད་ཁང་དུ་བྱིན་གྱིས་བརླབས་ནས་ལྷ་མི་ཁྲི་ཕྲག་བྱེ་བ་མང་པོ་ལ་སྐྱེ་གནས་ཡོངས་སུ་སྦྱོང་བའི་ཆོས་སྟོན་ཏོ། །དེར་ས་བཅུའི་ངེས་པ་མཚོན་པས་ཟླ་བ་བཅུའི་ཕུང་པོ་ནི་རྫོགས། རྣམ་པ་ཉི་ཤུས་བྱང་ཆུབ་པའི་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུ་འཇིག་རྟེན་གྱི་བསོད་ནམས་ལུམྦིའི་ཚལ་གྱིས་ཐོབ་པའི་དུས་ལ་བབས་ཏེ། ཡུམ་གྱི་རྩིབ་ལོགས་གཡས་ནས་ཡུམ་ལ་གནོད་པ་མེད་པར་རང་བྱོན་ཏོ། །དེར་རྒྱལ་རིགས་ཀྱི་བུ་སྤྱི་བོ་ནས་དབང་བསྐུར་བའམ་མི་བསྐྱོད་རྡོ་རྗེ་ལ་སོགས་པའི་སངས་རྒྱས་ཐམས་ཅད་རང་གི་ངོ་བོར་གྱུར་པ་རིགས་སད་པའི་མཚོན་བྱེད་ལྷའི་བུ་རྣམས་ནི་ནམ་མཁའི་དབྱིངས་ནས་ཁྲུས་ཀྱི་བྱ་བ་ལ་གཅིག་ཏུ་བརྩོན། བར་སྣང་གི་ལྷ་དག་ནི་བསྟོད་དབྱངས་ཀྱི་སྲི་ཞུས་རྣམ་པར་གཡེང༌། ཚངས་པ་དང་བརྒྱ་བྱིན་གྱིས་གོས་ཟུང་གི་རེག་པ་འཕྲོད་པར་བྱེད། བྱང་ཆུབ་སེམས་དཔའ་བཙས་མ་ཐག་པ་ནས་ཚད་མེད་བཞིའི་ལམ་དུ་ཕྱོགས་པ་ལ་རིངས་པ་སྟོན་ཕྱིར་ཕྱོགས་བཞིར་གོམ་པ་བདུན་བདུན་དོར་བའི་ཤུལ་ནས་ལྷས་ཕུལ་བའི་པདྨོའི་གེ་སར་ཡང་ལྷམ་མེར་གསལ་ལོ་ཞེས་གྲགས་སོ།།

དེའི་ཚེ་ལུམྦིའི་ཚལ་དུ་མེ་ཏོག་རྣམས་རང་ཁ་བྱེ། གཅུང་དགའ་བོ་ལ་སོགས་པའི་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང༌། གྲགས་འཛིན་མ་སོགས་བུ་མོ་བརྒྱད་བརྒྱ། འདུན་པ་སོགས་བྲན་ལྔ་བརྒྱ། བསྔགས་ལྡན་ལ་སོགས་པ་བཞོན་པའི་མཆོག་ལྔ་བརྒྱའང་བཙས། ས་ཆེན་པོ་འདི་རབ་ཏུ་གཡོས་ཤིང་འོད་ཟེར་གྱི་སྣང་བ་ཆེན་པོས་ཁྱབ་པས། ཁམས་ཀྱི་རྒྱལ་ཕྲན་བཞི་པོ་དག་རང་རང་ལ་བུ་རེ་བཙས་པའི་རྟགས་སུ་རློམ་པར་བྱེད་དོ། །གཞན་ཡང་གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང༌། སྐྱེད་ཚལ་ལྔ་བརྒྱ་དང༌། གཏེར་ལྔ་བརྒྱ་ཡང་བྱུང་བས་རྒྱལ་པོའི་དོན་ཐམས་ཅད་གྲུབ་པས་སྲས་ཀྱི་མཚན་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་བཏགས་སོ། །དེར་ལྟས་མཁན་རྣམས་ཀྱིས་ཁྱིམ་ན་གནས་ན་མཐའ་བཞི་ལས་རྣམ་པར་རྒྱལ་བའི་འཁོར་ལོར་སྒྱུར་བ་དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ། །བཙས་ནས་ཞག་བདུན་ན་ཡུམ་ཚེའི་དུས་བྱས། སྐྱེ་དགུའི་བདག་མོ་ལ་སོགས་པའི་མ་མ་སུམ་ཅུ་རྩ་གཉིས་ལ་གཏད་ནས་སྐྱེད་བསྲིངས། དེ་ནས་ཀུན་གྱི་བཤེས་གཉེན་དང༌། སྲིན་བུ་གོ་ཆ་ལ་སོགས་པར་ཡི་གེ་དང༌། རྩིས་དང༌། ཞང་པོ་བཟང་ལེན་ལས་གླང་པོའི་གཉར་ཞོན་པ་སོགས་སྒྱུ་རྩལ་གྱི་གནས་མང་པོ་ལ་མཐའ་གཏུགས་པའི་ཉམས་འོག་ཏུ་ཚུད་པར་མཛད་ཅིང་ཕོ་བྲང་དུ་བཞུགས་སོ། །དེའི་ཚེ་ཡབ་ཀྱིས་ལག་ན་བེ་ཅོན་ལ་སོགས་པའི་ཤཱཀྱའི་རིགས་གསུམ་གྱི་བུ་མོ་བཙུན་མོར་བྱིན་ཞེས་བསྒོ་བ་ལ། ལྷ་བདག་ཅག་གི་རིགས་ནི་གྱད་ཀྱི་འཛིན་སྟངས་ཤེས་པ་ལ་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེར་ཡབ་ངོ་གནོང་པར་གྱུར་པ་ལ་གཞོན་ནུས་སྨྲས་པ། འཇིག་རྟེན་གསུམ་ན་འཕོང་དང་སྒྱུ་རྩལ་གྱི་གནས་ལ་བདག་ལ་འགྲན་པར་སྤོབས་པ་འགའ་ཡང་མེད་དོ། །ཞེས་རྔོ་ཐོགས་པར་ཞལ་གྱིས་འཆེས་ནས་ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་དག་དང་སྒྱུ་རྩལ་འགྲན་པར་དྲིལ་བསྒྲགས་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཆས་སོ།།

དེའི་ཚེ་ཡངས་པ་ཅན་ནས་གཞོན་ནུ་ལ་འབུལ་དུ་ལྷགས་པའི་གླང་པོ་ཆེར་ལྷས་བྱིན་ཤིན་ཏུའང་ཕྲག་དོག་པའི་སེམས་ཀྱིས་ཐལ་མོ་བསྣུན་པ་ཙམ་གྱི་མཐུས་བསད་དོ། །དེ་གཅུང་དགའ་བོས་སྒོ་ཁང་ནས་ཕྱི་རོལ་དུ་སྟོབས་ཀྱིས་བོར་རོ། །གཉིས་ཀའི་མཐུ་སད་ཕྱིར་བྱང་ཆུབ་སེམས་དཔའ་ཤིང་རྟ་ལས་མ་བབས་བཞིན་དུ་ཞབས་ཀྱི་མཐེ་བོས་མཇུག་མ་ནས་བཟུང་སྟེ་ར་བ་བདུན་འདས་པའི་ལྗོངས་སུ་དོར་བ་ལ་ལྷས་བསྟོད་ཅིང་བསྔགས་སོ། །དེ་ནས་ཏཱ་ལའི་ལྗོན་པ་དང༌། ལྕགས་ཀྱི་ཕ་གུ་དང༌། སླ་ང་རྣམས་བདུན་བདུན་བརྩེགས་པ་ལ་ཉག་ཕྲན་གྱི་སྦྱོར་བས་གཅོད་ཚབས་འགྲན་པ་ལ་ཞུགས་པ་ན། ལྷས་བྱིན་གྱིས་གསུམ། གཅུང་དགའ་བོས་ལྔ། གཞོན་ནུས་ཐམས་ཅད་ལས་ཕྱིར་ཐལ་བའི་ས་ནས་མདའ་ཆུ་ཁྲོན་པ་སྐྱེས་བྱ་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་མིག་ཀྱང་བྱུང་ངོ༌། །དེ་བཞིན་དུ་ལང་ཚོའི་སྟོབས་ཀྱིས་རྩལ་འགྲན་པ་དང༌། གླང་པོའི་གཉར་ཞོན་པ་དང༌། ཆུ་ཀླུང་ཆེན་པོར་ངང་པ་ལྟར་གཤེགས་པ་ལ་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་གནས་ཐམས་ཅད་ལས་བྱང་ཆུབ་སེམས་དཔའི་གྱད་ཀྱི་འཛིན་སྟངས་ལ་སུས་ཀྱང་སྤོབས་པར་མ་གྱུར་ཏོ། །འཇིག་རྟེན་མཁྱེན་པའི་དབང་པོ་ནི་རེ་ཞིག་དེ་དང་ཚུལ་མཐུན་པར་འཇུག་པས་སྐྱེས་བུ་འདུལ་ཞིང༌། དབང་པོ་གཞན་དབང་དུ་གྱུར་པའི་ཁ་ན་མ་ཐོ་བ་སྤང་ཕྱིར། བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང༌། ཡོན་ཏན་བརྒྱད་དང་ལྡན་པ་ས་འཚོ་མ་དང༌། གྲགས་འཛིན་མ། རི་དྭགས་སྐྱེས་ཏེ་རང་རང་ལ་འཁོར་ཉི་ཁྲིའི་ཚོགས་དང་བཅས་བཙུན་མོའི་མཆོག་དྲུག་ཁྲི་ཁབ་ཏུ་བཞེས་ནས་འདོད་ཡོན་གྱི་སྣང་བ་ལ་སྒྱུ་མ་ལྟ་བུར་ལོངས་སྤྱད་དོ།།

དེ་ལྟར་སྤྱོད་པའང་ཡང་དག་སྤོང་བ་ལ་རབ་ཏུ་ཞུགས་ནས་སྲིད་པའི་ཁ་ལོ་ཆོས་སུ་བསྒྱུར་བ་ནི་སིལ་སྙན་གྱི་སྒྲ་ལས་སྔོན་གྱི་སྨོན་ལམ་གྱི་མཐུ་རབ་ཏུ་སད་པར་བསྐུལ་བས། འདུན་པས་ཤིང་རྟའི་ཁ་ལོ་པ་བྱས་ཏེ་གྲོང་ཁྱེར་གྱི་ཕྱོགས་བཞིར་སྐྱོ་སངས་ལ་གཤེགས་པ་ན། སྐྱེ་རྒ་ན་འཆིའི་མཚན་ཉིད་བཞི་གཟིགས་པས་ཐུགས་རབ་ཏུ་སྐྱོ་སྟེ་འདི་སྐད་དུ། རྒ་དང་ན་དང་འཆི་གྱུར་པ། །གལ་ཏེ་འདི་གསུམ་ཡོད་མིན་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་བྱེད། །ཅེས་ཕུན་སུམ་ཚོགས་པ་ཡང་རྟག་པ་མ་ཡིན་པ། འགྱུར་བའི་སྡུག་བསྔལ་དང་འགྲོགས་ཤིང༌། ཁྱབ་པ་འདུ་བྱེད་ཀྱིས་འཁྱུད་པ། སྡུག་བསྔལ་གྱི་སྡུག་བསྔལ་ཕྱི་བཞིན་འབྲང་བའི་ཆོས་ཉིད་ལ་ཤིན་ཏུའང་ཐུགས་དབྱུང་ནས་ངེས་པར་འབྱུང་བ་ལ་དམ་བཅས་སོ། །དེའི་ཚེ་ཟས་གཙང་མའི་ཚོགས་རྣམས་ནི་གཞོན་ནུ་རབ་ཏུ་འབྱུང་གི་དོགས་པས་གྲོང་ཁྱེར་གྱི་ཁོར་ཡུག་སྤྱན་པ་བ་དང་མེལ་ཚེས་སྲུང་བ་ལ་བརྩོན་པར་བྱེད་པས་གཤེགས་སུ་མ་སྟེར་བའི་ནུབ་ཐ་མ་ལ། ཡབ་ལ་ཕྱག་གིས་ནི་བཏུད། ཐ་ཚིག་གིས་གཅུད་དེ་ཕ་མས་མ་གནང་བའི་མཐའ་བསལ། ཆིབས་བསྔགས་ལྡན་གྱི་སྟེང་ན་རྒྱལ་ཆེན་བཞིའི་སྲི་ཞུ་དང་བཅས་ཏེ་ནམ་མཁའི་དབྱིངས་ནས་གཤེགས་སོ། །དེར་མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་དོར་ཏེ་རབ་ཏུ་བྱུང་བའི་རྟགས་མ་ཡིན་པ་དོར། ཤ་ནའི་གོས་དང་ངུར་སྨྲིག་བརྗེས་ནས་གསོལ། ཡངས་པ་ཅན་དང་རྒྱལ་པོའི་ཁབ་ཏུ་རྟོག་གེ་བ་གདམས་ངག་ཆེ་བར་གྲགས་པ་རིང་འཕུར་དང་ལྷག་སྤྱོད་གཉིས་ལས་ཅི་ཡང་མེད་པ་དང༌། སྲིད་རྩེའི་ཏིང་འཛིན་སློབ་དཔོན་གྱི་གོ་འཕང་དེ་སྲིད་མངོན་དུ་མཛད་ཀྱང༌། ཏིང་འཛིན་དང་ཀུན་སྤྱོད་པ་དེ་དག་ནི་སྲིད་པའི་ཉེས་དམིགས་ལས་གྲོལ་བའི་ལམ་མ་ཡིན་པར་མཁྱེན་ནས། ཆུ་ཀླུང་ཆེན་པོ་ནཻ་རཉྫ་ནའི་འགྲམ་དུ་ལྔ་སྡེ་བཟང་པོ་དང་བཅས་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། བར་པ་གཉིས་ལ་ཆུ་ཐིགས་པ་རེ། ཐ་མ་གཉིས་ལ་ཅི་ཡང་མ་གསོལ་བར་དཀའ་ཐུབ་ཀྱི་ཏིང་ངེ་འཛིན་ལོ་དྲུག་བསྟེན་ནོ། །དེའི་ཚེ་ལྷ་རྣམས་ཀྱིས་ཚིགས་སུ་བཅད་པས་ནི་བསྐུལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ནི་ལམ་དམན་པ་ལས་སད་པར་བྱས་ནས་བྱང་ཆུབ་ཀྱི་སྙིང་པོར་རབ་ཏུ་བསྐུལ་ལོ། །དེར་ངལ་ཞིང་དུབ་པའི་མཐའ་བསལ་བའི་ཕྱིར་རགས་པའི་ཁ་ཟས་ལ་ཅུང་ཟད་སྤྱད་པས་ལྔ་སྡེ་བཟང་པོ་མི་མོས་པར་གྱུར་ཏེ་ཝ་ར་ཎཱ་སིར་སོང་ངོ༌།།

དེ་ནས་མ་ག་དྷ་རྡོ་རྗེའི་གདན་དུ་བཞུད་པའི་ལམ་ལ་བྲམ་ཟེའི་བུ་མོ་ལེགས་སྐྱེས་མས་བ་མེན་ལྔ་བརྒྱའི་འོ་མ་ཉིང་ཁུར་བསྲིངས་པ་སྦྲང་རྩིའི་སྙིང་པོ་ཅན་གྱིས་བསྙེན་བཀུར་བའི་མོད་ལ། སྐུ་ལུས་གསེར་གྱི་གཏན་པ་ཕྱིས་པ་བཞིན་དུ་གྱུར་ཅིང༌། དེའི་བསོད་ནམས་ཆུད་མི་འཛའ་བར་མཛད། ལམ་དུ་རྩྭ་ཚོང་བཀྲ་ཤིས་ལས་རྨ་བྱའི་མགྲིན་པ་ལྟ་བུར་རེག་ན་འཇམ་པའི་རྩྭ་ཕྱག་གང་བཞེས་ནས་རྡོ་རྗེའི་གདན་དུ་བྱོན། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ལས་རང་བྱུང་བའི་རྡོ་རྗེའི་གདན་བྱང་ཆུབ་ཤིང་གི་སྙིང་པོ་ཅན་དུ་རྩྭའི་གདིང་བ་ལ་སྐྱིལ་མོ་ཀྲུང་བཅས་ནས། སྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང༌། །པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང༌། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅའ་མཛད་དོ། །དེར་སྲོད་ཀྱི་ཆ་ལ་བདུད་སྡེ་འཇོམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བདུད་ཀྱི་གནས་ཐམས་ཅད་དཀྲོགས་ཤིང་སྤ་བཀོང་བའི་འོད་ཟེར་གྱིས་ཁྱབ་པར་མཛད་པས། བདུད་སྡིག་ཏོ་ཅན་རྔོན་པའི་ཆ་བྱད་དུ་བརྫུ་ཡིན་ལྷགས་ནས། སེར་སྐྱའི་གྲོང་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་བཅོམ། ཤཱཀྱ་རྣམས་ནི་ཁ་བཏགས། ཁྱོད་འདི་ན་ཅིའི་ཕྱིར་འདུག ལན་དུ། མངོན་པར་སངས་རྒྱས་པའི་སླད་དུའོ། །བདུད་ཀྱིས་སྨྲས་པ། མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཚོགས་དཔག་ཏུ་མེད་པའི་འབྲས་བུ་ཡིན་ན། ཁྱོད་ནི་རྒྱལ་པོའི་བུ་སྐྱིད་བདེར་གནས་པ་ཙམ་མོ།།

བྱང་ཆུབ་སེམས་དཔས་ལན་དུ། ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་ཁོ་ནས་འདོད་པ་ཁམས་ཀྱི་དབང་ཕྱུག་ཐོབ་ན། ངས་བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་རྫོགས་པར་བྱས་པས་ཅིའི་ཕྱིར་འཚང་མི་རྒྱ། དགའ་རབ་དབང་ཕྱུག་མཛུབ་མོ་གཉིས་བསྒྲེངས་ཏེ་གཤུང་བའི་ངག ངས་ནི་འདི་ན་མཆོད་སྦྱིན་གཏན་པ་མེད། །བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ན། །ཁྱོད་ལ་འདི་ན་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་ཁྱོད་ནི་ཡེ་ཕམ་ཡིན། །ཞེས་ཟེར་རོ། །དེར་བྱང་ཆུབ་སེམས་དཔས་བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་ས་ལ་བསྣུན་ནས། ས་འདི་འགྲོ་བ་ཀུན་གྱི་དཔང་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་བརྫུན་མེད། །ས་ཁྱོད་འདི་ལ་བདག་གི་དཔང་བྱོས་ཤིག །ཅེས་གསུངས་མ་ཐག་ཏུ་སའི་ལྷ་མོ་བརྟན་མ་གསེར་བཙོ་མ་ལྟ་བུའི་ལུས་ཕྱེད་ས་ལས་འཐོན་ཏེ་རྡུལ་ཕྲ་རབ་གཅིག་ལག་ཏུ་བཟུང་ནས། ངས་སའི་དཀྱིལ་འཁོར་ཆེན་པོ་འདི་ཙམ་གྱི་ཆ་ཤས་སུ་བགྲང་བར་ནུས་ཀྱིས། རིགས་ཀྱི་བུ་འདིས་མགོ་དང་ཡན་ལག་བྱིན་པ་ནི་བགྲང་བར་མི་ནུས་པས་མངོན་པར་རྫོགས་པར་འཚང་རྒྱ་བའི་དུས་ལ་བབ་བོ་ཞེས་བརྗོད་ནས་མི་སྣང་བར་གྱུར་པ་དང༌། བདུད་སྡིག་ཅན་ཤིན་ཏུ་སྐྱེངས་ཤིང་ཡུལ་པོར་གྱུར་ནས་རང་གི་གནས་སུ་སོང་ངོ༌། །སོང་ནས་ཀྱང་བདུད་ཀྱི་དམག་བྱེ་བ་དུང་ཕྱུར་དག་སྦྲན་ནས་སྒྱུ་མ་ལྟ་བུའི་བློ་མཆོག་མ་ཡིན་པ་རྣམས་འཇིགས་ཤིང་སྐྱི་བུང་བར་བྱེད་པའི་གཡུལ་གཤོམས་ཏེ་ལྷགས་སོ།།

འདི་ལྟར་ཉོན་མོངས་པའི་དགྲ་བཅོམ་ཞིང་ནམ་མཁའ་ལྟ་བུའི་སེམས་ཀྱིས་རང་གི་ངོ་བོ་ཉིད་མེད་པར་མཐོང་བ་དག་ལ་དཔུང་དང་བཅས་པའི་འཁྲུལ་འཁོར་གྱིས་བརྫི་བར་ནུས་པ་མ་ཡིན་པས། བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་དང་བརྟུན་ངེས་པའི་རྣམ་པར་རྟོག་པ་ནི་ཅང་མེད་པར། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། མཚོན་ཆ་འཕངས་པ་ནི་མེ་ཏོག་གི་ཆར་དུ་བབས། མི་སྙན་པའི་སྒྲ་སྐད་ནི་བསྟོད་དབྱངས་ཀྱི་རང་བཞིན་དུ་གྱུར་པས། གཡོན་ཅན་དཔུང་དང་བཅས་པ་འདོད་པའི་དུག་སྡོང་ནི་འགྱེལ། མདའ་ལྔའི་མེ་ཏོག་ནི་ལྷུང༌། ཁེངས་པའི་བྲག་རི་ནི་ཉིལ། གཡུལ་གྱི་བརྟུལ་ཞུགས་ནི་སྨད། ཆུ་སྲིན་རྒྱལ་མཚན་ནི་ནུབ། དྲན་པའི་ཤིང་རྟ་ནི་འབྲོས་པ་ལ་རིངས་པས་མགོ་ཡང་རྨོངས་པའི་གནས་སུ་བྱེར་བར་གྱུར་ཏོ། །སླར་ཡང་རང་གི་བུ་མོ་བདུན་མཛེས་མའི་ཆ་བྱད་དུ་བསྒྱུར་ཏེ་ཆགས་པའི་ཟོལ་གྱིེས་བསླུ་བར་བརྩམས་ནས་པད་དཀར་མའི་འགྱུར་བ་ནི་ངོམས། མེ་ན་ཀཱའི་དོ་ཤལ་ནི་འཕྱང༌། ལེགས་རྒྱན་མའི་སྐ་རགས་ནི་འཆིང༌། སྐྲ་འདྲེས་མའི་གདུ་བུ་ནི་འཁྲོལ་བ་ལ་སོགས་པ་རབ་མྱོས་མའི་གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཀྱི་ཞགས་པ་འདེབས་པ་ལ་བརྩོན་ན་ཡང་བྱང་ཆུབ་སེམས་དཔའ་ལ་བ་སྤུའི་རྩེ་མོ་ཙམ་གཡོ་བའི་སྐབས་ཀྱང་མེད་པས་རྒན་མོ་བདུན་དུ་བྱིན་གྱིས་བརླབས་པས་སླར་འགྱོད་དེ་བཟོད་པར་གསོལ་བས་སོར་ཆུད་དུ་སྩལ་ལོ། །དེ་ནས་མངོན་པར་བྱང་ཆུབ་པའི་དུས་ལ་བབས་ཏེ། གུང་གི་ཆ་ལ་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཉམས་འོག་ཏུ་བཙུད། ཐོ་རངས་རྒྱལ་རྔ་བརྡུང་དུ་ཉེ་བ་ན་ལྷའི་མིག་དང་ཟག་པ་ཟད་པའི་མངོན་ཤེས་བསྐྱེད་དེ་བདེན་བཞི་མཐར་ཕྱིན་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ན། ས་ཆེན་པོ་འདི་རབ་ཏུ་གཡོས་ཤིང༌། དབུ་མ་འོད་གསལ་ཆོས་སྐུའི་ཁང་མཛེས་དམ་པར་གཟུང་འཛིན་དག་བྱའི་ཁམས་རྣམས་མ་ལུས་པ་གཉིས་སུ་མེད་པའི་ཡེ་ཤེས་སུ་བྱང་ཆུབ་པས། འཇིག་རྟེན་ན་ཟླ་བ་སྒྲ་གཅན་གྱིས་བཟུང༌། སྒྲ་གཅན་འཛིན་དང་ཀུན་དགའ་བོ་ཡང་བཙས་སོ། །དེ་ལྟར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་པ་ལ་ཚོང་དཔོན་ག་གོན་དང་བཟང་སྐྱོང་གིས་སྦྲང་རྩི་ཕུལ་བ། རྒྱལ་ཆེན་བཞིས་རིན་པོ་ཆེ་ནས་རྡོ་བའི་བར་གྱི་ལྷུང་བཟེད་ཕུལ་བ་ལས། རབ་བྱུང་གི་ཆས་མིན་པ་དོར་ཏེ་ཐ་མའི་སྣོད་དུ་བཞེས་ནས་ཤིས་པ་བརྗོད་པ་གསུངས། བདུད་རྩི་ཟབ་མོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པར་སྟོན་པའི་སླད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ་འཁོར་ལོ་བསྐུལ་བའི་བསོད་ནམས་ཀྱི་ཁྱད་པར་ལའང་དགོས་པ་མཛད་དོ།།

དེར་ཚངས་པས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ཏེ་དེ་བཞིན་གཤེགས་པའི་དྲུང་དུ་འོངས་ནས། སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས། །དམ་པའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་རབ་ཏུ་འབུད་དུ་གསོལ། །ལ་སོགས་པའི་ཚིགས་སུ་བཅད་པས་བསྐུལ་ཏེ་ཙནྡན་གྱི་ཕྱེ་མས་གཏོར་ནས་བརྒྱ་བྱིན་ཡང་སྦྲན་པའི་སླད་དུ་རང་གི་གནས་སུ་སོང་ངོ༌། །སོང་ནས་ཀྱང་སླར་བརྒྱ་བྱིན་དང་བཅས་ཏེ། དེས་ནོར་བུ་རིན་པོ་ཆེ་ཕུལ་ནས། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་ཞུས་པས་མ་གནང༌། སླར་ཚངས་པས་ཡང་ཡང་བསྐུལ་ན་བསོད་ནམས་ཀྱི་ཚོགས་ཆེན་པོར་དགོངས་པར་རིག་ནས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་སྔོན་ཆད་མ་ག་དྷར་དྲི་མ་དང་བཅས་པའི་ཆོས་ཀྱིས་ནོངས་པའི་མཚན་ཉིད་ཤེས་པའི་ཚིགས་སུ་བཅད་པས་བསྐུལ་བས། འཁོར་ལོ་བཞེས་ཏེ་བཀའ་བསྩལ་པ། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང༌། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་བྱེད་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་པའི་སྐད་ཅིག་མར། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་ངོ་ཞེས་པའི་སྒྲ་འོག་མིན་གྱི་བར་དུ་ཐོས་ཏེ་རང་རང་ལ་མངའ་བའི་མཆོད་པའི་ཚོགས་དང་བཅས་ཏེ་ལྷགས་སོ། །དེར་བདུད་རྩི་ཟབ་མོའི་སྣོད་ཀྱི་དང་པོར་གྱུར་པ་ནི། གདུལ་སླ་བ། སྦྱང་སླ་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པ་ཞིག་ལ་དགོངས་མོད་ཀྱི། དེ་ནི་རིང་འཕུར་དང་ལྷག་སྤྱོད་དུ་མཁྱེན་ཀྱང་འཚོ་བའི་འདུ་བྱེད་ལས་ཐལ་ལོ། །འདི་ན་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་ལྔ་སྡེ་བཟང་པོ་ལ་གཟིགས་ཏེ་ཝ་ར་ཎཱ་སིར་གཤེགས་པ་ན། དགེ་སྦྱོང་གཽའུ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་ཞེས་སུན་ཕྱུང་ནས་ལྔ་སྡེ་རྣམས་ཀྱིས་མི་འདུད་པའི་ཁྲིམས་བཅས་སོ།།

དེར་ལམ་དུ་བྲམ་ཟེ་ཉེ་བར་འཚོ་ཞེས་བྱ་བ་མ་བརྟགས་ཤིང་བབ་ཅོལ་དུ་སྨྲ་བ་དེ་ན་རེ། གཽ་ཏ་མ་ཁྱོད་ཀྱིས་སུ་ལས་ཚངས་པར་སྤྱད། བཀའ་སྩལ་པ། ང་ལ་མཁན་པོ་གང་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུར་རྫོགས་སངས་རྒྱས། །བསིལ་བུར་ཟག་པ་ཟད་པ་ཡིན། །ཞེས་པ་ལ་སོགས་པའི་དྲི་ལན་རྣམ་པ་གསུམ་བསྩལ་ནས་ཝ་ར་ཎཱ་སིར་བྱོན་པ་ན། ཉི་མའི་འོད་ཀྱིས་རྒྱུ་སྐར་ལ་བྱ་བ་བཞིན་དུ་ལྔ་སྡེ་བཟང་པོའི་ཁྲིམས་སུ་བཅས་པ་རང་ཞིག ཚེ་དང་ལྡན་པ་གཽ་ཏ་མ་དབང་པོ་ནི་གསལ་ལ་པགས་པ་ཡོངས་སུ་དག་ན་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་མཛད་དམ། ཞེས་སྤྱོད་ཡུལ་མཉམ་པར་བལྟ་བ་ལ། ཁྱོད་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་མ་ཟེར་ཅིག ཡུན་རིང་པོར་མི་བདེ་བར་འགྱུར་ཏ་རེ། ངས་ནི་བདུད་རྩི་ཐོབ་བོ། །སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །ཞེས་རྨོངས་པའི་གནས་གང་ཡིན་པ་མངོན་དུ་བསལ། ས་ཕྱོགས་དེར་རིན་པོ་ཆེའི་ཁྲི་སྟོང་བྱུང་བའི་འདས་པའི་སངས་རྒྱས་གསུམ་གྱི་ཁྲི་ལ་གུས་པས་བཏུད་དེ་བཞི་པའི་སྟེང་དུ་ལྷམ་མེར་བཞུགས་པའི་མོད་ལ་གཞན་རྣམས་སྣང་བ་མེད་པར་གྱུར། ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་མཐའ་གཉིས་སྤངས་ནས་དབུ་མའི་ལམ་གྱི་བདེན་པ་བཞིའི་ཆོས་འཁོར་ལན་གསུམ་དུ་ཟློས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བས། ལྔ་སྡེ་བཟང་པོ་རང་བྱུང་གི་བསྙེན་པར་རྫོགས་ཏེ། འཇིག་རྟེན་ན་གདུགས་ཟླ་མེད་པའི་དགེ་སློང་གི་དགེ་འདུན་ཆེན་པོར་གྱུར་ཅིང༌། འཁོར་ཐམས་ཅད་ཀྱིས་བདེན་པ་མཐོང༌། དེའང་འདུལ་བའི་སྡེ་སྣོད་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས་བརྩམས་ཏེ། འདུལ་བའི་འདུལ་བ་བཅས་པ་དང་རང་བཞིན་གྱི་རྣམ་པར་གཞག་པ་རྣམས་དང༌། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་དང་ཚངས་པར་མཚུངས་སྤྱོད་རྣལ་འབྱོར་དུ་བྱ་བའི་རིམ་པ། འདུལ་བའི་མངོན་པ་དེ་དག་གི་རབ་དབྱེ་རྒྱ་ཆེར་བཤད་པ་ལ་སོགས་སོ།།

དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། ཤཱ་རིའི་བུ་དང་མཽངྒལ་གྱི་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་སྟོང་ཙམ་དང༌། སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་དང༌། མགོན་མེད་ཟས་སྦྱིན་དང་དགེ་བསྙེན་མ་ས་ག་ལ་སོགས་པའི་དགེ་བསྙེན་ཕོ་མོའི་ཚོགས་དང༌། ལྷ་དང་ཀླུ་དང་དྲི་ཟ་ལ་སོགས་པ་རབ་ཏུ་མང་པོ་སྟེ་ཐུན་མོང་གི་འཁོར་རྣམ་པ་བཞི། ཐུན་མོང་མ་ཡིན་པའི་འཁོར་ས་ཆེན་པོ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང༌། རིན་ཆེན་འབྱུང་ལྡན་དང༌། དྲྭ་བ་སྦྱིན་ལ་སོགས་པ་རབ་ཏུ་མང་པོ་རྣམས་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེའང་མདོ་སྡེའི་སྡེ་སྣོད་གཙོ་བོར་སེམས་ཀྱི་བསླབ་པ་སྟོན་པ་ལ། མདོ་སྡེའི་འདུལ་བ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚོམས་རྣམ་པར་གཞག་པ་དང༌། མདོ་སྡེའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའི་ཏིང་ངེ་འཛིན་དང༌། མདོ་སྡེའི་མངོན་པ་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་ཇི་སྙེད་པ་དག་གོ །ལྷའི་གནས་དང་ཀླུའི་གནས་ངེས་པ་མེད་པར། དགེ་སློང་དང༌། དགེ་སློང་མ་དང༌། ལྷ་དང༌། ཀླུ་དང༌། བྱང་ཆུབ་སེམས་དཔའ་གྲངས་མེད་པ་ལ་བཀའ་ཐ་མ་ངེས་པ་དོན་གྱི་ཆོས་འཁོར་བསྐོར་ཏེ། དེའང་མངོན་པའི་སྡེ་སྣོད་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས། མངོན་པའི་འདུལ་བ་ཚེགས་ཆུང་ཞིང་སླ་བའི་ཐབས་ཀྱིས་ཉོན་མོངས་པ་འདུལ་བ་རྣམས་དང༌། མངོན་པའི་མདོ་སྡེ་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ། མངོན་པའི་མངོན་པ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། དབང་པོ་དང༌། རྣམ་པར་ཤེས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་རབ་ཏུ་དབྱེ་བ་ཆ་དང་བཅས་པའོ།།

དེ་དག་ཀྱང་མདོ་སྡེ་ཡོན་ཏན་བཀོད་པ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང༌། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང༌། །ཡིད་བཞིན་རེ་བ་རྣམས་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་དབང་པོའི་རིམ་པས་འཁོར་ལོ་གསུམ་ཅིག་ཅར་ཐོས་པ་དང༌། རིམ་གྱིས་འཇུག་པའི་ལས་ཅན་རྣམས་ལ་རིམ་པས་ཐོས་པ་གསུང་སྒྲ་ཚིག་རང་མཚན་ལས་འདས་པའི་ཁྱད་ཆོས་ཏེ། རྒྱལ་བའི་ཕྲིན་ལས་ཚད་མེད་པའི་ཆོས་ཀྱི་སྒོ་དང༌། ཐེག་པའི་རྣམ་གྲངས་དང༌། འདུལ་བའི་ཐབས་ཚུལ་དང༌། དུས་སྔ་ཕྱི་ལ་སོགས་པ་སོ་སོའི་སྐྱེ་བོའི་བློས་ནམ་ཡང་བསམ་པར་ནུས་པ་མ་ཡིན་ནོ། །དེ་ལྟ་བུའི་ཐེག་པ་གསུམ་དང་བཅས་པའི་ཆོས་ཚུལ་རྒྱ་མཚོ་ཚད་མེད་པས། ལ་ལ་ལམ་དང་འབྲས་བུའི་ཆོས་ལ་བཀོད། ལ་ལ་ནི་ལྷ་དང་མིའི་བདེ་བ་ལ་བཀོད། ལ་ལ་ནི་གནས་སྐབས་ཀྱི་འཇིགས་པ་ཆེན་པོ་ལས་བསྒྲལ་ཞིང་བསྐྱབས། མདོར་ན་ཆོ་འཕྲུལ་ཆེན་པོ་ལ་སོགས་པའི་ཕྲིན་ལས་ཀྱི་རོལ་པ་ཚད་མེད་པས་མཐོང་བ་དང༌། ཐོས་པ་དང༌། རེག་པ་དང༌། དྲན་པ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་གསེར་འགྱུར་རྩིའི་འཁྲུལ་འཁོར་ལྟ་བུ་ནི་བཏབ། དངོས་ཀྱི་གདུལ་བར་བྱ་བ་དྲི་ཟ་རབ་དགའ་དང༌། ཀུན་ཏུ་རྒྱུ་རབ་བཟང་ཡན་ཆད་ཐབས་ལ་མཁས་པ་དང༌། ཐུགས་རྗེ་ཆེན་པོའི་མུ་ཁྱུད་ཀྱི་ར་བའི་ཁོངས་སུ་ཆུད་པར་མཛད་ནས། གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་མཛད་པ་ལ་དགོངས་ནས་གཤེགས་སོ། །དེར་མཐོང་ན་མི་མཐུན་པ་མེད་པའི་སྐུ་ནི་ཅ་ཅོ་དང་ག་ཞར་མ་ཡིན། གླལ་བ་ལ་སོགས་པ་ཐ་མལ་གྱི་ཆོས་ཡོངས་སུ་སྤངས་པ་ཞིག་ལ། དཔལ་གྱི་མགུར་ལས་སྦྲིད་པ་ཞིག་ཐོན་པ་སྐྱེ་དགུའི་བདག་མོའི་རྣ་བར་གཟན་པར་གྱུར་ནས། སངས་རྒྱས་བསྐལ་པ་གྲངས་མེད་པ་གསུམ་དུ་བཞུགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ས་བླ་ནས་འོག་མིན་གྱི་བར་དུ་འགྲེམས་པ་བཞིན་དུ་ཐོས་ནས་དེ་དག་ཀྱང་དེ་བཞིན་དུ་སྨོན་ནོ། །དེར་སྐྱེ་དགུའི་བདག་མོ་ལ་ཁྱོད་ཀྱིས་མ་ལེགས་པ་བྱས། བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག་མི་ཟེར་བར། སྐྱེས་བུ་ལེ་ལོ་ཅན་མང་པོ་ཆོས་བསྒྲུབ་པའི་གེགས་སུ་གྱུར་གསུངས་པས། བཟོད་པར་གསོལ་བའི་སླད་དུ་དེ་དགྲ་བཅོམ་མ་ལྔ་བརྒྱ་དང་བཅས་མྱ་ངན་ལས་འདས་སོ།།

དེའི་ཚེ་མཆོག་ཟུང་གིས་དམྱལ་བའི་གནས་བལྟར་བྱོན་པ་ན། མུ་སྟེགས་བྱེད་ཀྱི་སློབ་དཔོན་དང་མཁན་པོ་རྣམས་ཀྱང་ལས་ཀྱི་འབྲས་བུ་ལ་སྤྱོད་དོ། །རང་གི་གྲུབ་པའི་མཐས་ནོངས་པའི་ཚུལ་རྗེས་སུ་འཇུག་པ་དག་ལ་ངག་འཕྲིན་དུ་བྱས་པ་སྔོན་ལ་ཤཱ་རིའི་བུས་བསྐྱར་བ་ཤ་འཁོན་མེད་པས་མ་ཐོས། ཕྱི་ནས་མཽངྒལ་གྱི་བུས་ཁྱོད་ཅག་གི་སློབ་དཔོན་ནི་མནར་མེད་པའི་དམྱལ་བ་ན་ཉམ་ཉེས་པར་གྱུར་ནས་འཕྲིན་འདི་ལྟར་བརྫངས་སོ་ཞེས་སྨྲས་ན། འདི་འུ་ཅག་ལ་སྨྲ་བར་མ་ཟད་མཁན་པོ་དང་སློབ་དཔོན་ལའང་སྨྲ་བར་བྱེད་པས་ཆོམས་ཤིག་ཅེས་སྐུ་ལུས་འདམ་བུ་བཅོམ་པ་ལྟར་བརྡུངས་སོ། །དེར་ཤཱ་རིའི་བུས་ཆོས་གོས་ཀྱི་གྲྭར་བསྟུམས་ཏེ་ཁུར་ནས་གྲོང་ཁྱེར་ཤིང་ཐག་ཅན་དུ་བསྐྱལ། མི་འཚོ་བར་ཤེས་ནས་གྲོགས་པོ་འཆི་བ་ཐོས་པར་ཡང་མི་བཟོད་ན། མཐོང་བ་ལྟ་ཅི་སྨོས་ཞེས་དཔལ་ན་ལེནྡྲར་སོང་ནས་དེའི་སྔ་དྲོ་དགྲ་བཅོམ་པ་བརྒྱད་ཁྲི་དང་བཅས་མྱ་ངན་ལས་འདས་སོ། །དེའི་ཕྱི་དྲོ་མཽངྒལ་གྱི་བུ་དགྲ་བཅོམ་པ་བདུན་ཁྲི་དང་བཅས་མྱ་ངན་ལས་འདས་སོ། །གཞན་ཡང་དགྲ་བཅོམ་པ་མང་པོ་བུད་ཤིང་ཟད་པའི་མེ་ལྟར་མྱ་ངན་ལས་འདས་སོ། །དེ་ནས་སངས་རྒྱས་ཀྱི་བསྟན་པ་འཁོར་རྣམ་བཞི་དང་བཅས་པ་གནས་བརྟན་འོད་སྲུངས་ཆེན་པོ་ལ་གཏད་དེ། སྐུའི་སྟོད་གཡོགས་བསལ་ནས། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག དེ་བཞིན་གཤེགས་པ་ལ་བལྟ་བ་ནི་རྙེད་པར་དཀའ་བ་སྟེ། ཨུ་དུམ་ཝ་ར་བཞིན་ནོ། །དགེ་སློང་དག་ཅང་མ་སྨྲ་ཞིག་དང༌། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ། །ཞེས་ངེས་པར་འབྱུང་བའི་རྒྱུས་གདུལ་བྱ་ལེ་ལོ་ཅན་ཆོས་ལ་བསྐུལ་ནས་ཤིང་སཱ་ལ་ཟུང་གཅིག་གི་སར་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་སོ། །དེར་འོད་སྲུངས་ཆེན་པོ་ཀླུ་ཡུལ་ནས་བྱོན། གདུང་ལ་གསོལ་བ་བཏབ་པས་ཞུགས་རང་འབར་ཏེ་སྐུ་གདུང་སིལ་བུར་གྱུར། རང་རང་གི་སྐལ་བའི་ཁྱད་པར་དང་འཚམས་པར་ཆ་བརྒྱད་དུ་བགོས་པ་མཆོད་རྟེན་གྱི་སྙིང་པོར་བྱས་སོ། །དེའང་བྱེ་བྲག་ཏུ་བཤད་པ་ལས།

ཆོས་སྐོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤཱམྦྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སར་བཅས་དང༌། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱོད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་འབྱུང་ངོ༌།།

བསྡུ་བ་པོས་བཀའ་བསྡུས་ཚུལ།

གཉིས་པ་བསྡུ་བ་པོས་བཀའ་བསྡུས་ཚུལ་ནི། དེ་ལྟར་སྟོན་པས་གསུངས་པའི་བསྟན་པ་དམ་པའི་ཆོས་དེ་རྣམས་ཇི་ལྟར་བསྡུས་པའི་ཚུལ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཆད་ཚུལ་གཉིས་ལས། ཐེག་པ་ཐུན་མོང་བ་ལ་གྲགས་པ་ལྟར་ན་བཀའ་བསྡུ་རིམ་པ་གསུམ་བྱུང་སྟེ། དེ་ལ་བཀའ་བསྡུ་དང་པོ་ནི།

སྟོན་པ་མ་འདས་གོང་ཙམ་དུ་ཤཱ་རིའི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བརྒྱད་ཁྲི། མཽངྒལ་གྱི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བདུན་ཁྲི། བཅོམ་ལྡན་འདས་དང་ལྷན་ཅིག་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་མྱ་ངན་ལས་འདས་པ་ན། ལྷ་རྣམས་ཀྱིས་དགེ་སློང་དབང་ཡོད་པ་དག་ཀྱང་མྱ་ངན་ལས་འདས་ཏེ་དམ་པའི་ཆོས་ནི་མེ་ཤི་བའི་དུད་པ་ཙམ་དུ་གྱུར། དགེ་སློང་རྣམས་སྡེ་སྣོད་གསུམ་གྱི་སྒྲ་ཡང་མི་སྒྲོག་གོ་ཞེས་འཕྱ་བ་བསལ་བའི་ཕྱིར། གནས་རྒྱལ་པོའི་ཁབ་ཀྱི་ནྱཱ་གྲོ་དྷའི་ཕུག་ཏུ། དུས་སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་དེའི་དབྱར་གནས་ཀྱི་ཚེ། སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲས་བྱས་ཏེ། དགྲ་བཅོམ་པ་ལྔ་བརྒྱ་འདུས་པའི་དབུས་སུ། ཉེ་བ་འཁོར་གྱིས་འདུལ་བ། ཀུན་དགའ་བོས་མདོ་སྡེ། འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་མཐའ་དག་བསྡུས་པས། ལྷ་རྣམས་ནི་འཕེལ། ལྷ་མིན་རྣམས་འགྲིབ། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་བར་གནས་སོ། །ཞེས་ལྷ་རྣམས་ཀྱིས་འོག་མིན་གྱི་བར་དུ་གོ་བར་བྱས་ཤིང་ཆེད་དུ་བརྗོད་དོ། །དེ་སྐད་དུ་ལུང་ཕྲན་ཚེགས་ལས། སྟོན་པ་མྱ་ངན་འདས་ནས་ཕྱི་དེའི་དབྱར། །རྒྱལ་པོའི་ཁབ་ཀྱི་གསང་བའི་བྲག་ཕུག་ཏུ། །དགྲ་བཅོམ་ལྔ་བརྒྱ་འདུས་པའི་འཚོ་བ་ནི། །མ་སྐྱེས་དགྲས་སྦྱར་སྡེ་སྣོད་གསུམ་དུ་བསྡུས། །ཞེས་གསུངས་སོ།།

བསྡུ་བ་གཉིས་པ་ནི།

བཀའ་བསྡུ་དང་པོ་མཛད་ནས་ལོ་བརྒྱ་དང་བཅུ་འདས་པའི་དུས་སུ། ཡངས་པ་ཅན་དུ་དགེ་སློང་རྣམས་ཀྱིས། ཧུ་ལུ་ཧུ་ལུ་ཡི་རང་དང༌། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང༌། །ལམ་དང་སོར་གཉིས་དཀྲུགས་དང་གདིང༌། །གསེར་ལ་རུང་བ་བྱ་བ་སྟེ། ། འདི་དག་རུང་མིན་གཞི་བཅུར་འདོད། །ཅེས་པ་ལྟར་རུང་བ་མ་ཡིན་པའི་གཞི་བཅུ་བྱས་པ་བསལ་བའི་ཕྱིར། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་མཛད་དེ། གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱ་འདུས་པས་མི་རུང་བའི་གཞི་བཅུ་སུན་ཕྱུང༌། སྡེ་སྣོད་གསུམ་ཚང་བ་ཚར་གཅིག་ཞལ་འདོན་དུ་མཛད། མཐུན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་ཡང་མཛད་དོ།།

བསྡུ་བ་གསུམ་པ་ནི།

རྒྱལ་པོ་དྷརྨ་ཨ་ཤྭ་ཀའི་ཚ་བོ་མྱ་ངན་བྲལ་གྱི་བུ་རྒྱལ་པོ་དཔའ་བོ་སྡེའི་དུས་ནས་བརྩམས་ཏེ། བདུད་ཀྱི་བྱིན་གྱིས་བརླབས་པའི་དགེ་སློང་ལྷ་ཆེན་པོ་དང༌། བཟང་པོ་དང༌། གནས་བརྟན་ཀླུ་དང༌། ཡིད་བརྟན་རྣམས་རིམ་པར་བྱུང་བས། གཞན་ལན་གདབ་དང་མི་ཤེས་པ། །ཡིད་གཉིས་དང་ནི་ཡོངས་སུ་བརྟག །བདག་ཉིད་གསོ་བར་བྱེད་པ་སྟེ། །འདི་ནི་སྟོན་པའི་བསྟན་པ་ཡིན། །ཞེས་པའི་གཞི་ལྔ་བསྒྲགས་ཏེ་ཆོས་ལོག་བསྟན་པས། རྒྱལ་པོ་དཔའ་བོའི་སྡེའི་ཚེའི་སྨད། དགའ་བོ་དང་པདྨ་ཆེན་པོའི་ཚེ་རིལ་པོ། ཀ་ནིཥྐའི་ཚེ་སྟོད་ཡན་ཏེ་རྒྱལ་པོ་བཞིའི་རིང་དགེ་འདུན་རྣམས་རྩོད་པར་གྱུར་ཅིང༌། སྟོན་པས་འདུལ་བ་ཡི་གེར་འདྲི་བར་མ་གནང་བས་ཡུན་རིང་པོར་སོང་བ་ན་སོ་ཐར་གྱི་མདོའི་འདོན་ཚུལ་མ་མཐུན་པའི་དབང་གིས་སྡེ་པ་བཅོ་བརྒྱད་གྱེས་ཏེ། ཇི་ལྟར་ན་གནས་བརྟན་ཀླུས་རྩོད་པ་སྤེལ་བའི་རྒྱུས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས། ཕལ་ཆེན་པ། གནས་བརྟན་པ། མང་པོས་བཀུར་བ་གསུམ་གྱེས་ཏེ་རྩ་བའི་སྡེ་པ་བཞིར་གྱུར། དེ་རྗེས་ཡིད་བརྟན་གྱི་རྩོད་པ་རྒྱ་ཆེར་སྤེལ་བས། སྡེ་པ་བཞི་ཡང་རིམ་གྱིས་བཅོ་བརྒྱད་དུ་གྱེས་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་བདུན། ཕལ་ཆེན་པ་ལྔ། གཞན་གཉིས་ལས་གསུམ་གསུམ་གྱེས་པར་བཤད། དེ་རྗེས་ཕན་ཚུན་རྩོད་པ་ཅུང་ཟད་ཞི་ནས་སོ་སོར་གནས་པའི་དུས་སུ། རྒྱལ་པོ་ཀ་ནིཥྐས་སྦྱིན་བདག་བྱས་ཏེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས། རྒྱལ་པོ་ཀྲི་ཀྲི་ལ་བཀའ་སྩལ་པ། རྒྱལ་པོ་ཁྱོད་ཀྱི་རྨི་ལམ་དུ་མི་བཅོ་བརྒྱད་ཀྱིས་རས་ཡུག་འདྲེན་པ་མཐོང་བ་གང་ཡིན་པ་དེ་ནི་ཤཱཀྱ་ཐུབ་པའི་བསྟན་པ་བཅོ་བརྒྱད་དུ་གྱེས་པར་འགྱུར་ལ། དེའི་རྣམ་པར་གྲོལ་བའི་རས་ནི་ཉམས་པར་མི་འགྱུར་རོ། །ཞེས་པའི་ལུང་དྲངས་ནས་གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང་འདུལ་བའི་སྡེ་སྣོད་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་དུས་དེར་བཀོད་ཅིང༌། སྔར་འཁོད་པ་རྣམས་ལའང་དག་ཐེར་བྱས་པ་ནི་བསྡུ་བ་གསུམ་པའི་དོན་ནོ། །འདི་ཉིད་ལུང་ཕྲན་ཚེགས་སུ་མེད་པས་བཞེད་པ་མི་མཐུན་པ་མང་སྟེ། ཁ་ཆེ་བ་རྣམས་ཁ་ཆེའི་ཡུལ་རྣ་རྒྱན་གྱི་གཙུག་ལག་ཁང་དུ་འཕགས་པ་རྩིབས་ལེགས་སོགས་དགྲ་བཅོམ་པ་ལྔ་བརྒྱ་དང༌། བ་སུ་མི་ཏྲ་སོགས་བཙུན་པ་ཆེན་པོ་བཞི་བརྒྱ་དང༌། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་རྣམས་ཀྱིས་བསྡུས་ཞེས་འདོད། འཕགས་ཡུལ་གྱི་པཎྜི་ཏ་ཕལ་མོ་ཆེའི་བཞེད་པ་ཛ་ལནྡྷ་རའི་དགོན་པ་ཀུ་བ་ནའི་གཙུག་ལག་ཁང་དུ་དགྲ་བཅོམ་པ་ལྔ་བརྒྱ་དང༌། བཙུན་པ་ཆེན་པོ་ལྔ་སྟོང་ཞིག་གིས་བསྡུས་སོ་ཞེས་འབྱུང་གསུངས། དེང་སང་བོད་དུ་གྲགས་པ་ལྟར་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱར་ཉེ་བ་ན། དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱའམ་ཁྲི་དྲུག་སྟོང་འདུས་ནས་བསྡུས་ཟེར། རྟོག་གེ་འབར་བ་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་འདས་པ་ན། གནས་བརྟན་མའི་བུས་བསྟན་པ་བསྡུས་སོ། །ཞེས་འབྱུང་བ་ལྟར་ན་ལོ་བཞི་བརྒྱའང་བགྲོད་པ་རེ་ལ་ལོར་བྱས་པ་འདྲ་མོད། འོན་ཀྱང་རྒྱལ་པོའི་བྱུང་རབས་དང་བསྒྲིག་ན་ཉིས་བརྒྱས་ཉུང་སྐྱོན་ཨེ་ཡོང་སྙམ་པས་ད་དུང་དཔྱད་པ་མཛད་དགོས་རྒྱུར་སྣང༌། དེར་མ་ཟད་གནས་ཀྱང་མཉན་ཡོད་དང༌། ཛ་ལནྡྷ་རའི་གནས་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བ་དང༌། ཁ་ཆེའི་ཡུལ་ཀུ་བ་ནའི་དགོན་པར་ཞེས་མི་འདྲ་བ་མང་དུ་བྱུང་ངོ༌།།

ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པ་པོ་ཀུན་ཏུ་བཟང་པོ་དང༌། འཇམ་དཔལ་དང༌། གསང་བའི་བདག་པོ་དང༌། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །ཞེས་པ་ལྟར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཕྱག་ན་རྡོ་རྗེ་སངས་རྒྱས་སྟོང་གི་བསྟན་པ་སྡུད་པ་པོར་བཤད་པ་དང༌། སྔོན་གྱི་རྣམ་མཆན་ལས་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་སྭ་བྷཱ་བའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། བྱམས་པས་འདུལ་བ། འཇམ་དཔལ་གྱིས་མདོ་སྡེ། ཕྱག་རྡོར་གྱིས་མངོན་པ་བསྡུས་སོ་ཞེས་གྲགས་ཤིང༌། ཡང་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས། ཟབ་མོ་ལྟ་བའི་ཕྱོགས་རྣམས་འཇམ་དབྱངས་དང༌། རྒྱ་ཆེན་སྤྱོད་པའི་ཕྱོགས་རྣམས་བྱམས་པས་བསྡུས་སོ་ཞེས་འབྱུང་ང་ོ།།

བསྟན་པའི་གཏད་རབས།

གསུམ་པ་བསྟན་པའི་གཏད་རབས་ནི། སྟོན་པས་འོད་སྲུངས་ཆེན་པོ་ལ་སྟན་ཕྱེད་བལྟབ་རྒྱལ་ཚབ་ཏུ་མངའ་གསོལ། དེ་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་ལའང་བསྟན་པ་གཏད་པ་ཡིན་ནོ།།

༈ འོད་སྲུངས་ནི་ཡུལ་མ་ག་དྷའི་བྲམ་ཟེའི་གྲོང་ནྱཱ་གྲོ་དྷ་ཅན་ན། བྲམ་ཟེ་ནྱཱ་གྲོ་དྷའི་ཏོག་གི་བུ། ནྱཱ་གྲོ་དྷའི་ལྷ་ལ་གསོལ་བ་བཏབ་པ་ལས་སྐྱེས་པས་ནྱཱ་གྲོ་དྷ་སྐྱེས་སམ། རིགས་ལས་གྲས་ཏེ་འོད་སྲུངས། སེར་སྐྱ་བཟང་མོ་ཞེས་བྱ་བ་གསེར་གྱི་མདོག་ཅན་གྱི་བུད་མེད་མཛེས་མ་མཆིས་བྲང་དུ་བཀུག་ཀྱང་ཕན་ཚུན་ཕུ་ནུ་བཞིན་ལས་ཆགས་པའི་སེམས་སྐད་ཅིག་ཀྱང་མ་སྐྱེས་པ། ཕ་མ་ཤི་ནས་ཁྱིམ་གྲོང་པ་དོར་དགུ་བརྒྱ་གོ་དགུ། གསེར་བྱེ་བ་དྲུག་ཅུ། གསེར་གྱི་ནས་སྦྱང་བརྒྱད་ཅུ་ཡོད་པ་རྣམས་རྩྭ་བཞིན་དུ་དོར་ནས་རས་ཀ་ཤི་ཡུག་ཟུང་ཐོགས་ཏེ། སེར་སྐྱ་བཟང་མོ་ནི་གཅེར་བུ་པ་དག་གི་དྲུང་དུ་བཏང༌། རང་ཉིད་སྟོན་པ་མངོན་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་བུ་མངས་མཆོད་རྟེན་གྱི་འགྲམ་དུ་བཞུགས་སར་ཕྱིན། མཐོང་མ་ཐག་ཏུ་དེ་ལ་སྟོན་པའི་འདུ་ཤེས་སྐྱེས་ཏེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཞེས་ལན་གསུམ་དུ་ཞུས་ཤིང་བཅོམ་ལྡན་འདས་ཀྱིས་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ལ། ཁྱོད་ནི་ང་ཡི་ཉན་ཐོས་ཡིན་ནོ་ཞེས་ལན་འདེབས་པར་མཛད་པ་གསུམ་པའི་མཐར་བསྙེན་པར་རྫོགས་པ་ཐོབ་སྟེ་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་ཏུ་བསྔགས་སོ། །སྟོན་པའི་སྣམ་སྦྱར་ཕྱག་དར་ཁྲོད་པ་རང་གིས་བཟུང༌། རས་ཀ་ཤི་ཀ་སྟོན་པ་ལ་ཕུལ་ལོ། །དེ་ཡང་སྟོན་པ་ལྷ་ལས་བབས་ཁར་ལྷ་མང་པོ་བདུད་རྩིའི་ཕྱིར་འཛམ་བུ་གླིང་དུ་འཕོས་པ་སྟོན་པ་དང་དགུང་མཉམ་ཙམ་མོ། །འོད་སྲུངས་ཀྱིས་བཀའ་རྣམས་ལེགས་པར་བསྡུས་ཏེ་བསྟན་པ་བསྐྱངས་ལ། དེའི་ཡུན་ཡང་ལོ་བཞི་བཅུ་ལྷག་ཙམ་གྱི་རིང་གདུལ་བྱ་མང་པོ་རྣམ་པར་གྲོལ་བ་ལ་བཀོད་པས་བསྟན་པ་ལ་ཕན་གདགས་པར་མཛད། དེ་ནས་མྱ་ངན་ལས་འདའ་བར་དགོངས་ཏེ། ཀུན་དགའ་བོ་ཤེས་པར་གྱིས་ཤིག་སྟོན་པས་ང་ལ་བསྟན་པ་གཏད་ནས་འདས་སོ། །ང་ཡང་མྱ་ངན་ལས་འདའ་བས་བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིག ཁྱེད་ཀྱིས་ཀྱང་ཤ་ནའི་གོས་ཅན་ལ་གཏོད་ཅིག དེ་ནས་འོད་སྲུངས་ཀྱིས་སྐུ་གདུང་གི་མཆོད་རྟེན་དང་ཚེམས་མཆེ་བ་རྣམས་མཆོད་དེ། ལྷོ་ཕྱོགས་ཀྱི་རི་བྱ་རྐང་ལ་འཛེགས་ཏེ་ཁ་བྱེ་བའི་དབུས་སུ་རྩྭ་བཏིང༌། བཅོམ་ལྡན་འདས་ཀྱི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱོན་ནས། བྱམས་པ་འཚང་རྒྱ་ཡི་བར་དུ་སྐུ་གདུང་མི་ཉམས་པར་བྱིན་གྱིས་བརླབས་ཏེ་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་ལྷ་རྣམས་ཀྱིས་མཆོད། རི་འབྱར་ཏེ་མ་སྐྱེས་དགྲས་མཐོང་བའི་སྐབས་ཕྱེ་བས། དེའི་ཚེ་མ་སྐྱེས་དགྲས་རྒྱལ་རིགས་ཀྱི་ཞང་པོ་རྒྱུན་འཆད་པ་རྨིས་ནས། སད་པ་དང་འོད་སྲུངས་འདས་པ་ཐོས་ཏེ། ཀུན་དགའ་བོ་དང་ལྷན་ཅིག་རི་བྱ་རྐང་ལ་ཕྱིན། གནོད་སྦྱིན་གྱིས་རི་ཁ་ཕྱེ་བ་དེ་ལ་རྒྱལ་པོས་ཕྱག་མཆོད་བྱས་ཏེ་བསྲེག་པར་བརྩམས་པ་དང༌། ཀུན་དགའ་བོས་འདི་ནི་བྱམས་པའི་གསུང་རབ་འབྱུང་གི་བར་བྱིན་གྱིས་བརླབས་ཏེ། བྱམས་པའི་འདུས་པ་དང་པོ་ལ་ཉན་ཐོས་བྱེ་བ་དགུ་བཅུ་རྩ་དགུ་དང་བཅས་པས་འདིར་བྱོན་ནས། འདིའི་སྐུ་གདུང་ཕྱག་མཐིལ་དུ་བསྣམས་ནས་བསྟན་ཏེ། འདི་ནི་ཤཱཀྱ་ཐུབ་པའི་ཉན་ཐོས་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་ཡིན་ལ། འདིས་བགོས་པའི་སྣམ་སྦྱར་ཡང་སྟོན་པ་དེའི་ཡིན་ནོ། །འདི་ན་ནི་འདི་ལྟ་བུའི་དགེ་སྦྱོང་སྦྱངས་པའི་ཡོན་ཏན་ལ་གནས་པ་ཅི་ཡང་མེད་དོ་ཞེས་གསུངས་ཏེ། འོད་སྲུངས་ཀྱི་པུར་དེས་ཆོ་འཕྲུལ་ཆེན་པོ་བསྟན་ནས་ལྷག་མ་མེད་པར་དབྱིངས་སུ་ཐིམ་པས། དེ་དག་གིས་སྦྱངས་པའི་ཡོན་ཏན་བླངས་ཏེ་དགྲ་བཅོམ་པ་ཐོབ་པར་འགྱུར་བས་བསྲེག་པར་མི་ནུས་སོ། །ཞེས་གདམས་ཏེ་ཕྱིར་ལོག་པ་ན་རི་ཁ་འབྱར། དེའི་རྩེར་སྐུ་གདུང་གི་མཆོད་རྟེན་བརྩིགས་སོ།།

༈ ཀུན་དགའ་བོ་ནི། སྟོན་པའི་ཁུ་བོ་བདུད་རྩི་ཟས་ཀྱི་བུ། སྟོན་པ་སངས་རྒྱས་པའི་དུས་སྒྲ་གཅན་འཛིན་དང་གཉིས་དུས་མཉམ་དུ་བཙས་པ། ལོ་དྲུག་ལོན་པ་ཡབ་སྲས་མཇལ་བའི་ཚེ། འོད་སྲུངས་སྟོབས་བཅུ་པ་ལ་གཏད་དེ་ད་ལྟར་ཆོ་གས་ཚིགས་རིམ་ཅན་ནོས་ལ། སྟོན་པའི་རིམ་གྲོ་པ་ཐོས་པ་འཛིན་པའི་མཆོག་ཏུ་བསྔགས་པ་དེས་བསྟན་པ་ལོ་བཞི་བཅུ་ལྷག་ཙམ་བསྐྱངས་ཤིང༌། དེ་ནས་ཤ་ནའི་གོས་ཅན་ལ་འདི་ལྟར། སྟོན་པས་འོད་སྲུངས་ལ། དེས་ཀྱང་ང་ལ་བསྟན་པ་གཏད་དོ། །ང་ཡང་འདའ་བས་བསྟན་པ་ཁྱོད་ཀྱིས་སྐྱོངས་ཤིག ཡུལ་བཅོམ་བརླག རི་མུ་རུན་དར། ཚོང་དཔོན་གྱི་བུ་ནཱ་ཊ་དང༌། བཎྚས་གཙུག་ལག་ཁང་བརྩིགས་ནས་སྦྱིན་བདག་བྱེད་པར་ལུང་བསྟན་ཏོ། །དེར་སྤོས་ཚོང་སྦས་པའི་བུ་ཉེར་སྦས་རབ་ཏུ་བྱུང་ལ་དེ་ལ་བསྟན་པ་གཏོད་ཅེས་གདམས། མ་སྐྱེས་དགྲ་ལ་སྦྲན་ཏེ། དེས་དམག་དང་བཅས་པ་སྐྱེལ་བར་ཡངས་པ་ཅན་པ་ལ་ལྷས་སྦྲན་པས་དམག་དང་བཅས་པ་བསུར་འོངས་ནས་གདྒའི་དབུས་སུ་སླེབས་པ་ན། དྲང་སྲོང་ཞིག་འཁོར་ལྔ་བརྒྱ་དང་བཅས་པས་རབ་ཏུ་བྱུང་བར་ཞུས་པས། ཀུན་དགའ་བོས་གདྒའི་དབུས་སུ་གླིང་སྤྲུལ་ཏེ་དེར་བསྙེན་པར་རྫོགས། དེ་མ་ཐག་དགྲ་བཅོམ་པར་གྱུར་པས་དགྲ་བཅོམ་པ་ཉི་མའི་གུང་པའམ་ཆུའི་དབུས་པ་ཞེས་གྲགས་སོ། །དེས་མཁན་པོའི་སྔོན་དུ་མྱ་ངན་ལས་འདའ་བར་གསོལ་བས། སྟོན་པས་ཁྱོད་ཁ་ཆེར་བསྟན་པ་རྒྱས་པར་ལུང་བསྟན་པས་དེ་བཞིན་གྱིས་ཤིག དེས་དེ་བཞིན་བགྱིའོ་ཞེས་ཁས་བླངས་ཏེ་ཀུན་དགའ་བོ་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ་འདས། སྐུ་གདུང་གི་ཕྱེད་མ་སྐྱེས་དགྲ། ཕྱེད་ཡངས་པ་ཅན་པས་ཁྱེར་ཏེ་ཡངས་པ་ཅན་དང་སྐྱ་ནར་བུར་མཆོད་རྟེན་བརྩིགས་སོ།།

༈ ཤ་ནའི་གོས་ཅན་དགྲ་བཅོམ་པ་སྡེ་སྣོད་གསུམ་ལ་མཁས་པ་སྟེ། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས། རྒྱལ་པོ་དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་འབྱུང༌། བརྒྱ་དང་ལྔ་བཅུ་འཚོ། ལོ་བརྒྱད་ཅུ་རྩ་བདུན་དུ་མཆོད་རྟེན་མཆོད་པར་ལུང་བསྟན། དེས་སྐུ་གདུང་གི་མཆོད་རྟེན་བདུན་ནས་སངས་རྒྱས་ཀྱི་རིང་བསྲེལ་ཕྱུང་སྟེ། འཛམ་བུའི་གླིང་གི་སའི་ཕྱོགས་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱེ་བ་བརྒྱད་ཁྲི་བཞི་སྟོང་བྱེད་པར་སྟོན་པས་ལུང་བསྟན་པ་བཞིན་གནོད་སྦྱིན་ཤིང་རྟ་ཞེས་པས་གྲོགས་བགྱིས་ཏེ་བྱས། དེ་ལ་དགྲ་བཅོམ་པ་རྣམས་ཀྱིས། མྱ་ངན་མེད་རྒྱལ་སྐྱ་ནར་བུར་གནས་པས། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོ་མངོན་པར་བརྒྱན་གྱུར་ཏེ། །ཞེས་བསྔགས་སོ། །དེ་དག་གི་རབ་ཏུ་གནས་པ་བགྱིས་ཤིང་ཉེར་སྦས་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ།།

༈ ཉེར་སྦས་ནི། ལུང་ཕྲན་ཚེགས་ལས། ང་འདས་ནས་ལོ་བརྒྱ་ན་སྤོས་ཚོང་སྦས་པའི་བུ་ཉེར་སྦས་ཞེས་བྱ་བ་རབ་ཏུ་བྱུང་ནས་མཚན་མེད་པའི་སངས་རྒྱས་སུ་འགྱུར་ཏེ་སངས་རྒྱས་ཀྱི་བྱ་བ་བྱེད་དོ་ཞེས་སྟོན་པས་ལུང་བསྟན་པ་གྲགས་པ་ལས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་སྡེ་སྣོད་གསུམ་པ་སྟེ། བདུད་སྡིག་ཅན་གྱིས་དེ་འཁོར་ལ་ཆོས་སྟོན་པ་ན་སྤྲུལ་པ་བསྟན་ནས་འཁོར་རྣམས་གཡེངས་སུ་བཅུག་ནས་འབྲས་བུ་ཐོབ་པའི་གེགས་བྱས་པས། དེས་རོ་གསུམ་མེ་ཏོག་གི་ཕྲེང་བར་སྤྲུལ་ཏེ། དེའི་མགོ་ལ་བཏགས་པས་སྡིག་པའི་སེམས་སྐྱེས་ན་རོ་དྲི་ང་བ། དགེ་བའི་སེམས་སྐྱེས་ན་མེ་ཏོག་ཉིད་དུ་སྣང་བ། དེ་ལྟ་བུའི་ཅོད་པན་སུས་ཀྱང་བོར་མ་ནུས་པ་དེ་ཉིད་ལས་བཏུད་དེ་ཕྱིན་ཆད་སྡིག་སེམས་མི་འཆའོ་ཞེས་གྲགས་སོ། །ཕུག་པ་སྲིད་དུ་ཁྲུ་བཅོ་བརྒྱད། རྒྱར་ཁྲུ་བཅུ་གཉིས་པ། དེའི་གདམས་ངག་བདུན་གྱིས་དགྲ་བཅོམ་པ་ཐོབ་པ་རྣམས་ཀྱི་ཐུར་མ་སོར་བཞི་པས་བཀང་བས་ཁེངས་སོ། །སྟོན་པ་མྱ་ངན་ལས་འདས་ནས་དགྲ་བཅོམ་པའི་འཁོར་འདི་ལས་མང་བ་མ་བྱུང་ངོ༌། །དེས་དྷི་དྷི་ཀ་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ།།

༈ འཕགས་པ་དྷི་དྷི་ཀ་ཡང་དགྲ་བཅོམ་པ་སྡེ་སྣོད་གསུམ་ལ་མཁས་པ་སྟེ། དེས་མ་ག་དྷ་དམར་བུ་ཅན་གྱི་འཕགས་པ་ནག་པོ་ལ་བསྟན་པ་གཏད་དེ་མྱ་ངན་ལས་འདས་ལ།

༈ འཕགས་པ་ནག་པོ་ཡང་དགྲ་བཅོམ་པ་སྡེ་སྣོད་གསུམ་པ་སྟེ་བསྟན་པ་ཡོངས་སུ་བསྐྱངས་ཤིང༌།

༈ ལེགས་མཐོང་ལ་བསྟན་པ་གཏད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །ཁ་ཅིག་གཏད་རབས་སུ་ཉི་མ་གུང་པ་བསྣན་ཏེ་བརྩི་མོད། རང་ལུགས་སུ་ཀླུ་སྒྲུབ་ཡན་ལ་བདུན་ནོ། །ཁྱད་པར་དུ་གནས་བརྟན་ཆེན་པོ་བཅུ་དྲུག་གིས། གླིང་བཞི་དང་སུམ་ཅུ་རྩ་གསུམ་སོགས་ཡུལ་སོ་སོར་དགྲ་བཅོམ་པ་ལྔ་བརྒྱ་ལ་སོགས་པ་དང་ཐབས་གཅིག་ཏུ་བཞུགས་ནས་བསྟན་པ་རིན་པོ་ཆེ་སྐྱོང་བར་མཛད་ལ། རྒྱ་ནག་ཏུ་ཐང་སྤྱིའུའི་དུས་དང༌། སེ་ཆེན་དང༌། གོང་མ་ཡེ་དབང་གི་དུས་མི་ཀུན་གྱིས་མངོན་སུམ་དུ་བྱོན་ཟེར། གཞན་ཕལ་གྱིས་མི་མཐོང་སྟེ་འཇའ་ལུས་པ་ལྟ་བུའོ། །དེ་ལྟར་སྟོན་པ་བཞུགས་དུས་འཛམ་བུའི་གླིང་གི་གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཏུ་ནི་བསྟན་པ་ལེགས་པར་དར་ལ། ཁ་ཆེར་དེའི་ཚེ་གྲོང་ཁྱེར་མེད་པས་སྟོན་པ་འདས་ནས་ལོ་བརྒྱ་ན་ཉི་མ་གུང་པས་བསམ་གཏན་དང་མཐུན་པའི་གནས་མལ་གྱི་མཆོག་ཁ་ཆེར་བསྟན་པ་འཇོག་གོ་ཞེས་ལུང་བསྟན་པ་བཞིན། ཀུན་དགའ་བོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུར་ཉེ་བ་ན། དགྲ་བཅོམ་པ་ཉི་མའི་གུང་པས་ལུང་བསྟན་པའི་དུས་ལ་བབ་པར་ཤེས་ནས་ཁ་ཆེར་སོང་སྟེ། དེར་མཚོ་ཡོད་པའི་ལུང་པ་དགུའི་མདོ་སྐྱིལ་ཀྲུང་གཅིག་གིས་མནན་པས་ཀླུ་འཁྲུགས་ཏེ་ས་གཡོས་རྫི་ཆར་དྲག་པོ་ཕབ་ཀྱང་ཆོས་གོས་ཀྱི་མཐའ་ཡང་མ་གཡོས། མདའ་མཚོན་གྱི་ཆར་ཕབ་པ་མེ་ཏོག་ཏུ་བསྒྱུར་བས་ཀླུ་རྣམས་ངོ་མཚར་ནས་བཀའ་ཅི་སྩོལ་ཟེར་བ་དང༌། ང་སྟོན་པས་ལུང་བསྟན་པས་གནས་འདིར་འོངས་ཀྱི། ང་ལ་ས་འདི་བྱིན་ཅིག སྐྱིལ་མོ་ཀྲུང་གི་གང་ནོན་པ་དེ་འབུལ་ལོ། །འཁོར་ཇི་ཙམ་མངའ། འཁོར་དགྲ་བཅོམ་པ་ལྔ་བརྒྱའོ། །དེ་ལས་གཅིག་མ་ཚང་ནའང་འཕྲོག་གོ་ཟེར་བ་དང༌། གནས་བརྟན་གྱིས་སྦྱིན་བདག་ཡོད་སར་ལེན་པ་པོ་ཡོད་པས་ཁྱིམ་བདག་ཀྱང་གཞུག་པར་བྱའོ་ཞེས་བགྲོས་ནས། དེར་སྒྱུ་མ་མཁན་ལ་སྒྱུ་མའི་གྲོང་ཁྱེར་བྱེད་དུ་བཅུག་ནས་ཕུན་སུམ་ཚོགས་ལ་མི་འཇིག་པར་བྱིན་གྱིས་བརླབས། དེར་སྐྱེ་བོའི་ཚོགས་བཅུག་ཅིང་རི་སྤོས་ངད་ལྡན་ལས་གུར་གུམ་བླངས་ཏེ་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་སྐྱེ་བར་བྱིན་གྱིས་བརླབས། གྲོང་ཁྱེར་དུ་མ་ཡོད་པ་ཡུལ་ཤིན་ཏུ་ཉམས་དགའ་བ་ཞིག་སྟེ་དེང་སང་ཀ་ཤི་མིར་དུ་གྲགས་པ་འདིའོ།།

བསྟན་པ་བསྐྱངས་ཤིང་ཐེག་ཆེན་ཇི་ལྟར་རྒྱས་ཚུལ།

བཞི་པ་བསྟན་པ་བསྐྱངས་ཤིང་ཐེག་ཆེན་ཇི་ལྟར་དར་ཚུལ་ནི།

སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་བསྟན་པ་སྐྱོང་བའི་སྐྱེས་བུའང་སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་དང༌། བླ་མ་གྲགས་པ་སོགས་དགྲ་བཅོམ་པའི་ཚོགས་དང༌། འོད་སྲུངས་སོགས་བཙུན་པ་ཆེན་པོའི་སྡེ་དང༌། རྒྱལ་པོ་ལེགས་རྒྱལ་དགེ་བ་སོགས་བྲམ་ཟེ་ཆེན་པོའི་སྡེ་ལ་སོགས་པ་བསྟན་པ་ལ་བྱ་བ་བྱས་པའི་སློབ་དཔོན་མཁས་བཙུན་བཟང་པོའི་དཔལ་དང་ལྡན་ཞིང༌། རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་པ་ཚད་མེད་པ་ཞིག་བྱོན་ནའང༌། བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་འབྱེད་པ་པོ་ནི་ཉན་ཐོས་མདོ་སྡེ་པ་རྣམས་ཀྱི་འདོད་པ་ལྟར་ན། བྱེ་བྲག་བཤད་མཛོད་མཛད་པ་པོའི་དགྲ་བཅོམ་པ་རྣམས་ཡིན་པར་བྱེད་དགོས་ལ། ཐེག་པ་ཆེན་པོ་པ་ལྟར་ན། རྒྱལ་ཚབ་བྱམས་པ་མགོན་པོ་དང༌། སློབ་དཔོན་ཀླུ་སྒྲུབ་གཉིས་ཏེ། དགོངས་འགྲེལ་མཛད་པ་པོ་གཞན་རྣམས་འདི་དག་གིས་ལམ་སྲོལ་ཕྱེས་ཟིན་པའི་བསྟན་བཅོས་ལ་བརྟེན་ནས་འཇུག་པ་ཡིན་པའི་ཕྱིར་རོ། །དེས་ན་སྟོན་པ་ཉིད་ཀྱིས་ལུང་བསྟན་པ་ལྟར་བྲམ་ཟེ་ཆེན་པོ་ས་ར་ཧའི་སློབ་མ་ཟབ་མོ་ལྟ་བའི་ཤིང་རྟའི་སྲོལ་འབྱེད་པ་པོ་སངས་རྒྱས་གཉིས་པ་ཀླུ་སྒྲུབ། རྗེ་བཙུན་བྱམས་པའི་སློབ་མ་རྒྱ་ཆེན་སྤྱོད་པའི་རིང་ལུགས་ཀྱིས་འཛམ་བུ་གླིང་ཐམས་ཅད་ཁྱབ་པར་མཛད་པ་པོ་འཕགས་པ་ཐོགས་མེད། འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་བརྙེས་པ་དངོས་སྟོབས་རིགས་པའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྟེ། གཞུང་བྱེད་པ་པོ་གསུམ་དང༌། ཀླུ་སྒྲུབ་ཀྱི་སློབ་མ་པདྨའི་སྙིང་པོ་ལས་བརྫུས་ཏེ་འཁྲུངས་པ་སློབ་དཔོན་ཨཱརྱ་དེ་བ། ཐོགས་མེད་ཀྱི་གཅུང་གཞུང་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་མངའ་ཞིང་མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་པ་སློབ་དཔོན་དབྱིག་གཉེན། ཕྱོགས་ཀྱི་གླང་པོའི་སློབ་མ་རྒོལ་བ་དབང་ཕྱུག་སྡེའི་རྗེས་སུ་ཞུགས་པས་ཕྱི་རོལ་པ་ཐམས་ཅད་ཀྱི་བརྟན་པ་གཅིག་ཅར་དུ་འཕྲོག་པར་བྱེད་པ་དཔལ་ཆོས་ཀྱི་གྲགས་པ་སྟེ། འགྲེལ་པ་བྱེད་པ་པོ་གསུམ་ཞེས་འཛམ་བུ་གླིང་མཛེས་པའི་རྒྱན་དྲུག་དང༌། ཕལ་ཆེར་དུ་ཀླུ་ཐོགས་གཉིས་ལ་མཆོག་གཉིས་སུ་གྲགས་ཤིང༌། ཕྱི་མ་རྣམས་ཀྱི་སྟེང་དུ་སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་བསྣན་པས་རྒྱན་དྲུག་ཏུའང་བྱེད་དོ།།

ངོ་མཚར་གྱི་གཏམ་བདུན་མངའ་བའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དང༌། རིག་པའི་གནས་ཡན་ལག་དང་བཅས་པ་ལ་མཁས་ཤིང་དངོས་གྲུབ་བརྙེས་པ་ཙནྡྲ་གོ་མི་གཉིས་ལ་རྨད་བྱུང་གི་སློབ་དཔོན་གཉིས་ཞེས་བསྔགས་པར་བྱེད་ལ། གཞན་ཡང་རྒྱལ་བའི་གསུང་རབ་ཀྱི་དོན་ལ་དབང་འབྱོར་བའི་སློབ་དཔོན་མཐའ་ཡས་པ་བྱོན་ཏེ་གཙོ་བོར་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་གསལ་བར་མཛད། སྤྱིར་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བཀའ་རྣམས་བསྡུ་བ་བྱས་མ་ཐག་ཏུ་ཐེག་པ་ཆེན་པོ་རྣམས་བགོ་བཤའ་བྱ་ལོང་མེད་པར་མི་དང་ལྷ་དང་མི་མ་ཡིན་རྣམས་ཀྱིས་དད་པས་རང་རང་གི་གནས་སུ་སྤྱན་དྲངས་པ་ལས། མིའི་གནས་ན་བཞུགས་པ་རྣམས་རིམ་གྱིས་དར། མི་མ་ཡིན་པའི་གནས་ན་བཞུགས་པ་རྣམས་ཀྱང་དམ་པ་རྣམས་ཀྱིས་ཅི་རིགས་པ་སྤྱན་དྲངས་ནས་མི་ཡུལ་དུ་དར་རོ། །ཁྱད་པར་ཐེག་པ་ཆེན་པོ་ནི་རྒྱལ་པོ་པདྨ་ཆེན་པོ་དང་དུས་མཉམ་པ་ལས་ཅུང་ཟད་ཕྱི་བ་ཙམ་ན། ཡུལ་ཨོ་ཌཱི་བི་ཤར་རྒྱལ་པོ་ཟླ་བ་སྲུང་ཞེས་བྱ་བ་བྱུང་སྟེ། དེའི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ནས་ཐེག་པ་ཆེན་པོའི་ཆོས་ཅི་རིགས་པ་བསྟན་ཅིང་གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་བྱུང་ལ། དེ་ནི་མདོ་ལུགས་པ་རྣམས་ཤེར་ཕྱིན་བརྒྱད་སྟོང་པ་ཡིན་པར་འདོད་ཅིང༌། སྔགས་པ་རྣམས་ནི་དེ་ཁོ་ན་ཉིད་བསྡུས་པ་ཡིན་ཟེར། གང་ལྟར་ཡང་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་ཆེན་མི་ཡུལ་དུ་བྱུང་བའི་ཐོག་མ་ཡིན་ནོ་ཞེས་འབྱུང་སྟེ། འདི་ནི་བཀའ་བསྡུ་གསུམ་པ་མ་བྱས་པའི་གོང་དུ་བྱུང་བར་འདོད་དགོས་པས། ད་ལྟ་མཁས་པ་ཕལ་ལ་གཡམ་རྒྱུགས་ཀྱི་གསུང་སྒྲོས་སུ་བཀའ་ཐམས་ཅད་བསྡུ་བ་གསུམ་པའི་དུས་སུ་གླེགས་བམ་ལ་བཀོད་པ་ཡིན་ནོ་ཞེས་མགྲིན་གཅིག་ཁ་ཏོན་དུ་བྱེད་པ་ལ་གནོད་པར་སྣང་ངོ༌། །གསང་སྔགས་ཀྱི་རྒྱུད་སྡེ་རྣམས་འཕགས་ཡུལ་དུ་བསྟན་པ་གྲ་མ་ཉམས་པའི་དུས་དང༌། ཕྱིས་དར་ནུབ་ཅི་རིགས་བྱུང་ནས་བསྒྱུར་བའི་ཁྱད་པར་གྱིས་གསར་རྙིང་གཉིས་ལ་ལོ་རྒྱུས་ཀྱི་བབ་མི་འདྲ་བ་འབྱུང་སྟེ། རང་ལུགས་གསང་སྔགས་སྔ་འགྱུར་བའི་བཞེད་པ་ཞིབ་མོར་འོག་ཏུ་འཆད་པར་འགྱུར་ལ། གསང་སྔགས་གསར་མའི་གྲགས་ཚོད་ལྟར་ན། ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་རྒྱུད་རྣམས་སྟོན་པས་གཏད་ཀྱང་ཟེར། ཕྱག་ན་རྡོ་རྗེས་གཏད་ཀྱང་ཟེར་ཏེ། གང་ལྟར་ཡང་རྒྱལ་པོས་རྒྱུད་རྣམས་གླེགས་བམ་དུ་བྱས་ཤིང་སྐྱེ་བོ་རྣམས་ལ་བསྟན་པས་ཡུལ་དེའི་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱིས་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་སོང༌། དེ་ནས་ཨོ་རྒྱན་གྱི་ཡུལ་སྟོང་པ་མཚོར་གྱུར་ཏེ་ཀླུས་གང་བ་ལ། གསང་བདག་གིས་རྒྱུད་རྣམས་བསྟན་ཅིང་སྨིན་པར་མཛད་པས། དེ་དག་རིམ་གྱིས་མིར་གྱུར་ནས་མཚོ་འགྲམ་དུ་གྲོང་བཅས་ཏེ་ཉམས་སུ་བླངས་པས་གྲུབ་པ་ཐོབ། དེ་རྣམས་ཀྱི་བུ་དང་བུ་མོ་རྣམས་མཁའ་འགྲོ་མར་གྱུར་པས་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་གྲགས། མཚོ་དེ་ཡང་བསྐམས་ཏེ་ཧེ་རུ་ཀའི་ལྷ་ཁང་རང་བྱུང་ཞིག་བྱུང་བས། དེའི་དཀོར་མཛོད་དུ་རྒྱུད་ཀྱི་གླེགས་བམ་རྣམས་བཞུགས་པ་ལས། ཕྱིས་རྒྱལ་པོ་བ་སུ་ཀལྤས་གསང་བ་འདུས་པ། ཀླུ་སྒྲུབ་ཀྱིས་དགྱེས་རྡོར། ཀུ་ཀུ་རི་པས་མ་ཧཱ་མ་ཡ་དང་འཇིགས་བྱེད་སོགས་གྲུབ་ཐོབ་རྣམས་ཀྱིས་རྒྱུད་ཕལ་ཆེ་བ་ཞིག་དེ་ནས་བླངས། དེ་བཞིན་དུ་ཙི་ལུ་པ་སོགས་ཀྱིས་ཤམྦྷ་ལའི་ཡུལ་ནས་དུས་འཁོར་བླངས་པ་སོགས་ཡུལ་གཞན་དག་ནས་ཀྱང་བླངས་ཏེ་དར་རོ་ཞེས་ལོ་རྒྱུས་ཅུང་ཟད་མི་མཐུན་པ་མང་ཞིང༌། དེ་གང་ལྟར་དཔལ་ས་ར་ཧ་སོགས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། ཡེ་ཤེས་ཞབས་སོགས་རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་བཅུ་གཉིས། གཞན་ཡང་མཁས་པ་སྒོ་དྲུག དུས་འཁོར་ཞབས་པ་ཆེ་ཆུང་སོགས་གྲུབ་ཐོབ་བརྗོད་ཀྱིས་མི་ལང་བ་བྱོན་ཏེ་གཙོ་བོར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་ནས་སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་པར་མཛད་དོ། །དེ་ལྟར་འཕགས་ཡུལ་དུ་རྒྱལ་བའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེའི་སྲོག་ཤིང་དམ་པར་གྱུར་པ་མཐའ་ཀླས་པའི་རྣམ་པར་ཐར་པ་ནི་འདིར་ཡི་གེ་ཉུང་ངུའི་ལམ་དུ་འདྲེན་པར་མ་ནུས་པས། ཡོངས་སུ་གྲགས་པའི་ལོ་རྒྱུས་ལེགས་བཤད་རྣམས་ཀྱི་སྣང་བ་ལ་བརྟེན་ནས་གུས་པ་དང་སྤྲོ་བའི་པདྨོ་མཆོག་ཏུ་རྒྱས་པར་བྱོས་ཤིག སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་ལས། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་བྱོན་ཚུལ་སྤྱིར་བཤད་པའི་སྐབས་ཏེ་དང་པོའོ།། །།

ལེའུ་གཉིས་པ་བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཇི་ལྟར་བྱོན་ཚུལ།

གསང་སྔགས་ཀྱི་ཆོས་འཁོར་གང་དུ་གང་གིས་བསྐོར་བ།

ད་ནི་བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་འཆད་པར་བྱ་སྟེ། དེ་ལ་གསུམ། གསང་སྔགས་ཀྱི་ཆོས་འཁོར་གང་དུ་གང་གིས་བསྐོར་བ། བསྡུ་བ་པོ་རྣམས་ཀྱིས་ཇི་ལྟར་བསྡུས་པ། བསྟན་པ་དེ་ཉིད་འཇིག་རྟེན་དུ་བྱུང་བའི་ཚུལ་ལོ། །དང་པོ་ནི།

དེ་ལ་རང་ལུགས་ཐུན་མོང་མ་ཡིན་པ་འདིར་བསྟན་པའི་བབ་ལུགས་ཆེན་པོ་གསུམ་དུ་གནས་པའི་ཚུལ། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་དང་གསུམ་དུ་འཆད་པའི་དང་པོ་སྟེ། འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཁྱབ་བདག་རིགས་དྲུག་པ་ཀུན་ཏུ་བཟང་པོ་རང་སྣང་དབྱིངས་ཀྱི་ཞིང་ཁམས་ཤིན་ཏུ་དག་པ་རྡོ་རྗེའི་འོག་མིན་ཆེན་པོར་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པས། རང་བཞིན་གཉིས་སུ་མེད་པའི་འཁོར་རྒྱལ་ཚབ་རིགས་ལྔའི་སྟོན་པ་དང༌། རང་སྣང་གི་འཁོར་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པའི་རྣམ་པ་དང་བཅས་པར་སྣང་བ་རྣམས་ལ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཚིག་དང་སྒྲས་བརྗོད་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དགོངས་པས་བྱིན་བརླབས་ཀྱིས་རྟོགས་པར་མཛད་པ་ལ་ཆོས་སྐུའི་གསུང་དུ་བརྡས་བཏགས་པ་སྟེ། ཐལ་འགྱུར་ལས། དེས་ན་ཆོས་ཉིད་ནམ་མཁའ་ལ། །ཁྱབ་འཇུག་ཆེན་པོའི་གསུང་གིས་ནི། །བྱིན་གྱིས་བརླབས་ཀྱིས་རང་སྒྲར་སྣང༌། །ཞེས་དང༌། སྙིང་འགྲེལ་ལས། སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲོད་པའོ། །ཞེས་གསུངས་སོ།།

བྱེ་བྲག་འོད་གསལ་རྡོ་རྗེ་སྙིང་པོའི་གནས་ཟབ་ཅིང་རྒྱ་ཆེ་བའི་ཕྱོགས་རྣམས་ནི་གནས་དང་སྟོན་འཁོར་ཆོས་རྣམས་རང་བྱུང་རིག་པའི་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སྐུ་གསུམ་རང་སྣང་བཀོད་པ་ཆེན་པོའི་རང་བཞིན་འབྱམས་ཀླས་པ་ལས་སྤྲུལ་པ་སོགས་སྒྲ་རྟོག་གི་ཡུལ་ལས་བརྒལ་བའི་ཆོས་ཉིད་མཉམ་པ་ཆེན་པོར་རོ་གཅིག་པའི་ཚུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་གཡོ་བ་མེད་པ་སྟེ། དེ་ལས་ས་བཅུའི་རྒྱུན་མཐའི་འཕགས་ཆེན་རྣམས་ལ་སྣང་བའི་གཞན་སྣང་གིས་བསྡུས་པའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་སྤྱོད་པའི་ཞིང་ཁམས་ཁྱད་པར་ཅན་གྱི་འོག་མིན་དུ་རིགས་དྲུག་པའི་རྣམ་པ་དང༌། རིགས་ལྔའི་སྟོན་པའི་རྣམ་པས། རིག་པ་ཁྱད་པར་ཅན་གྱི་འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང༌། སྤྱན་རས་གཟིགས་དང༌། འཇམ་དཔལ་དབྱངས་སོགས་དབང་པོ་དང་ཡུལ་སྣང་དག་པའི་འབྲས་བུའི་སེམས་དཔའ་རྣམས་ལ། བརྗོད་དུ་མེད་པའི་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་དགོངས་པ་བརྡའི་སྒོ་ནས་རྟག་པ་རྒྱུན་གྱི་འཁོར་ལོར་བསྐོར་བ་ཡིན་ཏེ། སྙིང་པོ་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ཉིད་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་གསུངས་ཤིང༌། འདི་ནི་གཙང་མའི་གནས་རིས་རྣམས་སྤངས་པའི་གནས་དབང་སྒྱུར་ཆེན་པོའི་འོག་མིན་དུ་བཤད་པ་ཡང་ཡོད་དེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིས་རྣམས་རྣམ་སྤངས་པས། །འོག་མིན་ཆེན་པོའི་གནས་མཆོག་ཏུ། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམས་སྤངས་པ། །སངས་རྒྱས་ཀུན་གྱི་གཟུགས་སྤྱི་སྟེ། །གདོད་ནས་ཐེག་ཆེན་མཛོད་ཡིན་ཏེ། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་གསུངས་སོ།།

དེ་བཞིན་དུ་བྱང་སེམས་ས་དགུ་པ་ལ་སྣང་བའི་འོག་མིན་ཙམ་པོ་དང༌། ས་བརྒྱད་པ་ལ་སྣང་བའི་བཏགས་པའི་འོག་མིན་དང༌། རྡོ་རྗེ་བཙུན་མོའི་བྷ་ག་སྟེ་ཆོས་ཀྱི་དབྱིངས་ཐར་པ་ཆེན་པོའི་ཕོ་བྲང་རྣམས་སུ། དྲག་པོ་དང་འཇིགས་བྱེད་ལ་སོགས་པའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དབང་ཤེས་སུ་སྣང་བར། ཆེ་མཆོག་ཧེ་རུ་ཀ་དང༌། གཞོན་ནུ་དཔའ་བོ་སྟོབས་ལྡན་དང༌། པདྨ་གར་གྱི་དབང་ཕྱུག་སོགས་དང༌། གཞན་ཡང་ཧེ་བཛྲ་དང༌། ཙཀྲ་སམྦ་ར་དང༌། དུས་ཀྱི་འཁོར་ལོ་སོགས་རྡོ་རྗེའི་གནས་གང་སྟོན་པ་དེའི་གཙོ་བོའི་རྣམ་པ་དང༌། རྣམ་འགྱུར་ལས་འཁོར་གྱི་དཀྱིལ་འཁོར་སྤྲུལ་ནས། ནཱ་ད་མི་ཤིགས་པའི་སྒྲས་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། བདེར་འདུས་རྩ་རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། །ཞེས་དང༌། དགྱེས་རྡོར་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པའང་ང༌། །ཞེས་གསུངས་པའི་ཚུལ་གྱིས་སོ། །དེ་དང་མཚུངས་པར་དགའ་ལྡན་དང༌། རི་རབ་ཀྱི་རྩེ། ཨོ་ཌཱི་ཡ་ན། ཤམྦྷ་ལ་སོགས་ཀུན་རྫོབ་ཀྱི་གནས་རྣམས་སུའང་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་གྱི་རྒྱུད་རྣམས་ཆགས་བྲལ་གྱི་གཟུགས་ཀྱིས་སམ། འཁོར་ལོས་སྒྱུར་བའི་རྣམ་པས་བསྟན་ཀྱང་རུང་སྟེ། གསང་སྙིང་ལས། དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོར་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ལས་མ་གཡོས་ཀྱང༌། །ལས་ཀྱི་དབང་གིས་སོ་སོར་སྣང༌། །ཞེས་གསུངས་པ་བཞིན་ནོ།།

བསྡུ་བ་པོ་རྣམས་ཀྱིས་ཇི་ལྟར་བསྡུས་པ།

གཉིས་པ་བསྡུ་བ་པོ་སོ་སོས་བཀའ་དེ་རྣམས་བསྡུས་ཚུལ་ནི། བླ་མེད་ཀྱི་རྒྱུད་རྣམས་ཕལ་ཆེར་སྡུད་པ་པོ་ཐ་དད་ལྟར་བསྟན་ཀྱང་གསང་བ་སྙིང་པོ་སོགས་ངེས་གསང་གི་རྒྱུད་སྡེ་ཕལ་ཆེར་ཞིག་སྟོན་འཁོར་དགོངས་པ་ཐ་མི་དད་པའི་ཕྱིར། གསང་སྙིང་ལས་འདི་སྐད་བདག་གིས་བཤད་པ་ཞེས་བྱུང་བ་དང༌། བདེ་མཆོག་རྩ་རྒྱུད་ལས་ཀྱང༌། དེ་ནས་གསང་བ་བཤད་པར་བྱ། །ཞེས་བྱུང་བས་བསྡུ་བ་པོ་ཡང་སྟོན་པ་ཉིད་ལས་གཞན་དུ་མ་གྱུར་ཏེ། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པ་པོ་དེ་སྡུད་པའང་དེ། །ཞེས་གསུངས་པས་སོ། །གཞན་ཡང་རྫོགས་ཆེན་སོགས་རྒྱུད་ཕལ་མོ་ཆེ་གསང་བའི་བདག་པོ་དང༌། རྡོ་རྗེ་ཆོས། རྡོ་རྗེ་སྙིང་པོ། འཇམ་དཔལ། སྤྱན་རས་གཟིགས། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་སོགས་པ་རྣམས་དང༌། མཁའ་འགྲོ་མ་པཱུརྞ་ཉེ་བར་ཞི་བ་ལ་སོགས་མཁའ་འགྲོ་དང༌། མཁའ་འགྲོ་མའི་ཚོགས་དང༌། གཞན་ཡང་གདུལ་བྱ་ལྷ་དང་ཀླུ་དང༌། གནོད་སྦྱིན་ལ་སོགས་རིགས་ཅན་མ་ངེས་པའི་ཚོགས་ཀྱིས་བསྡུ་བར་མཛད་ལ། མཐའ་དག་པའི་རྒྱུད་རྣམས་གསང་བའི་བདག་པོ་ཁོ་ནས་བསྡུས་པར་ཡང་གསུངས་ཤིང༌། བྱེ་བྲག་རྒྱུད་རྣམས་ཞུ་བ་པོ་གང་ཡིན་པ་དེ་ཉིད་བསྡུ་བ་པོ་ཡང་ཡིན་ཏེ། དུས་འཁོར་ཟླ་བ་བཟང་པོ། བརྟག་གཉིས་རྡོ་རྗེ་སྙིང་པོ། སྡོམ་འབྱུང་ཕྱག་ན་རྡོ་རྗེ། རྡོ་རྗེ་མཁའ་འགྲོ་ཕག་མོས་བསྡུས་པ་བཞིན་ནོ།།

བསྟན་པ་དེ་ཉིད་འཇིག་རྟེན་དུ་བྱུང་བའི་ཚུལ།

རིག་འཛིན་བརྡའི་བརྒྱུད་པ།

གསུམ་པ་བསྟན་པ་དེ་ཉིད་འཇིག་རྟེན་དུ་ཇི་ལྟར་འབྱུང་ཚུལ་ལ་གཉིས་ཏེ། རིག་འཛིན་བརྡའི་བརྒྱུད་པ་དང༌། གང་ཟག་སྙན་ཁུང་གི་བརྒྱུད་པའོ། །དང་པོ་ལའང་གཉིས་ཏེ། རིག་འཛིན་མི་མ་ཡིན་པ་དང༌། མི་དང་མི་མ་ཡིན་པ་གཉིས་ཀ་ལས་བྱུང་བའོ། །དང་པོ་ནི།

རྒྱལ་སྲས་སེམས་དཔའི་འཁོར་དེ་དག་གི་ནང་ནས་སྟོན་པ་ཉིད་ཀྱིས་སྤྲུལ་པ་རིགས་གསུམ་དུ་སྣང་བར་མཛད་པ་དེས་གདུལ་བྱ་ལྷ་ཀླུ་གནོད་སྦྱིན་གསུམ་ལ་བརྡའི་སྒོ་ནས་བཤད་ཅིང་བསྟན་པ་སྟེ། དེ་ཡང་འཇམ་དཔལ་རྡོ་རྗེ་རྣོན་པོ་གཞོན་ཚུལ་མཛེས་པའི་སྐུར་བསྟན་པས། ལྷའི་གནས་སུ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེས་ལྷ་ཚངས་པ་རིན་ཆེན་འོད་འབར་ལ། དེས་སྐྱེ་དགུའི་བདག་པོ་ཚངས་པ་ལ། དེས་ཚངས་པ་ཀུན་སྒྲོལ་ལ། དེས་ཚངས་པ་གཙུག་ཕུད་འཛིན་ལ། དེས་དབང་པོ་བརྒྱ་བྱིན་ལ། དེས་ལྷའི་རིག་པ་འཛིན་པ་ཚོམ་བུ་འབུམ་སྡེ་ལ་བཤད། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུར་བསྟན་པས། ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེས་ཀླུ་མོ་ཁ་འདུལ་མ་ལ། དེས་ཀླུ་མོ་འདུལ་ཚང་མ་ལ། དེས་ཀླུ་ཡིད་འོང་དགའ་བ་ལ། དེས་ཀླུ་འཇོག་པོ་ལ། དེས་ཀླུའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད། ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུར་བསྟན་པས། གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ། དེས་གནོད་སྦྱིན་གྲགས་ལྡན་མཆོག་སྐྱོང་ལ། དེས་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་གྱི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད་ཅིང༌། དེ་དག་རྣམས་ཀྱིས་སོ་སོའི་འཁོར་གྱི་ཚོགས་ལའང་བཤད་པས་ཚོམ་བུ་དང་བཅས་པས་རྡོ་རྗེ་འཆང་གི་ས་བརྙེས་པར་གྱུར་ཏོ། །རྫོགས་པ་ཆེན་པོའི་སྐོར་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་དེ་བ་བཟང་སྐྱོང་གི་བུ་ལྷག་སེམས་ཅན་ལ་རྨི་ལྟས་ཁྱད་པར་ཅན་བཞི་བྱུང་བ་དང་མཐུན་པར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་རིགས་ལྔའི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པ་ལ་བརྟེན་ནས། རྡོ་རྗེ་སེམས་དཔས་ལྷའི་བུ་ལྷག་སེམས་ཅན་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ཞིང་རྫོགས་པ་ཆེན་པོའི་མན་ངག་རྣམས་གནང་ནས་ལྷ་ཡུལ་དུ་དར་བར་གྱུར་ཏོ། །དེ་ཡང་ཡེ་ཤེས་ཞབས་ཀྱི་གྲོལ་ཐིག་ཏུ། དེ་ནས་བཟུང་སྟེ་དོན་མཆོག་འདི། །སྐལ་བར་ལྡན་པ་འགའ་ཞིག་ལ། །ཞལ་ནས་ཞལ་དང་སྙན་ནས་སྙན། །བརྒྱུད་དེ་ངེས་པའི་དོན་བསྟན་པའོ། །ཞེས་གསུངས་པ་ལྟར་རོ།།

གཉིས་པ་མི་དང་མི་མ་ཡིན་པ་གཉིས་ཀ་ལས་བྱུང་ཚུལ་ནི།

དགོངས་པ་ལུང་བསྟན་པའི་མདོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མི་གསུང༌། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པར་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན། སྟོན་པ་མཆོག་གི་སྤྲུལ་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། ལྷ་གྲགས་ལྡན་མཆོག་སྐྱོང༌། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང༌། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་སྟེ། དམ་པའི་རིགས་ཅན་དྲྭ་མ་ལྔ་པོས་འཇིག་རྟེན་ན་མགོན་པོ་ཡོངས་སུ་མྱ་ངན་ལས་འདས་པར་རང་རང་གི་མངོན་པར་ཤེས་པས་ཤེས་ནས་ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ཏེ་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་གྱི་བྱ་བས་འདུས་ཏེ། ཀྱེ་མ་ཧོ་ཀྱེ་མ་འཇིག་རྟེན་ཀློང༌། །སྟོན་པ་སྒྲོན་མེའི་འོད་ནུབ་ཚེ། །འཇིག་རྟེན་མུན་པ་གང་གིས་བསལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་ཅིང་རྨག་ཆད་པར་ངུས་སོ།།

བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ན་གསང་སྔགས་ཀྱི་སྒྲ་ཡོངས་སུ་གྲགས་པ་ཕྱིས་འབྱུང་བར་ལུང་བསྟན་པ་བཞིན་དུས་ལ་བབ་པ་དེའི་ཚེ་གསང་བའི་བདག་པོ་ལག་ན་རྡོ་རྗེ་སངས་རྒྱས་ཀྱིས་གསང་སྔགས་སྟོན་པར་དབང་བསྐུར་བརྙེས་པའི་ཕྱིར་དེར་མངོན་སུམ་དུ་སྣང་བར་མཛད་ནས། རིགས་ཅན་ལྔ་དང་གཞན་ཡང་རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེ་ལ་སྔོན་སྟོན་པས་འོག་མིན་ལ་སོགས་པར་གསང་སྔགས་ཀྱི་ཐེག་པ་བསྟན་པ་རྣམས་སླར་ཡང་བཟླས་ཏེ་སྟོན་པར་མཛད་ལ། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱའི་ཞུན་མས་ཡི་གེར་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་སྟེེ་སྦས་སོ། །རི་མ་ལ་ཡ་ཡོད་པའི་ལངྐའི་ཡུལ་དེ་ཛམྦུ་གླིང་གི་གླིང་གཡོག་རྔ་ཡབ་ཀྱི་ལངྐ་དེ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ཏེ་བློ་གྲོས་ཆེན་པོས་ཞུས་པ་ལས་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་ལངྐར་གཤེགས་པ་གསུངས་པའི་གནས་ཛམྦུའི་གླིང་གི་ཤར་ལྷོ་མཚམས་ཀྱི་རྒྱ་མཚོས་བཅད་པའི་གླིང་ཕྲན་ཞིག་ཡིན་ལ། གླིང་དེ་དང་གཞན་ཡང༌། ཟངས་གླིང་དང༌། ནས་གླིང་དང༌། དྷ་ན་ཤྲཱིའི་གླིང་དང༌། པ་ཡི་གུའི་གླིང་སོགས་གླིང་ཕྲན་དེ་དག་རྣམས་སུ་སྔ་ཕྱི་ཅི་རིགས་པར་བསྟན་པ་དར་བར་ཡོད་ཅིང༌། བྱེ་བྲག་ལངྐའི་ཡུལ་དེ་སྔོན་སྲིན་པོ་སྒྲ་སྒྲོགས་ཀྱིས་བཟུང་བའི་ཕྱིར་དེ་ལྟར་གྲགས་ལ། ཕྱིས་སྲིན་པོའི་ཡུལ་སྟོངས་ནས་དེད་དཔོན་སེང་གེས་བཟུང་བས་དེང་སང་སིངྒ་ལའི་གླིང་དུ་འབོད་པ་ཡིན་ཞིང༌། ཡུལ་དེར་སློབ་དཔོན་ཆེན་པོ་ཀ་ཧ་ན་པ་བྱོན་ནས་བི་ཤྭ་རཱུ་པཱི་ཞེས་པའི་སྲིན་མོ་ཆེན་མོ་འཁོར་ལྔ་བརྒྱའི་ཚོགས་དང་བཅས་པ་བཏུལ་བ་དང༌། སྔགས་ཀྱི་བསྟན་པ་སྤེལ་བ་སོགས་མཛད། ཕྱིས་སུ་ཐེག་ཆེན་གྱི་སློབ་དཔོན་ལངྐ་རྒྱལ་བ་བཟང་པོ་འཁྲུངས་ལ། སློབ་དཔོན་ཙནྡྲ་གོ་མི་ཡང་ཡུལ་དེར་བྱོན། ཤཱནྟི་པ་དང་པཎ་ཆེན་ནགས་ཀྱི་རིན་ཆེན་ཡང་བྱོན་ནས་སྔགས་ཀྱི་བསྟན་པ་སྤེལ་བ་སོགས་མཛད་ཅིང༌། སྔོན་མིའི་རྒྱལ་པོ་ར་མ་ཎས་མགྲིན་བཅུ་འཇོམས་པའི་དུས་ཛམྦུའི་གླིང་དང་དེ་གཉིས་ཀྱི་བར་རྒྱ་མཚོ་ཆེན་པོ་ལ་རྡོའི་ཟམ་པ་བཙུགས་ནས་ཕྱིན་པས་ད་ལྟ་རྒྱ་མཚོའི་ནང་དུ་རྡོའི་ཕུང་པོ་ཆེན་པོ་མངོན་སུམ་དུ་སྣང་ཞིང༌། སྐབས་འགར་རྡོའི་ཕུང་པོ་ལ་གཟིངས་ཐོགས་པས་བྱོལ་ནས་འགྲོ་དགོས་པ་དང༌། དེར་སྲིན་པོ་མགྲིན་བཅུ་བསད་པའི་ཁྲག་གིས་སྦགས་པ་ཡིན་ཟེར་བའི་རྡོ་དམར་པོ་ཁོ་ནས་ས་གཞི་ཁྱབ་པ་ལ་སྔ་དྲོ་ཙམ་འགྲོ་དགོས་པ་ཡོད་ཅིང༌། དེའི་དབུས་སུ་མ་ནཿཀུ་ཊ་སྟེ་ཡིད་བཟང་བརྩེགས་པ་ཞེས་པའི་རི་སུལ་གཅིག་ལ་དེ་ཡན་ཆད་བྲག་རིའི་ཕྲེང་བས་བསྐོར་བས་སྐྱེ་བོ་ཕལ་གྱིས་བགྲོད་པར་མི་ནུས་པ་ཞིག་ཡོད་ལ། དེར་སློབ་དཔོན་ཆེན་པོ་དཔོན་སློབ་ཀྱང་བྱོན་ནས་ལོ་དྲུག་བཞུགས་ཏེ་རྒྱ་གར་དུ་བྱོན་པ་ཡིན་ནོ། །དེར་ཡོད་པའི་རི་བོ་དེ་ཡང་ཐུན་མོང་དུ་མིང་དེ་ལྟར་གྲགས་ཀྱང་དོན་དུ་དྲག་ཤུལ་ཡོད་པའམ་མ་ལ་ཡའི་རི་ཡིན་ཞིང་མཚན་ཉིད་ཐམས་ཅད་ཀྱང་ཚང་བ་སྟེ། ཇི་སྐད་དུ། རྩེ་ལ་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུགས་པ། །སེང་གེ་གནམ་དུ་མཆོངས་འདྲས་བརྒྱན། །རྩི་སྨན་རྩ་བརྒྱད་རྩ་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོང་མི་ཚུགས། །སྤྱི་བོར་ཀ་ལནྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པ་ཡི། །མཛོད་ལྡན་དེ་ཡི་ཚང་བཅས་པ། །སྐལ་ལྡན་རྣམས་ཀྱིས་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །ཞེས་བཤད་པས་སོ། །གླིང་གཞན་ལས་བསྔགས་པར་འོས་པའི་ཡོན་ཏན་གཞན་གྱིས་ཀྱང་འཕགས་པར་ཡོད་དེ། རི་དེའི་རྩ་བ་དང་ཉེ་བའི་བྱང་ངོས་གུ་ཎ་ཝེར་ཞེས་པའི་མཆོད་རྟེན་ཆེན་པོ་སོགས་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་མང་པོ་དང༌། དེའི་ནུབ་ཕྱོགས་སུ་བུདྡྷ་ཤར་ཎ་ཞེས་དེ་བཞིན་གཤེགས་པ་ཞག་བདུན་དུ་མཉམ་པར་བཞག་པ་ལ་བཞུགས་པའི་ཤིང་སྡོང་དང༌། ཆུ་རྣམས་མུ་ཏིག ཁྱིམ་རྣམས་ནོར་བུ། ནགས་རྣམས་གླང་པོ། ཁྱིམ་རྣམས་བུད་མེད་པདྨ་ཅན་གྱིས་གང་བའི་ཡུལ་སིངྒ་ལ་ཞེས་ཆེད་དུ་བརྗོད་པར་གྲགས་པ་དང༌། བྱང་ཤར་དུ་ཀཎྜ་ལ་ཞེས་པའི་ནགས་འཐུག་པོ་ཞིག་ན་བྲག་ཕུག་འདུག་པ་དེར་ཤྲཱི་པཱ་དུ་ཀ་སྟེ་སངས་རྒྱས་ཀྱི་ཞབས་རྗེས་ཤིན་ཏུ་ཆེ་བ་ཞིག་ཡོད་ཅིང༌། དེར་ཞབས་རྗེས་ཀྱི་དུས་སྟོན་བྱེད་པ་ན་དགེ་སློང་སྟོང་ཕྲག་བཅུ་གཉིས་རེ་ཚོགས་པ་སོགས་སྔོན་ནས་ད་ལྟའི་བར་དུ་ཐེག་པ་ཆེ་ཆུང་གི་བསྟན་པ་ཤིན་ཏུ་དར་བ་ཡོད་ཅེས་ཐོས་སོ།།

གང་ཟག་སྙན་ཁུང་གི་བརྒྱུད་པ།

གཉིས་པ་གང་ཟག་སྙན་ཁུང་གི་བརྒྱུད་པ་ཇི་ལྟར་བྱོན་པ་ནི། བཀའ་བསྡུ་གསུམ་པའི་འོག་ཏུ་རྒྱལ་པོ་ཀ་ནིཥྐའི་བུའི་དུས་སུ་ཐེག་ཆེན་སྨྲ་བའི་སློབ་དཔོན་ལྔ་བརྒྱ་བྱོན་ཞིང་ཐམས་ཅད་ཀྱང་གསང་བའི་བདག་པོ་སོགས་ལས་ལུང་ལེན་ཞིང་རྫུ་འཕྲུལ་ཐོབ་པ་ཤ་སྟག་སྟེ། དེ་རྣམས་ནུབ་ཕྱོགས་ཀྱི་རྒྱལ་པོ་ལཀྵ་ཨ་ཤྭས་སྤྱན་དྲངས་ཏེ་ཨ་བྷུ་ཞེས་པའི་རིའི་རྩེ་མོར་གཙུག་ལག་ཁང་བྱས་ཏེ་བཞུགས་སུ་གསོལ། རང་གི་འཁོར་བློ་རྣོ་བ་ལྔ་བརྒྱ་ཡང་རབ་ཏུ་བྱུང་ནས་སློབ་དཔོན་ལྔ་བརྒྱ་པོ་དེ་དག་ལས་ཐེག་ཆེན་གྱི་ཆོས་མཉན་དུ་བཅུག དེར་རྒྱལ་པོས་སྡེ་སྣོད་རྣམས་ཡི་གེར་འབྲི་བར་བསམས་ཏེ་ཅི་ཙམ་ཞེས་དྲིས་པས། སྤྱིར་ཚད་གཟུང་བར་མི་ནུས་ཀྱི། འདིར་ཡོད་པ་ནི་འབུམ་ཕྲག་བརྒྱའོ། །རྒྱལ་པོས་མང་མོད་ཀྱི་བྲི་བར་བྱའོ། །ཞེས་ཐམས་ཅད་ཡི་གེར་བྲིས་ཏེ་དེ་རྣམས་ཉིད་ལ་ཕུལ་ལོ། །འདི་སྐབས་ནས་བརྩམས་ཐེག་པ་ཆེན་པོ་ཤིན་ཏུ་དར་བར་གྱུར་ལ། བྱ་སྤྱོད་ཀྱི་རྒྱུད་རྣམས་ཀྱང་གསང་ནས་ཉམས་སུ་ལེན་པ་ཆེས་མང་བར་བྱུང་ཞིང༌། སློབ་དཔོན་དེ་རྣམས་ཀྱིས་ཡུལ་སོ་སོ་ནས་སྔགས་རྒྱུད་རྣམ་གྲངས་དུ་མ་བླངས་ཤིང་སྤེལ་བར་མཛད། བླ་མེད་ཀྱི་རྒྱུད་སྡེ་ནི་ཕྱིས་ཀྱི་བར་དུ་སྐལ་པ་མཆོག་དང་ལྡན་པ་རེ་གཉིས་ལ་ཐོད་རྒལ་དུ་ལྷག་པའི་ལྷ་སོགས་ཀྱིས་བསྟན་ཅིང་རང་ཉིད་གཅིག་པུས་ཉམས་སུ་བླངས་པས་དངོས་གྲུབ་ཐོབ་པ་ལས། རྗེས་སུ་གདམས་པ་བཞག་པ་དང་བརྒྱུད་པ་རིམ་ཅན་དུ་འདོམས་པ་སོགས་ཅུང་ཟད་ཀྱང་མེད་པས་མངོན་མཚན་དུ་དར་བ་ལྟ་ཅི། མཚན་ཙམ་ཡང་ཐམས་ཅད་ཀྱིས་མི་ཤེས་སོ། །གང་གི་ཚེ་གསང་བའི་བདག་པོས་རི་མ་ལ་ཡར་རིགས་ཅན་ལྔ་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བ་དེའི་ཚེ་ས་ཧོ་རའི་རྒྱལ་པོ་ཛ་གསང་སྔགས་ཕྱི་རྒྱུད་ཀྱི་སྒྲུབ་པར་བཞུགས་པ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་ཏེ། དེ་ཡང༌། སྐུ་གསུང་ཐུགས་རྟགས་ཐིམ་པ་དང༌། །རིན་ཆེན་གླེགས་བམ་བབ་པ་དང༌། །ཆོས་ཀྱི་བགྲོ་བ་བྱེད་པ་དང༌། །ཀུན་གྱིས་དམ་པར་བསྒྲགས་པ་དང༌། །མཆོད་པ་ཆེན་པོ་བྱས་པ་དང༌། །རིན་ཆེན་ཆར་དུ་འབབ་པ་དང༌། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་སོ།།

༈ དེ་ལ་རྒྱལ་པོ་ཛ་ནི་སྟོན་པས་མདོ་རྒྱུད་ཐམས་ཅད་ནས་ལུང་བསྟན་པ་སྟེ། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་གྲངས་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བས། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་དང༌། དེ་དང་མཚུངས་པར་སྤྱི་མདོ་དགོངས་འདུས་ལས་ཀྱང་འབྱུང་ངོ༌། །དེ་ཡང་རྒྱལ་པོ་ཛ་ཞེས་པ་འགའ་ཞིག་གིས་སྟོན་པ་དངོས་ཀྱི་དབང་བསྐུར་ཐོབ་པའི་ཨིནྡྲ་བྷུ་ཏི་ཆེན་པོ་ལ་བྱེད་པ་དང༌། ཁ་ཅིག་གིས་དེ་ཉིད་ཀྱི་སྲས་ཡིན་པར་ཡང་བྱེད། འགའ་ཞིག་གིས་ཨིནྡྲ་བྷུ་ཏི་བར་པ་ལ་འདོད་པ་སོགས་མི་འདྲ་བར་བྱུང་བ་འཕགས་ཆེན་གྱི་རྣམ་འཕྲུལ་སོ་སྐྱེས་བསམ་པར་མི་ནུས་པས་དེ་ལྟར་ཡིན་དུའང་རུང་མོད། འོན་ཀྱང་དུས་དང་བསྟུན་ན་སློབ་དཔོན་ཀུ་ཀུ་རཱ་ཛ་དང་དུས་མཚུངས་སུ་བཤད་པས་དེ་ལྟར་ན་ཨིནྡྲ་བྷུ་ཏི་བར་པ་ལ་བྱེད་དགོས་པ་འདྲ་ཞིང༌། གྲུབ་ཐོབ་ཆེན་པོ་ལྭ་བ་པའི་ཞབས་དང་རྒྱལ་པོ་འདི་གཉིས་གཅིག་གམ་ཐ་དད་གང་ལྟར་དུས་གཅིག་ཅིང༌། རིག་པའི་རྡོ་རྗེ་དང༌། མཚོ་སྐྱེས་དང༌། ཛ་ལན་དྷ་རི་པ་རྣམས་དང་ཡང་འོལ་སྤྱི་ཙམ་དུ་དུས་མཚུངས་སོ། །གང་ལྟར་རྒྱལ་པོ་དེ་ཉིད་རྒྱུད་སྡེ་འོག་མའི་རྣལ་འབྱོར་སྒོམ་ཞིང་བཞུགས་པའི་ཚེ་སྔར་གྱི་རྨི་ལྟས་དང་མཐུན་པར་དངོས་སུ་རྒྱལ་པོའི་ཁང་པར་སངས་རྒྱས་མཉམ་སྦྱོར་ལ་སོགས་པ་གསང་སྔགས་ཀྱི་སྡེ་སྣོད་ཆེན་པོ་རྣམས་ཀྱི་གླེགས་བམ་དང༌། གསང་བའི་བདག་པོའི་སྐུ་ཁྲུ་གང་བ་ཞིག་བབས་པར་གྱུར་ཏོ། །དེ་ནས་གསོལ་བ་བཏབ་པས་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་ན་རྡོ་རྗེའི་སྐུ་ལ་བརྟེན་ནས་ཟླ་བ་བདུན་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་ཀྱིས་དབང་བསྐུར་བ་ཐོབ་པས་གླེགས་བམ་གྱི་བརྡ་དང་དོན་མ་ལུས་པ་མཁྱེན་པར་གྱུར་ཏོ། །དེ་དང་དུས་མཉམ་པར་ཨ་ནུ་ཡོ་གའི་སྡེ་སྣོད་རྣམས་ཀྱང་སིངྒ་ལའི་གླིང་དུ་བབས་པར་གྱུར་ཏེ། ཀུན་བཟང་ཡེ་ཤེས་གསལ་བར་སྟོན་པའི་ཐབས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ཀྱི་ལེའུ་ལྔ་པར། མ་ཧཱ་ཡོ་གའི་རྒྱུད་རྣམས་ནི་རྒྱལ་པོ་ཛའི་ཁང་སྟེང་དུ་འབབ་པར་འགྱུར་ལ། ཨ་ནུ་ཡོ་གའི་རྒྱུད་རྣམས་ནི་སིངྒ་ལའི་ནགས་ཚལ་དུ་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་པས་སོ།།

དེ་ནས་རྒྱལ་པོས་གླེགས་བམ་རྣམས་ཟ་ཧོར་གྱི་ཡུལ་ཙམ་ན་མཁྱེན་པ་ཆེ་བར་གྲགས་པ་སློབ་དཔོན་ཨུ་པ་རཱ་ཛ་ལ་བསྟན་པས་བརྡ་དང་དོན་མ་འཇལ། དེ་ནས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བསྟན་པས། དེས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ཏེ་བསྒྲུབས་པས་རྡོ་རྗེ་སེམས་དཔས་ཞལ་བསྟན་ནས་ད་སྟེ་རྒྱུད་ཀྱི་དོན་རྣམས་གསང་བདག་གིས་སྟོན་པར་འགྱུར་རོ། །ཞེས་ལུང་བསྟན། ད་དུང་བསྒྲུབས་པས་གསང་བདག་དངོས་སུ་བྱོན་ནས་དོན་གྱི་བསྟན་པ་དང་ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར་ནས་ཚིག་གི་བསྟན་པ་ལི་ཙ་བཱི་དྲི་མ་མེད་པ་ལ་ཞུས་ཤིག་ཅེས་ལུང་བྱིན་པ་ལྟར། སློབ་དཔོན་གྱིས་གསང་བདག་གི་བཀའ་ལྟར་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དུ་ཕྱེས་ནས་རྒྱལ་པོ་ཛ་ལ་བསྟན་པར་བཤད་ཅིང༌། ཉིད་ཀྱིས་མཛད་པའི་སྒྱུ་འཕྲུལ་ལམ་རྣམ་བཀོད་ལས། ཤར་ཕྱོགས་ཨིནྡྲའི་ལུང་པ་ན། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྡྲ་བྷུ་ཏི་ངས། །གསང་བའི་བདག་པོས་མངོན་བསྟན་པའི། །སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང༌། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང༌། །དགེ་བར་བསྐུར་ནས་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །ཞེས་པས། རྒྱལ་པོ་ཉིད་ཀྱིས་རྟོགས་ཀྱང་གཟུ་ལུམ་ཅན་རྣམས་རང་དགར་འཇུག་པ་དགག་པའི་ཕྱིར་ཀུ་ཀུ་རཱ་ཛ་ལ་བརྟེན་ནས་རྟོགས་པའི་ཚུལ་བསྟན་པར་མཛད་པའོ།།

༈ དེའང་སློབ་དཔོན་ཀུ་ཀུ་རཱ་ཛ་ཁྱིའི་རྒྱལ་པོ་ཞེས་པར་གྲགས་ཤིང་ལོ་རྒྱུས་འགའ་ཞིག་ཏུ་ཀུ་ཏ་རཱ་ཛ་ཞེས་ཀྱང་འབྱུང་སྟེ། ཉིན་མོ་ཁྱིའི་རྣམ་པ་ཅན་གྱིས་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་རེ་ལ་ཆོས་སྟོན་ཅིང༌། མཚན་མོ་དེ་དག་དང་ལྷན་ཅིག་ཏུ་དུར་ཁྲོད་ཀྱི་གནས་རྣམས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ལ་གནས། དེ་ལྟར་ལོ་བཅུ་གཉིས་སུ་སྤྱད་པས་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན་ལ། ཡང་ཁ་ཅིག་གིས་སློབ་དཔོན་འདིས་སྤྱོད་པ་ལ་གནས་པའི་ཚེ་ཨོ་རྒྱན་དུ་བྱོན་ནས་སླར་ཡང་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་ནང་ནས་སངས་རྒྱས་མཉམ་སྦྱོར་ལ་སོགས་པའི་ནང་རྒྱུད་སྡེ་ལྔ་རྒྱ་ཆེར་བཤད་ཅིང་མཐར་གྱིས་ཟླ་གསང་ཐིག་ལེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ནོ་ཞེས་ཀྱང་ཟེར། སློབ་དཔོན་འདིས་མཉམ་སྦྱོར་ལ་རྩལ་དུ་བཏོན་ཅིང༌། གསང་དོན་རྣམ་པར་དགོད་པ་དྲུག་དང༌། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་སོགས་བསྟན་བཅོས་དུ་མ་མཛད་དོ།།

དེ་ལ་སྔ་འགྱུར་རང་སྐད་ནང་རྒྱུད་སྡེ་གསུམ་དུ་གྲགས་ཏེ། བསྐྱེད་པ་མ་ཧཱ་ཡོ་ག རྫོགས་པ་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་གྱི། དང་པོ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཡོད་པ་ལས། སྔ་མ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ནི།

སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ཆེན་པོ་ལྔ་དང༌། སྒྲུབ་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང༌། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང༌། མ་ཚང་བ་ཁ་སྐོང་བ་ཕྱི་མའི་རྒྱུད་གཉིས་དང༌། ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་གཅིག་དང་བཅོ་བརྒྱད་དོ། །དེ་ཐམས་ཅད་རྒྱལ་པོས་ཀུ་ཀུ་རཱ་ཛ་ལ་བཤད། དེས་སྲས་ཤ་ཀྲ་པུ་ཏྲིའམ་ཨིནྡྲ་བྷུ་ཏི་ཆུང་བ་ལ། དེས་སེང་ཧ་རཱ་ཛ་ལ། དེས་ཤ་ཀྲ་བུ་ཏིའམ་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་དེ་བཱི་ལ་བཤད་ཅིང༌། སོ་སོའི་ཚོམ་བུ་དང་བཅས་པ་ཚོགས་སྒྲུབ་ཀྱི་ལམ་གྱིས་རྡོ་རྗེ་འཆང་གི་ས་ལ་གཤེགས་སོ། །དེ་ལྟར་ཡང་ལམ་རིམ་ལས། དེ་ནས་རྡོ་རྗེ་གདན་སྟེང་གི །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་དམ་པ་རིན་ཆེན་ནང༌། །བཀྲ་ཤིས་དམ་པའི་ཁང་བུ་རུ། །ཀུ་ཀུ་རཱ་ཛནྡྲ་བྷུ་ཏི། །སེངྷ་ཨུ་པ་རཱ་ཛ་དང༌། །སྲས་མོ་གོ་མ་དེ་བཱི་སོགས། །སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་སོ། །རྒྱལ་པོ་འདིས་སྒྱུ་འཕྲུལ་ལམ་རྣམ་བཀོད་དང༌། རིམ་པ་གཉིས་པ་ལ་སོགས་པ་མཛད། གཞན་ཡང་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་དང༌། ཡེ་ཤེས་གྲུབ་པ། ལྷན་ཅིག་སྐྱེས་གྲུབ་སོགས་མཆོག་ཏུ་གསང་བའི་དོན་སློང་ངེས་པ་མང་པོ་མཛད། འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ལ་ཁྱབ་གདལ་དུ་གྱུར་པའི་རྒྱུད་དང་གདམས་ངག་ཅི་རིགས་པ་ཐམས་ཅད་ལས་ཕལ་ཆེར་རྒྱལ་པོའི་རིགས་ཀྱི་སློབ་དཔོན་འདི་ཉིད་ལས་བྱུང་བ་ཤས་ཆེ་ཞིང༌། བདེ་བ་ཆེན་པོ་དང་འོད་གསལ་གྱི་གདམས་པའི་བཀའ་རྣམས་རྒྱལ་པོ་འདིས་གྲུབ་ཐོབ་བྱིས་པའི་ཞབས་སམ་ཛ་ལན་དྷ་རི་པ་ལ་གནང༌། དེས་ནག་པོ་སྤྱོད་པ་སློབ་མའི་ཚོགས་དང་བཅས་པ་ལ་བརྒྱུད། ཏཻ་ལོ་པ་དང་ནཱ་རོ་པ་སློབ་ཚོགས་བཅས་པ་ཐམས་ཅད་ཀྱང་བརྒྱུད་སྲོལ་འདི་ཉིད་ལས་བྱུང་བ་ཡིན། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་བཀའ་བབ་སའི་ཁུངས་ཀྱང་དེ་ཉིད་དོ། །སྲས་མོ་གོ་མ་དེ་བཱིས་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ། དེས་སློབ་དཔོན་སྒེག་པ་རྡོ་རྗེ་དང༌། སངས་རྒྱས་གསང་བ་གཉིས་ལ་བཤད་དེ།

༈ དེ་ལ་སློབ་དཔོན་སྒེག་པ་རྡོ་རྗེ་ནི་ཡུལ་ཥཾ་ཥ་ར་རུ་འཁྲུངས། ཨོ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་ལ་སྦྱངས། ཁྱད་པར་ཐོགས་མེད་ལུགས་ཀྱི་གྲུབ་མཐའ་ལ་མཁས་ཤིང་ཐུན་མོང་གི་རིག་པའི་གནས་ཐམས་ཅད་ཀྱང་མཁྱེན། ཨོ་རྒྱན་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པ་མཛད་པས། གྲུབ་པར་ཉེ་བ་ན་འཇམ་དཔལ་གྱི་བྲིས་སྐུའི་ཞལ་ལས་འོད་ཟེར་བྱུང་སྟེ་གླིང་དེ་ཡུན་རིང་དུ་སྣང་བར་བྱས་པས་ཉི་མ་དང་འདྲ་བ་ཞེས་བྱ་བར་མཚན་གསོལ། དུས་གཞན་ཞིག་ཏུ་ལྟ་བ་ལོག་པའི་སྒྲུབ་པ་པོ་ཞིག་ལ་ནང་པའི་པཎྜི་ཏའི་དབང་པོ་ལྔ་བསྒྲུབ་རྫས་ལ་དགོས་པ་བྱུང་ནས་སློབ་དཔོན་བཀྲོང་དུ་འོངས་པ་ན། གླང་པོ་ཆེ་དང༌། རྟ་དང༌། ཁྱེའུ་དང༌། བུ་མོ་དང༌། མ་ཧེ་དང༌། རྨ་བྱ་སོགས་སྣ་ཚོགས་པའི་གཟུགས་སུ་སྣང་བར་མཛད་པས། སློབ་དཔོན་གང་ཡིན་མ་ཤེས་པར་ཕྱིར་ལོག་པས་སྣ་ཚོགས་གཟུགས་ཅན་ཞེས་མཚན་དུ་གྲགས་ཤིང༌། སྐུ་ཚེའི་སྨད་ལ་ཨོ་རྒྱན་གྱི་ཡུལ་དུ་འགྲོ་བའི་དོན་རྒྱ་ཆེར་མཛད། སློབ་དཔོན་འདི་སྤྱིར་རྒྱུད་སྡེ་ཐམས་ཅད་དང་ཁྱད་པར་སྒྱུ་འཕྲུལ་དྲྭ་བ་ལ་མཁས་ཤིང་གྲུབ་པ་བརྙེས། ན་ལེནྡྲར་ཡང་ལོ་བཅུར་བཞུགས་ཤིང་སྔགས་ཀྱི་བསྟན་པ་བསྐྱངས། མཚན་ཡང་དག་པར་བརྗོད་པ་བླ་མེད་རྒྱུད་དུ་བཀྲལ་བའི་ཊཱི་ཀ་དང༌། དགྱེས་པ་རྡོ་རྗེའི་རྫོགས་རིམ་ཐིག་ལེ་ཆེན་པོའི་རིམ་པ། འདུས་པ་ལ་རྒྱུད་ཀྱི་བཤད་པ་བླ་མའི་མན་ངག་གིས་བཤད་པ། ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱུད་གཞན་དང༌། གསང་བ་སྙིང་པོའི་འགྲེལ་པ་སྤར་ཁབ། ཐུགས་ཐིག རིམ་པ་དྲུག་པ། དམ་ཚིག་གསལ་བཀྲ། ཕྲ་རྒྱས་སོགས་སྒྱུ་འཕྲུལ་ཕྱོགས་ལའང་བསྟན་བཅོས་མང་དུ་མཛད་ཅིང་རྒྱ་ཆེར་བཤད། མཐར་གྱིས་རྡོ་རྗེའི་སྐུ་བརྙེས་པ་ཡིན་ནོ། །འདི་རབ་ཏུ་བྱུང་བའི་མཚན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་ཞེས་དང༌། གསང་མཚན་སྒེག་པའི་རྡོ་རྗེ། བསྟན་བཅོས་རྣམས་སུ་སྒེག་པའི་རྡོ་རྗེ། ཉི་མ་དང་འདྲ་བ། སྣ་ཚོགས་གཟུགས་ཅན་ཞེས་འབྱུང་ངོ༌། །འདི་ལ་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་ཀྱང༌། སྒྱུ་འཕྲུལ་དྲྭ་བ་དང༌། མཉམ་སྦྱོར། གསང་བ་འདུས་པ། ཟླ་གསང་ཐིག་ལེ་སྟེ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གཙོ་བོ་ནང་རྒྱུད་སྡེ་ལྔར་གྲགས་པ་རྣམས་གསན་ཅིང་བསྒོམས་པས་ཡེ་ཤེས་ལ་དབང་ཐོབ་པ་ཡིན་ཏེ། ཞལ་གྱི་ལུང་ལས། དེ་ནས་ཡོན་ཏན་ཀུན་འབྱུང་ཨོ་རྒྱན་ཡུལ་དུ་བགྲོད། །འཇོ་སྒེག་རྡོ་རྗེ་ཞེས་བྱར་མཚན་གསོལ་རབ་ཏུ་གྲགས། །དེ་ལས་མང་ཐོས་རྣམ་པར་དཔྱད་ཅིང་དེ་ཉིད་དུ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སྒེག་པའི་ཞབས་ཀྱིས་ཨོ་རྒྱན་དུ་སྔགས་ཀྱི་བསྟན་པ་སྐྱོང་བའི་ཚེ་གདོལ་པའི་བུ་ཞིག་གིས་ཨཱརྱ་དེ་བ་མཇལ། བྱིན་གྱིས་བརླབས་པས་ཆོས་རྡོལ་ཤེས་སུ་བྱུང༌། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔགས་གཞུང་རྣམས་ཅི་རིགས་པར་བཤད། མ་ཏངྒི་པ་དང་ཀོངྐ་ན་རུ་སྲུང་བའི་ཞབས་ཀྱིས་ཀྱང་ཟླ་གྲགས་ལས་དངོས་སུ་མཉན་ནས། སྒྲོན་གསལ་གྱི་གླེགས་བམ་ཐོག་མར་རྙེད་ཅིང་དེ་བཞིན་དུ་པཎྜི་ཏ་སྒྲ་གཅན་འཛིན་གྱིས་ཀྱང་ཀླུ་བྱང་མཇལ་ཟེར་ཏེ་འདུས་པ་འཕགས་སྐོར་ཐོག་མར་བྱུང་བའི་སྐབས་ཡིན།

༈ སློབ་དཔོན་སངས་རྒྱས་གསང་བ་ནི་ཡུལ་དབུས་སུ་འཁྲུངས་ཤིང་ནལེནྡྲར་རབ་ཏུ་བྱུང༌། འདི་དང་སློབ་དཔོན་སངས་རྒྱས་ཞི་བ་གཉིས་ཀ་ཡེ་ཤེས་ཞབས་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་ཡིན། ཝ་ར་ཎཱ་སིའི་གནས་ཤིག་ཏུ་འཕགས་པ་འཇམ་དཔལ་བསྒྲུབས་པས། ནམ་ཞིག་ན་བྲིས་སྐུ་བཞད་ཅིང༌། དངོས་གྲུབ་ཀྱི་རྫས་བ་དམར་མོའི་མར་ཁུ་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཀྱང་ཁ་འབུས་པས་དངོས་གྲུབ་ཀྱི་ལྟས་སུ་མཁྱེན་ཀྱང༌། ཐོག་མར་མེ་ཏོག་འབུལ་ལམ་མར་ཁུ་གསོལ་སྙམ་པའི་ཐེ་ཚོམ་གྱི་ངང་དུ་ཅུང་ཟད་ལུས་པས། གནོད་སྦྱིན་མོ་ཞིག་གིས་གེགས་བྱས་ཏེ་སློབ་དཔོན་གྱི་འགྲམ་པར་ཐལ་ལྕགས་བསྣུན་པས་ཅུང་ཟད་བརྒྱལ། དེ་སངས་ཙ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིང༌། མར་ཁུ་ཡང་བོ་བ་གཟིགས། འོན་ཀྱང་རྡུལ་ཕྱིས། མེ་ཏོག་དབུ་ལ་ཕུལ། མར་ཁུ་གང་ཡོད་གསོལ་པས་སྐུ་ལུས་ནད་ཐམས་ཅད་དང་བྲལ་ཏེ་སྟོབས་དང་ལྡན་པ་དང་བློ་རྣོ་ཞིང་མངོན་པར་ཤེས་པ་ལ་དབང་སྒྱུར་བ་བྱུང༌། དེ་སྐབས་ཤེད་ཨོ་རྒྱན་དུ་བྱོན་ནས་སློབ་དཔོན་སྒེག་པའི་རྡོ་རྗེ་དང་མཇལ། རྣལ་འབྱོར་རྒྱུད་དང་བླ་མེད་ནང་རྒྱུད་སྡེ་ལྔ་གསན་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཁས། དུས་གཞན་ཞིག་ཏུ་སངས་རྒྱས་ཞི་བ་དང་མཉམ་དུ་རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་མཇལ་བར་བྱོན་པས། རིའི་རྩ་བར་འཕགས་མ་སྒྲོལ་མས་ཀླུའི་ཚོགས་ལ་ཆོས་སྟོན་པ་དང༌། སྐེད་པར་ཁྲོ་གཉེར་ཅན་མས་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་དང༌། རྩེ་མོར་འཕགས་པ་མངོན་སུམ་དུ་བཞུགས་པ་ཡང་རང་རང་གི་སྣང་བ་དང་མཐུན་པར་མཇལ། དེར་སངས་རྒྱས་གསང་བས་ཞབས་ས་ལ་མི་རེག་པ་སོགས་དངོས་གྲུབ་ཀྱང་བརྙེས། འཕགས་མ་སྒྲོལ་མས་རི་ཁ་བ་ཅན་གྱི་གངས་ཏི་སེར་སོང་ལ་སྒྲུབ་པ་གྱིས་ཞེས་ལུང་བསྟན། ཚུར་སླེབས་ནས་ཝ་ར་ཎཱ་སི་ལ་སོགས་པར་ལོ་མང་པོའི་བར་དུ་ཆོས་བཤད། སླར་ཡང་འཕགས་པ་འཇམ་དཔལ་གྱིས་སྔར་སྒྲོལ་མས་ལུང་བསྟན་པ་ལྟར་བསྐུལ་བས། རི་ཏི་སེར་བྱོན་ནས་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལན་གྲངས་དུ་མར་གཟིགས་ཤིང་འཇམ་དཔལ་དབྱངས་དང་མི་དང་མི་ལབ་པ་བཞིན་དུ་གྱུར། མི་མ་ཡིན་པ་རྣམས་ཀྱང་བྲན་དུ་ཁོལ། སློབ་དཔོན་འདིས་གསང་བ་སྙིང་པོ་ལ་འགྲེལ་པ་རྣམ་དབྱེ་འགྲེལ་དང༌། རྡོ་རྗེ་ལས་རིམ། དཀྱིལ་འཁོར་ཆོས་དོན། དམ་པ་རྒྱན། དྲྭ་ཆེན་དྲྭ་ཆུང༌། ལམ་རིམ་ཆེ་ཆུང་གཉིས། ཞི་བ་དང་ཁྲོ་བོའི་མངོན་པར་རྟོགས་པའི་རིམ་པ། རྣལ་འབྱོར་རྒྱུད་ལའང་རྡོ་རྗེ་དབྱིངས་ཀྱི་སྒྲུབ་ཐབས་ཡོ་ག་ལ་འཇུག་པ། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ། བསམ་གཏན་ཕྱི་མའི་རྒྱས་འགྲེལ་སོགས་ཤིན་ཏུ་མང་བར་མཛད་ཅིང༌། བོད་ལའང་བཀའ་དྲིན་ཆེ་བའི་ཚུལ་འོག་ཏུ་འཆད་པར་འགྱུར་ལ། མཐར་སྐུ་ལུས་མི་སྣང་བར་གྱུར་ཏོ།།

ཡང་རྒྱལ་པོ་ཀུ་ཀུ་རཱ་ཛས་རོ་ལངས་དེ་བའི་དངོས་གྲུབ་དང༌། དྲང་སྲོང་བྷཱ་ཥི་ཏ་གཉིས་ལ་བཤད། སྔ་མས་བཛྲ་ཧ་སྱ་ལ་བཤད། སློབ་དཔོན་འདིས་གསང་བ་འདུས་པ་ལའང་འགྲེལ་པ་དགོངས་པ་ཐམས་ཅད་ཉེ་བར་ལེན་པ་དང༌། བདེ་བ་ཆེན་པོའི་སྒྲུབ་ཐབས་སོགས་མཛད་ནས་རྩལ་དུ་བཏོན་ཅིང་བཤད་པས། འཕགས་ཡུལ་དུ་འདུས་པ་ལ་བཀའ་སྲོལ་མི་འདྲ་བ་ལུགས་ཉི་ཤུ་རྩ་བཞི་ཡོད་པར་འདོད་པ་ལས། བོད་དུ་དྲུག་བྱུང་བའི་བཞི་པ་འདུས་པ་རྡོ་རྗེ་བཞད་པའི་སྐོར་གྱི་སྲོལ་ཀ་བྱུང་ས་དེ་ཡིན། འདིས་ན་ལེནྡྲའི་ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ་ལ་འཁོར་ལོ་སྡོམ་པའི་དབང་བསྐུར་བ་མཛད་ཅིང་རྒྱུད་ཀྱང་བཤད། གདམས་པ་དང་རྗེས་སུ་གདམས་པ་རྣམས་ཀྱང་བསྩལ། མན་ངག་བསྒོམས་པས་ངག་གི་དབང་ཕྱུག་གྲུབ་པ་ཐོབ་ཅིང་སྐུ་ལུས་དེ་ཉིད་ཀྱིས་ཟུང་འཇུག་གི་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དུ་གྱུར་ཏོ། །སློབ་དཔོན་དེ་དང་དྲང་སྲོང་བྷཱ་ཥི་ཏ་གཉིས་ཀས་ཟ་ཧོར་རྒྱལ་པོ་པྲ་བྷ་ཧསྟི་ལ་བཤད།

༈ འདི་ནི་ནུབ་ཕྱོགས་ན་རྒྱལ་རིགས་སུ་སྐུ་འཁྲུངས། ཙི་ཏ་བ་རིའི་ཡུལ་གྱི་སློབ་དཔོན་ཞི་བ་འོད་དང༌། མ་རུའི་ཡུལ་གྱི་འདུལ་འཛིན་ཆེན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ཞིང་མཚན་ཤཱཀྱ་འོད་དུ་གྲགས། སྡེ་སྣོད་གསུམ་ཀ་ལ་མཁས་པར་སྦྱངས་ཤིང་སློབ་དཔོན་རྡོ་རྗེ་བཞད་པ་སོགས་སྔགས་ཀྱི་རྡོ་རྗེ་འཛིན་པའང་ཆེས་མང་བར་བསྟེན་ནས་རྒྱུད་སྡེ་ཐམས་ཅད་ཐུགས་སུ་ཆུད་ཅིང་མཆོག་གི་དངོས་གྲུབ་བརྙེས་པར་གྲགས། སྔགས་སུ་ཞུགས་པའི་མཚན་པྲ་བྷ་ཧསྟི་ཞེས་འབྱུང༌། སློབ་དཔོན་འདིའི་སློབ་མ་ཤཱཀྱ་བཤེས་གཉེན་གྱིས་རྣལ་འབྱོར་རྒྱུད་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ་བརྩམས། འདི་གཉིས་ཀས་ཁ་ཆེར་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དེ། སྔ་མ་ལས་སློབ་དཔོན་སངས་རྒྱས་གསང་བ་དང༌། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་གཉིས་ཀྱིས་གསན་ཅིང༌། སློབ་དཔོན་པདྨས་རྒྱལ་པོ་ཛ་ཉིད་ལའང་གསན་ནོ།།

༈ དེ་ཡང་སློབ་དཔོན་ཆེན་པོ་འདི་ནི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །ཆེ་བ་སངས་རྒྱས་རིགས་སྔགས་འཆང༌། །ཞེས་ལུང་གིས་བསྟན་པ་ཡིན་ལ། དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་སངས་རྒྱས་འོད་དཔག་ཏུ་མེད་པའི་སྤྲུལ་པའི་སྐུ་སྟེ། དེའང་གདུལ་བྱའི་སྐལ་བ་དང་དབང་པོའི་ཁྱད་པར་གྱིས་མཐོང་ཚུལ་ཐ་དད་པར་སྣང་བ་ཡང༌། ཕུར་པ་བཀའ་མའི་ལོ་རྒྱུས་དང་འཕགས་ཡུལ་ཁ་ཅིག་ཏུ་ཨོ་རྒྱན་གྱི་རྒྱལ་པོའམ་བློན་པོ་ཞིག་གི་སྲས་སུ་འཁྲུངས་པར་བཤད་ཅིང༌། ཁ་ཅིག་ཏུ་མ་ལ་ཡ་གནམ་ལྕགས་ཡོད་པའི་རི་རྩེར་ཐོག་བབས་སུ་བྱོན་པར་བཤད་ལ། འདིར་གཏེར་མའི་ཕྱོགས་སོགས་ཡོངས་གྲགས་སུ་བརྫུས་སྐྱེས་ཀྱི་རྣམ་ཐར་ཁོ་ན་འབྱུང་བ་ལྟར་ན། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་ཤར་དང་ལྷོ་དང་བྱང་གསུམ་དུ་རྒྱ་མཚོ་ཆེན་པོ་རེ་ཡོད་པ་ལས་ལྷོ་དང་ནུབ་ཏུ་ཉེ་བ་སྲིན་ཡུལ་དང་ཐག་ཉེ་བའི་རྒྱ་མཚོའི་གླིང་དུ། སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བའི་པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་པའི་སྦུབས་སུ་བདེ་ལྡན་ཞིང་གི་མགོན་པོའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཧྲཱིཿས་མཚན་པ་ཞིག་སྤྲོས་པ་ལས་ཁྱེའུ་ཆུང་ལོ་བརྒྱད་པའི་ན་ཚོད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རྡོ་རྗེ་དང་པདྨ་འཛིན་པ་ཞིག་ཏུ་སྤྲུལ་ཏེ་བཞུགས་ཤིང་ལྷ་དང་མཚོ་གླིང་གི་མཁའ་འགྲོ་མ་རྣམས་ལ་ཟབ་མོའི་ཆོས་སྟོན་པར་མཛད། དེའི་ཚེ་ཡུལ་དེའི་རྒྱལ་པོ་ཨིནྡྲ་བོ་དྷི་ལ་སྲས་མེད་པས་དཀོན་མཆོག་མཆོད་ཅིང་དཀོར་མཛོད་སྦྱིན་པ་བཏང་བས་ཟད་དེ་རྒྱ་མཚོའི་གླིང་ནས་ཡིད་བཞིན་གྱི་ནོར་བུ་བླངས། ཚུར་བྱོན་པའི་ལམ་ཁར་ཆོས་བློན་ཀྲ໏ཥྞ་ན་འཛིན་གྱིས་ཐོག་མར་མཇལ།

དེ་ནས་རྒྱལ་པོས་མཇལ་ཏེ་སྲས་ཀྱི་སྐལ་བར་བྱས་ཤིང་ཕོ་བྲང་དུ་སྤྱན་དྲངས། པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། ནོར་བུའི་མཐུ་ལས་བྱུང་བའི་རིན་པོ་ཆེའི་ཁྲི་སྟེང་ལ་བཞུགས་སུ་གསོལ། ཟས་གོས་རིན་པོ་ཆེའི་ཆར་གྱིས་སྐྱེ་བོ་ཐམས་ཅད་ཚིམ་པར་བྱས། གཞོན་ནུའི་རོལ་རྩེད་ཀྱིས་གདུལ་བྱ་མཐའ་ཡས་པ་སྨིན་པར་མཛད། མཁའ་འགྲོ་འོད་འཆང་མ་ཁབ་ཏུ་བཞེས་ཏེ་ཨོ་རྒྱན་གྱི་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་རྒྱལ་པོ་ཐོར་ཅོག་ཅན་དུ་གྲགས། དེའི་ཚེ་རྒྱལ་སྲིད་བཟུང་བས་གཞན་དོན་རླབས་ཆེན་མི་འགྲུབ་པར་དགོངས་ནས་ཡབ་ལ་ཞུས་ཀྱང་མ་གནང་བར་རྩེད་མོའི་གར་མཛད་པས་རྩེ་གསུམ་ཤོར་བའི་བརྫུ་བག་གིས་བདུད་བློན་གྱི་བུ་དབྱིངས་སུ་སྤར། བུ་བསད་པའི་ཁྲིམས་ཀྱིས་དུར་ཁྲོད་དུ་སྤྱུགས་པས། བསིལ་བའི་ཚལ། དགའ་བའི་ཚལ། སོ་ས་གླིང་རྣམས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ན་མཁའ་འགྲོ་བདུད་འདུལ་མ་དང་ཞི་བ་འཚོས་དབང་བསྐུར་བྱིན་གྱིས་བརླབས། དུར་ཁྲོད་ཀྱི་མཁའ་འགྲོ་རྣམས་དབང་དུ་བསྡུས་པའི་ཚེ་ཤཱནྟ་རཀྴི་ཏ་ཞེས་གྲགས། དྷ་ན་ཀོ་ཤའི་མཚོ་གླིང་དུ་བྱོན་ཏེ་གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་མཚོ་གླིང་གི་མཁའ་འགྲོ་དབང་དུ་འདུས། རྩུབ་འགྱུར་ཚལ་དུ་སྤྱོད་པ་མཛད་པས་རྡོ་རྗེ་ཕག་མོས་ཞལ་བསྟན་བྱིན་གྱིས་བརླབས། རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་ཐམས་ཅད་དམ་ལ་བཏགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་སྩལ་ཏེ་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་སོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་པས། མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་པ་ལ། རང་བྱུང་གི་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་པ་ཡིད་མ་ཆེས་ཏེ་སྐུར་པ་བཏབ་པ་ན། དགོས་པའི་དབང་མང་དུ་གཟིགས་ནས་ཟ་ཧོར་གྱི་ཡུལ་དུ་བྱོན་ཏེ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་བས་མཚན་ཤཱཀྱ་སེང་གེར་གྲགས། ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་གསན་པས་དེ་ཉིད་དུ་ལྷ་རྣམས་ཀྱི་ཞལ་མཐོང༌། ཡེ་ཤེས་མཁའ་འགྲོ་གསང་བ་ཡེ་ཤེས་དགེ་སློང་མའི་རྣམ་པར་སྣང་བ་ཀུན་དགའ་མོ་ལ་དབང་ཞུས་པས་ཧཱུྃ་ཡིག་ཏུ་བསྒྱུར་ཏེ་ཞལ་དུ་མིད། ཁོང་པའི་ནང་དུ་ཕྱི་ནང་གསང་བའི་དབང་རྫོགས་པར་མཛད་ནས་པདྨོར་བཏོན་པས་སྒྲིབ་པ་གསུམ་སྦྱངས་པའི་ཚུལ་མཛད། རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲཱི་སེངྷ་ལས་རྫོགས་ཆེན་གཙོ་བོར་གྱུར་པའི་འཕགས་ཡུལ་གྱི་མཁས་གྲུབ་དུ་མ་ལས་མདོ་རྒྱུད་རིག་པའི་གནས་ཐམས་ཅད་གསན་ཅིང་སྦྱངས་པའི་ཚུལ་བསྟན་པས་ཆོས་ཐམས་ཅད་ཚར་རེ་རེས་མཁས་པར་མཁྱེན། མ་བསྒྲུབས་པར་ཡང་ལྷ་རྣམས་ཞལ་གཟིགས། མཚན་བློ་ལྡན་མཆོག་སྲེད་དུ་གྲགས་ཏེ་རྣམ་པར་སྨིན་པའི་རིག་འཛིན་མཐར་ཕྱིན་པའི་ཚུལ་བསྟན་པའོ།།

དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྡྷ་ར་བ་ཞེས་མཁའ་འགྲོའི་མཚན་དང་ལྡན་པ་དེ་དབང་དུ་བསྡུས་ནས་སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས་བྲག་ཕུག་མཱ་ར་ཏི་ཀར་ཚེའི་སྒྲུབ་པ་ཟླ་བ་གསུམ་མཛད་པས་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར། ཉིད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་གནང་བས་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་བརྙེས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་གྲུབ་ནས་ཟ་ཧོར་གྱི་རྒྱལ་ཁམས་འདུལ་བའི་དོན་དུ་གཤེགས་པས་རྒྱལ་བློན་རྣམས་ཀྱིས་མེ་ལ་བསྲེགས་པ་ན། ཏིལ་མར་མཚོར་འཁྱིལ་བའི་དབུས་སུ་པདྨའི་སྡོང་པོའི་རྩེར་བཞུགས་པའི་རྫུ་འཕྲུལ་བསྟན་ནས་དད་པ་ལ་བཀོད། ཐམས་ཅད་ཆོས་ལ་བཙུད་ནས་ཕྱིར་མི་ལྡོག་པའི་ས་ལ་བཞག སླར་ཨོ་རྒྱན་རྒྱལ་ཁམས་འདུལ་བའི་ཕྱིར་བསོད་སྙོམས་ལ་ཕེབས་པས་ཡུལ་མི་རྣམས་ཀྱིས་ངོ་ཤེས་ཏེ་སྔོན་གྱི་བདུད་བློན་ལ་སོགས་པ་རྣམས་ཀྱིས་ཙན་དན་གྱི་མེ་ལ་བསྲེགས་པས་མཚོ་དབུས་པདྨའི་སྡོང་པོར་ཡབ་ཡུམ་གཉིས་བཞུགས་ཏེ་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་མཚོན་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་བསྟན་པས་པདྨ་ཐོད་ཕྲེང་རྩལ་དུ་གྲགས། རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད་ནས་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྨིན་གྲོལ་སྩལ་ཏེ་རྒྱལ་པོ་ཡབ་ཡུམ་སོགས་ལས་ཅན་ཐམས་ཅད་མཆོག་གི་རིག་འཛིན་གྲུབ། མཚན་པདྨ་རྒྱལ་པོར་གྲགས། སྤྱོད་ཡུལ་རྣམ་པར་འཕྲུལ་པའི་མདོ་ལས་ལུང་བསྟན་པ་བཞིན་རྒྱལ་པོ་མྱ་ངན་མེད་པ་འདུལ་བའི་སླད་དུ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བར་སྤྲུལ་ཏེ་ཕྱིར་མི་ལྡོག་པའི་དད་པ་ལ་སྦྱར་ནས་འཛམ་བུའི་གླིང་དུ་ནུབ་གཅིག་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས། མུ་སྟེགས་ཀྱི་རྒྱལ་པོ་བསྟན་པ་ལ་གནོད་པའི་སྟོབས་ལྡན་འགའ་ཞིག་གནས་སྤར་བ་དང་ཐབས་ཀྱིས་བཏུལ། རྒྱལ་པོ་གཅིག་གིས་དུག་དྲངས་པས་མ་ཚུགས་ནས་ཆུ་བོ་གངྒཱ་ལ་བསྐྱུར་བས་ཆུ་གྱེན་དུ་བསྐྱིལ། ནམ་མཁའ་ལ་གར་མཛད་པས་ཁྱེའུ་ཆུང་མཁའ་ལྡིང་རྩལ་དུ་གྲགས། གཞན་ཡང་དགྱེས་རྡོར་གྱི་རྒྱུད་སྤྱན་འདྲེན་པ་པོ་སློབ་དཔོན་མཚོ་སྐྱེས། བྲམ་ཟེ་ས་ར་ཧ། ཌོམྦི་ཧེ་རུ་ཀ བི་རཱུ་པ། ནག་པོ་སྤྱོད་པ་ཆེན་པོ་ལ་སོགས་པའི་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་དུ་མའང་བསྟན་ཅིང༌། སྐུ་ལ་རྫོགས་པ་ལ་སོགས་དུར་ཁྲོད་ཆེན་པོ་རྣམས་སུ་བྱོན་ཏེ་མཁའ་འགྲོ་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན། ཕྱི་ནང་གི་དྲེགས་པ་ཅན་ཐམས་ཅད་ཀྱི་སྲོག་སྙིང་བླངས་ནས་བསྟན་སྲུང་དུ་བསྐོས་པ་སོགས་མཛད་པའི་ཚེ་མཚན་ཉི་མ་འོད་ཟེར་དུ་གྲགས། རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པ་ལ་རྒོལ་བ་རྩོམ་པའི་ཚེ་རྩོད་པ་དང་ནུས་པ་འགྲན་པས་སློབ་དཔོན་ཉིད་རྒྱལ། ཁོང་རྣམས་ཀྱིས་ངན་སྔགས་བསྒྲུབ་པའི་ཚེ་མཁའ་འགྲོ་བདུད་འདུལ་མས་ཕུལ་བའི་དྲག་སྔགས་ཀྱིས་ཕྱིར་བཟློག་སྟེ་ཐོག་ཆེན་ཕབ་ནས་སྟོན་པ་རྣམས་བསྒྲལ། གྲོང་ཁྱེར་མེས་བསྲེགས། ལྷག་མ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་ནས་ཆོས་ཀྱི་རྒྱལ་མཚན་དགུང་དུ་སྒྲེང་བའི་ཚེ་སེང་གེ་སྒྲ་སྒྲོག་ཏུ་གྲགས་ཏེ་འདི་ཡན་ཆད་ཟག་པ་གསུམ་ཟད། ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་རིག་འཛིན་གྱི་ཚུལ་དུ་བཞུགས་པ་ཡིན་ནོ།།

དེ་ནས་རྒྱ་བལ་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བལ་པོའི་རྒྱལ་པོ་དགེ་འཛིན་གྱི་སྲས་མོ་བལ་མོ་ཤཱཀྱ་དེ་བ་ལ་སྒྲུབ་རྟེན་མཛད་ནས་དཔལ་ཡང་དག་གི་སྒོ་ནས་མཆོག་སྒྲུབ་པའི་ཚེ་འདྲེ་སྲིན་མཐུ་བོ་ཆེ་གསུམ་གྱིས་བར་ཆད་བྱས་ཏེ། ལོ་གསུམ་དུ་ཆར་མ་བབས། ནད་དང་མུ་གེ་བཏང་བ་ལ། རྒྱ་གར་དུ་བླ་མ་རྣམས་ལས་བར་ཆད་འདུལ་བའི་ཆོས་ལེན་པར་བཏང་བས་ཕུར་པའི་རྒྱུད་ལུང་མི་ཁུར་གཉིས་བརྫངས་པ་ཕེབས་པ་ཙམ་གྱིས་བར་ཆད་རང་བཞིན་གྱིས་ཞི། ཆར་བབས་ཤིང་ནད་མུག་རྒྱུན་ཆད། ཡབ་ཡུམ་གཉིས་མཆོག་གི་དངོས་གྲུབ་བརྙེས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐུར་བཞུགས་སོ། །ཡང་དག་དངོས་གྲུབ་ཆེ་ཡང་ཚོང་པ་དང་འདྲ་བར་བར་ཆད་མང་བ་ལ་ཕུར་པ་སྐྱེལ་མ་འདྲ་བ་མེད་དུ་མི་རུང་བར་གཟིགས་ནས་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མང་དུ་མཛད། ཕུར་སྲུང་བཅུ་དྲུག་སོགས་སྲིད་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་དམ་ལ་བཏགས་ཏེ་སྲུང་མར་བཞག གཞན་ཡང་དུས་སྐབས་ཅི་རིགས་པར། ཨོ་རྒྱན་གྱི་གླིང་ཕྲན་ཧུརྨུ་ཛུ་དང༌། སི་ཀོ་དྷ་ར་དང༌། དྷ་ན་ཀོ་ས་དང༌། རུཀྨ་སོགས་དང༌། ཏི་ར་ཧུ་ཏི་སོགས་ཐ་རུའི་རྒྱལ་ཁམས་དང༌། ཀཱ་མ་རུ་ལ་སོགས་པ་རྣམས་སུ་སྐལ་བ་དང་འཚམས་པར་ཆོས་སྟོན་པ་དང༌། ཐུན་མོང་གི་དངོས་གྲུབ་ཀྱིས་སེམས་ཅན་མང་པོ་ལ་ཕན་བཏགས། ཆུ་མེད་པ་རྣམས་སུ་ཆུ་བཏོན། ཆུ་ཆེན་པོ་ས་འོག་ཏུ་བཅུག རྒྱ་གར་ཤར་ལྷོ་དབུས་གསུམ་དུ་མུ་སྟེགས་པའི་ལྷ་རྟེན་རེ་རང་བྱུང་དུ་བྱུང་བ་རྣམས་ཀྱིས་ནང་པའི་བསྟན་པ་ལ་ཤིན་ཏུ་གནོད་པའི་ཚེ། དེ་གསུམ་ཀ་རྡོ་རྗེ་ཕུར་བུའི་ནུས་པས་ཚར་བཅད། ཀཉྩའི་ཡུལ་དུ་ནང་པའི་སྡེ་ཤིན་ཏུ་དར་བ་ལ་དུ་རུཥྐའི་རྒྱལ་པོས་དམག་དྲངས་ཏེ་ཆུ་ཀླུང་ནཱི་ལར་གྲུར་ཞུགས་པའི་ཚེ་སློབ་དཔོན་གྱིས་སྡིགས་མཛུབ་མཛད་པས་གྲུ་ལྔ་བརྒྱ་ཆུར་བྱིང༌། ཕྱིན་ཆད་དུ་རུཥྐའི་གནོད་པ་རྒྱུན་ཆད། འགྲོ་ལྡིང་བའི་ཡུལ་དུ་བྱོན་པའི་དུས་ཚོད་ངེས་པ་ཅན་མི་གསལ་ཡང་ཁུལ་དེའི་མཁའ་འགྲོ་མ་སོགས་མི་མ་ཡིན་དང་མི་རྣམས་རིམ་པར་བཏུལ། གཙུག་ལག་ཁང་བཞེངས་སུ་བཅུག སློབ་དཔོན་འདིའི་བཀའ་སྲོལ་གྱི་དགྱེས་རྡོར། ཟླ་གསང་ཐིག་ལེ། ཡང་དག རྟ་མགྲིན། ཕུར་པ། མ་མོ་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞིའི་ཉན་བཤད་སྒོམ་གསུམ་ཕྱིས་ཀྱི་བར་དུ་དར་ཞིང་རྒྱས་པར་བཞུགས། དེའི་ལོ་རྒྱུས་རྣམས་སུ་ཡུལ་དེ་ནས་ལྷོ་ནུབ་སྲིན་ཡུལ་དུ་བཞུད་པར་བཤད། འདི་དག་ནི་རྒྱ་གར་གྱི་གཏམ་ཁུངས་མ་རྣམས་སུ་འབྱུང་ཞིང་ཡོངས་སུ་གྲགས་པ་ཡིན་ལ། སྤྱིར་ལོ་སུམ་སྟོང་དྲུག་བརྒྱ་རྒྱ་གར་ན་བཞུགས་ཤིང་བསྟན་འགྲོའི་དོན་མཛད་པར་གསུངས་མོད། མཁས་པ་རྣམས་ཀྱིས་ཕྱེད་ལོའི་དབང་དུ་བྱས་པའམ་མང་ཚིག་ཙམ་དུ་བཞེད་པའང་སྣང་ངོ༌། །གཞན་ཡང་ཧོར་དང་རྒྱ་རྣམས་འདུལ་བ་ལ་རྒྱལ་པོ་མངོན་ཤེས་ཅན་དང༌། རྣལ་འབྱོར་པ་སྟོབས་ལྡན་དུ་སྤྲུལ་པ་དང༌། ཞང་ཞུང་ཡུལ་དུ་ཏ་བི་ཧྲི་ཙ་ཞེས་རང་བྱུང་གི་ཁྱེའུར་སྤྲུལ་ནས་རྫོགས་ཆེན་སྙན་བརྒྱུད་ཀྱི་གདམས་པས་སྐལ་ལྡན་མང་པོ་འོད་ལུས་སུ་བསྐྱལ་བས་མཚོན་ཡུལ་རིགས་དང་སྐད་རིགས་མི་གཅིག་པ་རྣམས་སུ་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་པས་སྐྱེ་རྒུ་རྣམས་ཐར་ལམ་དུ་བཀོད་པའི་ཕྲིན་ལས་ནི་ཚད་བཟུང་དུ་མེད་པ་སྟེ། དེ་དག་ཀྱང་རྣམ་པ་འདི་དང་མཚན་འདིས་མཚོན་པའི་རྣམ་ཐར་གྱི་དབང་དུ་བྱས་པ་ཡིན་མོད། དངོས་བརྒྱུད་ཀྱི་ཁྱད་པར་ཙམ་མ་གཏོགས་སྤྲུལ་པའི་སྐུ་འདི་ཉིད་ཀྱི་གདུལ་བྱའི་ཞིང་དུ་མ་གྱུར་པ་གཅིག་ཀྱང་མེད་པའི་ཕྱིར་ཟུང་འཇུག་གི་གོ་འཕང་ལ་བཞུགས་པ་རྣམས་ཀྱི་རྣམ་པར་ཐར་པའི་མཐའ་ནི་སུས་ཀྱང་བརྗོད་པར་མི་ནུས་སོ།།

དེ་བས་ན་གྲུབ་ཐོབ་ཆེན་པོ་རྣམས་གདུལ་བྱ་ཕལ་ལ་མངོན་སུམ་དུ་མི་སྣང་བས། ཡུན་རིང་པོར་སོང་བ་ན་སླར་ཡང་སྐུ་སྣང་བར་མཛད་ནས་དུས་རིང་པོར་བཞུགས་པ་དང༌། སྐབས་རེ་ཡུལ་ལ་ལར་མི་སྣང་བར་ལ་ལར་སྣང་བ་དང༌། ཁ་ཅིག་ཏུ་འཕོ་བའི་ཚུལ་མཛད་ནས་ཁ་ཅིག་ཏུ་སྐྱེ་བར་སྟོན་པ་སོགས་རྣམ་འཕྲུལ་མཐའ་ཡས་པའི་ཕྱིར། སྔོན་བཱི་རུ་པ་མི་སྣང་བར་གྱུར་ནས་སླར་ཡང་སྐུ་དངོས་ཀྱི་ལན་གསུམ་བྱོན་པ་དང༌། ཛ་ལན་དྷ་རི་པ་ལན་ལྔ་བྱོན་པ་དང༌། སྤྱོད་པ་བ་ཆེན་པོ་དེ་བཱི་ཀོ་ཊར་གྲོངས་པའི་ཚུལ་མཛད་ནས་སློབ་མ་རྣམས་ཀྱིས་སྐུ་གདུང་བསྲེགས་པ་བཅས་གྲུབ་པ་ན་སླར་ཡང་ཡུལ་གཞན་དུ་སྔ་མའི་སྐུ་དེ་ཉིད་ཀྱིས་འགྲོ་དོན་མཛད་པ་དང༌། ཡུལ་ལ་ལར་སྐྱེ་བ་གསར་དུ་བཟུང་ནས་མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་མཛད་པར་གྲགས་པ་སོགས་ལ་སོ་སྐྱེའི་སྣང་ཚུལ་དང་བསྟུན་པའི་དུས་སྔ་ཕྱི་དང་གནས་ཡུལ་སོགས་ཁྲིག་ཁྲིག་ཀད་ཀད་སྒྲིག་ཏུ་མི་བཏུབ་སྟེ་ཕལ་པའི་རྣམ་གཞག་རྒྱལ་པོ་ལ་འགྲིགས་པའི་སྐབས་མེད་པ་བཞིན་ནོ། །དེ་ཡང་སེམས་ཅན་རྣམས་ཀྱི་མོས་པ་དང་བསམ་པའི་དབང་གིས་རྗེས་སུ་ཀུན་ཏུ་འགྲོ་བའི་རྫུ་འཕྲུལ་ལ་དབང་ཕྱུག་པ་ཉིད་ཀྱིས་ཏེ། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་སྡེ་ལས། འཇིག་པའི་བསྐལ་པ་ཆགས་པའི་བསྐལ་པར་མོས་ན་ཡང་འཇིག་པའི་བསྐལ་པ་ཆགས་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་ཆགས་པའི་བསྐལ་པར་ཤེས་སོ། །ཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་མོས་ན་ཡང་ཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཇིག་པའི་བསྐལ་པར་ཤེས་སོ། །འཇིག་པ་དང་ཆགས་པ་ཡང་གཞན་དུ་གྱུར་པ་མ་ཡིན་ཏེ་མོས་པ་དེ་ལྟར་དུ་འགྱུར་རོ། །དེ་བཞིན་དུ་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་མོས་ན་ཡང་དེ་ན་སེམས་ཅན་དེ་དག་གིས་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་ཤེས་སོ། །སྔ་དྲོ་བསྐལ་པ་ཙམ་དུ་མོས་ན་ཡང་དེ་བཞིན་དུ་འགྱུར་ཏེ། དེས་ན་སེམས་ཅན་དེ་དག་གིས་དེ་བཞིན་དུ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པ་ལས་བྱུང་བའི་རྫུ་འཕྲུལ་ཞེས་བྱའོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སློབ་དཔོན་འདི་ཉིད་བོད་དུ་ཇི་ལྟར་བྱོན་པའི་ཚུལ་ནི་འོག་ཏུ་འཆད་དོ།།

ཕྱི་མ་སྒྲུབ་སྡེའི་ཕྱོགས་སུ་བཀའ་གཏེར་གྱི་བབ་ཚུལ་གཉིས་ལས། དང་པོ།

སློབ་དཔོན་ཧཱུྃ་ཀ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀ་གལ་པོ་སོགས་ཡང་དག་ཐུགས་ཀྱི་བཀའ་བབས་ཏེ། སློབ་དཔོན་འདི་ནི་བལ་པོའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་རིག་བྱེད་སོགས་དང་མུ་སྟེགས་ཀྱི་གཞུང་ལུགས་ལ་ཤིན་ཏུ་མཁས་ཤིང་ནུས་པའང་ཐོབ། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་མཆོག་ཏུ་དད་པས་ཡུལ་དབུས་སུ་ན་ལེནྡྲར་སློབ་དཔོན་སངས་རྒྱས་ཡེ་ཤེས་དང་པཎྜི་ཏ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང༌། ཕ་རོལ་ཏུ་ཕྱིན་པ་ནས་བཟུང་གསང་སྔགས་ཕྱི་ནང་གི་བར་གྱི་ཐོས་པས་རྒྱུད་སྦྱངས། དབང་བསྐུར་བ་ནོད་ཅིང་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་ནོས། ཁྱད་པར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་མེ་ཏོག་ཁྲོ་བོ་ཧཱུྃ་མཛད་ལ་ཕོག ཡུན་རིང་དུ་བསྒོམས་པས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་ཤིང༌། ཟླ་བ་དྲུག་ཏུ་བསྒྲུབ་ན་དངོས་གྲུབ་ཐོབ་པར་དགོངས་ཏེ་ལས་རྒྱ་གདོལ་པའི་བུ་མོ་ཨུཏྤལ་སྔོན་པོའི་ཁ་དོག་ལྟ་བུ་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱའི་མཚན་ཉིད་ཚང་བ་ཞིག་དགོས་པས་ཕྱོགས་གཞན་ཞིག་ནས་བཙལ་བ་རྙེད་ནས་ཕ་མ་ལ་བསླངས་པས། དེ་རྣམས་ན་རེ། བྲམ་ཟེའི་སློབ་དཔོན་ཁྱོད་སྨྱོ་བ་ཡིན་ནམ། ངེད་གདོལ་པའི་རིགས་ཡིན་པས་ཁྱོད་ཉིད་དང་ངེད་རྣམས་ལའང་ཆད་པ་མི་འོང་ངམ་ཟེར། ང་ལ་སྒྲུབ་པའི་རྟེན་དུ་དགོས་པས་ཐ་མལ་གྱི་རིགས་ཉམས་པ་སོགས་ཀྱི་ཆད་པ་མི་འོང་བྱས་པས། འོ་ན་བུ་མོའི་ལུས་དང་མཉམ་པའི་གསེར་དངུལ་དགོས་ཟེར། དེར་སློབ་དཔོན་གྱིས་སྐད་ཅིག་ལ་ས་འོག་གི་གཏེར་ཕྱུང་སྟེ་དེ་རྣམས་ལ་བྱིན། དེ་ནས་སློབ་དཔོན་ཕྱག་རྒྱར་བཅས་པས་རི་ཕུག་ཏུ་བསྙེན་པ་དང༌། ཉེ་བར་བསྙེན་པ་དང༌། སྒྲུབ་པ་རྣམས་ཟླ་བ་དྲུག་གི་རིང་བྱས་པས་ཡར་ངོའི་ཚེས་བརྒྱད་ཀྱི་ཐོ་རངས་ཀྱི་དུས་སུ་ནམ་མཁའ་ལ་ཧཱུྃ་གི་སྒྲ་ཆེན་པོ་གྲགས། བཛྲ་ཧེ་རུ་ཀ་སོགས་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང༌། སྒྲུབ་པ་ཆེན་པོའི་ལམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ།།

དེའང་སྒྱུ་འཕྲུལ་ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་དང༌། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པར་འགྲུབ། །ཅེས་བཤད་པའི་སྔ་མའོ། །སློབ་དཔོན་འདིས་བསྐྱེད་རྫོགས་གསུམ་དང་སྔགས་རྒྱུད་གཞན་གྱིས་ཀྱང་འགྲོ་བ་མང་པོའི་དོན་མཛད་ལ། ཡང་དག་རུ་ལུ་གསེར་ཕྲེང་དང༌། སངས་རྒྱས་མཉམ་སྦྱོར་གྱི་མན་ངག་ཡན་ལག་བཞིའི་དོན་སྣང་བར་བྱེད་པ་དང༌། ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་སོགས་རིམ་པ་གཉིས་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད་ནས། མཐར་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་མི་འཁྲུགས་པའི་ཞིང་དུ་ཁྱུང་གི་རྒྱལ་པོ་འཕུར་བ་ལྟར་བཞུད་དོ། །འདི་ལས་བསྐྱེད་རིམ་གྱི་བཀའ་རྣམས་སློབ་དཔོན་ཨ་བ་དྷཱུ་ཏི་པ་དང༌། ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་དཔལ་ཞི་བས་ཞུས། དེ་ལས་རྡོ་རྗེ་གདན་པ་ཆེན་པོ་སཽ་རི་པས་ཞུས་ཤིང༌། དེ་ལས་སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པ་སློབ་མའི་ཚོགས་དང་བཅས་པ་འཁྲུངས་པ་ཡིན་ནོ།།

༈ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་སྐུ་རྣམ་སྣང་གི་རིགས་འཇམ་དཔལ་ཁྲོས་པ་གསང་རྒྱུད་ལ་སོགས་གཤིན་རྗེ་གཤེད་ཀྱི་བཀའ་རྣམས་བབས་ཏེ། སློབ་དཔོན་འདི་རྒྱ་གར་ནུབ་ཕྱོགས་རིམ་པ་གཉིས་པ་ཞེས་བྱ་བའི་གྲོང་དུ་ཡབ་སཱ་དྷུ་སཱ་སྟྲ໏་དང་ཡུམ་སྣང་བ་སྒྲོན་མེ་ཞེས་བྱ་བའི་སྲས་སུ་འཁྲུངས། རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་པ་ཞིག་སྟེ། སློབ་དཔོན་ཆེན་པོ་རོ་ལངས་ཐལ་མདོག་ལ་སོགས་པ་ལས་སྔགས་ཕྱི་ནང་གི་དབང་བསྐུར་བ་དང༌། གདམས་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐམས་ཅད་ཐོབ། སློབ་དཔོན་རོལ་པའི་རྡོ་རྗེ་ལས་དགྲ་གདོང་འཇིགས་གསུམ་སོགས་ཀྱང་གསན་ཟེར། གང་ལྟར་ཐུན་མོང་གི་གྲུབ་པ་རྣམས་ཉམས་འོག་ཏུ་ཆུད་ཅིང་ཟུང་འཇུག་གི་གོ་འཕང་ཐོབ་པར་ཉེ་བ་ན་སྤྱོད་པ་ལ་གཤེགས་པས། མུ་སྟེགས་ཀྱི་ཁ་འཛིན་མཆོག་ཏུ་ཆེ་བའི་རྒྱལ་པོ་ཞིག་གླང་པོ་ཆེ་ལ་བཞོན་ནས་འོངས་པ་དང་ཟམ་པ་གཅིག་གི་སྟེང་དུ་འཕྲད་པ་ན་ལམ་བཟུར་རེས་མ་བྱུང་བར་སློབ་དཔོན་གྱིས་སྡིགས་མཛུབ་བསྟན་པས། རྒྱལ་པོ་གླང་པོ་ཆེ་དང་བཅས་པ་ཕྱེད་ཚལ་དུ་བཀས་ཏེ་ཟམ་པའི་གཡས་གཡོན་ནས་ལྷུང༌། དེར་རྒྱལ་པོའི་འཁོར་རྣམས་ཀྱིས་བཟོད་པར་གསོལ་ཞིང་གསོལ་བ་བཏབ་པས་སླར་གསོས་ཏེ་ནང་པའི་བསྟན་པ་ལ་བཀོད་དོ། །དེ་ཡང་ཇི་སྐད་དུ། འཇིག་རྟེན་ལྷ་ལ་ཕྱག་མི་འཚལ། །གླང་པོ་བྱུང་ཡང་ལམ་མི་བཟུར། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །རྐང་པ་བྲག་རིར་ཐོགས་མེད་འགྲོ། །ཞེས་པའོ། །ཇི་ཞིག་ན་འཕགས་པ་འཇམ་དཔལ་དབྱངས་དང་མི་གཉིས་པའི་ཟུང་འཇུག་གི་གོ་འཕང་མཐོན་པོར་གཤེགས། འཇམ་དཔལ་ཡ་མཱནྟ་ཀ་མངོན་སུམ་དུ་སྣང་བས་དབང་བསྐུར་ཞིང་རྒྱུད་དང་མན་ངག་ཐམས་ཅད་བསྟན། སྤྲུལ་པའི་ལས་གཤིན་མང་པོས་བསྐོར་བ་བྱེད་ཅིང་སྲོག་སྙིང་ཕུལ། རི་མ་ལ་ཡ་ནས་ལས་བཞི་ཚང་བའི་གསེར་གྱི་གླེགས་བམ་བཻ་ཌཱུརྱས་བྲིས་པ་བཏོན། གཟིགས་པའི་མོད་ལ་ཐུགས་སུ་ཆུད་དེ་མུ་སྟེགས་འདུལ་བའི་སྔགས་རྒོད་ལས་ལ་སྦྱར་བས་མུ་སྟེགས་ཀྱི་རྒྱལ་ཁམས་བརླག་པར་མཛད། གླེགས་བམ་དངོས་རྡོ་རྗེ་གདན་གྱི་བྱང་དུ་མི་སྣང་བར་རྒྱས་བཏབ་བོ། །འདི་ལ་བྲམ་ཟེ་སྙིང་པོ་གྲུབ་པར་གྲགས་པ་དེ་ལྟར་ན་སློབ་དཔོན་ཆེན་པོ་ཛེ་ཏ་རིའི་ཡབ་བྲམ་ཟེ་སྙིང་པོའི་ཞབས་ཡིན་པར་མངོན་ཞིང༌། སློབ་དཔོན་དེ་ཉིད་ཀྱང་འཇམ་དཔལ་གྱི་རིག་སྔགས་གྲུབ་པས་རྒྱལ་པོ་དྷརྨ་པཱ་ལས་བླ་མར་བཀུར་ནས་རང་གི་སྲས་ལ་འཕགས་པ་འཇམ་དཔལ་གྱི་དབང་བསྐུར་བས་གྲུབ་པ་ཐོབ་པའི་ལོ་རྒྱུས་འབྱུང་ངོ༌། །སློབ་དཔོན་འདི་ཉིད་ཀྱི་སློབ་མ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ནས་ལུང་བསྟན་པའི་བྲམ་ཟེ་ཡེ་ཤེས་རྡོ་རྗེ་དང་བྱང་ཆུབ་རྡོ་རྗེ་གཉིས་ཆར་ལས་རྒྱུད་སྡེ་མང་པོའི་བཤད་བཀའ་བྱུང་ཞིང༌། ཁྱད་པར་སློབ་དཔོན་འདི་ལས་དོན་ཡོད་རྡོ་རྗེ་ཆེ་བས་གཤེད་སྐོར་མཐའ་དག་ཞུས། དེ་ལས་དོན་ཡོད་རྡོ་རྗེ་ཆུང་བས་ཞུས་པ་སོགས་བོད་དུ་གྲགས་པའི་སྐྱོ་ལུགས་ཀྱི་གཤེད་སྐོར་གང་ནས་བྱུང་བའི་ཁུངས་འདེད་ས་དེ་ཉིད་ཡིན་ནོ།།

༈ སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ལ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་པ་སོགས་པདྨ་གསུང་གི་ཏནྟྲ་རྣམས་ཀྱི་བཀའ་བབས་ཏེ། དེ་ལ་སློབ་དཔོན་འདི་འགའ་ཞིག་གིས་བི་ཀྲ་མ་ཤཱི་ལའི་གཏོར་མའི་སློབ་དཔོན་བ་ལིཾ་ཨཱ་ཙརྱ་ཡིན། འཕགས་པ་ཀླུ་སྒྲུབ་མིན་ཟེར་བ་ཡང་བ་ལིཾ་ཨཱ་ཙརྱའི་མཚན་ལ་ཀླུ་སྒྲུབ་སྙིང་པོ་ཟེར་བ་སྲིད་ཀྱང་འཕགས་པ་མི་ཟེར། དེའི་ཕྱིར་སློབ་དཔོན་འཕགས་པས་མཛད་པའི་བསྟན་བཅོས་རྣམས་སུ་འཕགས་པ་ཀླུ་སྒྲུབ་སྙིང་པོ་ཞེས་བཀོད་འདུག་པའི་ཕྱིར་གཏོར་མའི་སློབ་དཔོན་དང་འཁྲུལ་བར་མི་བྱའོ། །དེ་ལ་སློབ་དཔོན་འདི་ཉིད་ཀྱི་རྣམ་ཐར་ཡོངས་སུ་གྲགས་པ་ལྟར་ལ། འདིས་མ་ཧཱ་ཀཱ་ལའི་རྒྱུད་བརྒྱད་དང༌། ལྷ་མོ་ནག་མོའི་རྒྱུད། ཀུ་རུ་ཀུལླེའི་རྟོགས་པ་སོགས་རྒྱུད་ཀྱི་རྣམ་གྲངས་གཞན་ཡང་མང་དུ་སྤྱན་དྲངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་ཞལ་གྱི་གདམས་པ་ཐོབ། སྒྲུབ་ཐབས་མི་གཅིག་པ་ཁོ་ནའང་དྲུག་ཅུ་སྤྱན་དྲངས་པར་བཤད། ཐུན་མོང་གི་དངོས་གྲུབ་བརྒྱད་པོ་རེ་རེ་ལའང་མི་འདྲ་བ་དུ་མ་གྲུབ། ཤྲཱི་པར་པ་ཏར་ལོ་ཉིས་བརྒྱར་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་སྔགས་ཀྱི་སྤྱོད་པས་བཞུགས་ཤིང་མཐར་གྱིས་རྡོ་རྗེའི་སྐུ་གྲུབ་བོ།།

༈ སློབ་དཔོན་བི་མ་ལ་མི་ཏྲ་ལ་ཡོན་ཏན་རིན་འབྱུང་གི་རིགས་བདུད་རྩི་བམ་བརྒྱད་སོགས་རྡོ་རྗེ་བདུད་རྩིའི་བཀའ་རྣམས་བབས་ཏེ། སློབ་དཔོན་འདི་འཕགས་ཡུལ་ནུབ་ཕྱོགས་གླང་པོའི་ཚལ་ཞེས་བྱ་བར་སྐུ་འཁྲུངས། རིག་པའི་གནས་ཡན་ལག་དང་བཅས་པ་ཐམས་ཅད་ཐུགས་སུ་ཆུད། སྡེ་སྣོད་འཛིན་པ་རྣམས་ལས་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་ཀྱང་གསན་ནས་མཁས་པར་མཛད། སློབ་དཔོན་བུདྡྷ་གུ་ཧྱ་ལ་སོགས་རྡོ་རྗེ་འཛིན་པ་ཆེན་པོ་དུ་མ་ལས་རྒྱུད་སྡེ་མཐའ་དག་གསན་ཅིང་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད། སྒྱུ་འཕྲུལ་ལ་ཁྱད་པར་དུ་མཁས་ཤིང་སྙིང་པོའི་འགྲེལ་པ་ཁོག་གཞུང་གསལ་སྒྲོན་དང༌། བླ་མའི་འགྲེལ་པ་མུན་སེལ། ལེ་ལག་གི་སྤྱན་འགྲེལ། བརྒྱད་ཅུ་པའི་བསྡུས་འགྲེལ། ཤེས་རབ་སྤྱན་འབྱེད། རིག་པ་གསུམ་པ། ཕྱག་རྒྱ་བསམ་གཏན། སྦྱིན་སྲེག་དང༌། རོ་སྲེག་གི་ལས། ཐིག་གི་རིམ་པ་དང༌། འགྲེལ་ཆུང་སོགས་བསྟན་བཅོས་མང་པོ་མཛད་དོ།།

༈ སློབ་དཔོན་པྲ་བྷ་ཧསྟི་ལ་དོན་གྲུབ་ཀྱི་རིགས་ཕྲིན་ལས་ཕུར་པའི་རྒྱུད་རྣམས་ཀྱི་བཀའ་བབས་ཤིང༌། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་ཀྱང་ཡང་ལེ་ཤོད་དུ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་མངོན་དུ་མཛད་པའི་སྐབས། ཀླུ་གྱོང་པོ་དང༌། གནོད་སྦྱིན་རྒོད་མ་ཁ་དང༌། བར་སྣང་ཁམས་ཀྱི་གློག་མ་སྤྲིན་གསུམ་གྱི་ཡིད་ལ་མི་བཟོད་པའི་ཚོར་བ་སྐྱེས་ཏེ་མཐོ་བརྩམས་པ་འདུལ་བའི་ཆེད་དུ་བི་ཏྱོཏྟ་མ་ལ་འབུམ་སྡེའི་རྒྱུད་ལ་བརྟེན་ནས་སྒྲུབ་པ་མཛད་པས་བཛྲ་ཀུ་མཱ་རའི་ཞལ་བསྟན་ཅིང་བར་ཆད་ཀྱི་མཚན་མ་རྣམས་བཅོམ། མ་མོ་བཅུ་གཉིས་དང་ས་བདག་མོ་བཞི་སོགས་དམ་འོག་ཏུ་བཅུག སླར་སློབ་དཔོན་པྲ་བྷ་ཧ་སྟི་ལའང་ཀཱི་ལ་ཡའི་རྒྱུད་ཚར་བཅོ་བརྒྱད་གསན་པར་གྲགས་ཤིང༌། ཕྲིན་ལས་ཕུར་པའི་བཀའ་རྣམས་མ་ལུས་པའི་བདག་ཉིད་དུ་གྱུར། དེ་རྣམས་སློབ་དཔོན་སོ་སོས་རང་གིས་ཉམས་སུ་བླངས་ཤིང་སྐལ་བ་དང་ལྡན་པའི་གདུལ་བྱ་གཞན་ལའང་རྒྱ་ཆེར་བཤད་དོ།།

གཉིས་པ་གཏེར་མའི་ཕྱོགས་ནི།

བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་སྒྲུབ་སྡེ་སྤྱི་བྱེ་བྲག་རྣམས་གླེགས་བམ་དུ་བཀོད་པ་རེ་ཞིག་མིའི་འཇིག་རྟེན་དུ་བསྟན་པའི་ཡུལ་མ་གཟིགས་ནས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྒྲུབ་པ་བཀའ་བརྒྱད་ཀྱི་སྤྱི་རྒྱུད་ལྔ་དང༌། སྒོས་རྒྱུད་བཅུ་རྣམས་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུར་གཅུག སྒོས་རྒྱུད་རྣམས་ཐ་དད་པའི་སྒྲོམ་བུར་བཅུག་ནས། དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་ཚལ་དུ་མི་སྣང་བར་རྒྱས་བཏབ་བོ། །དུས་ཕྱིས་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད་ཀྱིས་མངོན་པར་ཤེས་པས་ཤེས་ཏེ་གནས་དེར་འདུས་ཤིང་དགོངས་པའི་བརྟུལ་ཞུགས་བསྐྱེད་ནས་འཇིག་རྟེན་པའི་མཁའ་འགྲོ་མ་དང་དྲེགས་པའི་ཚོགས་རྣམས་ལ་བདེན་པའི་ཚིག་དང་མཐུན་པའི་རྫས་ཀྱིས་བཀྲོལ། གཞན་དོན་དུ་དགོངས་པའི་ཏིང་ངེ་འཛིན་གྱི་མཐུས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་མངོན་སུམ་དུ་བྱོན་ནས་སྒྲོམ་བུ་རྣམས་བླངས་ཏེ། ཆེ་མཆོག་གི་བསེ་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུྃ་ཀ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་སྒྲོམ་ནཱ་གརྫུ་ན། ཕུར་པའི་གཡུ་སྒྲོམ་པདྨ་འབྱུང་གནས། མ་མོའི་བསེ་སྒྲོམ་དྷ་ན་སཾ་སྐྲ໏་ཏ། མཆོད་བསྟོད་ཀྱི་མཆོང་སྒྲོམ་རམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཞི་བའི་སྙིང་པོ་རྣམས་ལ་སོ་སོར་གཏད་དེ་རང་རང་གི་དོན་ལ་མཁས་ཤིང་སྔགས་ཀྱི་དངོས་གྲུབ་བརྙེས་པར་གྱུར། རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་ལས་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་དང་མན་ངག་གི་བཀའ་རྣམས་བྱུང་བ་སློབ་དཔོན་པདྨ་ལ་བབས་པ་ཡིན་ནོ།།

གཉིས་པ་རྫོགས་པ་ཨ་ནུ་ཡོ་གའི་སྐོར་ནི།

གསང་བའི་བདག་པོས་རྒྱལ་པོ་ཛའམ་ལུང་བསྟན་རྡོ་རྗེ་ལ་དབང་བསྐུར་བས་བསྟན་པ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད་པ་ཡིན་མོད། འོན་ཀྱང་ཚུར་མཐོང་གི་ངོར་གསང་སྔགས་ལ་རང་དགར་འཇུག་པ་དགག་པའི་ཕྱིར་མིའི་རིག་འཛིན་དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་བསྟེན་པའི་ཚུལ་གྱིས་དབང་བསྐུར་བ་དང་ཚིག་གི་བསྟན་པ་ཐམས་ཅད་ཞུས་ཤིང༌། སྤྱི་མདོའི་འགྲེལ་པ་སོགས་བསྟན་བཅོས་ཀྱང་མཛད། དེས་སྔར་ལི་ཙ་བཱི་ལ་བསྟན་པའི་དུས་ཀྱི་གྲོགས་སློབ་དཔོན་ཨུ་པ་རཱ་ཛ་དང༌། རང་གི་སྲས་ཤཱ་ཏྲ་པུ་ཏྲི་དང༌། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི་གསུམ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་ངག་བསྟན་ཏེ། ཨུ་པ་རཱ་ཛ་ལ་ཤྲཱི་དྷ་ནའི་གླིང་དཔལ་ལྡན་འབྲས་སྤུངས་སམ་མཆོད་རྟེན་དཔལ་ཡོན་ཅན་དུ་དབང་བསྐུར་ཞིང་རྒྱུད་གཏད། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་རང་གི་སྲས་གསུམ་ལ་དབང་བསྐུར། དེ་ཡང་ཤཱ་ཏྲ་པུ་ཏྲི་ནི་ཨིནྡྲ་བྷུ་ཏི་ཆུང་བར་གྲགས་པ་དེ་ཡིན་ལ། འདིས་གྲུབ་པ་བརྙེས་པའི་ཚེ་སློབ་དཔོན་ལྭ་བ་པར་གྲགས་པ་ཡིན་ཟེར། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ལས་ཀྱང་དེ་ལྟར་བཤད་དེ། གང་ལྟར་འཁོར་ལོ་སྡོམ་པ་སོགས་རྒྱུད་སྡེ་འགའ་ཞིག་ཨིནྡྲ་བྷུ་ཏིས་ལམ་སྲོལ་དབྱེ་བར་མཛད་པས་བྲམ་ཟེ་རིན་ཆེན་རྡོ་རྗེ་སོགས་བརྒྱུད་སྲོལ་དེའི་རྗེས་འབྲང་ཡིན་ནོ། །དེའང་རྒྱ་གར་གྱི་བླ་མ་ཕྱིས་བྱོན་པ་འགའ་ཞིག་གིས་སློབ་དཔོན་ལྭ་བ་པ་དེ་རྒྱལ་པོའི་སྲས་ཞིག་ཡིན། ཡུལ་ཡང་ཨོ་རྒྱན་གྱི་ནང་ཚན་ཡིན་ཞེས་གསུངས་པ་ལྟར་ན་ཨིནྡྲ་བྷུ་ཏི་ཆུང་བ་ཡིན་ཡང་རུང་སྟེ། དེས་ཐོག་མར་སྔགས་ཀྱི་སློབ་དཔོན་ཆེན་པོ་ཞིག་ལས་དབང་བསྐུར་བ་ནོད་ཅིང་གདམས་པ་བསྒོམས་པས་ཡེ་ཤེས་རྟོགས་པར་གྱུར་པ་ན། དུས་གཞན་ཞིག་ཏུ་ཨོ་རྒྱན་གྱི་དྷུ་མ་སྠི་ར་མཁའ་འགྲོ་མའི་གྲོང་ཁྱེར་དུ་སོང་བས་མུ་སྟེགས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་པ་དེ་བླངས་པས། སངས་རྒྱས་པའི་མཁའ་འགྲོ་མ་རྣམས་ཀྱིས་བུ་མེ་ཏོག་བླངས་པ་མ་ལེགས། ད་མུ་སྟེགས་ཀྱི་རྗེས་སུ་འཇུག་དགོས་ན་ཟེར། དེར་སློབ་དཔོན་གྱིས་ཏིང་ངེ་འཛིན་བསྒོམས་ཤིང་བཞུགས་པས་ནམ་ཕྱེད་ཙམ་ན་མུ་སྟེགས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་རྡོ་ཆར་ཕབ་པ་བསྐྱེད་རིམ་གྱི་སྲུང་འཁོར་བསྒོམས་པའི་མཚམས་ཚུན་ལ་མ་གནོད། བསྐྱེད་རིམ་གྱི་ཕན་ཡོན་དེ་འདྲ་ན་རྫོགས་རིམ་གྱི་ནུས་པ་བསྟན་པར་བྱའོ་དགོངས་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པས་རྡོ་ཐམས་ཅད་ནམ་མཁའ་ལ་ཆགས་སོ། །དེང་སང་ཡང་ཨོ་རྒྱན་གྱི་ཡུལ་སློབ་དཔོན་འདིའི་སྒྲུབ་ཕུག་གི་སྟེང་གི་ནམ་མཁའ་ལ་ཕ་ཝང་ཆེན་པོ་རྟེན་མེད་དུ་ཡོད་པ་དང༌། བྲག་མེ་ལོང་ལྟར་འཇམ་པའི་ངོས་ལའང་ཕ་ཝང་མང་པོ་ཆགས་པ་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་ཡོད། ལན་ཅིག་རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་ཁོ་ནར་གཟིམས་ནས་བཞུགས་ཤིང༌། ཕོ་བྲང་དུ་ཕྱིན་པ་ཐམས་ཅད་སློབ་དཔོན་ལ་ཕྱག་མ་བྱས་ན་བྱིན་པ་རེངས་འགྲོ་བ་ཁོ་ན་བྱུང་བས་ཐམས་ཅད་ཀྱིས་ཕྱག་བྱས་ནས་འགྲོ་དགོས་པ་བྱུང༌། གཟིམས་ལོག་པའི་ཡུན་ནི་ལོ་གྲངས་བཅུ་གཉིས་ཡིན་ཏེ་སློབ་དཔོན་ནི་འོད་གསལ་ཐུན་གཅིག་གོ །སྐབས་ཤིག་ཨོ་རྒྱན་གྱི་ཡུལ་གྱི་ཕྲ་མེན་མ་ལྔ་བརྒྱས་སློབ་དཔོན་ལ་བར་ཆད་བརྩམ་པར་འདོད་ནས་བཙལ་བས་སློབ་དཔོན་གྱི་ཤུལ་དུ་ལྭ་བ་གཅིག་ལས་གཞན་མི་འདུག་པས། ཀྱེ་མ་དགེ་སློང་འདིའི་སྒྱུ་མ་ལ་ལྟོས། རང་གི་ལུས་ལྭ་བར་བསྒྱུར་ནས་འདུག་ན་འདི་དུམ་བུ་སོ་སོར་བགོས་ནས་བཟའ་བར་བྱའོ། །ཞེས་ལྭ་བ་དེ་དུམ་བུ་ལྔ་བརྒྱར་བྱས་ནས་ཟོས་སོ། །དེར་སློབ་དཔོན་གྱིས་ལུས་སྣང་བར་བྱས་ཏེ་དེ་རྣམས་ལ་དམོད་པ་བོར་བས་ཕྲ་མེན་མ་ལྔ་བརྒྱ་པོ་རྣམས་ལུག་མ་མོ་ལྔ་བརྒྱར་གྱུར། དེ་རྣམས་རྒྱལ་པོའི་དྲུང་དུ་སོང་ནས་དགེ་སློང་དུར་ཁྲོད་བདག་པོས་བདག་ཅག་རྣམས་འདི་ལྟར་བྱས་པས་ལྷས་དགྲོལ་བའི་ཐབས་འཚལ་ལོ་ཟེར། དེར་རྒྱལ་པོས་སློབ་དཔོན་ལ་ཞུས་པས། སློབ་དཔོན་གཅེར་བུར་བཞེངས་ནས་རྒྱལ་པོ་ཁྱོད་ཀྱི་སྔགས་འཆང་མ་རྣམས་ཀྱིས་དགེ་སློང་ལ་ནོར་ལྭ་བ་གཅིག་ཡོད་པ་ཟོས་སོ།།

དེ་བས་ན་སྔགས་འཆང་མ་རྣམས་ཁུག་ཅིག་གསུངས། དེར་ཐམས་ཅད་བཀུག་ནས་རེ་རེ་ལ་སྡིགས་མཛུབ་རེ་བསྟན་པས་མགོ་བརྙན་སྣ་ཚོགས་སུ་གྱུར་ནས་ལྭ་བའི་དུམ་བུ་སོ་སོར་སྐྱུགས་སོ། །དེ་དག་ཚེམ་བུ་བྱས་པས་ཅུང་ཟད་མ་འགྲིག ད་རུང་གསུམ་ཡོད་པ་ཁུག་ཅིག་གསུངས་པས། བཙུན་མོའི་འཁོར་གྱི་ནང་ན་གསུམ་ཡོད་པའང་བཀུག་ནས་སྔ་མ་བཞིན་སྐྱུགས་སུ་བཅུག་པས་འགྲིགས་ནས་སྐུ་ལ་གསོལ་པས་རྗེ་བཙུན་ལྭ་བ་པར་གྲགས་ཤིང༌། གཞན་ཡང་འདི་དང་རྒྱལ་པོ་ཨིནྡྲ་བྷུ་ཏི་གཉིས་ཀྱིས་གྲུབ་པ་ཐོབ་པའི་རྟགས་སྐྱེ་བོ་རྣམས་ལ་བསྟན་པའི་ལོ་རྒྱུས་དང་སློབ་དཔོན་རོལ་པའི་རྡོ་རྗེ་ཐུན་མོང་གི་དངོས་གྲུབ་ཐོབ་པའི་སྐབས་ཤིག་ཨོ་རྒྱན་གྱི་ཡུལ་དུ་སློབ་དཔོན་འདི་དང་ལྷན་ཅིག་པར་བྱོན་པས་མུ་རུཎྜ་ཀ་ལར་རྫུ་འཕྲུལ་འགྲན་པའི་ལོ་རྒྱུས་སོགས་ཤིན་ཏུ་མང་བར་ཡོད་པ་ཡིན། ཕྱིས་ཨོ་རྒྱན་གྱི་ཡུལ་དེར་རྒྱལ་པོ་དང་སློབ་དཔོན་གཉིས་ཆར་གྱིས་གདམས་པ་བསྟན་པས་ཐམས་ཅད་རིག་པ་འཛིན་པར་གྱུར་ནས་ཨོ་རྒྱན་གྱི་ཡུལ་དེ་ཙམ་དུ་ཆེ་བའང་སྟོངས་སུ་ཉེ་བར་གྱུར་སྐད། འདི་གོང་དུ་སྨོས་པའི་རྒྱལ་པོ་ཛའི་སྲས་ཨིནྡྲ་བྷུ་ཏི་ཆུང་བ་འཁོར་ཚོམ་བུ་དང་བཅས་པ་རིག་པ་འཛིན་པར་གྱུར་པར་གསུངས་པ་དང་དོན་གཅིག་གམ་སྙམ་མོ། །འདི་ལྟར་ཨིནྡྲ་བྷུ་ཏི་ཆུང་བས་སེང་ཧ་པུ་ཏྲ་དང༌། ཀུ་ཀུ་རཱ་ཛ་ཕྱི་མ་གཉིས་ལ་རྒྱ་མཚོའི་འགྲམ་ལ་དབང་བསྐུར་ཅིང་རྒྱུད་བཤད། ཕྱི་མས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་དབང་བསྐུར་ཅིང་རྒྱུད་བཤད། འདི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་མཚན་གྱི་རྣམ་གྲངས་སོ།།

འདི་ཡན་ཆད་ཀྱི་བརྒྱུད་པ་དེ་རྣམས་རང་རང་གི་འཁོར་ཚོམ་བུ་ཁྲི་ཕྲག་ལྔ་ནས་གཅིག་གི་བར་ཐམས་ཅད་ཀྱང་སྤྲོས་བཅས་ཀྱི་སྤྱོད་པ་ཚོགས་ཀྱི་སྒྲུབ་པས་ཟུང་འཇུག་གི་སྐུ་བརྙེས་ཏེ་མི་སྣང་བར་གྱུར། སློབ་དཔོན་དེས་སློབ་དཔོན་རྡོ་རྗེ་བཞད་པ་ལ་ཨུཏྟས་རའི་ཚལ་དུ་དབང་བསྐུར་ཞིང་རྒྱུད་བཤད། དེས་ཀྱང་བདེ་བ་ཆེན་པོའི་ལམ་གྱིས་མཆོག་གི་དངོས་གྲུབ་ཐོབ་ཅིང་རྣལ་འབྱོར་རིག་པའི་ཉི་མ་ཞེས་བྱ་བའི་བསྟན་བཅོས་མདོའི་ཟབ་ལམ་གཏན་ལ་དབབ་པ་ཞིག་ཀྱང་མཛད། དེས་སློབ་དཔོན་པྲ་བྷ་ཧསྟི་ལ་གྷ་ཛ་ནེའི་ཡུལ་གྱི་ཆུ་ཀླུང་སིནྡྷུའི་འགྲམ་དུ་དབང་བསྐུར་ཞིང་རྒྱུད་བཤད། འདི་སྔར་སྨོས་པ་བཞིན་རབ་ཏུ་བྱུང་བའི་མཚན་ཤཱཀྱ་འོད་ཅེས་གྲགས་ཤིང༌། དེས་ཤཱཀྱ་འོད་ཆུང་བ་དང༌། དེས་ཤཱཀྱ་བཤེས་གཉེན་དང༌། ཤཱཀྱ་སེང་གེ་གསུམ་ལ་བསྟན། བར་པ་འདི་རྣལ་འབྱོར་རྒྱུད་ལ་ཤིན་ཏུ་མཁས་པས་དེ་ཉིད་འདུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ་ཡུལ་ཀོ་ས་ལར་བརྩམས། ཁོང་ཉིད་ཀྱིས་བླ་མ་བཅུ་གཅིག་ཙམ་ལ་ཞུས་པར་བཤད་ཅིང་སྐུ་ཚེའི་སྨད་དུ་ཁ་ཆེར་བྱོན་ནས་འགྲོ་དོན་ཆེར་མཛད། ཕྱི་མ་ནི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝའི་མཚན་གྱི་རྣམ་གྲངས་ཏེ། དེས་ལྷའི་བཤོས་ཁང་དགུ་ཐོག་ཏུ་སློབ་དཔོན་དྷ་ན་རཀྵི་ཏ་ལ་བཤད། འདིས་མདོའི་རྣམ་གྲངས་འཆད་པའི་བསྟན་བཅོས་མཛད། དེས་ཨོ་རྒྱན་གྱི་རྡོ་རྗེའི་ཕུག་ཏུ་སློབ་དཔོན་ཧཱུྃ་མཛད་ལ་བཤད། འདིས་རྩ་རྒྱུད་ལ་རྒྱ་བདུན་འགྲེལ་པ་དང༌། རྣལ་འབྱོར་སའི་སྒྲོན་མ་ལ་སོགས་མདོའི་བསྟན་བཅོས་མང་པོ་མཛད། རྒྱ་གར་དང་ཏ་སིག་གི་མཚམས་ཨ་སུ་རའི་བྲག་ཕུག་ཏུ་ཕྱག་རྒྱ་མོ་ག་ག་སིདྡྷི་ལ་བརྟེན་ནས་སྒྲུབ་པ་མཛད་པས་རིག་པ་འཛིན་པའི་སྐུར་གྱུར། དེའང་ལུས་མི་སྣང་བ་ནི་བཅུད་ལེན་དང༌། ཐིག་ལེ་དབབ་བཟུང་དང༌། སྒྲོན་མ་རླུང་གི་འཁོར་ལོ་སོགས་འཇིག་རྟེན་པའི་ལམ་ལས་ཀྱང་འབྱུང་མོད། འདི་དག་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་རྣམ་སྨིན་གྱི་ལུས་འོད་གསལ་དུ་གནས་འགྱུར་བ་ཡིན་པས་ཁྱད་པར་ཆེ་བར་ཤེས་པར་བྱའོ། །སློབ་དཔོན་དེས་བདེ་བ་གསལ་མཛད་ལ་གྲོང་ཁྱེར་དཔལ་ཡོན་ཅན་དུ་དབང་བསྐུར་ཞིང་རྒྱུད་གཏད། འདིས་སློབ་དཔོན་ཧཱུྃ་ཀ་ར་ལའང་གསན། རིག་སྔགས་གྲུབ་པས་རིག་པ་འཛིན་པའི་སྐུར་གྱུར། མདོའི་ཡིག་སྣ་བཅོ་བརྒྱད་དང་རྣལ་འབྱོར་གྱི་རིམ་པ་ཐེག་ཆེན་སྒྲོན་མ་སོགས་མཛད། དེས་སྐལ་བ་མཆོག་དང་ལྡན་པའི་ཐུགས་སྲས་བཞི་ལ་བཤད་དེ། མ་ག་དྷ་མདོའི་མཁན་པོ་དྷརྨ་བོ་དྷི་ལ་བཤད། འདིས་མདོའི་དོན་བསྡུ་བ་དང༌། ཤེས་རབ་སྒྲོན་མ་དང༌། བཀོལ་མདོ་རྣམས་མཛད། ཤྲཱི་ན་ལེནྡྲར་མཁན་པོ་དྷརྨ་རཱ་ཛ་པཱ་ལར་དབང་བསྐུར་ཞིང་རྒྱུད་རྣམས་བཤད། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང༌། གཙུག་ལག་དཔལ་དགེ་གཉིས་ལ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་དབང་བསྐུར་ཞིང་རྒྱུད་ཀྱི་བཤད་པ་བསྩལ། ཕྱི་མ་གསུམ་པོས་སློབ་དཔོན་དྷརྨ་རཀྵི་ཏ་ལས་ཀྱང་གསན་ཅེས་གྲགས། བཤད་མ་ཐག་པའི་བརྒྱུད་པ་དེ་ཐམས་ཅད་ནི་དབང་བཀའ་དང༌། བཤད་བཀའ་དང༌། མན་ངག་གི་བཀའ་ཐམས་ཅད་འདུས་པའི་བརྒྱུད་པ་ཡིན་ནོ། །ཡང་སློབ་དཔོན་དེ་གསུམ་ཀས་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ལ་ཡུལ་དབུས་སུ་དབང་བསྐུར་ཞིང་རྒྱུད་བཤད། བསྒོམས་པས་གྲུབ་པ་ཐོབ་པ་ལ་ཕྱིས་སློབ་དཔོན་དྷ་ན་རཀྵི་ཏ་བྲུ་ཤའི་ཡུལ་དུ་སྤྱན་དྲངས་ཤིང་མདོ་དགོངས་འདུས་ལ་སོགས་པ་བསྒྱུར་བར་བརྩམ་པ་ན་མོས་པ་ཆུང་བས་མ་འགྱུར་ཏེ་བལ་ཡུལ་དུ་བྱོན། བ་སུ་དྷ་ར་དང་དྷརྨ་བོ་དྷི་ལ་བཤད། ཕྱིས་བྲུ་ཤའི་ཡུལ་དུ་དྷརྨ་བོ་དྷི་དང་དྷ་ན་རཀྵི་ཏའི་དྲུང་དུ་སློབ་དཔོན་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་སྐད་དང་ཡི་གེར་བསྒྱུར་རོ།།

གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་ནི།

གང་གི་ཚེ་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བར་མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། གྲུབ་པ་དང༌། རིག་པ་འཛིན་པའི་ཚོགས་ལ་གསང་བ་སྔགས་ཀྱི་ཆོས་སྟོན་པ་དེའི་ཚེ་འཕགས་ཡུལ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཥའིི་གླིང་ཞེས་བྱ་བར་ཀོ་ཥ་ཞེས་པའི་སྲོག་ཆགས་ལུས་མི་ལ་གདོང་དྲེད་ཀྱི་རྣམ་པ་སྦར་མོ་ལྕགས་ཀྱིས་གཏམས་པ་ཁོ་ནས་གང་ཞིང་ཙནྡན་ལ་སོགས་ཤིང་ལྗོན་པ་མང་པོས་བསྐོར་བའི་ཕྱིར་དེ་སྐད་དུ་གྲགས་སོ་ཞེས་བྱུང༌། ཡུལ་དེར་བདེ་བྱེད་བརྩེགས་པ་ཞེས་བྱ་བའི་ལྷ་ཁང་ཆེན་པོ་གཅིག་ལ་ལྷ་ཁང་ཆུང་ངུ་སྟོང་དྲུག་བརྒྱ་བརྒྱད་ཀྱིས་བསྐོར་བ་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པའི་གནས་སུ། རྒྱལ་པོ་ཨུ་པ་རཱ་ཛ་དང་བཙུན་མོ་སྣང་བ་གསལ་བའི་འོད་ལྡན་མ་ཞེས་བྱ་བ་གཉིས་ལ་སྲས་མོ་སུ་དྷརྨ་བྱ་བ་རབ་ཏུ་བྱུང་ནས་ཡུན་རིང་པོར་མ་ལོན་པར་བསྙེན་པར་རྫོགས་པའི་དགེ་སློང་མ་ཞིག ཡུལ་དེ་ནས་དཔག་ཚད་ཙམ་འདས་པར་གསེར་གྱི་བྱེ་མ་བརྡལ་བའི་རྒྱ་མཚོའི་གླིང་ཞིག་ཏུ་རྩྭའི་སྤྱིལ་བུ་ཆུང་ངུ་ཞིག་ལ་བརྟེན་ཏེ་གཡོག་མོ་བདེ་བའི་སྙིང་ལྡན་མ་བྱ་བ་དང་ལྷན་ཅིག་ཏུ་རྣལ་འབྱོར་བསྒོམས་ཤིང་གནས་པའི་ཚེ། ནུབ་གཅིག་དགེ་སློང་མའི་རྨི་ལམ་དུ་མི་དཀར་པོ་དྲི་མ་དང་བྲལ་བ་ཞིག་གིས་ཤེལ་གྱི་བུམ་པ་ༀ་ཨཱཿཧཱུྃ་སྭཱ་ཧཱའི་ཡི་གེས་རྒྱས་བཏབ་པ་གཅིག་སྤྱི་བོར་ལན་གསུམ་བཞག་པས་བུམ་པ་དེ་ལས་འོད་འཕྲོས་པས་ཁམས་གསུམ་པོ་གསལ་བར་མཐོང་བ་ཞིག་རྨིས། དེ་ནས་མི་རིང་བར་དགེ་སློང་མ་ལ་རྫོགས་པ་ཆེན་པོ་ལྷ་ཡུལ་དུ་དར་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྤྲུལ་སྐུ་ལྷའི་བུ་སེམས་ལྷག་ཅན་རྒྱལ་བའི་སྲས་སུ་བཙས་སོ། །དགེ་སློང་མ་ཉིད་ཤིན་ཏུ་ངོ་ཚ་ནས་མི་རིགས་པ་ཆེན་པོར་མཐོང་སྟེ། ཕ་མེད་བུ་འདི་འཇིག་རྟེན་འདྲེ་བས་གཞན་ན་སུ། །འཇིག་རྟེན་བདུད་དམ་ཚངས་པ་ལ་སོགས་སམ། །རྒྱལ་པོ་བཙན་ནམ་དམུ་ལ་སོགས་པའི་རིགས། །ཁམས་གསུམ་དག་ན་འདོད་ལྡན་སུ་ཞིག་ཡིན། །གལ་ཏེ་ལྷ་དང་ལྷ་མིན་སྣ་ཚོགས་གཟུགས། །འདི་ལྟར་བྱུང་བའི་དཔེ་ནི་སུས་མཐོང་མེད། །རྒྱལ་ཁམས་ཆོས་མེད་འདི་ནི་སུ་ལ་སྲིད། །ཀྱེ་མ་བདག་ནི་ཁྲིམས་གཙང་འགྲོ་ལས་རྒྱལ་འདོད་པས། །འདི་ནི་ལོག་སྲེད་འགྲོ་བས་དཔྱས་འགྱུར་སྡིག་རེ་ཆེ། །ཞེས་པ་ལ་སོགས་པ་སྨྲེ་ངག་མང་དུ་བཏོན་ནས་གཡོག་མོ་དེས་འདི་ནི་སངས་རྒྱས་རྣམས་ཀྱི་སྲས་ཡིན་པས་དེ་ལྟར་མི་རིགས་སོ་ཞེས་སྨྲས་ཀྱང་མ་ཉན་པར་ཐལ་དོང་དུ་བསྐྱུར། དེའི་ཚེ་སྒྲ་དང་འོད་ལ་སོགས་པའང་བྱུང་བར་གྱུར་ཏོ།།

དེ་ནས་ཞག་གསུམ་སོང་བ་ན་ཅི་ཡང་མ་ཉེས་པར་འདུག་པ་མཐོང་བས་སྤྲུལ་པ་ཡིན་པར་ཤེས་ཏེ་བཀུར་སྟི་ཆེན་པོ་དང་བཅས་པས་སྤྱན་དྲངས་པ་ན་བར་སྣང་ནས་ལྷ་རྣམས་ཀྱིས། མགོན་པོ་སྟོན་པ་བཅོམ་ལྡན་འདས། །རང་བཞིན་སྣང་མཛད་འཇིག་རྟེན་མགོན། །བདག་ཀྱང་རབ་ཏུ་བསྐྱབ་པ་དང༌། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །ཞེས་ཆེད་དུ་རྗོད་པར་བྱེད་ཅིང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཀྱང་མཆོད་པའི་ཡོ་བྱད་དུ་མས་མཆོད་པར་བྱེད་དོ། །ལོ་བདུན་སོང་བ་ན་སྲས་ཀྱིས་ཡུམ་ལ། ཀྱེ་མ་བདག་གིས་པཎྜི་ཏ་རྣམས་ལ་ཆོས་ཀྱི་གཏམ་སྤོབས་པར་འཚལ་ན་ཡུམ་བདག་ལ་ཅི་བདེར་གནང་བ་སྩོལ་ཅིག་ཅེས་གསུངས་པ་ན་ཡུམ་གྱིས་བུ་ཁྱོད་ནི་ཤིན་ཏུ་གཞོན་གྱིས་པཎྜི་ཏ་རྣམས་མཁས་ཤིང་གཞུངས་པས་ཁྱོད་ཀྱིས་ཐུབ་པར་དཀའོ། །ཅིས་ཀྱང་བགྱི་བར་གསོལ་བ་ན། སྔར་སྨོས་པའི་རྒྱལ་པོའི་མཆོད་གནས་སུ་མཁས་པ་ལྔ་བརྒྱ་ཡོད་པ་དེ་དང་ཆོས་ཀྱི་གཏམ་གྱིས་ཤིག དེ་ནས་སྲས་ཀྱིས་ཡུལ་དེ་ཉིད་དུ་བྱོན་ནས་རྒྱལ་པོ་དང་མཇལ་ནས་ལོ་རྒྱུས་སྔ་མ་བཞིན་བསྙད་དོ། །རྒྱལ་པོས་ཀྱང་ཁྱེའུ་འདི་ནི་གཞོན་པས་པཎྜི་ཏ་རྣམས་དང་ཆོས་ཀྱི་གཏམ་འོང་བར་དཀའ་མོད་ཀྱི། འོན་ཀྱང་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་མང་པོ་འདུག་པས་སྤྲུལ་པ་ཡིན་ཡང་སྲིད་སྙམ་ནས་མཆོད་གནས་རྣམས་ལ་ཚུལ་དེ་བཞིན་བསྙད་པས། དེ་རྣམས་གསུང་མ་མཐུན་པ་ལས་མཁྱེན་པ་ཆེ་བ་གཅིག་གིས། ལྟས་ཤིན་ཏུ་བཟང་བ་ཞིག་ཀྱང་བྱུང༌། བྱིས་པ་དེ་ཡར་ཐོང་དང་སྤྲུལ་པ་ཡིན་ཏེ་འོང་གསུངས་ནས་མཇལ་བ་ན། པཎྜི་ཏ་རྣམས་ལ་ཕྱག་མཛད་ཅིང་བགྲོ་གླེང་དང་བརྒལ་བརྟག་གི་རིམ་པ་མང་དུ་མཛད་པས་པཎྜི་ཏ་རྣམས་ཀྱི་སྤོབས་པ་བཅོམ་པས་ཞབས་སྤྱི་བོར་བླངས་ཤིང་བཀུར་སྟི་རྒྱ་ཆེན་པོས་མཆོད་ནས་པྲ་ཛྙཱ་བྷ་བ་ཞེས་མཚན་གསོལ། རྒྱལ་པོའང་ཤིན་ཏུ་ངོ་མཚར་ཞིང་དགའ་བས་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཞེས་བྱ་བར་མཚན་བཏགས། སྔར་ཡུམ་གྱིས་ཐལ་དོང་དུ་བསྐྱུར་ཡང་མ་ཉེས་པ་ལ་ངོ་མཚར་བས་རོ་ལངས་བདེ་བའམ་རོ་ལངས་ཐལ་མདོག་ཏུ་གསོལ། དེ་ནས་བྱང་ཕྱོགས་རི་བོ་ཉི་མ་རབ་ཏུ་སྣང་བྱེད་ཅེས་བྱ་བར་བྲག་རི་ཤིན་ཏུ་འཇིགས་པ་ཡི་དྭགས་ཀྱི་ཚོགས་མངོན་སུམ་དུ་རྒྱུ་བ་ཞིག་གི་སྟེང་དུ་རྩྭའི་སྤྱིལ་བུར་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ། ས་ལན་བདུན་དུ་གཡོས་ཤིང་ནམ་མཁའ་ལས་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་སོ་ཞེས་པའི་སྒྲ་གྲགས་པ་ཐོས་པས་མུ་སྟེགས་ཀྱི་རྒྱལ་པོས་གཤེད་མ་བཏང་ནས་སློབ་དཔོན་བཀྲོང་བར་བརྩམས་པ་ན་ནམ་མཁའི་ལམ་ནས་གཤེགས་པ་མཐོང་བས་རྒྱལ་པོ་འཁོར་བཅས་མཆོག་ཏུ་དད་ནས་སངས་རྒྱས་པའི་བསྟན་པ་ལ་ཞུགས་སོ། །དེ་ནས་ཐེག་པ་ཕྱི་ནང་གི་སྡེ་སྣོད་རྣམས་དང༌། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོ་ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་དེ་རྣམས་རྡོ་རྗེ་སེམས་དཔས་མངོན་སུམ་དུ་ཞལ་བསྟན་ནས་རིག་པ་སྤྱི་བླུགས་ཀྱི་དབང་གིས་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད་པའི་ཚུལ་བསྟན། ཚིག་གི་རྒྱུད་རྣམས་ཡི་གེར་འགོད་པའི་ལུང་བྱིན་ཏེ་རི་མ་ལ་ཡའི་རིན་ཆེན་སྤུངས་པ་རྒྱས་པའི་རྩེ་མོར་སློབ་དཔོན་ཉིད་དང༌། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་འཇིག་རྟེན་བདེ་བའི་རོ་དང་ལྡན་པ་དང༌། བདེ་བྱེད་སེར་མོ། ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གསུམ་གྱིས་ལོ་གསུམ་གྱི་བར་དུ་ཚིག་དང་ཡི་གེ་དཀར་ཆག་ཏུ་བཏབ། རང་བྱུང་རང་བབ་ཀྱི་ཡི་གེ་སྤྲུལ་པའི་སྐུ་དང་བཅས་པ་ཕྱིན་ཅི་མ་ལོག་པར་ལེགས་པར་བཀོད་ནས་མཁའ་འགྲོ་མ་མངོན་པར་འབྱུང་བའི་ཕུག་ཏུ་བཞུགས་སུ་གསོལ། དུས་གཞན་ཞིག་ཏུ་རྡོ་རྗེ་གདན་གྱི་བྱང་ཤར་མཚམས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་དབུས་སུ་མཆོད་རྟེན་ཆེན་པོ་ཡོད་ཅིང་གདུག་པའི་མཁའ་འགྲོ་མ་དང་སེམས་ཅན་རབ་ཏུ་གདུག་པ་དུ་མའི་གནས་སུ་གྱུར་པ་ཞིག་ཏུ་བྱོན་ནས་མཁའ་འགྲོ་མ་ཉི་མའི་འོད་ཟེར་ལ་སོགས་དཔག་ཏུ་མེད་པ་ལ་ཆོས་སྟོན་ཅིང་བཞུགས་པ་ན། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་འཕགས་པ་འཇམ་དཔལ་རྣོན་པོས་ལུང་བསྟན་ཏེ། ཀྱེ་རིགས་ཀྱི་བུ། འབྲས་བུ་ཚེ་གཅིག་ལ་སངས་རྒྱས་པར་འདོད་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག ཅེས་གསུངས་པས། འཇམ་དཔལ་བཤེས་གཉེན་གྱིས་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་སློབ་དཔོན་དགའ་རབ་རྡོ་རྗེ་མཇལ་ཞིང་ལོ་བདུན་ཅུ་རྩ་ལྔའི་བར་དུ་ཆོས་ཉན། གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་པ་བསྩལ་ནས་ཆུ་བོ་དན་ཏིག་བྱ་བར་སློབ་དཔོན་ཆེན་པོ་ཟག་པ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་མཛད་དོ། །དེའི་ཚེ་འཇམ་དཔལ་བཤེས་གཉེན་གྱིས། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང༌། །ཞེས་པ་ལ་སོགས་པའི་གདུང་ཚིག་ལན་གསུམ་བཏོན་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སློབ་དཔོན་གྱིས་སྐུ་མངོན་སུམ་དུ་སྣང་བར་མཛད་དེ་གསེར་གྱི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་ཏུ་བབས་པས་ཚིག་གསུམ་གནད་དུ་བརྡེག་པའི་འདས་རྗེས་ཀྱི་གདམས་པ་བཞག་གོ།

དེ་ནས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གྲངས་ལས་རྫོགས་པ་ཆེན་པོ་སྡེ་གསུམ་དུ་ཕྱེས་ཏེ། སེམས་གནས་རྣམས་ལ་སེམས་ཀྱི་སྡེ། །བྱ་བྲལ་རྣམས་ལ་ཀློང་གི་སྡེ། །གནད་གཙོ་བ་ལ་མན་ངག་སྡེ། །དེ་ལས་ཀྱང་ཁྱད་པར་དུ་བསྡུས་པ་ཐིག་ལེ་རང་གནད་དུ་དབབ་པ་འདི་ལས་སྙན་བརྒྱུད་དང་བཤད་རྒྱུད་གཉིས་སུ་ཕྱེས་ནས་སྙན་བརྒྱུད་རྣམས་མཆན་དུ་བཏབ། བཤད་རྒྱུད་སྙིང་ཐིག་གི་བཀའ་རྣམས་རེ་ཞིག་གཏད་པའི་སྣོད་མ་རྙེད་ནས་རྡོ་རྗེ་གདན་གྱི་བྱང་ཤར་ཕ་ཝང་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་པའི་འོག་ཏུ་སྦས་ཏེ་མི་སྣང་བར་བྱས། སློབ་དཔོན་ཉིད་རྡོ་རྗེ་གདན་གྱི་ནུབ་ཕྱོགས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་གཤེགས་ཤིང༌། དེར་མི་སྡུག་པའི་མཁའ་འགྲོ་མ་རྣམས་དང་སེམས་ཅན་དཔག་ཏུ་མེད་པ་དང་སྤྱོད་པ་ལ་གནས་པའི་སྒྲུབ་པ་པོ་ཡང་མང་དུ་རྒྱུ་བ་རྣམས་ལ་ཆོས་སྟོན་ཅིང་ལོ་བརྒྱ་རྩ་དགུའི་བར་ཏིང་ངེ་འཛིན་ལ་བཞུགས་སོ། །སློབ་དཔོན་འདིའི་སློབ་མ་ནི་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཡིན་ཞིང༌། ཐོག་མར་སློབ་དཔོན་ཛ་ལན་དྷ་རི་པ་དང༌། ཨོ་རྒྱན་གྱི་སློབ་དཔོན་སྒེག་པ་རྡོ་རྗེ་དང༌། རྣལ་འབྱོར་མ་གུ་ནི་རུ་སོགས་བླ་མ་མང་པོ་བསྟེན་ནས་གསང་སྔགས་ཀྱི་ཚུལ་རྣམས་མང་དུ་གསན། ཡོ་བྱད་རྣམས་རྨུགས་འཛིན་དང་ནོར་རྒྱུན་མས་སྦྱར། ལན་གཅིག་ཀོང་ཀ་ནའི་སློབ་དཔོན་པཱ་ལི་ཏ་པ་པཱ་ད་ལོ་དགུའི་བར་བསྟེན་ཞིང་འདུས་པའི་རྒྱུད་ཚར་བཅོ་བརྒྱད་མཉན་ཀྱང་དེ་ཁོ་ན་ཉིད་མ་རྟོོགས་པར་བླ་མ་ལ་ཞུས་པས། དེ་ནི་ཁོ་བོས་ཀྱང་མ་རྟོགས་སོ་གསུངས། དེ་ནས་རྡོ་རྗེ་གདན་གྱི་རྒྱབ་ཀུ་པའི་ཚལ་ཞེས་བྱ་བར་བསྙེན་སྒྲུབ་ཡན་ལག་བཞི་སྤོག་ཆོག་དང་བཅས་པས་ཟླ་བ་བཅུ་གཉིས། དྲག་ཤུལ་སྤྱོད་པ་ཟླ་བ་དྲུག་སྟེ་བཅོ་བརྒྱད་དུ་བསྒྲུབས་པས། དེ་ཁོ་ན་ཉིད་རྟོགས་པར་འདོད་ན་འཕགས་པ་འཇམ་དཔལ་ལ་དྲིས་ཤིག་ཅེས་ལུང་བསྟན་བྱུང་བས། འོ་ན་འཇམ་དཔལ་རི་བོ་རྩེ་ལྔར་བཞུགས་པས་དེར་འགྲོ་དགོས་དགོངས་ཏེ་དེ་ཕྱོགས་སུ་སོང་སོང་བ་ན། ཉི་མ་ཕྱེད་ཙམ་ན་ཁང་པ་དཀར་ཙག་ཙག་ཞིག་གི་འགྲམ་དུ་འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་རྒན་པོ་ཆོས་གོས་ཀྱི་ཐོད་བྱས་པ་བུད་མེད་ངན་ངོན་གཅིག་དང་ལྷན་ཅིག་ཞིང་རྨོ་བར་གཟིགས་པས་ཅུང་ཟད་མ་དད། དེའི་འགྲམ་ཞིག་ཏུ་ཁྱི་མོ་དཀར་མོ་ངན་པ་ཞིག་ཀྱང་ཉལ་ནས་འདུག དེར་ཟས་ཀྱི་དུས་ལ་བབས་པས་བསོད་སྙོམས་ཞིག་སློང་བ་ལ། ཡུར་བ་ནས་ཉ་ཞིག་བཟུང་སྟེ་ཁྱི་མོ་ལ་བྱིན། དེས་སྐྱུགས་པ་སློབ་དཔོན་ལ་དྲངས་པ་རྣམ་པར་རྟོག་པས་མ་བླངས་པས། ཁྱིམ་བཙུན་ན་རེ། འཛམ་བུ་གླིང་པ་རྣམ་རྟོག་ཆེ། ཟས་བཟང་པོ་དྲངས་གསུངས་ཏེ་གཞན་ཞིག་ཏུ་སོང༌། དེར་བུད་མེད་དེས་འབྲས་ཆན་དང་ཞོ་དྲངས་པ་གསོལ་ནས་འགྲོ་བར་བརྩམས་པས། དེ་རིང་ཉི་མ་ཕྱིས་པས་གྲོང་དུ་མི་སླེབས། སང་ཉིན་སོང་ཟེར་བ་བཞིན་བཞུགས་ཏེ་གསང་འདུས་ཀྱི་རྒྱུད་བཀླགས་པས། སློབ་དཔོན་རང་ཉིད་ཐེ་ཚོམ་ཟ་བའི་གནས་གར་ཡོད་ཀྱི་ཐད་དེར་བུད་མེད་དེས་ཀྱང་མི་དགའ་བའི་རྣམ་འགྱུར་རེ་བྱས་པས། འདིས་གཞན་སེམས་ཤེས་པར་འདུག་དགོངས་ཏེ་ཐེ་ཚོམ་བསལ་བར་ཞུས་པས། ངས་མི་ཤེས། ད་ཅིའི་ཁྱིམ་བཙུན་དེ་འདུས་པ་ལ་ཤིན་ཏུ་མཁས། ཕྱི་དྲོ་ཙ་ན་སླེབ་འོང་བས་དེ་ལ་ཐེ་ཚོམ་ཆོད་ཟེར་བ་ལྟར་ཕྱི་དྲོ་ཙ་ན་ཁྱིམ་བཙུན་ཆང་གིས་བཟི་ནས་གོམ་པ་འཁྱོར་ཞིང་བྱུང་བས། དེར་སྔགས་ཀྱི་སྤྱོད་པ་ཅན་དུ་ཤེས་ཏེ་ཞབས་ལ་ཕྱག་འཚལ་ནས་ཐེ་ཚོམ་གཅོད་པར་ཞུས་པས། དབང་བསྐུར་དགོས་གསུངས། གཞན་ནས་ཐོབ་ཞུས་པས། ངའི་ཆོས་སྟོན་པ་ལ་ང་རང་གིས་དབང་བསྐུར་དགོས་གསུངས་ནས་ཁང་པ་ཞིག་ཏུ་སོང༌། སྲོད་ཀྱི་དུས་སུ་སློབ་དཔོན་ནང་དུ་བོས་པ་ལ། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་སྤྲུལ་པའི་དྲུང་ན་ཁྱིམ་བཙུན་བུད་མེད་ཁྱི་མོ་དང་བཅས་པ་སྣང་སྟེ་དབང་སུ་ལ་ལེན་གསུངས་པས། དཀྱིལ་འཁོར་ལ་འཚལ་ལོ་ཞུས་པས། འོ་ན་ལོངས་ཤིག་གསུངས་ཏེ་གསུམ་ཀ་ཁང་པ་གཞན་ཞིག་ཏུ་སོང་ལ་དཀྱིལ་འཁོར་ཡང་མི་སྣང་བར་གྱུར། དེར་སློབ་དཔོན་ཐུགས་སྐྱོ་སྟེ། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་གཅིག་ལ་སོགས་གདུང་བའི་ཡུས་ཀྱིས་གསོལ་བ་བཏབ་པས། སླར་ཡང་སྔར་བཞིན་དཀྱིལ་འཁོར་སྤྲུལ་ཏེ་དབང་བསྐུར། རྫོགས་པ་ཆེན་པོ་སེམས་སྡེའི་མན་ངག་བཤད་པས་རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར། འཇམ་དཔལ་ཞལ་ལུང་ཞེས་རིམ་པ་གཉིས་ཀྱི་དེ་ཁོ་ན་བསྒོམ་པ་འདི་ཉིད་སློབ་དཔོན་གྱིས་སྡུད་པའི་ཚུལ་མཛད་པ་ཡིན། དེར་ཆོས་ཐམས་ཅད་ཀྱི་གཏིང་སླེབས། ཐོག་མར་ཁྱིས་སྐྱུགས་པའི་ཟས་དང་ཁྱིམ་བཙུན་གྱི་སྤྱོད་པ་སོགས་ལ་མ་དད་པའི་རྟེན་འབྲེལ་གྱིས་སྐུ་ལུས་དེ་ཉིད་ཀྱིས་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་བར་དོར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པ་ཡིན་ཞེས་གྲགས། སླར་སྲུང་བའི་ཞབས་ཀྱིས་ཀྱང་སློབ་དཔོན་འདི་ལས་གདམས་པ་ཞུས་པས་གྲུབ་པ་ཐོབ་བོ། །བསྟན་བཅོས་ཀྱང་གྲོལ་བའི་ཐིག་ལེ་དང༌། སྒྲུབ་ཐབས་ཀུན་བཟང་སོགས་ཤིན་ཏུ་མང་བར་མཛད། སློབ་དཔོན་འདིའི་རྫོགས་རིམ་གྱི་མན་ངག་སྔོན་ཆད་བོད་དུ་འགྱུར་བ་རྣམས་སེམས་སྡེ་ཁོ་ནའི་གྲུབ་མཐའ་གཙང་སིང་ངེ་བར་གནས་ཤིང༌། རྒྱུ་མཚན་དེས་རྗེས་འབྲངས་སློབ་མའི་ཚོགས་དང་བཅས་པའང་རྫོགས་པ་ཆེན་པོའི་བརྒྱུད་པར་དོན་གྱིས་འགྲོ་ལ། འགའ་ཞིག་གིས་སློབ་དཔོན་ཤྲཱི་སེདྷ་ཡང་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་སུ་འདོད་པ་ཐོས་ཤིང་ལོ་རྒྱུས་ཀྱི་བབ་འགར་བརྟག་ན་དེ་ལྟར་ཡིན་དུ་རུང་སྙམ་པའང་འདུག་གོ།

དུས་དེ་ཙམ་ན་རྒྱ་ནག་པོའི་ཡུལ་གྲོང་ཁྱེར་ཤོ་ཁྱམ་ཞེས་བྱ་བར་ཁྱིམ་བདག་དགེ་བའི་ཡིད་ཅན་དང་བུད་མེད་སྣང་བ་གསལ་བ་རབ་ཏུ་མཁྱེན་མ་ཞེས་པ་གཉིས་ཀྱི་སྲས་སློབ་དཔོན་ཤྲཱི་སེངྷ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཞིག ལོ་བཅོ་ལྔ་ལོན་པའི་ཚེ་སློབ་དཔོན་ཧ་རི་བྷ་ལ་ལས་སྒྲ་ཚད་སོགས་ཐུན་མོང་གི་རིག་པ་རྣམས་ལོ་གསུམ་དུ་མཉན་ནས་མཁས་པ་ཆེན་པོར་གྱུར་པའི་སྐབས་ཤིག་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་བྱ་བར་འགྲོ་བའི་ལམ་བར་དུ་འཕགས་པ་སྤྱན་རས་གཟིགས་ནམ་མཁར་བྱོན་ནས། སྐལ་ལྡན་འབྲས་བུ་ངེས་པར་འདོད་ན་རྒྱ་གར་གྱི་དུར་ཁྲོད་སོ་ས་གླིང་དུ་སོང་ཞིག ཅེས་ལུང་བསྟན་པས་སློབ་དཔོན་ཉིད་ཡིད་ཚིམས་པར་གྱུར་ཏེ། ད་དུང་འབྲས་བུ་བླ་ན་མེད་པ་དེ་ཉིད་གོ་སླ་བའི་ཕྱིར་གསང་སྔགས་ཀྱི་རྒྱུད་གཞན་ལའང་མཁས་པར་བྱ་སྙམ་དུ་དགོངས་ཏེ་རི་བོ་རྩེ་ལྔར་གདོལ་པའི་རིགས་ཀྱི་སློབ་དཔོན་བྷེ་ལ་ཀིརྟིར་སྔགས་ཕྱི་ནང་གི་ཆོས་རྣམས་མ་ལུས་པར་གསན་ཅིང་ཉམས་འོག་ཏུ་ཆུད་པར་མཛད། རབ་ཏུ་བྱུང་ནས་དགེ་སློང་སྡེ་སྣོད་འཛིན་པ་མཛད་ཅིང་ལོ་སུམ་ཅུའི་བར་དུ་འདུལ་ཁྲིམས་ཀྱི་བརྟུལ་ཞུགས་སུ་གནས། སླར་ཡང་འཕགས་པའི་ལུང་གིས་སྔོན་བཞིན་བསྐུལ་བས་རྒྱ་གར་དུ་བགྲོད་པའི་ལམ་ལ་དཀའ་བ་མེད་པའི་རྫུ་འཕྲུལ་ཞིག་བསྒྲུབ་པར་བྱ་དགོངས་ཏེ་ལོ་གསུམ་དུ་སྒྲུབ་པ་མཛད་པས་རིག་པ་འཛིན་པའི་སྐུར་གྱུར། དེ་ནས་ཞབས་ས་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་མཇལ་ཞིང་བླ་མའི་བྱ་བ་རྣམས་བྱས། རྗེས་སུ་བཟུང་བར་གསོལ་བ་བཏབ་པས་བླ་མས་ཀྱང་དགྱེས་བཞིན་དུ་གནང༌། ལོ་ཉེར་ལྔའི་བར་ལ་གདམས་པ་དང་རྗེས་སུ་གདམས་པ་རྣམས་བསྩལ་བའི་འོག་ཏུ་སློབ་དཔོན་ཆེན་པོ་ཉིད་སྐུ་འོད་ཕུང་དུ་ཡལ། དེའི་ཚེ་ཤྲཱི་སེངྷས་སྨྲེ་སྔགས་ཀྱི་གདུང་དབྱངས་བཏོན་པས་ནམ་མཁའ་ནས་སློབ་དཔོན་གྱིས་སྐུ་དངོས་སུ་བསྟན་ཏེ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་ཏུ་གཏད་པར་སྒོམ་ཉམས་དྲུག་པ་ཞེས་བྱ་བའི་འདས་རྗེས་བབས་པས་སློབ་དཔོན་ཉིད་དོན་གྱི་གདིང་དང་ལྡན་པར་གྱུར་ཏོ།།

དེའི་འོག་ཏུ་རྒྱ་གར་ནུབ་ཕྱོགས་གསེར་གྱིས་བརྒྱན་པའི་གླིང་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་བརྫུས་ཏེ་སྐྱེས་པ་ལ་འཇམ་དཔལ་བཤེས་གཉེན་ཕྱི་མར་གྲགས་ལ། དེས་སློབ་དཔོན་པདྨ་འབྱུང་གནས་ལ་སྔགས་ཕྱི་ནང་ཐམས་ཅད་གསུངས་ཤིང༌། སློབ་དཔོན་ཨཱརྱ་དེ་བ་ལའང་རྫོགས་པ་ཆེན་པོ་བསྟན་པས་ཟག་བཅས་མི་སྣང་བར་གྱུར་སྐད། དེ་ནས་སློབ་དཔོན་ཤྲཱི་སེངྷས་རྡོ་རྗེ་གདན་གྱི་འོག་ནས་སྔར་སྦས་པའི་རྒྱུད་རྣམས་བཏོན་ཏེ་རྒྱ་ནག་ཏུ་བྱོན་ཅིང་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པ་བཞིར་ཕྱེས་ཏེ་སྐོར་སྔ་མ་གསུམ་སྤྲོས་བཅས་ཀྱི་དོན་དུ་བསྡེབས་ནས་བྱང་ཆུབ་ཤིང་གི་ལྷ་ཁང་བྱ་འདབས་སུ་གཏེར་དུ་སྦས། གསང་བ་བླ་ན་མེད་པའི་སྐོར་མཁའ་འགྲོས་ལུང་བསྟན་པ་ལྟར་བཀྲ་ཤིས་ཁྲི་སྒོའི་ཀ་བར་སྨོན་ལམ་གྱིས་རྒྱས་བཏབ་ཏེ་སྦས། སློབ་དཔོན་ཉིད་བསིལ་བྱིན་ཞེས་པའི་དུར་ཁྲོད་ཆེན་པོར་གདུག་པའི་མི་མ་ཡིན་རྣམས་ཀྱི་བཀུར་སྟི་དང་བཅས་ཏིང་ངེ་འཛིན་ལ་བཞུགས་སོ།།

དེའི་ཚེ་འཕགས་ཡུལ་ནུབ་ཕྱོགས་གླང་པོའི་སྒང་ཞེས་བྱ་བར་ཡབ་ཁྱིམ་བདག་བདེ་ལྡན་འཁོར་ལོ་དང་ཡུམ་བདག་ཉིད་གསལ་རིགས་མའི་སྲས་བི་མ་ལ་མི་ཏྲ་ཞེས་པ་དང༌། ཤར་ཕྱོགས་ཀ་མ་ལ་ཤཱི་ལའི་ཤར་གྱི་གྲོང་ཁྱེར་དུ་ཡབ་གདོལ་པ་ཞི་བའི་ལག་པ་དང༌། ཡུམ་དགེ་བའི་སེམས་ཅན་མ་གཉིས་ཀྱི་སྲས་ཡེ་ཤེས་མདོ་ཞེས་བྱ་བ་གཉིས་ཤིག་བཞུགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ནས། ཀྱེ་རིགས་ཀྱི་བུ་གཉིས། ཁྱོད་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་ལུས་བླངས་ཤིང་དམ་པའི་ཆོས་སྤྱད་ཀྱང་འབྲས་བུ་སྔར་ཡང་མ་ཐོབ། ད་ཡང་མི་འཐོབ་པས་ཚེ་འདི་ཉིད་ཀྱིས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་འདོད་ན་རྒྱ་ནག་པོའི་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང་དུ་སོང་ཞིག་ཅེས་ལུང་བསྟན་པས་བི་མ་ལ་མི་ཏྲས་དེ་ཉིད་དུ་ལྷུང་བཟེད་བླངས་ཏེ་བྱོན་པས་སློབ་དཔོན་ཤྲཱི་སེངྷ་མཇལ་ཞིང་ལོ་ཉི་ཤུའི་བར་ལ་སྙན་བརྒྱུད་ཕྱི་ནང་གསང་གསུམ་གྱི་གདམས་པ་མ་ལུས་པར་བསྩལ་མོད་ཀྱི། འོན་ཀྱང་དེ་དག་གི་དཔེ་ནི་མ་གནང་ངོ༌། །དེར་བི་མ་ལ་ཐུགས་ཚིམས་ཏེ་སླར་རྒྱ་གར་དུ་བྱོན་ནས་ཛྙཱ་ན་སཱུ་ཏྲ་ལ་ཇི་ལྟར་གྱུར་པ་རྣམས་བསྙད་པས། ཁོང་ཉིད་ཀྱང་འབད་རྩོལ་ཆེན་པོས་རྒྱ་ནག་ཏུ་བྱོན་ནས་མཁའ་འགྲོས་ལུང་བསྟན་པ་བཞིན་དུར་ཁྲོད་ཆེན་པོ་བསིལ་བྱིན་དུ་སློབ་དཔོན་དང་མཇལ། ལོ་གསུམ་གྱི་བར་བླ་མའི་བྱ་བ་ཅི་རིགས་པས་མཉེས་པར་མཛད་ཅིང་མཐར་གསེར་གྱི་མཎྜལ་ཕུལ་ནས་གདམས་པ་གནང་བར་ཞུས་པས་ལོ་དགུའི་བར་དུ་སྙན་བརྒྱུད་ཀྱི་གདམས་པ་དཔེ་དང་བཅས་པ་གནང༌། དེ་ཙམ་གྱིས་ཐུགས་ཚིམས་ཏེ་འབྱོན་པར་བརྩམས་པ་ན། སློབ་དཔོན་གྱིས་རབ་ཏུ་ཚིམ་མམ་གསུངས་པས་ཚིམ་མོ་ཞུས་པ་ན། བླ་མས་གཏད་པ་མེད་དོ། །གསུངས་པས་ཛྙཱ་ན་སུ་ཏྲ་རྟོག་པ་སྐྱེས་ཏེ་ད་དུང་རབ་ཏུ་ཟབ་པའི་གདམས་པ་གནང་བར་ཞུས་པས། འདི་ལ་དབང་བསྐུར་ཐོབ་དགོས་གསུངས་ཏེ་ཕྱི་སྤྲོས་བཅས་ཀྱི་དབང་རྫོགས་པར་གནང་ནས་གསང་བ་བླ་ན་མེད་པའི་མན་ངག་རྣམས་ལོ་གསུམ་གྱི་བར་དུ་གནང༌། དེ་ནས་ཉམས་སུ་བླང་བར་ཞུས་པས། སྤྲོས་མེད་ཀྱི་དབང་རྫོགས་པར་གནང་ཞིང་རི་བོ་ཀོ་ས་ལའི་རྩེ་མོར་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་མཛད་ཅིང༌། རབ་ཏུ་སྤྲོས་མེད་ཀྱི་དབང་དང་རིམ་པས་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཡང་རྫོགས་པར་གནང༌།

དེ་ནས་ལོ་བཅུ་དྲུག་ཏུ་ཉམས་སུ་བླངས་པས་བསྒོམས། སློབ་དཔོན་ནི་ཁྱད་པར་གྱི་སྤྱོད་པ་སྣ་ཚོགས་པས་གནས་ཤིང་དུས་གཞན་ཞིག་ཏུ་ལི་ཡུལ་གྱི་རྒྱལ་པོས་སྤྱན་དྲངས་ནས་དེར་བཞུད་པའི་ཞག་བདུན་ན་སྒྲ་དང་ལྟས་ཆེན་པོ་བྱུང་བས། ཡེ་ཤེས་མདོས་སྟེང་གི་ནམ་མཁའ་ལ་སློབ་དཔོན་བཞུགས་པ་མཐོང་བས་སྐུ་མྱ་ངན་ལས་འདས་པར་ཤེས་ཏེ་སྨྲེ་སྔགས་ཀྱི་གདུང་ཚིག་བཏོན་པས། གཟེར་བུ་བདུན་པའི་ཞལ་ཆེམས་ཕྱག་ཏུ་བབས་པ་དང༌། སྙིང་ཐིག་གསང་བའི་མན་ངག་གི་དཔེ་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ནང་ན་ཡོད་པས་དེ་ལོངས་ལ་དུར་ཁྲོད་བྷ་སིང་དུ་སོང་ཞིག ཅེས་ལུང་བསྟན་པའང་ཐོས། དེར་ཛྙཱ་ན་སཱུ་ཏྲས་གསང་བའི་དཔེ་རྣམས་བཏོན་ནས་རྒྱ་གར་གྱི་དུར་ཁྲོད་བྷ་སིང་དུ་བྱོན་ཅིང་དེར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དང༌། མཁའ་འགྲོ་མ་རྣམས་ལ་གསང་བ་སྙིང་ཐིག་གི་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ་བཞུགས་པ་ལ། དེའི་ཚེ་བི་མ་ལ་སྤྱོད་པ་ལ་གནས་པར་མཁའ་འགྲོའི་ལུང་གིས། ཀྱེ་སྐལ་ལྡན། སྔར་བས་ཟབ་པའི་སྙིང་ཐིག་གི་གདམས་པ་བཞེད་ན་དུར་ཁྲོད་ཆེན་པོ་བྷ་སིང་གི་ནགས་སུ་སོང་ཞིག ཅེས་ལུང་བསྟན་པ་བཞིན་དེ་ཉིད་དུ་བྱོན་པས་ཛྙཱ་ན་སཱུ་ཏྲ་དང་མཇལ་ཞིང་ཆེས་ཟབ་པའི་གདམས་པས་རྗེས་སུ་བཟུང་བར་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཆོ་འཕྲུལ་སྣ་ཚོགས་པ་སྣང་བར་མཛད་ཅིང་སྤྲོས་བཅས་དང་སྤྲོས་མེད་ཀྱི་དབང་རྣམས་བསྐུར། རི་བོ་སྣང་བྱེད་ཀྱི་རྩེ་མོར་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་དབང་རྫོགས་པར་མཛད་པས་ཐུན་མོང་མ་ཡིན་པའི་རྟོགས་པ་འཁྲུངས། ཤངས་ཀྱི་རྩེ་མོར་ཡི་གེ་ཨ་དཀར་པོ་ཟག་ལ་ཁད་པ་གཅིག་ཀྱང་བྱུང༌། དེ་ནས་རབ་ཏུ་སྤྲོས་མེད་ཀྱི་དབང་རྫོགས་པར་གནང་བས་སེམས་ཀྱི་དེ་ཉིད་རྗེན་པར་མཐོང༌། དབང་དེ་དག་གི་རིམ་པ་བཞིན་རྫོགས་པ་ཆེན་པོ་སྐོར་བཞིའི་གདམས་པ་དཔེ་དང་བཅས་པ་མ་ལུས་པར་གནང༌། ལོ་བཅུའི་བར་ལ་ཞུན་འཐར་བཅད་ཅིང་དེའི་འོག་ཏུ་ཛྙཱ་ན་སཱུ་ཏྲ་ཉིད་འོད་ཕུང་དུ་ཡལ་བར་བི་མ་ལས་སྨྲེ་སྔགས་དང་གདུང་དབྱངས་བཏོན་པས། སླར་ཡང་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་རིན་པོ་ཆེའི་ཟ་མ་ཏོག་རིན་ཆེན་སྣ་ལྔས་རྒྱས་བཏབ་པ་གཅིག་བསྩལ་བ་ཕྱག་ཏུ་བབས་པ་ལས་བཞག་ཐབས་བཞི་པ་ཞེས་པའི་འདས་རྗེས་ཐོབ་པས་ཚིག་ལ་ལྷག་ཆད་མེད་ཅིང་དོན་ལ་འཁྲུལ་པ་མེད་པའི་གདིང་ཐོབ་པར་གྱུར་ཏོ། །དེ་ནས་སློབ་དཔོན་བི་མ་ལ་ཤར་ཕྱོགས་ཀ་མ་རུའི་གྲོང་ཁྱེར་དུ་རྒྱལ་པོ་སེང་གེ་བཟང་པོའི་བླ་མཆོད་དུ་ལོ་ཉི་ཤུར་བཞུགས་ཤིང༌། དེ་རྗེས་ནུབ་ཕྱོགས་སུ་གྲོང་ཁྱེར་བྷིརྱ་ཞེས་པར་རྒྱལ་པོ་དྷརྨ་པཱ་ལའི་མཆོད་གནས་ཀྱང་མཛད། དེའི་འོག་ཏུ་རབ་ཏུ་སྣང་བྱེད་ཅེས་པའི་དུར་ཁྲོད་ཆེན་པོར་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་ཅིང་གདུག་པའི་ཚོགས་ལ་ཆོས་སྟོན་ཅིང་བཞུགས། གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས། ཚར་གཅིག་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བརྡལ་བའི་གླིང་དུ་སྦས། ཚར་གཅིག་ཁ་ཆེའི་ཡུལ་གསེར་གླིང་ཞེས་པའི་བྲག་སྐྱིབས་སུ་སྦས། ཚར་གཅིག་དུར་ཁྲོད་དེར་མཁའ་འགྲོ་མ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས་སོ། །སློབ་དཔོན་ཉིད་ཀྱིས་མཐར་འཕོ་བ་ཆེན་པོའི་སྐུ་གྲུབ་པས་འཕགས་ཡུལ་དུ་ཅི་རིགས་པར་བཞུགས་ཤིང་བོད་དུ་བྱོན་པ་ནི་འོག་ཏུ་འཆད་པར་འགྱུར་རོ།།

སྤྱིར་འཕགས་པའི་ཡུལ་གྱི་གསང་སྔགས་སྤྱོད་པ་རྣམས་གསང་བ་བསྲུང་བ་ལ་བློ་ཤིན་ཏུ་བརྟན་པས་དངོས་གྲུབ་མ་ཐོབ་ཀྱི་བར་གསང་སྔགས་སྤྱོད་པ་གཞན་གྱིས་མི་ཤེས་ཤིང༌། གང་གི་ཚེ་ཆོ་འཕྲུལ་ཆེན་པོ་དང་བཅས་མི་སྣང་བར་གྱུར་པའམ་ནུས་པ་ཁྱད་པར་ཅན་བསྟན་པ་ན། ཨ་ལ་ལ་ཧོ། དེ་ནི་སྔགས་ཀྱི་སྤྱོད་པ་ཅན་ནོ། །ཞེས་སླད་ཀྱིས་ཤེས་པར་འགྱུར་བ་འབའ་ཞིག་ཡིན་ལ། རྒྱུ་དེས་སྔགས་ཉམས་སུ་བླངས་པ་ཐམས་ཅད་ལ་ཐ་ན་དངོས་གྲུབ་སྣ་རེ་མ་ཐོབ་པ་མེད་ཅིང༌། དེའང་བྱ་སྤྱོད་ཀྱི་རྒྱུད་རྣམས་སྔོན་དུ་དར་ཆེ་བ་ཙམ་ཡིན་ཡང་མངོན་མཚན་དུ་སྤྱོད་པ་མེད། ཕྱིས་སུ་བླ་མེད་རྣམས་དར་བ་ནས་དེ་དག་རིམ་གྱིས་ནུབ་པ་ལྟར་གྱུར་ཅིང༌། བླ་མེད་ཀྱི་རྒྱུད་རྣམས་སྔར་ནས་གཏན་མེད་པ་མ་ཡིན་ཡང་སྐལ་བ་དང་ལྡན་པ་རེ་གཉིས་ཙམ་གྱིས་ཅུང་ཟད་རེ་ཉམས་སུ་བླངས་ཏེ་ཐམས་ཅད་ཀྱང་མོད་ལ་མི་སྣང་བར་གྱུར་པ་ཤ་སྟག་བྱུང་བས། བརྒྱུད་ནས་རིམ་པར་འདོམས་པ་དང་རྗེས་སུ་གདམས་པ་བཞག་པ་ནི་མེད་དོ།།

དེ་ནས་རྒྱལ་པོ་ཛའམ་ཨིནྡྲ་བྷུ་ཏི་བར་པའི་སྐབས་ཙམ་དུ་གྲུབ་པའི་སློབ་དཔོན་ཆེས་ཆེ་བ་རྣམས་ཀྱིས་ཨོ་རྒྱན་གྱི་གནས་དྷུ་མ་སྠི་ར་ལ་སོགས་པ་རྣམས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་དང་བཀའ་བགྲོས་ཏེ། རྒྱུད་ལ་ལ་ཚང་མ་དང༌། ལ་ལའི་དོན་བསྡུས་པ་དང༌། འགའ་ཞིག་ལས་རྟོགས་པ་ཁོལ་བཏོན་ཙམ་རེ་སྤྱན་དྲངས་ཤིང༌། སྣོད་ལྡན་རེ་རེ་ཙམ་ལ་གསང་ནས་བཤད་པས་བླ་མེད་ཀྱི་ལམ་རྣམས་ཆེས་ཆེར་དར་བ་ལྟར་གྱུར་ནས་གྲུབ་པའི་སྐྱེས་བུ་ཕྱོགས་ཐམས་ཅད་ནས་མང་པོ་ཞིག་དུས་སྐབས་དེར་བྱུང་ཡང༌། ཐུན་མོང་དུ་སྤྱོད་པ་ནི་ག་ལ་ཡིན། སྔགས་ཀྱི་གླེགས་བམ་དང་བསྟན་བཅོས་རྣམས་ཀྱང་ཐུན་མོང་གི་གཞུང་ལྟར་ཡོངས་ཁྱབ་ཏུ་ཡོད་པ་མ་ཡིན་ཏེ། དཔེར་ན་ཀླུ་སྒྲུབ་ཀྱི་སྔགས་གཞུང་རྣམས་སློབ་དཔོན་ཉིད་སློབ་མའི་ཚོགས་དང་བཅས་པ་འདས་ནས་ཡུན་རིང་ལོན་པའི་དུས་ཕྱིས་ཤིག་ཀོངྐ་ནའི་བསྲུང་བའི་ཞབས་ཀྱིས་སྒྲོན་གསལ་གྱི་གླེགས་བམ་རྙེད། མ་ཏཾ་གི་པས་འཕགས་པ་ལྷའི་ཡེ་ཤེས་ཀྱི་སྐུ་མཇལ་བ་སོགས་ལས་འཕགས་སྐོར་གྱི་འདུས་པ་དར་བའི་མགོ་བརྩམས་པ་བཞིན་ནོ། །དེ་བཞིན་དུ་ཤིན་ཏུ་གསང་བ་རྫོགས་པ་ཆེན་པོའི་སྐོར་རྣམས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་བསྟན་པ་ནས་བཟུང་སྐལ་བ་མཆོག་དང་ལྡན་པའི་སློབ་དཔོན་དེ་དག་ལ་ཞལ་ནས་སྙན་དུ་ཆིག་བརྒྱུད་མ་གཏོགས་གླེགས་བམ་བསྟན་པའང་མེད་དེ་སློབ་དཔོན་རེ་རེའི་མཚམས་སུ་དཔེ་རྣམས་མི་སྣང་བར་སྦས་པའི་ཕྱིར་རོ། །ཤིན་ཏུ་ཟབ་པའི་མན་ངག་རྣམས་ནི་འདས་རྗེས་ཞལ་ཆེམས་ཀྱི་ཚུལ་དུ་བཞག་པ་ཁོ་ན་ལས་ཐུན་མོང་དུ་ཕྱོགས་ཙམ་ཡང་མ་གྲགས་པས། སྔོན་གྱི་རྒྱུད་སྡེ་སངས་རྒྱས་ཐོད་པ་དང༌། འཕགས་སྐོར་རྣམས་དང༌། རྫོགས་པ་ཆེན་པོ་ལ་སོགས་པ་རྣམས་བརྒྱུད་ཐག་ཉེ་མོར་འབྱུང་བའི་རྒྱུ་མཚན་ཡང་དེ་ཡིན་ལ། གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་པ་ནི་རྡོ་རྗེ་འཆང་ཉིད་ཀྱི་སྤྱོད་ཡུལ་ལས་གཞན་དུ་མ་གྱུར་ཅིང༌། དེ་ལ་ཆ་ཤས་ཙམ་ཞིག་མི་དང་མི་མ་ཡིན་པའི་གནས་རྣམས་སུ་བྱུང་ལ། དེ་ལས་མི་ཡི་ཡུལ་དུ་བྱུང་བ་ནི་ཉུང་ངུ་ཙམ་ཞིག་ཡིན་པར་མངོན་ཏེ། དེ་དག་ཀྱང་ཕལ་མོ་ཆེ་ཨོ་རྒྱན་ནས་འཕགས་ཡུལ་དུ་ཕེབས་པ་མང་ཞིང༌། དེང་སང་ནི་ཡུལ་དེའི་མཐིལ་དྷུ་མ་སྠི་ར་སྟེ་འདུ་བའི་གནས་ཞེས་བྱ་བར་གྲོང་ཁྱེར་ཆུང་ངུ་ཞིག་ཡོད་ལ། རྒྱལ་པོ་ཨིནྡྲ་བྷུ་ཏིའི་ཕོ་བྲང་སོགས་ནི་ཤུལ་ཙམ་ལས་མེད། ཡུལ་དེ་ཀླ་ཀློས་དབང་བྱེད་པ་ལས་ཕྱི་ནང་གི་གྲུབ་མཐའ་འཛིན་པ་ནི་སུ་ཡང་མེད། བུད་མེད་རྣམས་ནི་སྔོན་གྱི་མཁའ་འགྲོ་མའི་རིགས་སུ་ཡོད་པས་ལྟ་སྟངས་དང༌། ཅི་རིགས་པར་རིགས་སྔགས་གྲུབ་པས་ལུས་གཞན་དུ་སྒྱུར་བ་དང༌། ལས་ཕྲན་ཚེགས་ལ་དབང་བྱེད་པ་ཞིང་གི་མཁའ་འགྲོ་མ་འབའ་ཞིག་ཡིན། གནས་དེར་དྷརྨ་གཉྫི་སྔགས་ཀྱི་རྒྱུད་སྡེ་བཞུགས་པའི་ཕ་ོབྲང་དེ་ཡང་མངོན་སུམ་གྱི་སྤྱོད་ཡུལ་དུ་མེད་པས་ལྟར་སྣང་དུ་ཕལ་པའི་གྲོང་དུ་གྱུར་པ་ཡིན་ནམ་སྙམ་ཞིང༌། ད་དུང་སྔགས་ཀྱི་རྒྱུད་སྡེ་འཕགས་ཡུལ་དུ་མ་བྱུང་བ་ཡང་ཅི་རིགས་པ་ཡོད་པར་གྲུབ་ལ། དེ་ཡང་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པར་མཁའ་འགྲོ་མ་རྣམས་ཀྱིས་མི་མངོན་པའི་དབྱིངས་སུ་བཟུང་ནས་གནས་སོ། །དེར་མ་ཟད་རྒྱ་གར་ན་གཏན་མ་གྲགས་པའི་རྒྱུད་མང་པོ་འགྲོ་ལྡིང་གི་གླིང་སོགས་ན་ཡོད་པར་མངོན་སུམ་གྱིས་གྲུབ་པ་ལ་མཚོན་ན་མིའི་ཡུལ་གཞན་དང་གཞན་སྔགས་ཀྱི་གདུལ་བྱར་གྱུར་པ་རྣམས་སུའང་དེ་ལྟར་འབྱུང་བར་ངེས་པའི་ཕྱིར་མཐའ་གཅིག་ཏུ་ཚད་གཟུང་བར་རློམ་པ་ནི་བྱིས་པ་ཉེར་སྤྱོད་ཀྱི་བློ་གྲོས་གྱི་ན་བ་སྟེ་མདོར་ན་བསམ་བྱ་མ་ཡིན་པར་ཤེས་པར་བྱ་དགོས་པ་ཉིད་དོ།།

དེ་ལྟར་ཡང་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །འདི་དག་ཐམས་ཅད་ཐུབ་དབང་པོ། །སྐུ་གསུམ་བདག་ཉིད་ཅན་གྱིས་གསུངས། །ཞེས་པ་ལྟ་བུས་མཚོན་པས་སོ། །ཕྱིས་ཡུལ་དབུས་སུ་བསྟན་པ་དངོས་གཞི་ནུབ་པ་ལྟར་གྱུར་ཀྱང་ཤར་ཕྱོགས་སུ་མཐའ་ཁོབ་ཀྱི་ཡུལ་དང་ཡུལ་ཕྲན་མང་པོའི་སྤྱིའི་མིང་ཀོ་ཀིའི་ཡུལ་དུ་གྲགས་པ་དང༌། ལྷོ་ཕྱོགས་སུ་དཱ་མི་ཌོ་དྭི་པ་དང༌། དྷ་ན་ཤྲཱིའི་གླིང་དང༌། ཙནྡྲ་དྭི་པ་ལ་སོགས་དང༌། བྱང་གི་ཕྱོགས་སུ་གུ་ཛི་རཱ་ཐ་སོགས་ཅི་རིགས་པར་ཐེག་པ་ཆེ་ཆུང་དང་གསང་སྔགས་ཀྱི་བསྟན་པ་སྔོན་ནས་དར་བ་མ་ཉམས་པ་དང༌། གསར་དུ་བྱུང་བ་སོགས་ད་ལྟའང་བསྟན་པ་རྣལ་མ་བཞུགས་པ་ལས་གསང་སྔགས་པ་རྣམས་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞབས་ཀྱི་བཀའ་སྲོལ་འཛིན་པ་ཤས་ཆེ་ཞིང༌། ཕལ་ཆེར་ཞིག་ནི་གྲུབ་ཐོབ་ཆེན་པོ་གོ་རཀྵའི་རྗེས་འབྲང་ཛོ་ཀི་སྡེ་ཚན་བཅུ་གཉིས་ཅི་རིགས་པ་དང༌། ཁྱད་པར་ན་ཐ་པརྠའིི་ནང་ཚན་ན་ཌེ་ཤྭ་རའི་སྡེ་ལས་རྡོ་རྗེ་སློབ་དཔོན་ཆེན་པོ་ཤཱནྟ་གུཔྟ་ཐུགས་སྲས་དང་བཅས་པའི་རྗེས་འབྲང་ཛོ་ཀི་ཁོ་ན་ཤིན་ཏུ་མང་ངོ༌། །དུས་ཕྱིས་འཕགས་ཡུལ་ལྷོ་ཕྱོགས་ཀྱི་འབིགས་བྱེད་རི་བོའི་ཁོངས་སུ་བྷཾ་དྭ་ཀྱི་ཡུལ་དུ་རྒྱལ་སྲིད་བྱེད་ཅིང་རིགས་སྔགས་གྲུབ་པའི་རྒྱལ་པོ་བ་ལ་བྷ་དྲ་ཞེས་བྱ་བ་ལྷོ་ཕྱོགས་ཀྱི་རྒྱུད་ཕལ་ཆེར་ལ་ལུང་བསྒྱུར་བ་ཞིག་བྱུང༌། དེས་ཞི་བ་སྦས་པ་སློབ་མའི་ཚོགས་དང་བཅས་པ་བླ་མར་ཁུར་ཞིང་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་གསར་དུ་སྤེལ་བར་མཛད་ལ། མ་འོངས་པ་ན་ལྷོ་ཕྱོགས་ཀྱི་རྒྱུད་རི་བྷིནྡྲའི་ནང་དུ་དམ་པའི་ཆོས་གསར་དུ་དར་བར་བྱེད་པར་རྒྱལ་བས་ལུང་བསྟན་པ་ཉིད་ཡིན་ནོ་ཞེས་འཕགས་ཡུལ་པ་རྣམས་སྒྲོག་པར་བྱེད་ཅེས་ཐོས་སོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་ལས། གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་བབ་ཚུལ་བྱེ་བྲག་ཏུ་བཤད་པའི་སྐབས་ཏེ་གཉིས་པའོ།། །།

ལེའུ་གསུམ་པ་རྒྱལ་བའི་བསྟན་པ་གངས་ལྗོངས་སུ་ཇི་ལྟར་དར་ཚུལ།

ད་ནི་རྒྱལ་བའི་བསྟན་པ་དེ་ཉིད་གངས་ཅན་གྱི་ལྗོངས་སུ་ཇི་ལྟར་དར་བའི་ཚུལ་ནི། དེའང་རྒྱ་གར། རྒྱ་ནག བོད། ལི། ཤམྦྷ་ཀ ཀཻ་ལཱ་ཤ་སྟེ་འཛམ་གླིང་དུ་དམ་པའི་ཆོས་དར་བའི་ཡུལ་ཆེན་པོ་དྲུག་ཡོད་པའི་གསུམ་པ་རི་ཁ་བ་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དུས་ནམ་གྱི་ཚེ་བྱོན་ན། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར་དང་པོ་མཚོར་ཡོད་པ་རིམ་གྱིས་བྲི་ནས་ནགས་ཚལ་སྟུག་པོ་རྒྱས་པར་གྱུར་པའི་སྐབས་ཤིག་ན། ཡུལ་གྲུ་འཛིན་ནས་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སྤྲེའུ་ཞིག་འོངས་པ་དེ་དང་བྲག་སྲིན་མོ་འདུས་པ་ལས་བོད་ཀྱི་མི་རྣམས་ཉེ་བར་མཆེད་པ་ཡིན་ཞེས་གྲགས་ལ། ཡུལ་འདི་དང་པོ་མི་མ་ཡིན་གྱིས་བདག་ཏུ་བཟུང༌། རིམ་གྱིས་མིའི་འགྲོ་བ་ཆགས་ཏེ་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུས་རིམ་བཞིན་དབང་བྱས།

༈ དེ་ནས་བོད་སྤྱི་ལ་དབང་བའི་མིའི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་སྟེ། དེའང་ཆོས་རྒྱལ་རྣམས་ལི་ཙ་བཱིའི་རིགས་ལས་བྱོན་པར་ལུང་གིས་གྲུབ་ཅིང་ཁ་ཅིག་དམག་བརྒྱ་པའི་སྲས་སུ་འདོད་ལ། གང་ལྟར་མི་ལས་འདས་པའི་ཡ་མཚན་ཅན་ཞིག་ཁ་བ་ཅན་གྱི་ལྷ་རི་རོལ་པའི་ཁར་བྱུང་སྟེ། བཙན་ཐང་སྒོ་བཞིར་འཐོན་པ་ལ་བོན་པོ་རྣམས་རྨུ་ཐག་ལས་བྱོན་པས་ལྷ་ཡིན་ཟེར། ཁྱོད་སུ་ཡིན་དྲིས་པས་བཙན་པོ་ཟེར། གང་ནས་བྱོན་དྲིས་པས་ནམ་མཁའ་ལ་མཛུབ་མོ་སྒྲེངས། དེར་ཤིང་གི་ཁྲི་ལ་བཞག་སྟེ་མི་རྣམས་ཀྱིས་གཉའ་བ་ལ་ཁུར་ནས་གདན་དྲངས་པས་གཉའ་ཁྲི་བཙན་པོར་གྲགས། དེའི་སྲས་མུ་ཁྲི་བཙན་པོ་སོགས་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། ས་ཡི་ལེགས་དྲུག བར་གྱི་སྡེ་བརྒྱད། ཚིགས་ལ་བཙན་ལྔ་སོགས་རིམ་པར་བྱོན་པ་ལས། རྒྱལ་རབས་སྔ་མ་རྣམས་ཀྱི་སྐབས་ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས།

༈ དེ་ནས་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར་རྒྱལ་རབས་ཉེར་བརྒྱད་པ་བྱང་སེམས་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་ཕོ་བྲང་ཡུམ་བུ་གླ་སྒང་ན་བཞུགས་པའི་ཚེ། ཕོ་བྲང་གི་རྩེར་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེས་པས་སྤང་སྐོང་ཕྱག་བརྒྱ་པ། ཙིན་དྷ་མ་ཎིའི་གཟུངས་ཀྱི་བརྐོས་ཕོར། མདོ་སྡེ་ཟ་མ་ཏོག ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་རྣམས་བྱུང༌། གང་ཡིན་མི་ཤེས་ཀྱང་བཟང་པོར་གོ་སྟེ་མིང་གཉན་པོ་གསང་བར་བཏགས་ནས་མཆོད་ཅིང་བཀུར་བའི་བྱིན་རླབས་ཀྱིས་རྒྱལ་པོ་ལོ་རེ་གཅིག་པ་སླར་ཡང་བཅུ་དྲུག་པའི་བར་དུ་ལོག་ནས་གཞོན་ཤ་ཅན་དུ་གྱུར་ཏེ་ལོ་དྲུག་ཅུ་འཕར་བས་ལོ་བརྒྱ་དང་ཉི་ཤུར་ཐུབ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པ་འབྱུང་ཞེས་ལུང་བསྟན་ཐོབ་སྟེ་དམ་པའི་ཆོས་ཀྱི་དབུ་བརྙེས་སོ། །བབ་ཚུལ་འདི་ལ་བཤད་སྒྲོས་སྣ་ཚོགས་ཞིག་འདུག་ཀྱང་ནེལ་པ་པཎྜི་ཏས་ནམ་མཁའ་ལས་བབས་ཟེར་བ་བོན་ནམ་མཁའ་ལ་དགའ་བས་བོན་གཏམ་ཡིན་གྱི། དོན་ལ་པཎྜི་ཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ཐི་ལི་སེས་ཆོས་དེ་གཉིས་ཁྱེར་ནས་འོངས་པ་ལ་རྒྱལ་པོས་ཡི་གེ་ཡང་མི་ཤེས་དོན་ཡང་མི་གོ་བས་པཎྜི་ཏ་དང་ལོ་ཙཱ་བ་ཕྱིར་ལོག་ཟེར་བ་འདི་དག་པ་འདྲ་སྟེ། དུས་ཕྱིས་སྦ་གསལ་སྣང་གིས་བལ་པོར་ཕྱིན། མཁན་པོ་ཞི་བ་འཚོ་དང་མཇལ་བའི་ཚེ་མཁན་པོའི་གསུངས་ལས། བོད་ཀྱི་བཙན་པོ་དང་ཁྱོད་དང་ང་དང་གསུམ་གྱིས་འོད་སྲུངས་ཀྱི་བསྟན་པ་ལ་བྱ་རྫི་མའི་བུ་གསུམ་དུ་གྱུར་ནས་བོད་དུ་བསྟན་པ་སྤེལ་བའི་སྨོན་ལམ་བཏབ་པ་ཡིན་ཏེ། བཙན་པོ་ཡང་མ་སྐྱེས། ཁྱོད་ཀྱང་ནར་མ་སོན་པས། ངས་འདི་ན་རྒྱལ་རབས་དགུའི་བར་སྒུགས་ཤིང་བསྡད་པ་ཡིན་གསུངས་པ་རྦ་བཞེད་གཙང་མ་ན་སྣང་བའི་ཕྱིར། ཞེས་བཤད་པ་ལྟར་དོན་ལའང་གནས་པར་མཁས་པ་འགའ་ཞིག་བཞེད་དོ།།

༈ དེ་ནས་འཇམ་དཔལ་རྩ་རྒྱུད་ལས། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འབྱུང༌། །ཞེས་སོགས་ཀྱིས་ལུང་བསྟན་པ་ལྟར་ཐོ་ཐོ་རི་ནས་གདུང་རབས་ལྔ་པ། སྤྱན་རས་གཟིགས་དབང་མི་རྗེའི་ཚུལ་བསྟན་པ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སྲིད་བཟུང༌། བཅོ་ལྔ་པ་ལ་སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏི་ཤཱི་ལས་རང་བྱོན་འཕགས་པ་སྤྱན་དྲངས། ཕྱག་རྡོར་སྤྲུལ་པ་ཆོས་བློན་མགར་ལ་བཀའ་བསྒོས་ཏེ། འོ་སྐོལ་གྱི་སྟོན་པ་དགུང་ལོ་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་དངོས་ཀྱི་ཞལ་སྐྱིན་གདན་འདྲེན་པའི་ཆེད་འཇིག་རྟེན་མཐུན་འཇུག་གི་ཚུལ་དུ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་མོ་བཟའ་ཁྲི་བཙུན་དང༌། སྒྲོལ་མའི་རྣམ་སྤྲུལ་རྒྱ་མོ་བཟའ་འུན་ཤིང་ཀོང་ཇོ་ཞེས་མཚོ་ནང་གི་པདྨར་གྲགས་པ་གཉིས་ཁབ་ཏུ་བསུས། འཕྲུལ་སྣང་གི་གཙུག་ལག་ཁང་བརྩིགས་པར་མི་མ་ཡིན་གྱིས་འཚེ་བ་ལ་བརྟེན། སྐྱིད་ཤོད་ཉང་བྲན་ཕ་བོང་ཁ་ཕོ་བྲང་མ་རུ་གྲགས་པར་རྒྱལ་པོ་ཡབ་ཡུམ་གསུམ་སྐུ་མཚམས་མཛད་ནས་ཡི་དམ་གྱི་ལྷ་བསྒྲུབས་པས་གྲུབ་སྟེ། ལུང་བསྟན་ལྟར་སྲིན་མོ་གན་རྐྱལ་དུ་བསྒྱེལ་བའི་ས་གནས་རྣམས་སུ་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་རྣམས་བརྩིགས་ཤིང་ས་དགྲ་ངན་པ་རྣམས་བཅོས། འཕྲུལ་སྣང་དང་ར་མོ་ཆེའི་རྟེན་བརྟེན་པར་བཅས་པ་རྣམས་བཞེངས། རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤཾ་ཀ་ར། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་ཡ་ན་ལ་སོགས་པ་སྤྱན་དྲངས་ནས། སྡེ་སྣོད་གསུམ་དང་རྒྱུད་ཀྱི་ཆ་ལག་མང་རབ་བསྒྱུར་ཞིང་བསྟན་པའི་སྲོལ་གཏོད། དངོས་སུ་འཆད་ཉན་མ་བྱུང་ཡང་རྒྱལ་པོ་རང་གིས་སྐལ་ལྡན་མང་པོ་ལ་ལྐོག་ཆོས་སུ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་ཕོག་སྟེ་ཉམས་སུ་བླངས་ཤིང༌། སད་མི་མི་བདུན་རབ་ཏུ་མ་བྱུང་ཕན་ཆད་ཉང་བྲན་ཕ་བོང་ཁར་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རལ་པ་ཅན་བརྒྱ་ཕྲག་ཙམ་རྒྱུན་དུ་བྱུང་བར་བཤད། དུས་དེར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་རྒྱལ་པོའི་བཀའ་ཆེམས་ཀྱི་སྐོར་རྣམས་གཏེར་ཁ་གསུམ་དུ་སྦས་པ། གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉང༌། སྟོན་པ་ཤཱཀྱ་འོད་གསུམ་གྱིས་གཏེར་ནས་གདན་དྲངས་པ་དེང་སང་མ་ཎི་བཀའ་འབུམ་ཞེས་གྲགས་པ་འདི་ཉིད་བོད་ཆོས་ཀྱི་ཐོག་མ་ཡིན། འཇམ་དབྱངས་སྤྲུལ་པ་ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་མངགས་ནས་སྒྲ་དང་ཡི་གེ་བསླབས། རྒྱ་ཡིག་ལ་དཔེ་བྱས་ཏེ་བོད་ཀྱི་ཡི་གེའི་གཟུགས་དང་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས། གངས་ཅན་གྱི་ལྗོངས་སུ་སྔོན་ཆད་བླང་དོར་ཆོས་བཞིན་སྨྲ་བ་མེད་པ་ལ། དེ་ཕྱིན་ཆད་དམ་པའི་ཆོས་དང་ཆོས་བཞིན་དུ་སྨྲ་བའི་སྒོ་ཆེན་ཐོག་མར་ཕྱེས་པ་ཡིན་ཞིང༌། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གིས་མཚོན་ལུགས་གཉིས་བཀའ་ཁྲིམས་བཟང་པོའི་སྲོལ་གསར་དུ་གཏོད། བོད་ཡུལ་ནོར་དང་ལོངས་སྤྱོད་དམ་པའི་ཆོས་ཀྱི་འབྱུང་ཁུངས་སུ་བྱིན་གྱིས་བརླབས་པར་མཛད་དོ།།

༈ དེ་ནས་རྒྱལ་རབས་ལྔ་པ་ན་འཇམ་དབྱངས་རྣམ་འཕྲུལ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་བྱོན་ཏེ། དེའང་མེས་སྲོང་བཙན་གྱིས། ད་སྟེ་གདུང་རབས་ལྔ་ན་ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་འབྱུང་ངོ་ཞེས་པའི་ལུང་བསྟན་ཟངས་ཀྱི་བྱང་བུ་ལ་བྲིས་ནས་རྗེའི་ཕྱག་སྦལ་དུ་བཅུག་པའི་དོན་ཐོག་ཏུ་བབས་ཏེ། དགུང་ལོ་བཅུ་གསུམ་པར་རྒྱལ་སྲིད་བཟུང༌། ཉི་ཤུ་པར་དམ་པའི་ཆོས་དར་བར་མཛད་པའི་ཐུགས་བསམ་བསྐྱེད་ནས། ཟ་ཧོར་གྱི་མཁན་པོ་བོ་དྷི་སཏྭ་ཤཱནྟ་རཀྵི་ཏ་སྤྱན་དྲངས། འགའ་ཞིག་ལ་ཡན་ལག་བརྒྱད་པའི་ཁྲིམས་ཕོག དགེ་བ་བཅུ་དང་ཁམས་བཅོ་བརྒྱད་དང་མཐུན་པའི་ཆོས་གསུངས་པ་ལ། བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཁྲོས་ཏེ། དམར་པོ་རི་ལ་ཐོག་བརྒྱབ། འཕང་ཐང་གི་ཕོ་བྲང་ཆུས་ཁྱེར། ལོ་ཉེས་དང་རྩུབ་འགྱུར་ཆེན་པོ་བྱུང་བས། སྡིག་བློན་རྣམས་ཀྱིས་འདི་ཆོས་བྱས་པས་ལན། ཨ་ཙ་ར་རང་ཡུལ་དུ་བཏང་དགོས་ཟེར། བཙན་པོས་མཁན་པོ་ལ་གསེར་མང་པོ་ཕུལ་ནས་ལོ་རྒྱུས་བསྙད་པས། བོད་ཀྱི་མི་མ་ཡིན་རྣམས་མ་དགའ་བ་ཡིན། ཁོ་བོ་རེ་ཞིག་བལ་ཡུལ་དུ་འགྲོ། བོད་ཀྱི་འདྲེ་སྲིན་གདུག་པ་ཅན་རྣམས་འདུལ་བ་ལ་ད་ལྟ་སའི་སྟེང་ཙམ་ན་མཐུ་ཆེ་བ་སྔགས་ཀྱི་མཁན་པོ་པདྨ་སཾ་བྷ་ཝ་ཞེས་བྱ་བ་ཞིག་ཡོད། དེ་ངས་ཀྱང་སྤྱན་འདྲེན་དུ་གཏང༌། བཙན་པོ་རང་ཡང་དེ་བཞིན་འཚལ་གསུངས་པས་ཕོ་ཉ་སྔ་རྟིང་དུ་བརྫངས། སླར་སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་སོགས་པ་ལམ་དུ་སྟབས་མྱུར་པོས་མངགས་པ་སློབ་དཔོན་གྱིས་མཁྱེན་ཏེ། མང་ཡུལ་གུང་ཐང་དུ་ཡུད་ཙམ་ལ་ཕེབས་ནས་མཇལ། ཕྱག་རྟེན་གྱི་གསེར་རྣམས་ངའི་སྣང་བ་གསེར་དུ་ཡོད་གསུངས་ནས་མངའ་རིས་ཕྱོགས་སུ་གཏོར་ཏེ་སླར་བོད་དུ་གསེར་གྱི་འདོད་རྒུ་འབྱུང་བའི་རྟེན་འབྲེལ་མཛད། དེ་ནས་བལ་པོའི་རྡོ་བཟོ་མཁས་པ་གཅིག་བཅས་བོ་དྷི་སཏྭ་སྔོན་ལ་ཕེབས། སློབ་དཔོན་གྱིས་སྐྱིད་གྲོང་ནས་ཚུར་བྱོན་པས་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་ཁ་ཆར་དྲག་པོ་ཕབ་པ་དང༌། རི་ཕན་ཚུན་ཁ་སྦྱར་བས། སློབ་དཔོན་རིའི་ཁོང་སེང་དུ་བཞུད་ནས་ལྷ་འདྲེ་རྣམས་ཏིང་ངེ་འཛིན་གྱིས་བཅིངས་ཤིང་དམ་ལ་བཞག དེ་ནས་བཟུང་རིམ་པར་མངའ་རིས། དབུས་གཙང༌། མདོ་ཁམས་ཡན་གྱི་བོད་ཡུལ་མ་ལུས་པར་རྫུ་འཕྲུལ་གྱི་བཀོད་པས་ཞབས་ཀྱིས་བཅགས་ནས། བརྟན་མ་བཅུ་གཉིས། མགུར་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག་གཙོ་བོར་གྱུར་པའི་མི་མ་ཡིན་མཐུ་བོ་ཆེ་ཐམས་ཅད་དམ་ལ་བཏགས་ཤིང་སྲོག་སྙིང་བླངས། བྲག་དམར་འོམ་བུའི་ཚལ་དུ་མངའ་བདག་དང་མཇལ་འཛོམ་མཛད། བྲག་དམར་མགྲིན་བཟང་གི་ལྷ་ཁང་ལ་རབ་གནས་ཞལ་བསྲོ་མཛད་པར་ལྷ་སྐུ་རྣམས་སྟོན་མོའི་སར་སྤྱན་དྲངས་པས་ནུབ་མོ་ལྷ་ཁང་སྟོངས་པར་སོང༌། ནང་པར་ལྷ་ཁང་དུ་བཤོས་གསོལ་ཞིང་གཏམ་མཛད་པ་དངོས་སུ་མཐོང༌། དེའི་ཉིན་མོ་མཆོད་པའི་ཡོ་བྱད་ཐམས་ཅད་རང་སྒྲ་སྒྲོགས་ཤིང་འཕྲོལ་བར་གྱུར། དབང་པོ་གསལ་བའི་བྱིས་པ་འགའ་ལ་པྲ་སེན་ཕབས་པས། སྔར་མཁན་པོ་བྱང་ཆུབ་སེམས་དཔས་ཆོས་བཤད་པ་ལ་འཁུ་བའི་བོད་ཀྱི་ལྷ་ཀླུ་མི་སྲུན་པ་ཐམས་ཅད་ཀྱི་མིང་དང་སྤྱོད་ཚུལ་གནས་ལ་སོགས་པ་སྨྲས་པར། དེ་རྣམས་བསྡིགས་ཤིང་གཟིར་བས་དམ་འོག་ཏུ་བཅུག་ཅིང་ཆོས་ལ་བཀོད། སོ་སོའི་སྲོག་སྔགས་དང་ཆོ་ག་རྣམས་བླངས། དེས་ཀྱང་མ་ཐུལ་བ་རྣམས་སྦྱིན་སྲེག་གིས་བཏུལ་བ་སོགས་མཛད། དེ་འདྲ་བ་ལན་གཉིས་མཛད། མ་དྲོས་གཟི་ཅན་ལ་སོགས་པའི་ཀླུ་རྣམས་བཏུལ་ཞིང་རྒྱལ་པོ་དང་གྲོགས་པོ་བྱས་ནས་ལྷ་ཁང་བཞེངས་པའི་གསེར་ཕྱེ་དྲེའུ་ཁལ་བཅུ་བཞི་ཕུལ། བོ་དྷི་ས་ཏྭས་ས་དཔྱད་མཛད་ཅིང༌། སློབ་དཔོན་ཆེན་པོ་ཧས་པོ་རིར་བྱོན་ནས་ལྷ་སྲིན་ཐམས་ཅད་བཀའ་འོག་ཏུ་བསྡུས། དཔལ་གྱི་མགུར་ལས་དྲེགས་པ་ཟིལ་གནོན་གྱི་ཐ་ཚིག་དང༌། ནམ་མཁའ་ལ་རྡོ་རྗེ་གར་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབས། ཐིག་སྐུད་འཐེན་པར་ཅོག་རོ་བུ་ཆུང་སྨན་དང་ལྷ་བུ་སྨན་གཉིས་ཏིང་ངེ་འཛིན་གྱིས་བཀུག་སྟེ་ཐིག་སྣ་པ་བྱས། མཁན་པོའི་གསུང་བཞིན་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ཏེ་རྨང་བཏིང་ཞིང༌། སློབ་དཔོན་ཆེན་པོས་དྲེགས་པ་ཅན་ཐམས་ཅད་ཀྱང་ལས་ལ་བཀོལ་བས། ཉིན་མོ་མི་ཡིས་བརྩིགས་པ་བས་མཚན་མོ་མི་མ་ཡིན་པས་བརྩིགས་པ་མཐོ་བར་བྱུང་སྟེ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང༌། བཙུན་མོ་གསུམ་གྱི་གླིང་གསུམ་དང་བཅས་རྒྱ་ཁྱོན་འདི་ཙམ་ལོ་ལྔ་ལ་གྲུབ། མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པས་དབུ་རྩེའི་ལྷ་རྣམས་ཕྱི་རོལ་བྱོན་པ་སོགས་ཆོ་འཕྲུལ་དང་ངོ་མཚར་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་ནས་མངའ་བདག་གིས་དམ་པའི་ཆོས་བསྒྱུར་ནས་མདོ་སྔགས་ཀྱི་བསྟན་པ་དངོས་གཞི་འཛུག་པར་དགོངས་ཏེ། བོད་ཕྲུག་ཤེས་རབ་ཅན་རྣམས་ལ་ལོ་ཙཱ་བསླབས། འཕགས་པའི་ཡུལ་ནས་སློབ་དཔོན་རྒྱལ་བའི་བཤེས་གཉེན་དང༌། ཐམས་ཅད་མཁྱེན་པའི་ལྷ་དང༌། སྦྱིན་པའི་ངང་ཚུལ་སོགས་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་དང༌། བི་མ་ལ་མི་ཏྲ་དང༌། ཤཱིནྟཾ་གརྦྷ་ལ་སོགས་རྡོ་རྗེ་འཛིན་པ་རྣམས་དང༌། གཞི་ཐམས་ཅད་ཡོད་སྨྲའི་དགེ་སློང་བཅུ་གཉིས་སོགས་སྤྱན་དྲངས། ཐོག་མར་བོད་ཀྱི་མི་ལ་རབ་བྱུང་བཏུབ་བམ་ཉམས་སད་པའི་ཕྱིར། ཞང་བློན་དད་པ་ཅན་རྦ་ཁྲི་གཟིགས་རབ་ཏུ་བྱུང་བར་རྒྱལ་པོས་གསོལ་བས། བོ་དྷི་ས་ཏྭས་མཁན་པོ་དང༌། དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜི་ཏ་གཞན་བཅུ་པོས་ཁ་སྐོང་མཛད་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་དཔལ་དབྱངས། བཙན་པོས་བསྔགས་པ་རྦ་རཏྣར་ཡང་གྲགས། བསྒོམས་པས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ།།

དེ་ནས་རིམ་བཞིན་རྦ་གསལ་སྣང་དང༌། པ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག འཁོན་ཀླུའི་དབང་པོ་སྲུང་བ། ལ་གསུམ་རྒྱལ་བ་བྱང་ཆུབ་རྣམས་རབ་ཏུ་བྱུང་ཞིང་མིང་ཡེ་ཤེས་དབང་པོ་སོགས་སུ་སྤོས་ཏེ་བསྙེན་པར་རྫོགས། དེ་བདུན་ལ་སད་མི་མི་བདུན་དུ་གྲགས་ཤིང་བོད་ཀྱི་རབ་བྱུང་རྣམས་ཀྱི་ཐོག་མ་ཡིན། དེ་ནས་རྒྱལ་པོས་བོད་ལ་རབ་བྱུང་བཏུབ་པར་དགོངས་ནས། ཞང་བློན་དྲྭ་མ་དང༌། འབངས་བློ་གསལ་བ་སུམ་བརྒྱ་ཙམ་རབ་ཏུ་བྱུང༌། མཁན་སློབ་གཉིས་སོགས་པཎྜི་ཏ་རྣམས་དང༌། བཻ་རོ་ཙ་ན། སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་བཀའ་རྣམས་དང༌། དགོངས་འགྲེལ་གྱི་བསྟན་བཅོས་གཙོ་ཆེ་བ་རྣམས་བོད་སྐད་དུ་བསྒྱུར། བཻ་རོ་དང་ནམ་མཁའི་སྙིང་པོ་སོགས་རྒྱ་གར་དུ་བཏང་ནས་བཻ་རོས་ཤྲཱི་སེངྷ་ལས་རྫོགས་ཆེན། ནམ་སྙིང་གིས་ཧཱུྃ་ཀ་ར་ལས་ཡང་དག་གི་ཆོས་གསན་ཅིང་སོ་སོས་གྲུབ་པའང་ཐོབ་ནས་བོད་དུ་སྤེལ། གཞན་ཡང་སློབ་དཔོན་ཆེན་པོས་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་སྔགས་འོག་མ་དང་བླ་མེད་ཅི་རིགས་པའི་དབང་བསྐུར་བ་དང༌། ཕུར་པ་འབུམ་སྡེ་དང་མན་ངག་ལྟ་ཕྲེང་སོགས་གསུངས། དུས་སྐབས་གཞན་ཞིག་ཏུ་སློབ་དཔོན་གྱིས། བཙན་པོ་ཁྱོད་ཡུལ་འདི་བཟང་པོར་བྱ། ངམ་ཤོད་ཀྱི་བྱེ་མ་ཚལ་དང་ནེ་སིང་དུ་བྱ། གྲ་དོལ་ཡུལ་གསུམ་སོགས་ཆུ་མེད་པ་རྣམས་སུ་ཆུ་དབྱུང༌། གྲམ་པ་ཐམས་ཅད་ཞིང་སར་བྱ། བཻ་ཤྲ་མ་ཎཱ་ལས་ནོར་བླངས་ཏེ་ནོར་གྱི་འབྱུང་ཁུངས་སུ་བྱ། གཙང་པོ་སྦུབས་སུ་འཇུག རྒྱ་ཧོར་གྱི་རྒྱལ་པོ་ཐམས་ཅད་བོད་ཀྱི་དབང་དུ་འདུ་བར་བྱའོ། །ཞེས་པ་ལ་སོགས་པའི་བཀའ་མཆིད་བསྩལ་བ་ན། དེ་ལྟར་འཚལ་ལོ་ཞུས་པས། སྔ་དྲོ་ཙམ་དགོངས་པར་བཞུགས་པ་ན། བྲག་དམར་གྱི་སྐམ་ས་གཅིག་ཏུ་ཆུ་རྡོལ། བྲག་དམར་མཚོ་མོ་མགུལ་སྔོན་བྱེ་ཐང་ཡིན་པ་ནེའུ་གསིང་དུ་སོང༌། བྲག་ཟླ་བའི་གདོང་དུ་ནགས་ཆེན་པོ་སྐད་ཅིག་ལ་བྱུང༌། ཟུར་མཁར་ལ་ཕུ་ཆུ་མེད་པར་ཆུ་ཀླུང་ཆེན་པོ་ནར་གྱིས་བྱུང་བ་སོགས་ལྷག་མ་རྣམས་ཀྱང་བཀའ་བཞིན་འབྱུང་ངེས་པ་ལ། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་རྒྱུ་བྱས། ནག་ཕྱོགས་ཀྱི་སྡིག་བློན་རྣམས་རང་རང་སྤྱོད་པ་ངན་པའི་གནོང་གིས་སློབ་དཔོན་གྱི་རྫུ་འཕྲུལ་དང་མངོན་ཤེས་མ་བཟོད་པར་མཛད་པའི་འཕྲོ་བཤོལ་བར་བསྐུལ་བས་རྐྱེན་བྱས་ཏེ། ལྷག་མ་རྣམས་དང་རྒྱལ་བརྒྱུད་མངའ་ཐང་འཕེལ་བའི་སྦྱིན་སྲེག་མཛད་འཕྲོ་ལ་ལུས། ལྷ་ཀླུ་དམ་བཞག་ལན་གསུམ་པའང་མ་གྲུབ། བཀའ་ལས་བོད་ཀྱི་བློན་པོ་སྨོན་ལམ་ལོག་པ་རྣམས་ཀྱི་འབྲས་བུ་ལ་བརྟེན་ནས་བོད་ཀྱི་བདེ་སྐྱིད་ལ་སྐེད་ཉག་འོང༌། ཆོས་འཁོར་ཆེན་པོ་གཅིག་ཏུ་འབྱོངས་ཏེ་བར་སྐབས་སུ་འཁྲུག་པ་ཆེན་པོ་འོང༌། ཀླུ་དང་རྒྱལ་པོ་འདི་ཕུགས་ཞེ་གནག རྒྱལ་བརྒྱུད་ཀྱང་ཁྲིམས་ལ་མི་གནས་པས་སིལ་བུར་འཐོར་བ་འབྱུང་བར་འདུག་གསུངས་ཏེ། མ་འོངས་པ་མཁྱེན་པས་དྲག་སྔགས་ཀྱང་མང་དུ་གསུངས་ཤིང་དཔེ་མང་པོ་གཏེར་དུ་སྦས་ནས་གློ་བུར་དུ་སྲིན་པོའི་ཁ་གནོན་ལ་གཤེགས་ཟེར། བོད་དུ་ཇི་ཙམ་བཞུགས་པ་ཡང༌། ཐུང་བའི་ཕྱོགས་ཟླ་བ་དྲུག་གམ་བཅོ་བརྒྱད། འབྲིང་པོ་ལོ་གསུམ་མམ་དྲུག་གམ་བཅུ་གཉིས། རིང་བ་བགྲོད་པ་རེ་ལ་ལོར་བརྩིས་པའི་ལོ་བརྒྱ་དང་ཉག་མ་དགུ་སྟེ། ལོ་རིལ་པོ་ལྔ་བཅུ་ང་བཞི་དང་ཟླ་བ་དྲུག་བཞུགས་པར་འདོད་ཅིང༌། དེའང་ཁྲི་སྲོང་དགུང་ལོ་ཉེར་གཅིག་པ་ལ་གུ་རུ་བོད་དུ་ཕེབས། དྲུག་ཅུ་རེ་དགུ་པ་ལ་རྒྱལ་པོ་འདས། དེ་རྗེས་ལོ་ལྔ་དང་ཟླ་བ་དྲུག་བཞུགས་པར་གསལ་བས། རང་ལུགས་ཀྱི་བླ་མ་མཁས་པ་རྣམས་གཏམ་རྒྱུད་དེ་དག་གང་ཡང་མི་འགལ་ཏེ། རྦ་བཞེད་སོགས་སུ་ཡུན་ཐུང་ངུ་ལས་མ་བཞུགས་པ་ལྟར་བཤད་པ་ནི་སྡིག་བློན་རྣམས་ཀྱི་ངོར་སྐུའི་བཀོད་པ་གཉིས་པ་ཞིག་བསྟན་པ་དོང་བབ་ཀྱི་འཕྲང་གི་ཕ་རོལ་རྒྱ་བོད་མཚམས་ཀྱི་རི་རྩེ་ནས་སྐྱེལ་མི་རྣམས་ཀྱིས་མཐོང་བར་ནམ་མཁར་འཕུར་ཏེ་སྤྲིན་གསེབ་ནས་ཆོས་གོས་སྤུ་རེ་གསེག་ཤང་ཁྲོ་ལེར་བཞུད་པ་དེ་ཡིན། འོན་ཀྱང་སྐུ་དངོས་གཞོ་སྟོད་ཏི་སྒྲོ་དང་མཆིམས་ཕུ་སོགས་དབེན་གནས་གངས་བྲག་རྣམས་སུ་བཞུགས་ནས་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་གསང་བ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། སྐབས་ཤིག་སློབ་དཔོན་ཆེན་པོ་སྒྲུབ་གནས་རྣམས་སུ་བཞུགས་པ་ཚོར་ཏེ་མང་པོས་གཏམ་གླེང་བ་ན་རྒྱལ་པོས་བདེན་རྫུན་བརྟག་པ་སྐད་བྱས་ཏེ་བསམ་ཡས་ཀྱི་རབ་གནས་ལ་སྤྱན་དྲངས། དེ་ནས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་བར་དང༌། ལྷ་སྲས་མུ་ཁྲི་རྒྱལ་སྲིད་མཛད་པའི་དུས་གུང་ཐང་ལ་ཐོག་ནས་ཆིབས་དང་བཅས་ཏེ་བར་སྣང་ལ་གཤེགས་པ་ཡིན་གསུངས། དེ་ཡང་ལྷ་སྲས་ཀྱི་དུས་ཡིན་པར་སྐྱེལ་ཐུང་གི་ཚེ། ཡབ་གཅིག་རྒྱལ་པོ་དགུང་དུ་གཤེགས༔ གུ་རུ་ཨོ་རྒྱན་ཡུལ་དུ་གཤེགས༔ ཡབ་རྒྱལ་པོ་སྐུ་ཚེ་ཐུང་ལགས་སོ༔ བོད་འབངས་སྐྱིད་པ་ཟད་ལགས་སོ༔ ཡབ་དང་གུ་རུ་བཞུགས་རིང་ལ༔ མུ་ཁྲི་བཙན་པ་ོམི་གུམ་པ༔ ཞེས་སྨྲེ་སྔགས་བཏོན་པ་ལས་ཀྱང་ཤེས་སོ། །ལར་ནས་ཡུན་ཐུང་ངུ་ལས་མ་བཞུགས་པར་འདོད་པའི་ཕྱོགས་ལའང་མཛད་པ་རྒྱ་ཆེན་པོ་འདི་རྣམས་མི་ཚར་རོ་སྙམ་དུ་བསམ་པར་མི་བྱ་སྟེ། ཞིང་ཁམས་ཀུན་ཏུ་སྐུའི་སྣང་བ་གཅིག་ཅར་དུ་སྟོན་པ་སོགས་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་ལ་མངའ་བརྙེས་པའི་ཕྱིར་དང༌། མདོ་མཛངས་བླུན་དང་འདུལ་བ་ལུང་དུ་བཤད་པའི་མཉན་ཡོད་ཀྱི་ཆོ་འཕྲུལ་ལ་ཞག་མང་ཉུང་སྣང་བ་ལྟར་གདུལ་བྱའི་སྣང་བ་དག་མ་དག་གི་ངོར་ཡུན་རིང་བཞུགས་པ་དང༌། མ་བཞུགས་པའི་སྣང་བ་འཆར་བའང་སྲིད་པའི་ཕྱིར་རོ།།

དེ་ལྟར་མཆོད་ཡོན་ལྐོག་ཏུ་བཀའ་བགྲོས་ཏེ་སྐུ་དངོས་མཚོ་རྒྱལ་སོགས་ལས་ཅན་གྱི་འཁོར་དང་བཅས་བོད་ཡུལ་གྱི་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས། མངའ་རིས་སྐོར་དུ་གངས་བྲག་ཉི་ཤུ། དབུས་གཙང་དུ་སྒྲུབ་གནས་ཉེར་གཅིག མདོ་ཁམས་སུ་གནས་ཆེན་ཉེར་ལྔ། སྟོད་སྨད་བར་གསུམ་གྱི་སྦས་ཡུལ་རྒྱལ་པོ་གསུམ། ལུང་ལྔ། ལྗོངས་གསུམ། གླིང་གཅིག དེ་རེ་རེ་ལའང་རྩ་བ་དང་ཡན་ལག་མེ་ཏོག་འབྲས་བུའི་ཚུལ་དུ་ཡོད་པ་ལ་སོགས་པ་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཕྱིས་སུ་དབོན་སྲས་བདུད་ཀྱི་སྤྲུལ་པས་བསྟན་པ་བསྣུབས་པར་མཁྱེན་ནས་རྒྱལ་པོ་ལ་མ་འོངས་པའི་ལུང་བསྟན་མང་པོ་བསྩལ། གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང༌། རྟོག་གེ་བས་བསླད་ཅིང་བཅོས་སུ་མེད་པས་བྱིན་རླབས་མི་ཡལ་བ་དང༌། གདུལ་བྱ་རིམ་པར་འབྱུང་བ་སོགས་ལ་དགོངས་ནས་རྒྱལ་པོའི་བླ་གཏེར་བརྒྱ་དང༌། ཐུགས་གཏེར་ཆེན་པོ་ལྔ༌། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོར་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པར་སྦས། འདོན་པའི་དུས། འདོན་པ་པོ་གང་ཟག ལས་ཅན་ཆོས་བདག་སོགས་ལུང་བསྟན་རེ་རེ་བཞིན་སྩལ། མོན་ཁ་ནེ་རིང་སེང་གེ་རྫོང་སོགས་སྟག་ཚང་མིང་ཅན་བཅུ་གསུམ་དུ་ཁྲོ་བོ་འཆོལ་བ་འཇིགས་སུ་རུང་བའི་སྐུར་བཞེངས་ནས་བོད་ཀྱི་ལྷ་སྲིན་དྲེགས་པ་ཅན་ཆེ་ཕྲ་ཐམས་ཅད་དམ་ལ་བཞག་ཅིང་གཏེར་གྱི་སྲུང་མར་གཉེར་དུ་གཏད་པའི་ཚེ་རྡོ་རྗེ་གྲོ་བོ་ལོད་དུ་གྲགས། ཕྱི་རབས་ཡིད་ཆེས་པའི་ཕྱིར་དུ་བུམ་ཐང་རྡོ་རྗེ་བརྩེགས་པ་སོགས་ལ་སྐུ་རྗེས། གནམ་མཚོ་ཕྱུག་མོ་སོགས་ལ་ཕྱག་རྗེས། སྤ་གྲོའི་བྲག་དཀར་སོགས་ལ་ཞབས་རྗེས། གཞན་ཡང་སྒྲུབ་གནས་ཐམས་ཅད་དུ་གུ་རུ་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་ཅན་གྱི་བཀོད་པ་གྲངས་ལས་འདས་པ་བཞག ལྷ་སྲས་མུ་རུབ་བཙད་པོ་བཏང་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ། ཀ་ཅ་རྣམས་ཁྱེར་བའི་རྗེས་སུ་རྒྱལ་པོ་ཤིང་བྱ་ཅན་འབྲངས་ནས་འོངས་པ། གུ་རུ་དྲག་པོའི་སྐུར་བཞེངས་ཏེ་དམ་ལ་བཏགས་ནས་གཙུག་ལག་ཁང་གི་དཀོར་སྲུང་ལ་བསྐོས། མཚན་ཉིད་ཐེག་པའི་བཤད་གྲྭ་དང༌། གསང་སྔགས་ཀྱི་སྒོམ་གྲྭ་མང་པོ་བཙུགས། རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་ཕྱུངས་ཤིང༌། དབུ་ཟླུམ་མདོ་དང༌། ལྕང་ལོ་སྔགས་པ་སྟེ་དགེ་འདུན་སྡེ་གཉིས་སུ་བཀས་བཅད་ནས། ཕྱག་མཆོད་བཀུར་བསྟི་བྱ་བའི་ཆོས་ཀྱི་བཀའ་ཁྲིམས་ཆེན་མོ་བཅས། བཀའ་གཙིགས་ཀྱི་རྡོ་རིང་བཙུགས། དུས་འདི་ཙམ་ན་བོད་ཀྱི་རྒྱལ་སྲིད་མངའ་ཐང་དར་བའི་རྩེ་མོར་སོན་ཏེ་ཤར་ཕྱོགས་འཛམ་གླིང་སུམ་གཉིས་སུ་དབང་མཛད་ཅིང༌། ཆབ་སྲིད་དམ་པའི་ཆོས་ཀྱིས་བསྐྱངས་པས་བོད་ཡུལ་བདེ་སྐྱིད་ལྷ་དང་མཉམ་པར་གྲགས། དེ་ནས་སློབ་དཔོན་ཉིད་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་པར་ཉེ་བ་ན། བོད་ཀྱི་རྒྱལ་བློན་འབངས་དང་བཅས་པ་རྣམས་ཀྱིས་བཤོལ་བཏབ་ཀྱང་མ་ཐེབས། རེ་རེ་བཞིན་དུ་ཞལ་གདམས་དང་ཐུགས་བརྩེའི་བསླབ་བྱ་རྒྱས་པར་སྩལ། གུང་ཐང་གི་ལ་ཐོག་ནས་སེང་གེའམ་རྟ་མཆོག་ལ་ཆིབས། ལྷ་རྣམས་ཀྱིས་མཆོད་པའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་རྔ་ཡབ་གླིང་དུ་ཕེབས། ཟངས་མདོག་དཔལ་རིའི་རྩེ་མོར་སྲིན་པོའི་རྒྱལ་པོ་རཀྴ་ཐོད་ཕྲེང་གནས་སྤར་ཏེ་དེའི་གསོབ་ཏུ་ཞུགས། ཕོ་བྲང་པདྨ་འོད་ཀྱི་བཀོད་པ་བསམ་ལས་འདས་པར་སྤྲུལ། སྲིན་པོའི་གླིང་བརྒྱད་དུའང་སྤྲུལ་པ་རེ་རེ་རྒྱལ་པོའི་ཚུལ་དུ་བཞུགས་ནས་སྒྲུབ་ཆེན་བཀའ་བརྒྱད་ལ་སོགས་པའི་ཆོས་སྟོན། འཛམ་བུའི་གླིང་གི་མི་རྣམས་སྲོག་གི་འཇིགས་པ་ལས་བསྐྱབས། ད་ལྟ་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་དྲུག་པའི་རྒྱལ་ཚབ་ཀྱི་ཚུལ་དུ་འཇིག་རྟེན་འདི་མ་སྟོང་གི་བར་དུ་གཡོ་བ་མི་མངའ་བར་བཞུགས་སོ།།

༈ ཆོས་རྒྱལ་ཁྲི་སྲོང་ལ་ལྷ་སྲས་མཆེད་གསུམ་བྱོན་པའི་ཆེ་བ་མུ་ནེ་བཙད་པོ། འབྲིང་བ་མུ་རུབ་བཙད་པོ། ཆུང་བ་མུ་ཏིག་བཙད་པོའམ་སད་ན་ལེགས་མཇིང་ཡོན་དུ་གྲགས་པ་རྣམས་ཀྱིས་ཀྱང་བསྟན་པ་བླ་ནས་བླར་སྤེལ་ཞིང༌། ཁྱད་པར་མུ་ནེས་ཆབ་སྲིད་མཛད་པའི་ཚེ་བསམ་ཡས་སུ་མཆོད་པ་ཆེན་པོ་བཞི་བཙུགས། བོད་འབངས་ལྟོགས་ཕྱུག་ལན་གསུམ་བསྙོམས། མུ་ཏིག་གིས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས། དེ་ལ་སྲས་ལྔ་ཙམ་བྱོན་པའི་ནང་ནས་ཁྱད་པར་དུ་འཕགས་པ་ཕྱག་རྡོར་གྱི་རྣམ་འཕྲུལ་ཁྲི་རལ་པ་ཅན་ནམ་ཁྲི་ལྡེ་གཙུག་བརྟན་གྱིས་རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ་བ་དང༌། གཙུག་ལག་ཁང་སྟོང་རྩ་བཞེངས་པར་གྲགས། དབུ་སྐྲ་ལ་དར་ཡུགས་གཉིས་བཏགས་པའི་སྣེར་མདོ་སྔགས་བླ་མཆོད་སྡེ་གཉིས་ཀྱི་ཞབས་བཞག་པ་ལ་མཆོད་ཅིང་བཀུར་བ་སོགས་རྒྱལ་བསྟན་རིན་པོ་ཆེ་བླ་རུ་བཀུར་བའི་མཛད་པ་མཐའ་ཡས་ཤིང༌། སྐྱིད་སྨད་འོན་ཅང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས། རྒྱ་གར་ནས་སུ་རེནྡྲ་བོ་དྷི། ཤཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ་སོགས་པཎྜི་ཏ་མང་པོ་སྤྱན་དྲངས། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་དྷརྨ་ཏཱ་ཤཱི་ལ། ལོ་ཙཱ་བ་ཛྙཱ་ན་སེ་ན་ལ་སོགས་པས། སྔོན་ཡབ་མེས་ཀྱི་དུས་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་བའི་ཚེ་བོད་སྐད་ལ་མ་གྲགས་པའི་མིང་བཏགས་པའི་ཁྲོད་ནས་ཆོས་ཀྱི་གཞུང་དང་བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་པ་དང་གོ་དཀའ་བ་རྣམས་ཡུལ་སྐད་ཀྱི་མིང་གཅེས་སོ་འཚལ་ནས་ཀྱང་བསྣན་ནས་ཐེག་པ་ཆེ་ཆུང་གི་གཞུང་དང་མཐུན་པར་བསྒྱུར་བཅོས་གྱིས་ཞེས་བཀའ་སྩལ་པ་ལྟར། འཕན་ཡུལ་ཀ་བ་ན་མོ་ཆེར་ཡུམ་རྒྱས་པ་ལ་འགྱུར་བཅོས་ནས་དུམ་བུ་བཅུ་དྲུག་ཏུ་མཛད། དེས་མཚོན་ཡབ་མེས་ཀྱི་དུས་སུ་བསྒྱུར་བའི་གསུང་རབ་ཕལ་ཆེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསང་སྔགས་ནང་གི་རྒྱུད་རྣམས་བཀའ་གཉན་པས་སྣོད་ལྡན་མ་གཏོགས་སྣོད་མིན་བྱིངས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་སྔ་འགྱུར་རང་མལ་དུ་འཇོག་པར་མཛད། དེས་ན་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བསྟན་པ་ལ་ཕྱག་རྗེས་ཆེ་ཞིང་འགྲོ་བ་རྣམས་ལ་བཀའ་དྲིན་ཆེ་ཤོས་ནི་ཆོས་རྒྱལ་མེས་དབོན་རྣམས་གསུམ་དུ་གྲགས་པ་དང༌། དེའི་ནང་ནས་ཀྱང་སྲོང་བཙན་དང་ཁྲི་སྲོང་གཉིས་ཆེས་བཀའ་དྲིན་ཕུལ་དུ་བྱུང་ཞིང༌། པཎྜི་ཏ་ཞི་འཚོ་དང་པད་འབྱུང༌། ལོ་ཙཱ་བ་ཐོན་མི་བཻ་རོ་སྐ་ཅོག་ཞང་གསུམ་རྣམས་བཀའ་དྲིན་དང་ངོ་མཚར་ཆེའོ།།

༈ དེ་རྗེས་མངའ་བདག་ཁྲི་རལ་ཅན་གྱི་གཅེན་གླང་དར་མ་འུ་དུམ་བཙན་ལོག་པའི་སྨོན་ལམ་གྱི་དབང་གིས་ཐུགས་ལ་གདོན་གསོལ་ཏེ་བསྟན་པ་བསྣུབས། རིང་པོར་མ་ལོན་པར་རྒྱལ་པོ་སྡིག་ཅན་ལྷ་ལུང་དཔལ་གྱི་རྡོ་རྗེས་བསྒྲལ། དེའི་རྗེས་སུ་མངའ་བདག་འོད་སྲུངས་དང༌། དཔལ་འཁོར་བཙན་གྱིས་ཀྱང་མེས་ཀྱི་སྲོལ་བཟུང་ནས་དཀོན་མཆོག་གསུམ་ལ་གུས་པས་གཙུག་ལག་ཁང་བརྩིགས་པ་སོགས་བྱས། དེ་དུས་རབ་ཏུ་བྱུང་བ་མེད་ཀྱང་ཁྱིམ་པ་རྣམས་ཀྱི་དཀོན་མཆོག་ལ་གུས་པར་བྱས་ཏེ་ལྷ་ས་བསམ་ཡས་སོགས་གཙུག་ལག་ཁང་རྣམས་ལེགས་པར་བསྲུངས་པས་མ་ཞིགམངའ་རིས་བགོ་བཤར་སོང་ཞིང་རྒྱལ་བརྒྱུད་སིལ་བུར་འཐོར་ཏེ་ཆོས་རྒྱལ་ཐུགས་རྗེའི་གདུང་གིས་བོད་ཁམས་སྤྱི་ལ་དབང་བསྒྱུར་བའི་རྟེན་འབྲེལ་གཞན་དུ་ཐལ་ཀྱང༌། སྔགས་པ་གོས་དཀར་ཁྱིམ་པའི་རྟེན་ཅན་རྣམས་ཀྱིས་རང་རང་གི་ཁྱིམ་དང་དབེན་པའི་རི་སུལ་རྣམས་སུ་བསྐྱེད་རྫོགས་ཟབ་མོའི་བཤད་སྒྲུབ་ཀྱི་རྒྱུན་བཟུང་བས་སྔ་འགྱུར་གསང་སྔགས་ཀྱི་རྒྱུན་གཏན་ནས་མ་ནུབ་ཅིང༌། བསྟན་པ་སྤྱི་ལའང་གུས་པས་སྔར་མེས་དབོན་རྣམ་གསུམ་གྱི་དུས་སུ་བསྒྱུར་བའི་བཀའ་བསྟན་གྱི་གླེགས་བམ་རྣམས་ལེགས་པར་བསྲུངས་པའི་བཀའ་དྲིན་གྱིས་སྔ་འགྱུར་གྱི་མདོ་རྒྱུད་ཕལ་ཆེ་བ་ད་ལྟའི་བར་དུ་ལོངས་སྤྱོད་དུ་ཡོད་པ་འདི་ཉིད་བྱུང༌། གླང་དར་གྱིས་བསྟན་པ་བསྣུབས་པའི་ཚེ། རྦ་རཏྣའི་མཁན་བུ་སྨར་ཤཱཀྱ་མུ་ནི། གཡོ་དགེ་བ་འབྱུང༌། གཙང་རབ་གསལ་གསུམ་གྱིས་འདུལ་བ་དྲེལ་ཁལ་གཅིག་བཀལ་ནས། གར་ལོག་དང་ཧོར་ཡུལ་དུ་ཕྱིན་ཀྱང་བསྟན་པ་སྤེལ་མ་བཏུབ་སྟེ་ཁམས་སུ་བྱོན། རྨ་ལུང་རྡོ་རྗེའི་བྲག་ར་ཨན་ཆུང་གནམ་རྫོང་ངམ་དན་ཏིག་ཤེལ་གྱི་ཡང་དགོན་དུ་སྒོམ་ཞིང་བཞུགས་པའི་ཚེ། དམུ་གཟུགས་ལ་འབར་གྱིས་ལྟར་ཕྱིན་པས་དད་དེ་རབ་ཏུ་བྱུང་བར་ཞུས་པ་ལ། སྨར་གྱིས་མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང༌། མིང་ཤཱཀྱ་དགེ་བ་རབ་གསལ་དུ་བཏགས། བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་བ་དང༌། འདན་དུ་ལྷ་ལུང་དཔལ་རྡོར་བཞུགས་པ་བཙལ་ཀྱང་ཁོ་བོས་རྒྱལ་པོ་སྡིག་ཅན་བསད་པས་ཁ་སྐོང་མི་འོང་གི་འོན་ཀྱང་གཞན་བཙལ་ནས་བཏང་ངོ་ཞེས་རྒྱའི་ཧ་ཤང་ཀེ་ཝང་དང༌། གྱི་ཕན་གཉིས་མངགས་ཏེ་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས། མཁན་སློབ་རྣམས་ལས་འདུལ་བ་ལོ་བཅོ་ལྔར་ཉན། ཕྱིས་གོ་རོང་སེང་གེ་བྲག་ལས་འདུལ་བ། ཀ་བ་འོད་མཆོག་གྲགས་ལས་ཕར་ཕྱིན། གཡུ་སྒྲ་སྙིང་པོ་ལས་རྫོགས་ཆེན་སེམས་ཕྱོགས་སྐོར་གསན་ཅིང༌། ཀུན་བྱེད་རྒྱལ་པོའི་རྒྱུད་བཤད་དུས་ཕྱིས་བར་བྱུང་བའང་ཁོང་ལས་བརྒྱུད་པས་མཚོན། ཕྲིན་ལས་ཁྱད་པར་འཕགས་ཤིང་མཁྱེན་རབ་ཆེ་བས་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས། ཁོང་གིས་བསྙེན་པར་རྫོགས་ནས་ལོ་ལྔ་བཞེས་པ་ན། མངའ་བདག་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་བོད་ཡུལ་དབུས་སུ་བསྟན་པ་ཉམས་པ་གསོ་བའི་ཕྱིར། དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་ལྔ། གཙང་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་སོགས་ལྔ་ཁམས་སུ་བརྫངས་པ་སྟན་ཐོག་གཅིག་ཏུ་ཚིགས་གསུམ་རིམ་ནོད་ཀྱིས་ཆིག་རྫོགས་སུ་བསྙེན་པར་རྫོགས་ཏེ་འདུལ་བ་ལ་མཁས་པར་བསླབ། འདི་ལྟ་བུའི་ཆིག་རྫོགས་མཛད་པ་དང༌། བརྟན་པའི་ཡན་ལག་ལོ་བཅུ་མ་ཚང་བ་སོགས་ནི་བླ་ཆེན་འདི་བྱང་སེམས་མོས་སྤྱོད་པར་གྲགས་ཤིང༌། སྐབས་དེར་སྨར་གཡོ་གཙང་གསུམ་གྱིས་གང་ཟག་ཁྱད་པར་ཅན་ཡིན་པ་དང༌། བསྟན་པའི་འཕེལ་འགྲིབ་མཚམས་སུ་ཐུག་པའི་དགོས་གལ་ཆེ་བ་ལ་ནི་དེ་ལྟར་རུང་ངོ་ཞེས་གནང་བ་བྱིན་པས་སྐྱོན་མེད་དོ་ཞེས་དམ་པ་རྣམས་བཞེད། དེ་སྐབས་སྨར་གཡོ་གཙང་གསུམ་བཞུགས་ཀྱང་སྐུ་བགྲེས་པས་མཁན་བུ་བསྐྱངས་པ་མི་འཁྱོངས་གསུངས་ནས་ལས་སློབ་མཛད། བླ་ཆེན་གྱིས་ཀླུ་མེས་མཁན་པོར་བསྐོས། དབུས་གཙང་མི་བཅུ་ཡར་ཕེབས་པས་བཙན་པོ་རྣམས་ཀྱི་བླ་མཆོད་དུ་གྱུར། ཀླུ་མེས་ལ་སློབ་བུ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་སོ་གཉིས། དྲལ་མ་སྟོང་རྩ་སོགས་བྱུང་བས་བསྟན་པ་ཉམས་པ་རྨང་ནས་གསོས་ཤིང༌། ལ་མོ། ར་འགྱེལ། ཡེར་པ། བ་རེད། ཚོང་འདུས་སོགས་གནས་གཞི་མཐའ་ཡས་པ་བཏིང༌། ཡམ་ཤུད་ཀྱི་མཁན་བུ་དགེ་བཤེས་གྲྭ་པ་ཁོ་ནས་ཀྱང་གནས་གཞི་བརྒྱ་རྩ་བརྒྱད་བཏིང་བར་གྲགས་པ་སོགས་ས་སྟེང་ཐམས་ཅད་ཀླུ་མེས་དཔོན་སློབ་ཀྱི་གནས་གཞིས་ཁྱབ་པ་ལྟར་སོང་ནས། ཉིན་རེ་བཞིན་ཡང་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་མང་པོ་འཕེལ་བ་ལ་སྨད་འདུལ་གྱི་རྒྱུན་ཞེས་གྲགས་ཤིང༌། སྔ་འགྱུར་བའི་རབ་ཏུ་བྱུང་བ་རྣམས་དང༌། ཕྱིས་སུ་གཡུ་སྒྲའི་རྣམ་འཕྲུལ་ལོ་ཆེན་དྷརྨ་ཤྲཱིས་བཤད་པ་དང་ལག་ལེན་རྒྱས་པར་སྤེལ་ཏེ་བོད་གངས་ཅན་གྱི་རྒྱན་གཅིག་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་དང་དེ་ལས་གྱེས་པ་རྣམས་སྡོམ་རྒྱུན་འདི་ཉིད་ཡིན་ལ། བསྟན་པ་ཕྱི་དར་གྱི་སྡོམ་བརྩོན་སྐྱེས་མཆོག་སྔ་རབས་པ་ཕལ་ཆེར་དང་བཀའ་གདམས་གསར་རྙིང་གི་དགེ་བའི་བཤེས་གཉེན་ཕལ་ཆེར་ཡང་སྡོམ་རྒྱུན་འདི་ལ་བརྩོན་པར་མཛད་དོ། །གཞན་ཡང་མངོན་པ་གོང་འོག་རྣམས་ནི་པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་བསྒྱུར་བཤད་མཛད་ཅིང༌། དེ་དག་གིས་སྣ་ནམ་ཟླ་བའི་རྡོ་རྗེ་དང༌། ལྷ་ལུང་དཔལ་གྱི་རྡོ་རྗེ་དང༌། དབས་ཡེ་ཤེས་རྒྱལ་བ་གསུམ་ལ་བཤད། ཕྱི་མས་ཁམས་སུ་བྱོན་ནས་བཤད་པ་སོགས་ལས་ད་ལྟའི་བར་དུ་ཤིན་ཏུ་དར་བར་གྱུར་ལ། མདོ་སྡེའི་ཕྱོགས་འཁོར་ལོ་བར་པ་ཤེར་ཕྱིན་གྱི་སྐོར་རྣམས་རླང་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་བ་སོགས་རྒྱ་གར་དུ་གང་བཞུགས་རྣམས་བསྒྱུར་བཤད་ཉན་གསུམ་གྱི་དར་བར་མཛད། འཁོར་ལོ་ཐ་མའི་མདོ་ཇི་སྙེད་པ་རྣམས་ཀྱང་སྐ་ཅོག་དང་བཻ་རོ་སོགས་ཀྱིས་བསྒྱུར་ནས་བཤད་ཉན་གྱིས་གཏན་ལ་ཕབ་ཅིང༌། དེ་ལ་བརྟེན་པའི་བཤད་སྒྲུབ་གཉིས་ཀའི་སྲོལ་དེང་སང་གི་བར་དུ་བྱུང་བ་ཡིན་ནོ། །འདིར་དམ་པའི་ཆོས་དར་བའི་བདག་རྐྱེན་ཆེན་པོར་གྱུར་པ་ཆོས་རྒྱལ་མེས་དབོན་རྣམས་ཀྱི་ལོ་རྒྱུས་ཞིབ་ཏུ་འཆད་པར་འོས་ཀྱང་ཡི་གེས་ངལ་ཏེ་སྤྲོ་བར་མ་ནུས་པས་བོད་ཀྱི་རྒྱལ་རབས་དེབ་ཐེར་གཞན་རྣམས་ལས་ཡོངས་སུ་ཤེས་པར་བྱའོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་ལས། བོད་ཡུལ་མུན་པའི་གླིང་དུ་རྒྱལ་བསྟན་སྣང་བའི་སྒྲོན་མེ་ཐོག་མར་བྱུང་ཚུལ་མདོ་ཙམ་སྤྱིར་བཤད་པའི་སྐབས་ཏེ་གསུམ་པའོ།། །།

ལེའུ་བཞི་པ་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབ་ཚུལ་བྱེ་བྲག་ཏུ་བཤད་པ།

ད་ནི་གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབ་ཚུལ་བྱེ་བྲག་ཏུ་འཆད་པར་བྱ་སྟེ། དེ་ལྟར་ཆོས་རྒྱལ་ཁྲི་སྲོང་མཆོད་ཡོན་གྱི་དུས་སུ་གསང་སྔགས་ལ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་ཅི་རིགས་པར་ཉན་བཤད་མཛད་མོད་ཀྱི། འོན་ཀྱང་མཆོག་ཏུ་སྤེལ་བ་རྣལ་འབྱོར་བླ་མེད་ཀྱི་སྐོར་རྣམས་ཡིན་ལ།

དེ་ལའང་བསྐྱེད་རྫོགས་རྫོགས་ཆེན་གསུམ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི། དང་པོ།

ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་སྤྱིའམ་རྩ་བར་གྱུར་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོའི་སྐོར་སྒྱུ་འཕྲུལ་སྡེ་བརྒྱད་རྣམས་སློབ་དཔོན་བི་མ་ལས་རྨ་རིན་ཆེན་མཆོག་ལ་བཤད་ཅིང་བསྒྱུར། རྨས་གཙུག་རུ་རིན་ཆེན་གཞོན་ནུ་དང༌། ཀྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀས་ཞང་རྒྱལ་བའི་ཡོན་ཏན་དང༌། དར་རྗེ་དཔལ་གྱི་གྲགས་པ་གཉིས་ལ་བཤད། དེ་གཉིས་ཀྱི་སྔ་མས་དབུས་གཙང་དུ་ལན་མང་པོ་བཤད་ཅིང་ཁམས་སུའང་བྱོན་ཏེ་བཤད་པ་མཛད། ཞང་གི་བརྒྱུད་པ་རྣམས་ལ་བཀའ་མཆིམས་ཕུ་མའམ་མན་ངག་བརྒྱུད་པར་གྲགས་སོ། །ཡང་སློབ་དཔོན་པདྨས་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གསུངས་ཤིང་མན་ངག་ལྟ་བའི་ཕྲེང་བར་གྲགས་པའང་བསྟན། གཉགས་ཀྱིས་སོག་པོ་དཔལ་གྱི་ཡེ་ཤེས་ལ་བཤད་ཅིང༌། དེ་དང་ཞང་གཉིས་ཀས་གནུབས་སངས་རྒྱས་ཡེ་ཤེས་ལ་བཤད་དོ། །ཡང་སློབ་དཔོན་སངས་རྒྱས་གསང་བས་གངས་ཏི་སེ་རུ་དབས་འཇམ་དཔལ་དང༌། བྲན་ཀ་མུཀྟི་སོགས་ལ་སྒྱུ་འཕྲུལ་ལམ་རྣམ་བཀོད་སོགས་གསང་སྙིང་གི་སྐོར་རྣམས་བཤད། དེ་བཞིན་དུ་དཔལ་གསང་བ་འདུས་པ་སློབ་དཔོན་རྡོ་རྗེ་བཞད་པའི་ལུགས་ཀྱི་བཤད་སྲོལ་དང༌། བི་ཤྭ་མི་ཏྲའི་འགྲེལ་པ་རྣམས་ལ་བརྟེན་པའི་ཉན་བཤད་དང་སྒྲུབ་པའི་སྲོལ་ཀ་དར། སངས་རྒྱས་མཉམ་སྦྱོར་ཀུ་ཀུ་རཱ་ཛ་དང་ཧཱུྃ་ཀ་རའི་བཀའ་སྲོལ་གྱི་གཞུང་འགྲེལ་རྣམས་དང༌། ཨོ་རྒྱན་གྱི་རྒྱལ་པོའི་གྲུབ་ཐོབ་བརྒྱ་བྱིན་སྡོང་པོའི་མཉམ་སྦྱོར་འགྲེལ་ཆེན་སོགས་ལ་བརྟེན་པའི་འཆད་ཉན་དང་སྒྲུབ་པའི་སྲོལ་དར་བར་མཛད་ཅིང༌། ཧེ་རུ་ཀ་དང་རྟ་མཆོག་གི་དཀྱིལ་འཁོར་ལ་བརྟེན་པའི་ཡི་དམ་སྐལ་ལྡན་གཞན་རྣམས་ལ་བསྩལ་བ་ལས་བཙན་པོས་རྟ་མགྲིན་གྲུབ་པས་རྟ་སྐད་འཛམ་གླིང་ཁྱབ་པར་ཐོས་པ་སོགས་བྱུང༌།

གཉིས་པ་སྒྲུབ་སྡེའི་སྐོར་ལ།

སྤྱིར་གཤེད་སྐོར་རྣམས་ནི་སློབ་དཔོན་ཤཱནྟ་གརྦྷས་བོད་དུ་དར་བར་མཛད། བདུད་རྩིའི་སྐོར་སློབ་དཔོན་བི་མ་ལས་གཉགས་ཛྙཱ་ན་ཀུ་མཱ་ར་སོགས་ལ་བསྟན་ཅིང་དར་བ་ཡིན་ལ། གཞན་རྣམས་ཕལ་ཆེར་སློབ་དཔོན་པདྨ་ཁོ་ནས་དར་ཞིང་རྒྱས་པར་མཛད་དོ། །བྱེ་བྲག་ཏུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་ཆེན་པོར་གསོལ་བ་བཏབ་པ་བཞིན་དཔལ་གྱི་མཆིམས་ཕུའི་བྲེ་གུ་དགེ་འུར་སྐལ་བ་མཆོག་དང་ལྡན་པའི་རྗེ་འབངས་དགུ་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ཕྱི་ནང་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིམ་པ་རྣམས་རྫོགས་པར་མཛད་ཅིང༌། སོ་སོའི་མེ་ཏོག་ཕོག་པའི་ལྷའི་སྒྲུབ་ཐབས་མན་ངག་གནང་བ་ཉམས་སུ་བླངས་པས་ལྷ་སོ་སོའི་ཞལ་གཟིགས། མངའ་བདག་བཙད་པོས་ཆེ་མཆོག་གྲུབ་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་ཤིང་སྒོམ་བྱུང་གི་ཤེས་རབ་ཀློང་རྡོལ་བས་བཀའ་ཡང་དག་པའི་ཚད་མའི་བསྟན་བཅོས་སོགས་མཛད། ནམ་མཁའི་སྙིང་པོས་ཡང་དག་གྲུབ་པས་ཉི་ཟེར་ལ་བཅིབས། སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་གྲུབ་པས་བྲག་ལ་ཕུར་པ་འདེབས། རྒྱལ་བ་མཆོག་དབྱངས་ཀྱིས་དབང་ཆེན་གྲུབ་པས་དབུ་གཙུག་ནས་རྟ་མགོ་འབྱིན་ཅིང་རྟ་སྐད་སྒྲོགས། མཁར་ཆེན་བཟས་ཕུར་པ་གྲུབ་པས་ཤི་བ་སློང་ནུས། དཔལ་གྱི་ཡེ་ཤེས་ཀྱིས་མ་མོ་གྲུབ་པས་མ་ཚོགས་ལས་ལ་ཁོལ། དཔལ་གྱི་སེང་གེས་མཆོད་བསྟོད་གྲུབ་པས་སྡེ་བརྒྱད་མངག་གཞུག་ཏུ་ཁོལ། བཻ་རོ་ཙ་ནས་དྲག་སྔགས་གྲུབ་པས་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཅིང་རྫུ་འཕྲུལ་ལ་མངའ་བརྙེས་པར་གྱུར། གཞན་ཡང་སྔ་ཕྱི་ཅི་རིགས་པར་སློབ་དཔོན་ཆེན་པོས་དབང་དང་གདམས་ངག་དང་རྗེས་སུ་གདམས་པ་ལས་དངོས་གྲུབ་བརྙེས་པ་གཉགས་ཛྙཱ་ན་ཀུ་མཱ་རས་བྲག་སྐམ་པོ་ལས་བདུད་རྩི་འབྱིན། རྒྱལ་མོ་གཡུ་སྒྲ་སྙིང་པོས་སྐུ་གསེར་གྱི་རྡོ་རྗེར་སྤྲུལ། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་བྲག་རི་ལ་ཟང་ཐལ་དུ་གཤེགས། ཨཱ་ཙརྱ་ཡེ་ཤེས་དབྱངས་ཀྱིས་མཁའ་སྤྱོད་ཀྱི་ཞིང་ཁམས་དངོས་སུ་བགྲོད། སོག་པོ་ལྷ་དཔལ་གྱིས་གཅན་གཟན་གདུག་པའི་གཉའ་བ་ནས་འཛིན། སྣ་ནམ་ཞང་ཡེ་ཤེས་སྡེས་ནམ་མཁའ་ལ་བྱ་ལྟར་འཕུར། མཁར་ཆེན་དཔལ་གྱི་དབང་ཕྱུག་གིས་ཕུར་པ་གདེངས་པ་ཙམ་གྱིས་གཟས་པ་པོ་ཇི་ཙམ་ཡང་སྒྲོལ། ལྡན་མ་རྩེ་མང་གིས་ཆོས་ཐམས་ཅད་ལ་མི་བརྗེད་པའི་གཟུངས་ཐོབ། སྐ་བ་དཔལ་བརྩེགས་ཀྱིས་གཞན་སེམས་ཐོགས་མེད་དུ་མཁྱེན། ཤུད་བུ་དཔལ་གྱི་སེང་གེས་ཆུ་བོ་གྱེན་ལ་ཟློག འབྲེ་རྒྱལ་བའི་བློ་གྲོས་ཀྱིས་རོ་ལངས་གསེར་དུ་བསྒྱུར། འབྲོག་བན་ཁྱེའུ་ཆུང་ལོ་ཙཱས་ནམ་མཁའི་བྱ་རྣམས་ལྟ་སྟངས་དང་སྡིགས་མཛུབ་ཙམ་གྱིས་འགུགས། འོ་བྲན་དཔལ་གྱི་དབང་ཕྱུག་གིས་ཆུ་བོ་ཆེན་པོ་ལ་ཉ་ལྟར་རྒྱུ། རྨ་རིན་ཆེན་མཆོག་གིས་ཕ་ཝང་ཟན་ལྟར་གཅོད་ནས་གསོལ། ལྷ་ལུང་དཔལ་གྱི་རྡོ་རྗེས་རི་བྲག་ལ་ཐོགས་པ་མེད་པར་ཟང་ཐལ་དུ་གཤེགས། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས་གནམ་ལྕགས་ཐོག་ཆེན་མདའ་ལྟར་དུ་འཕེན། ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱིས་རྟེན་མེད་ནམ་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་པ་སོགས་དང༌། གྲུབ་པ་ཐོབ་པའི་བུད་མེད་ཀྱང༌། ཟ་ཧོར་མནྡ་ར་བས་འཆི་མེད་ཚེ། རྫུ་འཕྲུལ་མཐུ། བླ་མེད་མཆོག་གི་དངོས་གྲུབ་བརྙེས། མཁར་ཆེན་མཚོ་རྒྱལ་མས། རྡོ་རྗེའི་ཚེ། མི་བརྗེད་གཟུངས། རྫུ་འཕྲུལ་མཐུ། མཁའ་སྤྱོད་གནས། བདེ་ཆེན་མཆོག་རྣམས་གྲུབ་སྟེ། མ་ཇོ་འདི་གཉིས་རྡོ་རྗེ་ཕག་མོ་དངོས་དང་ཁྱད་པར་མེད། ཚེ་ནམ་བཟའ་སངས་རྒྱས་མཚོ་འོད་ལུས་སུ་ཡལ། ཤེལ་དཀར་རྡོ་རྗེ་མཚོས་ཆུ་བོ་ཐང་ལྟར་བརྒལ། ཚོམ་བུ་བཟའ་པདྨ་མཚོས་རླུང་སེམས་ལྷ་སྐུར་སྨིན། མལ་གོང་བཟའ་རིན་ཆེན་མཚོས་དར་གོས་ཉི་ཟེར་ལ་བཀལ། རུས་བཟའ་དོན་གྲུབ་མས་ལྟ་སྟངས་ཀྱིས་བརྟན་མ་བཅུ་གཉིས་ལས་ལ་འགྱེད། ཤུད་བུ་བཟའ་ཤེས་རབ་མས་བཀའ་དང་བསྟན་བཅོས་ཐམས་ཅད་མ་བསླབས་པར་ཤེས། ཡར་འབྲོག་བཟའ་ཆོས་ཀྱི་སྒྲོན་མས་གསུང་བཤད་དུས་ནམ་མཁའི་ལྷས་ལེགས་སོ་བསྒྲགས། འོ་ལྕེ་བཟའ་སྐར་རྒྱལ་མས་ཆོས་ཀྱི་དྲི་བ་ནམ་དགོས་ཡི་དམ་གྱི་ལྷ་ལ་བྱེད། འཛེམ་བཟའ་ལྷ་མོས་བཟའ་བཏུང་གང་དགོས་ནམ་མཁའ་ལས་ལེན། འབར་བཟའ་ལྷ་དབྱངས་མས་གཞན་རྒྱུད་འདུལ་ཐབས་ཤེས། ཅོག་རོ་བཟའ་བྱང་ཆུབ་སྨན་གྱིས་ལུས་མེ་ཆུར་སྤྲུལ། འབྲོམ་བཟའ་སྤམ་ཏི་ཆེན་མོས་ནམ་མཁའ་ལ་བྱ་ལྟར་འཕུར། རོང་སྨན་བཟའ་ཚུལ་ཁྲིམས་སྒྲོན་གྱིས་རྡོ་བ་ཟན་ལྟར་གསོལ། ཁུ་བཟའ་དཔལ་བཙུན་མས་བསྙེན་ཕུར་གཡོ་འགུལ་བྱེད། ཕྲུམ་བཟའ་ཤེལ་སྨན་གྱིས་མེ་ཏོག་ནམ་མཁའ་ལ་འཇོག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་མི་འདྲ་བ་སྐྱེ་བོ་མང་པོ་ལ་སྟོན་ནུས་པ་དང༌། ལུས་དེ་ཉིད་ཀྱིས་ཟུང་འཇུག་གི་གོ་འཕང་བརྙེས་པ་ཤ་སྟག་སྟེ། དེའང་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཡང་རྫོང་གི་རྟོགས་ལྡན་ང་ལྔ། ཡེར་པ་དང་ཆུ་བོ་རིའི་འོད་ལུས་གྲུབ་པ་བརྒྱ་བརྒྱད་རེ། ཤེལ་བྲག་གི་སྔགས་པ་སུམ་ཅུ། འོད་སྐུར་གཤེགས་པའི་མཁའ་འགྲོ་ཉེར་ལྔ་སོགས་གྲུབ་པ་ཐོབ་པ་བགྲང་བ་ལས་འདས་པ་བྱུང་ངོ༌།།

གཉིས་པ་རྫོགས་པ་ཨ་ནུ་ཡོ་གའི་སྐོར་རྣམས་ནི།

མདོ་མཁན་དྷརྨ་བོ་དྷི་དང༌། བ་སུ་དྷ་ར་དང༌། བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་གསུམ་གྱིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བཤད་དེ་བོད་དུ་བྱོན་པ་སྟེ་འདི་དག་གི་ལོ་རྒྱུས་ཞིབ་པར་འོག་ཏུ་འཆད་དོ།།

གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་སྡེ་གསུམ་གྱི། དང་པོ་སེམས་ཀློང་གི་སྡེ་གཉིས་ནི།

ཡུལ་སྙེ་མོ་བྱེ་མཁར་དུ་འཁྲུངས་པའི་སློབ་དཔོན་བཻ་རོ་ཙ་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསྐུལ་བ་བཞིན་འཇིགས་པ་ཆེན་པོ་བརྒྱད་སོགས་བཟོད་དུ་མེད་པའི་དཀའ་བ་ལྔ་ཕྲག་བཅུ་ལ་བདུན་གྱིས་ལྷག་པ་ཁྱད་དུ་བསད་ནས་རྒྱ་གར་གྱི་ཡུལ་དུ་བརྟོལ། དྷ་ན་ཀོ་ཤའི་ཙནྡན་བསིལ་བྱེད་ཀྱི་ནགས་སུ་སློབ་དཔོན་ཤྲཱི་སེངྷས་རྫུ་འཕྲུལ་གྱིས་བཀོད་པའི་ཀེའུ་ཚང་ཆེན་པོ་དགུ་བརྩེགས་དང་ཉེ་བར་སླེབ། དེར་ཆུ་ལེན་གྱི་རྣལ་འབྱོར་མ་ལ་ཕྲིན་བརྫངས་ཀྱང་ལན་མ་བྱུང་བ་བཻ་རོས་ལྟ་སྟངས་མཛད་པས་ཆུ་སྣོད་ས་ལ་འབྱར། རྣལ་འབྱོར་མས་རང་གི་བྲང་ཕྱེས་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ཅིང་དེས་གྲོགས་བྱས་ཏེ་སློབ་དཔོན་དཔལ་གྱི་སེང་གེ་དང་མཇལ། གསེར་གྱི་མཎྜལ་ཕུལ་ཏེ་རྩོལ་མེད་ཀྱི་ཐེག་པ་གསུང་བར་ཞུས་པས་བརྟག་པར་བྱ་གསུངས། ནང་པར་གསང་བའི་རྩིས་རྒྱ་བཏབ་ནས་ཟབ་མོའི་གནད་རྣམས་བསྟན་པར་བྱ་མོད་ཀྱི། འོན་ཀྱང་ཤིན་ཏུ་མ་གསང་ན་རྒྱལ་པོའི་ཆད་པས་སྲོག་གི་ཉེན་དུ་འགྱུར་བས། ཉིན་པར་པཎྜི་ཏ་གཞན་རྣམས་ལས་རྒྱུ་འབྲས་ཀྱི་ཆོས་ཉོན། མཚན་མོ་མན་ངག་གི་ཆོས་བསྟན་པར་བྱའོ་གསུངས་ཏེ་གཞན་གྱིས་མི་ཤེས་པའི་ཐབས་དང་རྟེན་འབྲེལ་མཛད། སློབ་དཔོན་གྱིས་མཚན་མོ་མན་ངག་སེམས་སྡེ་བཅོ་བརྒྱད་རྣམས་དར་དཀར་པོ་ལ་ར་དཀར་མོའི་འོ་མས་བྲིས་ཏེ་དུད་པས་བདུག་ན་ཡི་གེ་གསལ་བའི་ཐབས་བྱས་ཤིང༌། བསྟན་སྲུང་རྣམས་ལ་ཆད་ཐོ་བླངས་ཏེ་ཤིན་ཏུ་གསང་བའི་རྒྱས་བཏབ་བོ། །ད་དུང་ཡང་བཻ་རོའི་ཐུགས་མ་ཚིམ་སྟེ་བཞུགས་པས། རྒྱུད་སྡེ་དྲུག་ཅུའི་དབང་མན་ངག་ཐམས་ཅད་དང༌། འབྲས་བུ་རང་ཆས་སུ་སྟོན་པ་ཀློང་གི་སྡེ་དཀར་ནག་ཁྲ་གསུམ་རྣམས་བསྟན་པས་ཆོས་ཐམས་ཅད་ཀྱི་གཏིང་མཐར་ཕྱིན། ད་དུང་མ་ཚིམ་པ་ལྟར་མཛད་པས། སློབ་དཔོན་གྱི་ཞལ་ནས། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང༌། །དེ་བཞིན་ཉིད་ནི་གཅིག་ཤེས་ན། །མ་ལུས་དེ་ལ་ཡོངས་སུ་རྫོགས། །དེ་ལས་ཡོད་ན་སིདྡྷི་ཀན། །ཞེས་གསུངས་ནས། གདམས་པ་བཙའ་ལུགས་གསུམ། སྦྱིན་པའི་གནས་བཞི། མི་སྦྱིན་པའི་གནས་བཞི་རྣམས་གསུངས། འདུ་བའི་གནས་ཀྱི་དུར་ཁྲོད་ཆེན་པོར་སློབ་དཔོན་དགའ་རབ་རྡོ་རྗེ་དང་ཡང་མཇལ་ནས་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་བཅུ་རྩ་བཞིའི་དོན་བརྒྱུད་ཐོབ་ཅིང་དེ་ཉིད་དུ་རྟོགས་གྲོལ་དུས་མཉམ་གྱི་དངོས་གྲུབ་ཆེན་པོ་མངོན་དུ་བརྙེས་སོ།།

དེ་ནས་བཻ་རོས་རྐང་མགྱོགས་གྲུབ་པ་ལ་བརྟེན་ནས་བོད་དུ་བྱོན། བཙན་པོ་ལ་ཉིན་མོ་རྒྱུ་འབྲས་ཐུན་མོང་བ་དང༌། མཚན་མོ་རྫོགས་པ་ཆེན་པོ་ལྐོག་ཆོས་ཁོ་ནར་གསུངས། སེམས་སྡེ་སྔ་འགྱུར་ལྔ་བསྒྱུར། དེའི་ཚེ་རྒྱ་གར་བས་གདམས་ངག་བོད་དུ་ཤོར་བ་ལ་ཕྲག་དོག་གིས་བོད་རྣམས་ཐེ་ཚོམ་བསྐྱེད་པའི་ཕྲ་མ་དང༌། ཆོས་ལ་གནག་པའི་བཙུན་མོ་དང་བློན་པོ་རྣམས་ཀྱི་དབང་ལས་སློབ་དཔོན་བཻ་རོ་རེ་ཞིག་ཚ་བ་རོང་དུ་བྱོན་དགོས་པ་བྱུང༌། རྒྱལ་རོང་བྲག་ལ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་རྗེས་སུ་བཟུང་བ་སོགས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད། ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ་ལ་རྫོགས་པ་ཆེན་པོའི་སྐོར་རྣམས་གསུངས། སྟོང་ཁུང་རོང་གི་བྲག་དམར་དགོན་རྫོང་དུ་སྤང་རྒན་སངས་རྒྱས་མགོན་པོ་ལ་གསུངས། དབུས་སུ་གཉགས་ཛྙཱ་ན་ཀུ་མཱ་ར་དང༌། ལི་བཟའ་ཤེས་རབ་སྒྲོན་མར་གསུངས་པ་སྟེ་རིམ་པ་ལྔར་གྲགས་ཤིང༌། ཕྱི་མ་འདིས་བཻ་རོ་ལི་ཡུལ་དུའང་སྤྱན་དྲངས། མཐར་བལ་པོ་བྷ་སིང་གི་ནགས་སུ་ཟུང་འཇུག་གི་སྐུར་གྱུར་ཏོ། ། གཉགས་ནས་སོག་པོ་དཔལ་གྱི་ཡེ་ཤེས། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ་སོགས་ལས་རིམ་བཞིན་བརྒྱུད་པ་གཅིག་དང༌། ཡང་སོག་པོས་གནུབས་ཆེན་ལ་བརྒྱུད་པའི་ལུགས་གཅིག་དང༌། ཡང་རྩངས་ཤཱཀ་རྡོར་གྱིས་སྤང་རཀྵི་ཏ། ཡ་ཕྲི་དར་མ་ཤེས་རབ། ཟེར་མོ་དགེ་སློང༌། མར་པ་ཤེས་རབ་འོད། དེ་ནས་ཟུར་སྒྲོ་ཕུག་པར་བརྒྱུད་དེ་བྱུང་བའང་ཡོད་དོ།།

ཡང་བཻ་རོའི་སློབ་མ་སྤང་སངས་རྒྱས་མགོན་པོའི་སློབ་རྒྱུན་ལས་འཇའ་ལུས་གྲུབ་པ་ཤ་སྟག་བྱུང་སྟེ། སྤང་རྒན་པོ་འདི་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་གཞོན་ནུའི་དུས་ཆོས་མ་གྲུབ། རྒས་ནས་ཉེ་འཁོར་དང་སྤུན་གྱིས་སྡང་བར་གྱུར་པ་ཞིག་སྟེ། རྒས་ཆེས་པས་ལུས་ཟུངས་ངན་པ་ལ་སྒོམ་ཐག་དང་སྒོམ་བརྟེན་བཅས། གདམས་པ་ཡིད་ལ་ཟིན་པའི་ཕྱིར་ཚུལ་ཤིང་གཏད། སློབ་དཔོན་བཻ་རོའི་ལུང་བཞིན་ཉམས་སུ་བླངས་པས་ཆོས་ཉིད་ཅེར་མཐོང་དུ་ངོ་འཕྲོད། རྟོགས་པ་ཐོད་རྒལ་དུ་སྐྱེས་པས། རྒད་པོ་དགའ་ཆེ་སྟེ་སློབ་དཔོན་གྱི་མགུལ་པར་འཁྱུད་ནས་ཞག་གཅིག་ཏུ་མ་བཏང༌། དངོས་གྲུབ་བརྙེས་པས་ལོ་བརྒྱ་རྩ་ལྷག་ཐུབ། འདིའི་སློབ་མ་ངན་ལམ་བྱང་ཆུབ་རྒྱལ་མཚན་ཡིན། དེ་ནི་ཡུལ་དབུ་རུ་ངན་ལམ་རལ་གསུམ་པ་དགེ་སློང་ལོ་དྲུག་ཅུ་རྩ་བདུན་ལོན་པ་ཞིག་གིས་རྒྱལ་མོ་སྟག་རྩེ་མཁར་དུ་བྱོན། སྤང་མི་ཕམ་མགོན་པོ་ལ་གདམས་པ་ཞུས་པས་གནང་སྟེ། ད་ཡུལ་དུ་མ་འགྲོ། ཝ་སེང་གེ་བྲག་ལ་སྒོམ་གསུངས། སློབ་དཔོན་གྱི་བཀའ་བཞིན་ཉན་ཏེ་དེར་བྱོན་ནས་བསྒོམས་པས། ལོ་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལ་སློབ་མ་ཟ་དམ་རིན་ཆེན་དབྱིག་བྱ་བ་མདོ་ཁམས་སྟོད་པ་ཞིག་བྱུང༌། དེས་ངན་ལམ་ལ་གདམས་པ་ཞུས། བྲག་དེ་ཉིད་དུ་བླ་མ་དང་འབྲལ་བ་མེད་པར་སྒོམ་བཞིན་བཞུགས་པས། ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལ་ཡར་ཀླུང་འཕྱོས་ནས་ཁུ་འགྱུར་གསལ་བའི་མཆོག་ཅེས་བྱ་བའི་སློབ་མ་རྟེན་དགེ་སློང་ཡིན་པ་ལོ་ལྔ་བཅུ་རྩ་བདུན་ལོན་པ་གཅིག་བྱུང༌། ཟ་དམ་རིན་ཆེན་གྱིས་གདམས་ངག་གནང་བས་ཡུལ་དུ་ལོག་པའི་བསམ་པ་སྤངས། ཝ་སེང་གེ་བྲག་ཉིད་དུ་བཞུགས་ནས་བསྒོམས་པས་ཁུ་འགྱུར་གསལ་ལོ་བརྒྱ་དང་བཅུ་བདུན་ལོན་ཚེ་ཕུང་པོ་ལྷག་མེད་དུ་གཤེགས།

དེ་ལྟར་དཔོན་སློབ་གསུམ་ཀ་ཝ་སེང་གེ་བྲག་ཅེས་བྱ་བར་སྦྲུལ་གྱི་ལོ་གཅིག་པུར་གཅིག་རྟིང་ལ་གཅིག་སྐུ་ན་བུན་ནམ་འཇའ་ཚོན་ཡལ་བ་བཞིན་དུ་གཤེགས་སོ། །དེ་ལ་སློབ་མ་བྱང་ཆུབ་གྲགས་ཞེས་བྱ་བ་ཡུལ་ཉང་གཡུ་འབྲུག་སྟོད་པ་རྟེན་དགེ་སློང་ལོ་བཞི་བཅུ་རྩ་གཉིས་ལོན་པ་ཞིག་བྱུང༌། ཁུ་འགྱུར་གསལ་བ་ལས་གདམས་པ་ཞུས་ནས་ཡར་ལོག བསམ་ཡས་མཆིམས་ཕུར་སྒོམ་གྱིན་བཞུགས་ཙ་ན། དབུ་རུ་ཞའི་ཉང་ཤེས་རབ་འབྱུང་གནས་ཞེས་བྱ་བ་དགེ་སློང་བགྲེས་པོ་གཅིག་བཞུགས་འདུག་པ་མཇལ། ཁོང་ན་རེ། བསྙེན་པར་རྫོགས་ནས་ལོ་ང་རྒན་ཡང་གདམས་པ་ཁྱེད་ཆེ་བར་འདུག རྗེས་སུ་བཟུང་བར་འཚལ་ཞུས་པས། ཉང་བྱང་ཆུབ་གྲགས་ཀྱིས་ཁོང་ལ་གདམས་པ་བྱིན། ཕུག་པོ་ཆེ་དང་ཡང་རྫོང་དུ་བཞུགས། རང་གི་སློབ་མ་དང་ཡང་སློབ་དག་ལ་འབྱུང་བཞི་ཟད་པར་གྱི་སྤྲུལ་བསྒྱུར་བསྟན། མཐར་རང་ཉིད་གཙང་རྒྱམ་ཉེ་དུ་ཁའི་ཕུང་པོ་རི་བོ་ཆེ་ལ་ད་ལྟ་རང་འདུག་པའི་འཕྲོ་ལ་རི་ཟུར་ན་ཡར་སྐུ་ལུས་སྤྲིན་ཆད་པ་བཞིན་དུ་ཕུང་པོ་ལྷག་མེད་དུ་གཤེགས་སོ།།

དེར་ཉང་ཤེས་རབ་འབྱུང་གནས་ཀྱིས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད། སྒྲགས་ཀྱི་ཡང་རྫོང༌། ཕུག་པོ་ཆེ་རྣམས་སུ་བཞུགས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་ཤར་ནས། ཕུག་པོ་ཆེ་ལྷ་རིའི་རྩེ་མོ་ལ་ཡོད་པའི་ཤུག་པ་རྐང་གཅིག་པར་ན་བཟའ་དང༌། ཕྲེང་བ་དང༌། ཀ་པཱ་ལི་རྣམས་གཟར་ནས། སྐུ་ནམ་མཁའ་ལ་འཇའ་ཚོན་དྭངས་པ་བཞིན་སོང་ངོ༌། །དེ་ལ་སློབ་མ་ཡུལ་ལོ་མོ་བ་རུས་སྦ་ཡིན་པ་གཅིག་བྱུང་བས་སློབ་དཔོན་སྦ་སྒོམ་དུ་གྲགས། དེ་རང་གི་ཡུལ་ན་ཡོད་པའི་ཚེ་འཁྲུག་པ་ཡོད་པས། ཡུམ་ན་རེ། བུ་འདི་སྲིང་མོ་དྲུག་གི་མིང་པོ་གཅིག་པུ་ཡིན། སློབ་དཔོན་ཤེས་རབ་འབྱུང་གནས་ལ་འཆོལ། མ་ཤི་བ་རང་གིས་ཆོག་ཟེར་ལོ་བཅུ་དྲུག་པ་གཅིག་ཉང་ལ་བཅོལ་ནས་ཡོད་ཙ་ན། སྔར་གྱི་ཉང་བྱང་ཆུབ་གྲགས་པ་དེ་ཕུག་པོ་ཆེ་དང༌། ཡང་རྫོང་དང༌། མཆིམས་ཕུ་རྣམས་སུ་ཤ་བ་གཅིག་ཁྲིད་ནས་བྱོན་པས། ཉང་ཤ་བ་ཅན་ཞེས་ཀྱང་གྲགས། ཕུག་པོ་ཆེར་ཕྱི་མའི་རེས་བྱོན་ཙ་ན། ངས་ཁྱོད་གཉིས་ལ་ལྟད་མོ་གཅིག་བསྟན་གྱི་ལྟོས་ཤིག་གསུངས། དེར་སློབ་དཔོན་ཤེར་འབྱུང་དང༌། སྦ་སྒོམ་གཉིས་ཀྱིས་གཡས་གཡོན་ནས་བལྟས་ཙ་ན། སློབ་དཔོན་དབུས་ན་ཡོད་པ་དེ་མི་སྣང་བར་སོང༌། དེར་ངོ་མཚར་སྐྱེས་ནས་ཡོད་ཙ་ན། རླུང་འཚུབ་ཁྲུ་གང་པ་གཅིག་ཏུ་གྱུར་ནས་ཕར་བསྐྱིལ་ཚུར་བསྐྱིལ་བྱས། དེ་མེར་སོང༌། དེའང་ཆུ་གཏོར་གཏོང་བའི་འཁར་གཞོང་དུ་འཕོས་ནས་ཆུ་ལྟེམ་གྱིས་སོང༌། དེས་ཚུབ་གཅིག་ངང་ལ་སློབ་དཔོན་རང་དུ་ཀྲོང་གིས་སོང༌། དེ་ལྟར་འབྱུང་བཞི་ཟད་པར་གྱི་སྐྱེ་མཆེད་ལ་དབང་བསྒྱུར་ནས་འདི་སྐད་དུ། འབྱུང་བའི་སྙིགས་མ་དེངས་ནས་དྭངས་མ་མ་ཡལ་བའི་བར་དུ་དེ་ལྟར་འོང་བ་ཡིན། ཤེས་རབ་ཀྱིས་སྒོམ་རྒྱུ་མེད་པའི་དོན་མཐོང་ཡང༌། བརྡ་ལ་ཡེངས་པ་མེད་པར་བསྐྱངས་ན་དེ་ལྟར་དུ་རང་དབང་ཐོབ་པ་ལ་ཚེགས་མེད། མ་ཡེངས་པར་སྐྱོང་བ་གལ་ཆེ་བ་ཡིན་གསུངས། དེ་ནས་རེ་ཞིག་ན་སྦ་སྒོམ་གྱིས་བལ་བུའི་ནགས་ལ་ཤིང་འཐུ་བར་ཕྱིན་པས། ཁོང་རང་གི་འཇག་སྤྱིལ་མེ་དམར་བུན་བུན་འདུག་པ་མཐོང༌། སློབ་དཔོན་ནི་མེ་མི་འབུད། མེ་ཤོར་བ་ཡིན་ནམ་སྙམ་བལྟར་ཕྱིན་པས། འཇག་སྤྱིལ་སྔར་བཞིན་ལས་མེ་མི་སྣང༌། སློབ་དཔོན་ལ་དེ་ཅི་ཙུག་ཡིན་དྲིས་པས། ངས་མེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཡིན། ངའི་བླ་མ་ཉང་བྱང་ཆུབ་གྲགས་པ་དེ་མི་དྲན་ནམ་གསུངས།

ཡང་སྐབས་ཤིག་སློབ་དཔོན་གྱི་བཞུགས་སར་ཆུ་ལྟེམ་མེ་འདུག་པ་མཐོང་མཐར་སློབ་དཔོན་གྱིས། ང་མི་འདུག་ན་ལྷ་རིའི་རྩེ་མོ་ལ་ལྟོས་ཤིག་གསུངས། རེ་ཞིག་ན་སློབ་དཔོན་མ་བྱུང་བས་རི་ལ་སྐྱོ་སངས་ལ་བཞུད་པ་ཡིན་གྱི་སང་དགོང་འབྱོན་དུ་འོང་སྙམ་ན་ཡང་མ་བྱོན། བལྟར་ཕྱིན་ཙ་ན། དབུ་ཞྭ་དང༌། བོ་དྷི་ཙེའི་ཕྲེང་བ་ལ་སོགས་པ་ཤུག་པ་ལ་གཟར། སློབ་དཔོན་ཕུང་པོ་ལྷག་མེད་དུ་གཤེགས་སོ། །འདི་ནི་རང་བཞིན་རྫོགས་པ་ཆེན་པོ་ལ་ནམ་མཁའ་དང༌། མཁའ་འགྲོའི་འཆི་ལུགས། མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས་ཞེས་པའི་ཡ་གྱལ་གཅིག་ཡིན་ནོ། །སྦ་སྒོམ་ལོ་ཉི་ཤུ་རྩ་བཞི་ལོན་ཙ་ན་ཉང་ཤེར་འབྱུང་གིས་གདམས་པ་བཏབ་པ་ཡིན། སྦ་སྒོམ་འདི་རྟེན་དགེ་བསྙེན་དུ་བཞུགས། མཚན་ཡེ་ཤེས་བྱང་ཆུབ་ཏུ་གྲགས། རྟོགས་པ་ཁྱད་པར་ཅན་མངའ། རྡོ་ལ་འདམ་རྫབ་ལྟར་མཛད། བྲག་ལ་སྐུའི་པར་འདེབས། དགུང་ལོ་དགུ་ཅུ་རྩ་བརྒྱད་ལོན་པའི་ཚེ་སྐུ་སྙུན་པ་མེད་པར་གཤེགས། ཇོ་མོ་གང་མོས་ཕྱི་རོལ་གྱི་མི་རྣམས་ལ་པུར་མཇལ་མ་བཏང་བར་མཆོད་ཁང་དུ་པུར་མེ་ལ་སྦྱངས་པས། འོད་རྫ་མ་ཙམ་ཞིག་ནམ་མཁའ་ལ་འགྲོ་བ་ཕྱི་རོལ་གྱི་མི་ཀུན་གྱིས་མཐོང༌། ཤུལ་དུ་གདུང་རུས་གཅིག་ཀྱང་མ་བྱུང་ངོ༌། །དེའི་སློབ་མ་ནི་འཛེང་སྟེ། ཡུམ་མཚར་དགུ་སྐྱིད་དེ་ཞེས་བྱ་བ་ཡར་ཀླུང་ཐང་ཆུང་བའི་མ་ཇོ་ཡིན། ཐང་ཆུང་བཙད་པོའི་བུ་ཆེ་བས་ཕབ་ནས་འཛེང་འཁྲུངས། ལོ་བཅུ་དྲུག་ལོན་པའི་དུས་འགྲུལ་ཟླ་ཁ་ཤས་དང་བཅས་དོལ་གྱི་གདོང་སྣར་ཚོང་ལ་ཕྱིན་ཙ་ན། དོལ་གྱི་འཚེར་ཆུང་ན་མི་མང་པོ་སྤུངས་འདུག བལྟར་ཕྱིན་པས་དམ་པ་རྒྱ་གར་དང་མཇལ། ཟླ་བ་བཅུ་བཞིར་དམ་པའི་ཕྱག་ཕྱིར་འབྲངས། གཙང་གི་གནས་གཞི་བཟང་ཅན་དུ་སླེབ་ཙ་ན། དམ་པས་སྣམ་བུ་གཅིག་གནང་ནས་ཁོང་ངང་ཐུང་འདུག་པས་ཁྱོད་རང་ཡུལ་དུ་ལོག དྭགས་པོ་ནས་ཁམ་བུ་ཁྱེར་ལ་ཤོག དོལ་དུ་འགྲོ་བའི་ཟླ་བོར་འདུག་གོ་གསུངས། དེར་འཛེང་གིས་ལམ་དུ་ཞུགས་པ་ན། དམ་པ་ཚུར་བྲེང་གིས་བྱོན། འཛེང་གི་མདན་པ་གཉིས་ལ་འཇུས་ཏེ། ཅི་ཡང་མ་ཡིན་གནས་གྱུར་པ། །གནས་གྱུར་པ་ལ་གཉིས་འཛིན་མེད། །ཅེས་གསུངས་ནས་མགོ་ཐུག་ལན་གཉིས་བརྒྱབ་པས། སེམས་ཧད་དེ་བ་ལ་ཤེས་པ་བཀྲ་གསལ་བ་ཞིག་བྱུང༌། ཁ་ནང་ན་ཆུ་འཁྱིལ་ལེ་སྣང༌། དེ་ནི་དམ་པས་བྱིན་གྱིས་བརླབས། རྡོ་རྗེ་ཟམ་པ་དང་མཇལ་བའི་ལུང་བསྟན་པར་འདུག་སྟེ་དུས་ཕྱིས་ལས་མ་གོ་གསུངས། དམ་པས་རྟེན་འབྲེལ་འགའ་ཙམ་དང་སྔགས་ཀྱི་གནད་མང་དུ་གནང༌། རྒྱང་རོ་ཚལ་མར་ཡི་གེ་དྲུག་པའི་གདམས་ངག་གནང་ནས་བསྒྲུབས་པས་བྱིན་རླབས་ཆེན་པོ་བྱུང༌།

ཡང་ཆུ་བོ་ཆེན་པོ་འདིའི་ཤར་ཕྱོགས་ན་ཙན་དན་གྱི་ནགས་ཡོད། དེ་ན་ཁྱོད་ཀྱི་བླ་མ་ཡོད་གསུངས་ནས་ལུང་བསྟན། དེ་ནས་དབུས་སུ་བྱོན། ཨ་ཁུ་དཔལ་འབར་ལ་ཁྲག་འཐུང་དང་པེ་ཧར། གནུབས་ཤངས་པོ་ཆེ་ལ་ཀྲི་ཡ་དང་ཁ་འབར་མའི་གཏོར་ཆེན་ཞུས། ཁོང་གིས་གཙང་དུ་བླ་མ་བ་རི་བ་ལ་འབུལ་བ་སྐྱེལ་དུ་བཏང་བས། བ་རི་ལའང་འཇམ་དཔལ་དང་ཁྱུང་སྒྲུབ་ཞུས། དགེ་བཤེས་སྤོ་ལ་སྔ་འགྱུར་རིགས་ཞུས། དེ་ནས་སུམ་ཅུ་རྩ་ལྔ་ལོན་པའི་ཚེ་ངམ་ཤོད་རྒྱུད་ལྕང་ཚིགས་སུ་བྱོན། ཕུག་པོ་ཆེའི་ལ་ཁ་ན་དགེ་བཤེས་བཙན་ཁ་བོ་ཆེ་རྒྱ་གར་ནས་བྱོན་མ་ཐག་པ་གཅིག་ཇོ་མོ་བས་སྤྱན་དྲངས་ནས་ཆོས་དང་བཟའ་བ་དང་ལྟད་མོ་ཡོད་ཟེར། ནང་པར་སྔ་བར་བྱོན་ཙ་ན་བུད་མེད་གཅིག་ན་རེ། ཁྲབ་ནས་ལམ་ཟུར་འདི་ནས་ཡར་ཕྱིན་ན་སློབ་དཔོན་སྦ་སྒོམ་བྱ་བ་ལྟོ་སྟེར་བ་ལ་ཡངས་པ་ཞིག་ཡོད་ཟེར། ཕྱིན་པས་རྣལ་འབྱོར་པ་ཚོ་གཅིག་གིས་ཀྱང་སླེབ་ནས་ཚ་བ་དྲངས། ཕྱེ་ཟངས་ཀྱི་ཁྱེམ་བུ་རེ་ཡང་གཏོང་གིན་འདུག དེ་ཚོར་བྱིན་ཟིན་ནས། དེ་ན་གསར་བུ་གཅིག་ཀྱང་འདུག་གསུངས་ནས་ཆུ་བུམ་པ་གང་ལེན་དུ་བཅུག ཆུ་གཏོར་མཛད་ནས་ཕུག་ཆུང་ཟུ་རར་ཁྲིད། ཚོད་མ་གེ་རུ་ཕོར་པ་གང་བྱིན། དེ་ནུབ་ཀྱང་བཟའ་བ་བྱིན་ནས་བྲག་རྩ་གཅིག་ཏུ་ཉལ། ནང་པར་འགྲོ་དགོས་སེམས་ཙ་ན། ཡང་ལྟོ་བྱིན་ནས་ངའི་ཉེ་གནས་བཙུན་ཆུང་གཅིག་ཡོད་པ་ཟོ་ཐང་དུ་གསེར་ལེན་དུ་སོང་བ་ཆར་ཆེས་པས་མ་བྱུང༌། ཤིང་གཅིག་ཐུས་གསུངས། དེར་ནགས་ཁྲོད་ནས་ཤིང་ཁུར་ཆེ་བ་གཅིག་བསྐྱལ་བས། སྦ་སྒོམ་མཉེས་ནས་ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་དང༌། རྫོགས་པ་ཆེན་པོ་སྐོར་བདུན་རང་ཆས་བྱ་བ་བཤད། དེར་ཉེ་གནས་ཀྱང་བྱུང༌། ངེད་མ་སླེབ་པས་སློབ་དཔོན་འོ་བརྒྱལ་སེམས་ཙ་ན་ཁྱེད་ཀྱི་གོ་བཅད་འདུག་པ་ད་དུང་ཞག་འགའ་ཙམ་བཞུགས་ཟེར།

ཡང་ཡར་ཀླུང་ལན་ཅིག་བསྐོར་ནས་བྱུང༌། དེར་སྦ་སྒོམ་གང་ཟག་ཁྱད་པར་ཅན་དུ་ཤེས་ནས་ཡུལ་དུ་མ་ཕྱིན་པར་འོན་དང་ཟངས་རི་ཡན་ཆད་དུ་བསོད་སྙོམས་བྱས། སྒྱེ་གཅིག་ཉོས། ནས་སྒྱེ་གང་དང་བཅས་སློབ་དཔོན་སྦ་སྒོམ་ལ་ཕུལ་བས། ཁྱོད་ཀྱིས་ངའི་གཡོག་བྱས་པ་ཡིན་པས་དེས་རུང༌། འདི་ལ་ཁྱོད་རང་གི་རྒྱགས་གྱིས། ང་ལ་མན་ངག་རྡོ་རྗེ་ཟམ་པ་ཞེས་བྱ་བ་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་ལ་ཕུང་པོ་ལྷག་མེད་དུ་འཚང་རྒྱ་བའི་བརྒྱུད་པ་བྲེང་མ་ཆད་པ་གཅིག་ཡོད། ད་གོང་ཕན་ཆད་སུ་ལའང་མ་སྨྲས་པ་ཡིན། ད་ཁྱོད་ལ་སྦྱིན་ནོ་གསུངས་ནས་ནན་གྱིས་ཕུལ་ནས་འདི་སློབ་དཔོན་རང་ལ་བསྔོས་པ་ཡིན། གདམས་ངག་ཐུགས་ལ་གདགས་པར་ཞུ། རྒྱགས་རྙེད་དེ་འོང་བྱས་པས། ཕྱག་གཡོན་པས་སྤྱི་བོ་ནས་བཟུང་གཡས་པས་ལྟག་ཁུང་ནས་རྟབ་རྟབ་བྱེད་ཅིང༌། འོར་ཆེ་དམ་ཚིག་ཅན་དུ་འདུག གདམས་ངག་གིས་ཕན་ཐོགས་པར་གདའ་གསུངས། དེར་ལོ་ཆུང་གི་སྔགས་པ་གཅིག་ལ་གཤིན་རྗེ་དམར་པོའི་སྒྲུབ་ཐབས་ཤིག་བྱིན་པས། སྲན་ནས་ཁལ་བརྒྱད་བྱུང༌། ལོ་མོ་དང་འཕྲུན་དུ་བསྲུང་སྐྱོབ་ཞར་རེ་ཙམ་བྱས་པས་ཆོས་རྒྱགས་ལྡང་བ་རྙེད། རྡོ་རྗེ་ཟམ་པའི་བྱིན་རླབས་ཞུ་བ་ལ་ཚོགས་ཀྱི་ཡོ་བྱད་མ་ཚོགས་པའི་ངང༌། སློབ་དཔོན་གྱིས་བྱིན་རླབས་ད་ལྟ་བྱ། ཕྱི་ནས་བར་ཆད་འོང་གསུངས། གངས་བར་དུ་གྲོགས་པོ་གཅིག་ལ་སིར་མོ་གཅིག་བཙོང་བའི་རིན་བླང་དུ་ཕྱིན་པས། མ་ཇོའི་ཤམ་ཐབས་ཞིག་ཐོབ། དེའི་སྣམ་པ་ཚོ་ཕྲལ་ནས་བཙོང༌། ཆང་ཕུད་དང༌། གཏོར་མ་དང༌། ནས་བྲེ་ལྔ། ཤ་གཟུགས་གཅིག་རྣམས་ལ་བསྟེན་ནས། མར་མེའི་དོད་ཉིན་པར་བྱའོ་གསུངས་ཏེ་གྲོལ་ལམ་དབང་བཞི་རྫོགས་པར་བསྐུར། གདམས་ངག་མ་ལུས་པ་གནང༌། ཕྱི་ནས་ཀྱང་བྱིན་རླབས་ལན་བཞི་ཙམ་ཞུས། ནས་དང་གསེར་ལ་སོགས་པའི་འབུལ་བ་ལན་ལྔ་བསྐྱལ། རེ་ཞིག་ན་སྣང་བ་འདི་རྫུན་པའི་ཆོས་ཅན་ཡིན་གསུངས་ནས། ཆུ་རྡོ་གཅིག་ལ་ཕྱག་ཆར་གྱིས་བརྒྱབ་པས་གྲུ་མོ་ཡན་ཆད་ཐིམ་གྱིས་སོང༌།

ཡང་སྐུ་ལུས་ཕྱིར་ཤིགས་མཛད་པས་བྲག་ལ་འདལ་གྱིས་ཐལ་ནས་རྗེས་ཝལ་ལེ་བྱུང༌། ཕུག་ཆུང་རོང་ན་ལྟ་སྟངས་ཀྱིས་ཤུག་པའི་གདུང་མ་མང་པོ་བཀུག ཇོ་མོའི་མཆོད་ཁང་ཕུག་པའི་ཤིང་ཡིན་གསུངས། དེ་ལྟ་བུའི་སློབ་དཔོན་ལས་རྡོ་རྗེ་ཟམ་པའི་སྐོར་མ་ལུས་པ་ཐོབ་ཅིང༌། གཞན་ཡང་ཇོ་བོ་རྗེའི་ཕ་རོལ་ཏུ་ཕྱིན་པའི་ལམ་རྐྱང་ཁུག་སོགས་ཀྱང་ཐོབ། དེ་བཞིན་དུ་ཡུ་མོ་ལ་སྦྱོར་དྲུག ཁམས་པ་ལུང་པ་ལ་ཐུན་བརྒྱད་མ། སྣེའུ་ཟུར་པའི་སློབ་མ་ལ་དམིགས་པ་སྐོར་གསུམ། ཤོང་བུ་ལོ་ཙཱ་བ་ལ་འགྲེལ་ཆུང༌། དགེ་བཤེས་དགྲོལ་སྒོམ་ལ་ནཱ་རོའི་ཐབས་ལམ་ཞུས་ཤིང༌། རྡོ་རྗེ་ཟམ་པ་ཕར་ལ་བཤད། སོ་སྙུན་གདངས་ལ་སྒྲོན་སྤྲུལ་དང་རྒྱབ་ཤ རྫ་བོར་བ་ལ་བདུད་རྩི་ཐིགས་གསུམ། རི་ཁྲོད་རླུང་ཆུང་ལ་རྣ་བརྒྱུད་ཚིགས་གསུམ། རླུང་ཧམ་ཆེན་པོ་ལ་དོ་ཧའི་མན་ངག ལབ་སྒྲོན་ལ་གཅོད་ཡུལ། རྒྱལ་བ་སྤོ་སྟོན་ལ་སྡེ་སྐོར་བདུན་པ། གནུབས་ཤངས་ཆེན་ལ་བ་རི་པའི་ཀྲི་ཡའི་ཆོས་བཅོ་ལྔ། དིང་རི་ཀུན་དགའ་ལ་གདམས་པ་སྣ་ཚོགས་སོགས་ཐོས་པ་ཤིན་ཏུ་མང༌། དྭགས་པོ་ལྷ་རྗེ་ལ་ཆོས་དྲུག་དང་སྐྱེས་སྦྱོར་ཞུས། རྟོགས་པ་ཉམས་བསྡུར་བས་ཤིན་ཏུ་མཉེས། སྤྱན་སྔ་རྣལ་འབྱོར་གྱི་གྲྭ་ས་རུ་སྤྱོད་པ་བྱས་པས་བརྟུལ་ཞུགས་ཅན་དུ་གྲགས། གྲོགས་མཆེད་ཀྱང་ཨ་ཙ་ར་སྟག་ཤམ་ཅན་དང༌། བླ་མ་དབུ་འདྲེན་པ་དང༌། བླ་མ་ཐུད་ཁ་འབར། བླ་མ་དྲོད་འབྱོར། ཞང་འགྲོ་སྨྱོན་ལ་སོགས་དེ་ཙ་ན་རྣལ་འབྱོར་གྱི་དབང་པོ་ཤ་སྟག་དང་འགྲོགས། གཙང་དུ་གཅེར་བུ་ལོ་ལྔ་བྱས། གཞན་ཡང་སྣང་བ་ལ་ཐོག་བརྫིས་ཤིན་ཏུ་ཆེ་བས་དགུན་འཁྱགས་པའི་རུམ། དབྱར་ཆུ་བོའི་གཞུང༌། མ་ངེས་པའི་གཡང་རོང་ཟབ་མོར་མཆོང་བ་དང༌། མགོ་བརྡེབ་པ་དང༌། མཚོན་བརྡེག་པ་ལ་སོགས་ཏེ་སྤྱོད་པ་ཚན་པོ་ཆེ་མ་བྱས་བྱ་བ་མེད་པས་དཔའ་བོ་འཛེང་ཆུང་དུ་གྲགས། སོ་མང་བཙན་ལ་ཕྱག་རྒྱ་ཆེན་པོ་བཏབ་པས་འཁྲུལ་སྣང་ཡེ་ཤེས་སུ་གནས་གྱུར། རི་ཁྲོད་རླུང་ཆུང་པ་དང༌། དངུལ་མོ་རྒྱལ་ལེ་ལྕམ་ལ་ཡི་གེ་བཞི་པ་དང་རྫོགས་ཆེན་བཏབ་པས་འཁྲུལ་ཞིག་ཆེན་པོར་གྱུར་ཏེ་མཐར་ཕུང་པོ་ལྷག་མེད་དུ་དེངས། དེ་བཞིན་དུ་མ་ཇོ་དད་པ་ཅན་དང༌། ཁམས་པ་སྙིང་རུས་ཅན་ཞིག་ལ་རྡོ་རྗེ་ཟམ་པ་བསྟན་པས་མ་ཇོ་མོན་ཁ་ཟེར་མོའི་མཚོ་དང༌། ཁམས་པ་ཀོང་པོ་མཚོ་རྫོང་དུ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་ཀྱིས་ཕུང་པོ་ལྷག་མེད་དུ་སོང༌། རས་པ་སྒོམ་སྟག ཤོ་རས། རྒྱ་རས། རླུང་རས་སོགས་ལ་གདམས་པ་བཏབ་པ་ཙམ་གྱིས་བདེ་དྲོད་འབར། དེ་བཞིན་དུ་ཆོས་ཉིད་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུ་སོང་བ་ཤིན་ཏུ་མང༌། འཛེང་དྷརྨཱ་བོ་དྷིའི་གསུང་ལས་ཀྱང༌། ངའི་གམ་དུ་ལོ་ཙཱ་བ་ཡང་བཞི་ཙམ་བྱུང༌། རབ་བྱུང་དང༌། སྟོན་ཆེན་དང༌། སྒོམ་པ་སྒོམ་མ་ཡུས་པོ་ཆེ་རང་མཐོང་ཅན་མང་ཞིག་བྱུང༌། ཚུལ་བཞིན་ཉམས་སུ་ལོན་པ་ཨ་ཅང་ཆེ་སྟེ། དྭགས་པོར་ཉམས་ལེན་ཨེན་རེ་བྱས་པའི་ཉ་མ་བཅུ་གཅིག་ཙམ་དང་པོར་འཆི་དུས་ཐེབས་པ། འཆི་ཁར་གནད་གཅོད་མེད་པ། རོ་ལ་འཇའ་ཟུག་པ་བྱུང་བ་ཡིན། ངའི་གདམས་པ་འདི་ལ་བལ་མ་བལ་ལས་བྱེད་པ་དང༌། ཕ་མ་སྲིའུ་གསོ་བ་འདྲ་བའི་ཉམས་ལེན་ལོ་ལྔ་དྲུག་གཅིག་བྱས་ན། ཕུང་པོ་ལྷག་མེད་དུ་སོང་ནས་ཤུལ་དུ་མིའི་ལུས་པོ་མི་ཡོངས་ངེས་གསུངས། རྫུ་འཕྲུལ་གྱི་བཀོད་པ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བས་རེས་སྐུ་ལུས་འཇའ་རུ་འཁྱིལ། རེས་ཞབས་ས་ལ་མ་རེག་པར་གཤེགས། སྣང་སེམས་རོ་གཅིག་འདྲེས་པས་ཐག་རིང་པོའི་ས་ཡང་ཡུད་ཙམ་ལ་འཁོར། གཞན་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་ཐོགས་མེད་མངའ་བས་མ་འོངས་པ་ཐམས་ཅད་ལུང་སྟོན། ལྷའི་མིག་དག་པས་ཇོ་སྲས་མ་རྡོ་རྗེ་སྐྱིད་ཀྱི་བུ་ནམ་ཕྱེད་ན་གཉིད་ལོག་པ་རྒྱ་མཐོངས་ནས་མར་རྦབ་ཏུ་འཆོར་ལ་ཁད་པ་གཟིགས། སྣང་བ་ལ་ཉིན་མཚན་མེད་པས་ནུབ་མོ་སྦུར་མའི་ཁྲོད་དུ་རྒྱ་ཁབ་ལྷུང་བ་བདེ་བླག་ཏུ་གཟིགས་པ་སོགས་ཡོད། ཕྱིས་རེས་གཙང་དུ་ལོ་བདུན་བཞུགས་ནས་སླར་ཕུག་པ་ཆེར་བྱོན་པས། སློབ་དཔོན་སྦ་སྒོམ་གྱིས། ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས། དེ་རྟེན་མེད་དུ་རྟོགས་ན་སྒོམ་མེད་ཀྱི་གཟེར་ཆེན་ཐེབས་པ་ཡིན་གསུངས་པས་ངེས་ཤེས་གཏིང་ནས་འདྲོངས།

དེ་ནས་དྭགས་པོ་ཞུ་རུ་བཞུགས་ཤིང་བླ་མ་ཞལ་གདམས་ལ་གུ་རུ་ཞི་བ་སྡེ་སྐོར་བདུན་པའི་གདམས་པ་ཞུས། དེའི་ལྷ་ཟུར་དགོན་པར་བརྡ་བཞི་ལོ་གསུམ་བསྐྱངས་པས་ཆོས་ཐམས་ཅད་ལ་རང་བྱན་ཚུད། སྤྲོས་བྲལ་གྱི་དགོངས་པ་ནམ་མཁའ་ལྟ་བུར་སོང༌། ལར་དཀའ་ཐུབ་ལ་ཤིན་ཏུ་བཟོད་པས། ཕུག་པོ་ཆེར་རྡོ་རྗེ་ཟམ་པ་ཞུས་ནས་བདུད་རྩིའི་དཀའ་ཐུབ་མཛད། རིམས་ཀྱིས་བརྫི་བར་མ་ནུས། གནུབས་ཤོང་པོ་ཆེའི་དྲུང་དུ་བླ་མའི་བྲན་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་བླ་མས་ཐུགས་ལ་འདོགས། དམ་པ་རྒྱ་གར་གྱི་དྲུང་དུ་རྟོག་དཔྱོད་ཀྱི་དཀའ་ཐུབ་བྱས་པས་ཆོས་ཐམས་ཅད་ལ་རང་བྱན་ཚུད། སྐྱིད་ཁུང་དུ་ཕུར་པའི་བཟླས་པ་ལ་དཀའ་ཐུབ་བྱས་པས་འཇིག་རྟེན་གྱི་ལྷ་འདྲེས་ཅི་སྨྲས་ཉན། ཇོ་བོ་བཀའ་གདམས་པའི་ས་རུ་ཞི་དུལ་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་གཞན་གྱིས་བྱམས། ཡི་གེ་བཞི་ལ་མི་སྡོད་པ་གསུམ་གྱི་དཀའ་ཐུབ་བྱས་པས་བདེ་དྲོད་འབར་ནས་གཅེར་བུ་ལོ་ལྔ་བྱས། དེ་ལ་ངེས་ཤེས་སྐྱེས་ནས་ཕག་མོ་མངོན་འབྱུང་ལ་སྒྲུབ་པའི་དཀའ་ཐུབ་བྱས་པས་འགུར་མོའི་ནུབ་ཕྱོགས་སུ་རྗེ་བཙུན་མའི་ཞལ་གཟིགས། བརྡ་མང་པོ་གནང༌། གནུབས་ཡུལ་རོང་དུ་རྨི་ལམ་སྦྱངས་པས་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས། གཞོ་སྟོད་ཏི་སྒྲོའི་ཤེལ་ཕུག་ཏུ་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཞལ་མཐོང༌། མི་མ་ཡིན་གཅིག་གིས་བསྙེན་བཀུར་ཆེར་བྱས། བཙུན་གཟུགས་གཅིག་ནམ་མཁའ་ལ་འཕུར་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་མཐོང༌། བཙལ་བས་མ་རྙེད་མི་ཡིན་མིན་མ་ཤེས་གསུངས། དྭགས་པོ་ཞུ་རུ་ཨ་ཛི་བསྒྲུབས་པས་ཉི་མ་དྲོ་ཁར་ཞལ་གཟིགས། དམ་བསྲེ་བྱེད་སྙམ་ཙ་ན་ཇོ་མོ་ཕྱ་ལེ་བྱོན་པས་བུད་མེད་ཅན་ཟེར་ནས་འོད་ཅིག་ཏུ་ཡལ། ལྷ་ཟུར་དུ་བཅུད་ལེན་གྱི་སྒྲུབ་པ་བྱས་པས་ཚེ་དཔག་མེད་ཞལ་མཐོང༌། ཆོས་མང་པོའི་རྣམ་གཞག་རྒྱུད་ལ་ཤར། ཨོ་དཀར་བྲག་ཏུ་སྒྲུབ་པ་མཛད་པས་བདེ་མཆོག་ཡབ་ཡུམ་ཞལ་གཟིགས། ལན་ཅིག་འགྲོ་སྙིང་འདོད་པ་ཞིག་བྱུང་ནས་མོན་འགར་གྲོང་མོ་ཆེའི་མདུན་དུ་བྱོན། ཆུའི་རྫིང་མོ་ཞིག་ལ་ཐུབ་ཆོད་བྱས་མཆོངས་པས། འཁྱགས་པ་ཆག་ནས་ཆུར་བྱིང༌། སྐྱེངས་པའི་རྣམ་རྟོག་ཞིག་ཤར་ཙ་ན། ཆུ་ལ་རླངས་པ་ནམ་མཁའ་མི་མཐོང་བ་ཙམ་བྱུང༌། མི་རྣམས་ངོ་མཚར་སྐྱེས་ནས་དགུན་གྲང་བདོ་བ་ལ་དེ་ཙམ་ཚུགས་པ་ལྕགས་བསྲེགས་ཆུ་ལ་བཙུད་པ་འདྲ་བ་བྱུང་ཟེར། རང་ལ་འཁྱགས་པའི་སྣང་བ་ནི་བྱུང་གསུངས།

ཡང་ལན་གཅིག་ཇོ་མོ་དང་གཉིས་ཀྱིས་ཤིང་འཐུར་ཕྱིན་པས་ཤིང་ཁུར་ཆེ་བ་གཅིག་རྙེད། དེ་ཁུར་ནས་མཐའ་ཆེན་པོ་གཅིག་གི་ཁར་སླེབ་པ་དང༌། འདི་ནི་རྨི་ལམ་དུ་འདུག་སྙམ་ནས་མཆོངས་པས་བྱ་བབས་པ་བཞིན་དུ་སོང༌། ཇོ་མོ་ན་རེ་བླ་མ་ཁྱེད་མིའམ་གཅིག་མི་འདུག དམ་པ་རྒྱ་གར་དྲན་ཟེར། དེ་ཡན་དུ་གདམས་པ་མང་དུ་མ་འཕེལ། གྲོང་ཆོག་མཛད་ཅིང་གསང་སྤྱོད་བསྐྱངས། དེ་ནས་ཐག་རིང་ནས་སློབ་མ་མང་དུ་བྱུང་ནས་འཕེལ། རེ་ཞིག་ན་བལ་བུ་དོར་ལས་སྤྱན་དྲངས། གདམས་ངག་གསུངས་པས། ཉི་མ་སྔ་དྲོ་དང་པོ་ལ་འཇའི་གདུགས་དང་རེ་མིག་མང་པོ་བྱུང༌། ཆོས་ཐོན་ནས་རི་ལོགས་སུ་སྐྱོ་སངས་ལ་བྱོན། འཇའ་དེ་བླ་མ་གྲོང་པའི་རྟགས་མི་དགའ་བ་མིན་ནམ་ཞུས་པས། ངའི་བླ་མ་སྦ་སྒོམ་གྱིས་འབར་སྟོན་ཤེས་རབ་གྲགས་སྤུན་གཉིས་ལ་གདམས་པ་འདི་གནང་བའི་དུས་ཀྱང་ངམས་ཤོད་ལུང་པ་དང༌། ཕུག་པ་ཆེའི་རི་ལོགས་ཁེངས་པ་ཙམ་བྱུང་བ་ཡིན། གདམས་པ་འདི་ལ་རྟགས་འདི་འོང་གསུངས། ཡང་བླ་མ་འདི་འཛེང་ན་བཞུགས་པའི་དུས་སུ་སློབ་མ་ཇོ་སྲས་འཛེང་གི་དྲུང་དུ་བྱོན་པས། མཆོད་རྟེན་རྩ་བའི་གད་རྩ་གཅིག་ན་བཞུགས་འདུག དེ་ནས་དབེན་ཁང་དུ་ཕྱིན་ཙ་ན་བླ་མ་འཛེང་ནི་མ་མཐོང༌། འོད་ཕུབ་ཙམ་ཞིག་འདུག རྩར་ཉེ་ཙ་ན་འོད་དེ་མི་འདུག་ནས་དེ་ཙུག་ལགས་ཞུས་པས། མཉམ་པར་བཞག་པའི་རྟགས་ཡིན་མི་ལ་མ་སྨྲ་གསུངས། ཡང་ཨ་ཇོ་དངོས་གྲུབ་ལ་མཛེ་བྱུང་བས། ངས་བཟླས་གྲོགས་བྱས་པས་མཛེ་ནི་མ་སོས། ངས་ཕྱག་ན་རྡོ་རྗེའི་ཞལ་མཐོང་དགོད་བྲོ་གསུངས། དེ་ལྟར་ཆོས་ཚུལ་གཞན་ལ་གྲགས་པའི་རོ་སྙོམས་དང༌། ཆོས་དྲུག་དང༌། གཅོད་ཡུལ་དང༌། རིམ་པ་ལྔ་ལ་སོགས་པའི་གདམས་པའི་དོན་གྱི་ཐོབ་བྱ་གང་ཡིན་པ་ཉམས་འོག་ཏུ་ཆུད་པའི་འཛེང་སྒོམ་དྷརྨ་བོ་དྷི་འདི་དགུང་ལོ་བརྒྱ་དང་གཉིས་ལོན་པའི་དུས་ཤིག་སྙུན་པ་ལྟར་བསྟན་པས། འཁོར་རྣམས་ཀྱིས་བླ་མ་གྲོངས་ཀྱིས་དོགས་ཙ་ན། ཞལ་ནས་མདང་རྨི་ལམ་བཟང་བས་ང་མི་འཆི། རྒྱལ་པོ་རིའི་སྟེང་ན་འདུག་པ་ལ་ཉི་ཟླ་གཉིས་ཤར་བྱུང༌། རུས་པའི་སྤྱིལ་པོ་མང་པོའི་སྟེང་ན་བུད་མེད་མང་པོ་འདུག་པས། བླ་མ་འཛེང་ཁྱོད་ལོ་བཞི་ན་ཤོག་ཟེར་བ་ཞིག་རྨིས་གསུངས།

ཡང་རེ་ཞིག་ན་ངས་ལོ་མང་པོ་ལོན་ཏེ་ང་ལ་ཏིག་པ་བཤད་རྒྱུ་མེད་གསུངས། དེ་ནི་རྟོག་དཔྱོད་ལ་འཛིན་པ་དག་པས་ནང་དུ་དགོངས་པ་ཟད་སར་འཁྱོལ་བའི་རྟགས་སོ། །དེར་འཁོར་རྣམས་ཀྱིས་དགེ་རྩ་གཅིག་མཛད་པར་ཞུས་པས། འདུས་བྱས་ཀྱི་དགེ་རྩ་ལ་ཐུགས་མི་གཏོད། བཅུད་ལེན་གཅིག་མཛད་པར་ཞུས་པས་ཀྱང༌། བཅུད་ལེན་བྱས་ན་ལོ་བཅུ་ཙམ་ཚེ་བསྲིང་ནུས་ཏེ། དུས་ངན་གྱི་ཚེ་རིང་བ་ལ་དགོས་པ་མེད་གསུངས། གཞན་ལ་སྐྱོ་བ་ཡང་དག་བསྐུལ་ནས་སྐུ་གཤེགས་སོ། །པུར་སྦྱངས་པས་ནམ་མཁའ་འཇས་གང༌། མཆོད་རྟེན་དང་རིང་བསྲེལ་མང་དུ་བྱོན་ཏོ། །འདི་ནི་ཚོགས་པ་བསྐྱངས་པས་སྙིགས་མ་འཇའ་ལུས་སུ་མ་དེངས་ཀྱང༌། དོན་དུ་ཀ་དག་ཆོས་ཟད་ཀྱི་ས་ལ་མྱ་ངན་ལས་འདས་པའི་རྟགས་མཐའ་དག་ཚང་ཞིང་སྙན་བརྒྱུད་རྡོ་རྗེ་ཟམ་པའི་དར་རྒྱས་ཀྱང་འདིའི་རིང་ནས་ཆེ་བར་བྱུང་སྟེ་དངོས་ཀྱི་སློབ་མ་ཡང༌། སློབ་དཔོན་ཀུན་བཟང་དང༌། འཛེང་ཇོ་སྲས། བཙན་ཐང་པ་ཉང་དྷརྨ་སིངྷ༌། སློབ་དཔོན་གསེར་ལུང་པ། བླ་མ་དུ་རྡོ་རྗེ་རྒྱལ་མཚན། གཟིག་ཡེ་ཤེས་དབང་པོ། གཡག་སྟོན་ཟླ་བ་འོད་ཟེར་ལ་སོགས་མང་དུ་བྱོན། དགུང་ལོ་ཡང་བརྒྱ་དང་བཅུ་བདུན་ལོན་ཚེ་གཤེགས་པ་ཡིན། འདི་ཇོ་བོ་རྗེ་དང་འབྲོམ་སྟོན། ཕྱ་པ་ཆོས་ཀྱི་སེང་གེ་དང༌། རྗེ་བཙུན་མི་ལ་དཔོན་སློབ་དང་སྔ་ཕྱིར་ཐོག་མཉམ་པ་ཙམ་མོ།།

འཛེང་ཇོ་སྲས་ནི། སྔགས་པའི་རིགས་ལས་བཙས་པས་ཆུང་ངུ་ནས་ཡིག་རྩིས་ལ་སྦྱངས། འོལ་ཁའི་ལྷ་བྲིས་པ་ལ་སྒྱུ་འཕྲུལ་ལ་སོགས་རྙིང་མ་དང༌། དགྱེས་རྡོར་དང་མཚན་བརྗོད་ཞུས། སློབ་དཔོན་ལྷ་བྲིས་པ་འདའ་ཁར་གཞུང་ཆེན་པོ་འདི་ཙམ་ཞིག་ཤེས་ཀྱང་འཆི་ཁར་ཕན་པ་ཨ་རོ་ཐུན་བདུན་ལས་མ་བྱུང༌། ཁྱོད་རང་ཡང་གཞུང་མ་བསླབས་པར་གདམས་ངག་ལ་ནན་ཏན་གྱིས། དྭགས་པོ་ན་ཁྱེད་རང་གི་བླ་མ་འཛེང་བྱ་བ་གཅིག་ཡོད་འདུག་པས་དེར་སོང་ཞེས་ལུང་བསྟན། གངས་བར་དུ་རྫོགས་ཆེན་ལྷུན་གྲུབ་མཁན་སློབ་དཔོན་ཟམ་གྱི་སར་དབྱར་དགུན་ཐོག་དྲུག་བསྡད་ཀྱང་ཐུགས་ལ་མ་བཏགས། གདམས་ངག་གི་སྤྲོས་པ་མ་ཆོད་ནས་སློབ་དཔོན་འཛེང་ལ་དཔལ་ལུང་དུ་རྡོ་རྗེ་ཟམ་པ་ཚར་གསུམ་ཞུས། བྱིན་རླབས་མཛད་ནས། ཁྱོད་རང་རེ་ཞིག་གཙང་དུ་སོང་ལ་གཞུང་སློབ། གཙང་ནས་འཁོར་ཙ་ན་ཨ་མིས་དགོན་པ་གཅིག་ཏུ་སྡོད་ཅིག་གསུངས། དེར་གདམས་པ་མི་གནང་བར་དགོངས་ནས། གཞན་སུས་ཤེས་དྲིས་པས། གྲ་ཕྱིའི་ཇོ་སྲས་ཞང་ལ་སྐྱབས་བྱ་བས་ཤེས་གསུངས། དེ་ལ་ཞུ་བར་སེམས་ཙ་ན་ཁོང་གྲོངས། ཡང་དྭགས་པོ་རང་དུ་ལོག་ནས་འཛེང་ལ་ཞུས་པས་ཀྱང་མ་གནང༌། སློབ་མ་གཅིག་ལ་ཞུ་བསམས་ནས། ཤོ་སྐྱམ་དུ་སློབ་དཔོན་དུའི་སྤྱན་སྔར་ཕྱིན་ཙ་ན། རེ་བ་ཙམ་བཅོས་ནས་འདིས་མི་འོང་ད་དུང་དྭགས་པོར་སོང་ལ་ཞུས་གསུངས། ཡང་དྭགས་པོར་བྱོན་ནས་ཞུས་པས། ཅིས་ཀྱང་འདོད་ན་གདམས་པ་ལ་ནན་ཏན་བྱེད་དགོས་པ་ཡིན་གསུངས་ནས་རྫོགས་པར་གནང༌། དབྱར་དགུན་ཐོག་འགའ་སློབ་དཔོན་གྱི་དྲུང་དུ་བསྡད། ལོ་དྲུག་ཙམ་ལོན་ནས་ཕྲན་ཚེགས་རྣམས་ཀྱང་རྫོགས། གཞན་ལ་བྱིན་རླབས་མཛད་པའི་ལས་སློབ་ཀྱང་བྱས། ཐོད་པའི་བླ་མ་རོག་པོ་དགའ་དང༌། མ་ཇོ་བཟློ་བ་ལ་སོགས་པ་ལྔ་བཅུ་ཙམ་གྱིས་རྡོ་རྗེ་ཟམ་པ་ཞུས་པས། ཇོ་སྲས་ཀྱིས་ཤོད། ཁྱེད་ཚོས་ཉོན་གསུངས་ནས་སློབ་དཔོན་ཁྲི་ཁ་ནས་གསུངས། སློབ་དཔོན་གཉིས་ལོ་ངོ་བཅོ་བརྒྱད་ཙམ་དུ་འགྲོགས། གདམས་ངག་གི་བཀའ་ཕོག་ནས་བརྒྱུད་འཛིན་དུ་བསྐོས་སོ།།

དེ་ལྟར་འཛེང་དྷརྨ་བོ་དྷི་དང༌། ཇོ་སྲས་འཛིང་ཆུང་སྨྱོན་པ་གཉིས་ཀའི་སློབ་མ་སློབ་དཔོན་ཀུན་བཟང་ཡིན་ཏེ། དེ་ནི་ཁུ་བོ་ཕ་ཇོ་དབུས་པ་ཕག་མོ་གྲུབ་པའི་སློབ་མ་སྒོམ་ཆེན་ཞིག་པོ་ཞིག་ཡིན། མ་ཟི་བཟའ་དེས་ཆོག་བྱ་བ་མ་ཇོ་སྨྱོན་མ་བསམ་འགྲུབ་བྱ་བ་ལ་ཆོས་ཐོས་པ་གཉིས་ཀ་ལ་རྨི་ལམ་གྱི་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། ལོ་བརྒྱད་དགུ་ལ་སློབ་དཔོན་ཀོར་སྟོན་རཱ་ཛ་ལས་སློབ་གཉེར་ཅུང་ཟད་བྱས། བཅོ་ལྔ་ལོན་པའི་ཚེ་ཁོང་གྲོངས་ནས་སློབ་དཔོན་དུ་བའི་གམ་དུ་ལོ་ལྔ་ཙམ་ཞི་བྱེད་ཞུས་ཤིང་བསྡད་ནས་ཞབས་ཏོག་འགྲུབ་ཚད་བྱས། གསེར་ལུང་དགོན་པར་སློབ་དཔོན་དུ་བ་དང་མཇལ་བའི་ཚེ། བཅོ་ལྔའི་ཟླ་བའི་རུམ་ན་སྐར་མ་གཉིས་ཐིམ་པ་རྨིས། འཛེང་ཆེན་པོ་ལ་རྡོ་རྗེ་ཟམ་པ་ཚར་གཅིག་ཞུས། དེ་ནས་འཛེང་ཇོ་སྲས་སྤུང་རིང་དུ་སྤྱན་དྲངས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། དྭགས་པོར་དགུན་ཐོག་བཞི་ཕྱིན། རྡོ་རྗེ་ཟམ་པ་ཚར་ཕྱེད་པ་གཅིག་དང་བཅུ་བཞི་ཐོབ། ཇོ་སྲས་དང་ལོ་བརྒྱད་འགྲོགས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། ཕྱི་ནས་ཤོ་རུ་ཚར་གཉིས། གསེར་ལུང་དུ་ཚར་གཅིག གཞན་ལ་གསུང་འཕྲོར་མཇལ་བ་དང་དྲིལ་བས་འཛེང་མེས་དབོན་གཉིས་ལས་རྡོ་རྗེ་ཟམ་པ་ཚར་སུམ་ཅུ་རྩ་ལྔ་ཐོབ། གཉིས་ཀའི་གདམས་པ་བཀའ་བབས་ནས་གཞུང་བཤད་ཆེ་ཆུང་གཉིས་ཀྱང་མཛད་དོ། །འདི་ལ་སྲས་སྤྲུལ་སྐུ་འོད་འབར་སེང་གེ་བྱ་བ་བྱུང༌། དེ་ནི་བློ་རྣོ་བ། ཤེས་རབ་ཕུན་སུམ་ཚོགས་པ་ཞིག་སྟེ། ལོ་བཅུ་བཞི་པ་ལ་རྡོ་རྗེ་ཟམ་པ་གསུངས། དེས་བརྒྱུད་འཛིན་ཇོ་མགོན་ལ་གནང༌། དེས་བྱར་མེད་ཚུལ་རིན་ལ་གནང་ངོ༌། །ཡང་འཛེང་གིས་ཡར་ཀླུངས་བཙན་ཐང་པ་ཉང་དྷརྨ་སིངྷ་ལ་རྡོ་རྗེ་ཟམ་པ་ཞུས་པས་བྱིན་རླབས་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས། དུར་ཁྲོད་དགོན་པར་བཞུགས་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད། མཐར་དགུང་ལོ་དོན་བདུན་པ་ལ་གཤེགས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད་དོ།།

དེའི་སློབ་མ་བཛྲ་པཱ་ཎི། དེའི་སློབ་མ་བླ་མ་ལྷའོ། །ཡང་འཛེང་གིས་གསེར་ལུང་པ་ལ་བཤད། དེས་སློབ་དཔོན་རང་གྲོལ། དེས་སྲས་པོ་ཆོས་རིན་ལ་བཤད་དོ། །ཡང་འཛེང་གིས་དུ་རྡོ་རྗེ་རྒྱལ་མཚན་ལ་བཤད། དེས་དུ་སྟོན་དད་པ་བརྩོན་འགྲུས། དེའི་སློབ་མ་ཞིག་གིས་བྱས་པའི་གཞུང་བཤད་ཀྱང་ཡོད། ཡང་འཛེང་གིས་གཟིག་ཡེ་ཤེས་དབང་པོ། དེས་མཁན་པོ་ལ་ཁ་བ། དེས་སློབ་དཔོན་མགོན་སྐྱབས། དེས་སློབ་དཔོན་གོ་རི་བ། དེས་སོ་སྟོན་ལ་བཤད་དེ་སོ་སྟོན་གྱིས་གཞུང་བཤད་ཀྱང་སྣང་ངོ༌། །ཡང་འཛེང་གིས་སྤུང་རིང་པ་གཡག་སྟོན་ཟླ་བ་འོད་ཟེར། དེས་ཀློག་སྟོན་དགེ་འདུན་སྐྱབས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད། ཡང་སྤུང་རིང་གཡག་སྟོན་གྱིས་ལོ་བརྒྱ་ལ་ཉེ་བ་ཐུབ། དེས་འོན་ནག་སྟོད་པ་གླ་རུ་བན་དེ་ལ་བཤད་ནས་ཀྱང་དར། ཡང་འཛེང་གིས་སྐྱེ་ཚེས་ཡེ་ཤེས་དབང་ཕྱུག་ལ་བཤད། དེས་གཟིག་ཡེ་ཤེས་དབང་པོ། དེས་མཁན་ཆེན་ངུར་པ། དེས་དུ་སྟོན་བཛྲ་ཤྭ་ར། དེས་མཁན་ཆེན་བསོད་ནམས་རྒྱལ་མཚན། དེས་མཁན་ཆེན་གཞོན་ནུ་ཤེས་རབ། དེས་སློབ་དཔོན་གཞོན་ནུ་གྲགས་པ། དེས་མཁན་ཆེན་སངས་རྒྱས་བཟང་པོ། དེས་བླ་མ་བརྩོན་འགྲུས་དབང་ཕྱུག དེས་མཐའ་བཞི་གྲགས་པ་རིན་ཆེན། དེས་སློབ་དཔོན་ཤཱཀྱ་རྒྱལ་པོ། འདི་སྐུ་གཞོན་ནུའི་ཚེ་ཁྲབ་ལ་ཁར་རབ་ཏུ་བྱུང༌། ལོ་དུས་ལ་བསྙེན་པར་རྫོགས། མཛོད་དང་འདུལ་བ་ལ་བྱང་བས་སྐྱོར་ལུང་དུ་གྲྭ་སྐོར་མཛད། ཐུགས་དམ་འཕེལ་བར་བཞུགས་པ་ལ། སྐུ་ན་ཧ་ཅང་མཐོ་བས་སྤྱན་མི་གསལ་ཡང་གཞན་གྱིས་སྤྱན་ཚབ་བྱས་ཏེ་རྗེས་སུ་བརྗོད་ནས་གསུང་བ་སོགས་ཐུགས་བསྐྱེད་ཤིན་ཏུ་ཆེ། དགུང་ལོ་བརྒྱར་ཉེ་བར་བཞུགས་ནས་གཤེགས་པའི་རྗེས་ཐུགས་ལས་རིང་བསྲེལ་ཟད་པ་མེད་པར་བྱོན་པ་བྱུང༌། འདིས་འགོས་ལོ་གཞོན་ནུ་དཔལ་ལ་གསུངས། དེས་སྤྱན་སྔ་ཆོས་ཀྱི་གྲགས་པ། དེས་ཤེལ་བྲག་པ་ཆོས་ཀྱི་བློ་གྲོས། དེས་ཁྱུང་ཚང་བ་བློ་གྲོས་དཔལ་ལྡན། དེས་དཔང་སྟོན་ཀརྨ་གུ་རུ་པ། དེས་དཔང་སྟོན་ཆོས་དབང་ལྷུན་གྲུབ། དེས་ཆོས་དབང་ཀུན་བཟང༌། དེས་དཔང་སྟོན་ཀུན་བཟང་ཆོས་རྒྱལ། དེས་རིག་འཛིན་གཏེར་བདག་གླིང་པ་ལ་གསུངས་པ་ཡིན་ནོ།།

གསུམ་པ་མན་ངག་སྡེའི་མཆོག་ཏུ་ཟབ་པ་སྙིང་ཐིག་གི་སྐོར་ལ། སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་དང༌། སློབ་དཔོན་བི་མ་ལའི་བཀའ་སྲོལ་གཉིས་ཀྱི། དང་པོ་ནི།

སྤྱིར་ཨོ་རྒྱན་སངས་རྒྱས་གཉིས་པ་ཉིད་སྐུ་གསུམ་གྱི་སྟོན་པ་རྒྱ་མཚོའི་ངོ་བོ་ཉིད་དུ་བཞུགས་པས་ན་བརྒྱུད་པ་བྲེང་ཆགས་ཀྱི་མཚན་ཉིད་ལ་ལྟོས་པ་མེད་དེ། སྐུ་གསུམ་གྱི་ཞིང་ཁམས་རྟེན་བརྟེན་པར་བཅས་པ་རང་གི་མཚན་ཉིད་དང་གཉིས་སུ་མེད་པས་སོ། །དེ་ལས་གཞན་སྣང་འཁྲིད་ཚུལ་གྱི་སྒོ་ནས་ཤྲཱི་སེངྷ་དང༌། འཇམ་དཔལ་བཤེས་གཉེན་སོགས་ལས་གདམས་པའི་བཀའ་བབས་བརྙེས་པའི་ཚུལ་བསྟན། བོད་དུ་བི་མ་ལས་མན་ངག་སྙིང་ཏིག་དང༌། བཻ་རོས་སེམས་ཕྱོགས་དར་བར་མཛད་པས། དེ་དག་ཕྱི་མཐར་འཆལ་ཞིང་གདམས་པའི་སྙིང་པོ་དང་བྲལ་བའི་ཚེ་འགྲོ་དོན་ཆེ་བར་དགོངས་ནས། རང་གི་སྙིང་ཏིག་གཞོ་སྟོད་ཏི་སྒྲོར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ལྐོག་ཆོས་སུ་གདམས། མངའ་བདག་གི་བཙུན་མོ་འབྲོམ་བཟའ་བྱང་ཆུབ་སྨན་ལས་འཁྲུངས་པ་ལྷ་ལྕམ་པདྨ་གསལ་ལོ་བརྒྱད་ལོན་པ་ཞིག་ཚེའི་དུས་བྱས་པར་ཡབ་རྒྱལ་པོ་མྱ་ངན་གྱིས་དུབ་པ་བསལ་བའི་ཕྱིར། མཆིམས་ཕུར་ལྷ་ལྕམ་གྱི་ཕུང་པོའི་སྙིང་གར་མཚལ་གྱིས་ཡི་གེ་ནྲ໏་གཅིག་བྲིས། ཏིང་ངེ་འཛིན་གྱི་ལྕགས་ཀྱུ་རྣོན་པོས་རྣམ་ཤེས་བཀུག་པས། མིག་ལྟ་ཞིང་སྨྲ་ཤེས་པར་གྱུར་པའི་ཚེ། མན་ངག་མཁའ་འགྲོའི་སྙིང་ཏིག་བྱིན་རླབས་འཕོ་བའི་སྟོབས་ཀྱིས་གདམས་ནས་སྐྱེ་བ་ཕྱི་མའི་ཆོས་སྐལ་དུ་དབང་བསྐུར། ཟབ་མོའི་གཏེར་དུ་བཙས་པ་ཕྱིས་པདྨ་ལས་འབྲེལ་རྩལ་གྱིས་བཏོན་པའི་མཁའ་འགྲོ་སྙིང་ཏིག་ཏུ་གྲགས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་ལ་བཀའ་བབས་པའི་ཟབ་ཆོས་ཏེ། འདིའི་ལོ་རྒྱུས་ཕྱོགས་ཙམ་འོག་ཏུ་འཆད་པར་འགྱུར་ཞིང༌། གཞན་ཡང་གཏེར་ཁ་ཕལ་མོ་ཆེར་རྩ་བ་གསུམ་གྱི་སྒྲུབ་སྐོར་གྱི་སྡེབས་སུ་བྱོན་པའི་མན་ངག་སྙིང་ཐིག་གི་གནད་མ་འཁྲུལ་ཞིང་དོན་ཚང་བ་ཇི་སྙེད་ཅིག་བྱོན་པ་རྣམས་ཡིན་ནོ།།

གཉིས་པ་སློབ་དཔོན་བི་མ་ལ་མི་ཏྲའི་བཀའ་སྲོལ་ནི།

བི་མ་ལ་ཉིད་དགུང་ལོ་ཉིས་བརྒྱར་ཉེ་བ་ན་བོད་དུ་རྒྱལ་པོས་བསྟན་པ་བཙུགས་པའི་སྐབས་སུ་གྱུར་ཅིང༌། དེར་ཉང་ཏིང་འཛིན་བཟང་པོ་བྱ་བ་ཏིང་ངེ་འཛིན་ཐུན་གཅིག་གིས་ལོ་བདུན་དུ་མི་གཡོ་ཞིང་ཤའི་སྤྱན་གྱིས་གླིང་བཞི་ཅིག་ཅར་དུ་གཟིགས་པ་ཞིག་བཞུགས་པ་དེས་ལུང་བསྟན་ཅིང་བསྐུལ་བ་ལས། བཙན་པོས་ལོ་ཙཱ་བ་སྐ་ཅོག་གཉིས་གསེར་གྱིས་སྐྱེས་དང་བཅས་སྤྱན་འདྲེན་དུ་བརྫངས་པས་གདུལ་བྱ་དུས་ལ་བབ་པར་གཟིགས་ཏེ་བྱོན་པ་ན། རྒྱ་གར་བས་ཕྲག་དོག་གིས་དབྱེན་བཅོས་པས་བོད་རྣམས་ཐེ་ཚོམ་པར་གྱུར་པ་ངོ་མཚར་བའི་ཆོ་འཕྲུལ་གྱིས་དད་པར་མཛད། རྒྱུ་འབྲས་ཀྱི་ཆོས་སྤྱི་དང༌། བྱེ་བྲག་གཡུ་སྒྲས་ལོ་ཙཱ་བྱས་ཏེ་སེམས་སྡེ་ཕྱི་འགྱུར་བཅུ་གསུམ་བསྒྱུར། ཤིན་ཏུ་ཟབ་པའི་མན་ངག་སྙིང་ཐིག་ནི་བཙན་པོ་དང་ཉང་ཏིང་འཛིན་བཟང་པོ་གཉིས་ལ་ལྐོག་ཏུ་གསུངས་པ་ལས་གཞན་སྣོད་དུ་རུང་བ་མ་གཟིགས་ནས་དཔེ་རྣམས་བོད་ཡིག་མཛད་དེ་མཆིམས་ཕུའི་དགེ་གོང་དུ་སྦས། སློབ་དཔོན་འདི་བོད་དུ་ལོ་བཅུ་གསུམ་བཞུགས་ནས་ཕྱིས་རྒྱ་ནག་རི་བོ་རྩེ་ལྔར་གཤེགས། ཐུབ་པའི་བསྟན་པ་ཇི་སྲིད་གནས་ཀྱི་བར་སྐུ་ལུས་དེ་ཉིད་ཀྱིས་བཞུགས་ཤིང་ལོ་བརྒྱ་བརྒྱ་ན་བོད་ཀྱི་ལྗོངས་འདིར་སྤྲུལ་པ་རེ་བྱོན་ནས་སྙིང་ཐིག་གི་བསྟན་པ་གསལ་བར་མཛད་པར་ཞལ་གྱིས་བཞེས་སོ། །བི་མ་ལ་རྒྱ་ནག་ཏུ་གཤེགས་ནས་ལོ་ལྔ་བཅུ་རྩ་ལྔ་ན་ཉང་ཏིང་འཛིན་བཟང་པོ་ཟག་པ་ཟད་པའི་ཕུང་པོར་གྱུར། རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་པའི་ནས་རྔ་མོའི་རྒྱབ་བརྒྱ་ཕུལ་བ་ལ་བརྟེན་ནས་དབུ་རུ་ཞྭའི་ལྷ་ཁང་བཞེངས། གདམས་པའི་དཔེ་རྣམས་དེ་ཉིད་ཀྱི་ཀེའུ་ཚང་རིམ་པ་གསུམ་གྱི་སྒོའི་ཀ་བའི་ཁོང་དུ་སྦས། སྙན་བརྒྱུད་རྣམས་འབྲོ་རིན་ཆེན་འབར་བ་ལ་བཤད་དེ། མཐར་ལྷ་ས་བྲག་ལྷ་ཀླུ་ཕུག་ཏུ་འཇའ་ལུས་སུ་ཡལ་ལོ།།

༈ ཉང་བན་ཆེན་པོ་འོད་དུ་དེངས་ནས་ལོ་བརྒྱད་ལོན་ཞིང་ཉང་མི་དར་མ་དང་དུས་མཚུངས་པར་དབུ་རུ་གཞོལ་མ་དགེ་མཆོག་གི་བུ་གནས་བརྟན་ལྡང་མ་ལྷུན་གྲུབ་རྒྱལ་མཚན་ཞེས་ངོ་བོ་བི་མ་ལའི་སྤྲུལ་པར་གྲགས་ཀྱང་རྣམ་ཤེས་ལྐོག་ཏུ་གྱུར་པ་རྣམས་ལ་གནས་བརྟན་དཀྱུས་མའི་ངང་ཚུལ་དུ་སྣང་བ་གཅིག་ཡོད་པ་ལ་རྡོ་རྗེ་ལེགས་པས་ལུང་བསྟན་ནས་སྔར་སྦས་པའི་གཏེར་རྣམས་ཕྱུང༌། དབས་བློ་གྲོས་ལ་ཚིག་བརྒྱུད་ཀྱང་མཉན་ནས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་ཉམས་སུ་བླངས། མན་ངག་རྙེད་ནས་བཅོ་ལྔ་པ་ལ་བཤད་རྒྱུད་བཞག་པའི་སྣོད་འཚོལ་དུ་བྱོན་པ་ན། ཉང་སྟོད་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ཅེས་བྱ་བ་རྙེད། དེ་ལ་གདམས་པ་རིམ་པ་བདུན་དུ་བཏབ། དེ་དང་ཉེ་བར་ཁ་རག་སྒོམ་ཆུང་ལའང་བཏབ་པས་ཁོང་ཡང་དེས་གྲོལ། ལྕེ་བཙུན་ལ་དཔེ་རྣམས་དག་པར་བྲིས་ལ་ཁྲའི་ཟླ་བ་ལ་སྐྱོལ་ཅིག་གསུངས། ཕྱིས་ཞིག་ལྕེ་བཙུན་གྱིས་འབུལ་བ་ཤིན་ཏུ་མང་པོ་དང་བཅས་བྱོན་པས་སྙེ་ཐང་དུ་མལ་དྲོའི་ཉང་བཀའ་གདམས་པ་བྱ་བ་དང་འཕྲད། དེས་ལྡང་མ་གཤེགས་པའི་གཏམ་བཤད་པས། འབུལ་བ་རྣམས་གནས་གཞི་གཅིག་འདུག་པའི་དགེ་འདུན་རྣམས་ལ་ཕུལ། ཉང་བཀའ་གདམས་པ་ན་རེ། ལྡང་མ་དེ་གནས་བརྟན་ཡིན་པ་ཙམ་ལས་གང་ཟག་བཟང་པོར་སྔར་སུས་ཀྱང་མ་རིག སྐུ་གཤེགས་པའི་དུས་ནམ་མཁའ་ལ་འཇས་ཁེངས། སྐུ་གདུང་དང་རིང་བསྲེལ་དཔག་ཏུ་མེད་པ་བྱོན་པས་ཐམས་ཅད་ངོ་མཚར་ཞིང་འགྱོད་པ་སྐྱེས་ནས་གདའ། ཁྱེད་ཀྱང་འབུལ་བ་འདི་ཙམ་འཁྱེར་ལུགས་ཀྱིས་གདམས་ངག་ཁྱད་པར་ཅན་ཡོད་མཆི་བས་བདག་ལ་སྩོལ་ཞིག་ཞུས་པས་གདམས་པ་བྱིན། དེས་གཞོའི་ཏི་སྒྲོ་བྲག་ལ་ལོ་གཉིས་བསྒོམས་པས་ཕུང་པོ་ལྷག་མེད་དུ་སོང་ངོ༌།།

༈ དེ་ལ་ལྕེ་བཙུན་ཆེན་པོ་ནི། ཡུལ་ཉང་རོ་གཉན་ཚོའི་ལྕེ་ཐུབ་པའི་དབང་པོ་ཞེས་བྱ་བའི་བུ་གཞོན་ནུ་ནས་ཆོས་མང་པོ་ལ་ཐོས་པའི་ཕ་རོལ་ཏུ་སོན་པ་ཞིག་སྟེ། གནས་བརྟན་ལྡང་མ་པ་དང་རི་གཟར་རྒོད་པོ་ལུང་དུ་མཇལ། ཁ་རག་ཏུ་གདམས་པ་གསུང་བའི་དུས་བཏབ་སྟེ་རྫོགས་པར་ཐོབ། སློབ་དཔོན་གཤེགས་ནས་གཏེར་དཔེ་རྙིང་པ་རྣམས་ལང་གྲོ་འཆད་པ་སྟག་འདྲའི་ཆུ་མིག་གི་རྩ་བ་དང༌། འུ་ཡུག་དང༌། ཇལ་གྱི་ཕུ་སྟེ་གཏེར་ཁ་གསུམ་དུ་སྦས། འུ་ཡུག་ནས་ཤངས་མན་ཆོད་ཀྱི་རི་རྒྱུད་རྣམས་ལ་འཕོ་ཞིང་བསྒོམས་པའི་ཚེ། རྨི་ལམ་ན་ཨ་ཙ་ར་གཅིག་བྱུང་ནས། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ། །སྐལ་ལྡན་སྙིང་པོའི་ཡང་བཅུད་དོན་འདོད་ན། །མཆིམས་ཕུ་བྲག་དམར་དགེ་གོང་ཡར་འདབས་ལ། །གསང་བ་སྙིང་ཏིག་སྙིང་དང་འདྲ་བ་ཡོད། །དེ་དག་ཁྱེར་ལ་འོ་ཡུག་ཕྱི་གོང་དུ། །སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས། །ཟག་བཅས་ཕུང་པོ་སྣང་བ་མ་ཡིན་ནོ། །ཞེས་གསུངས་པ་ཐོས་ནས་མཆིམས་ཕུར་བྱོན། བུད་མེད་དུང་སོ་འཁོར་མ་གཡུའི་སྨིན་མ་ཅན་ཞིག་གིས་དཔེ་རྣམས་བྱིན། སླར་འོ་ཡུག་ཕྱི་གོང་རྫའི་ར་བར་བཞུགས་པས་བི་མ་ལ་དངོས་སུ་བྱོན། ཟླ་བ་ཕྱེད་དུ་དབང་ཁྲིད་གདམས་པ་རྫོགས་པར་གནང་ནས་སློབ་དཔོན་བི་མ་ལ་རྒྱ་ནག་ཏུ་གཤེགས། དེ་ནས་ལྕེ་བཙུན་གྱིས་ལོ་བདུན་བསྒོམས་པས་ཕུང་པོ་ལྷག་མེད་གྲུབ། སྤྲུལ་པའི་སྐུ་ཞང་སྟོན་ལ་གདམས་ངག་རྫོགས་པར་བྱིན་ནས། ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་ན་ནམ་མཁའ་ལ་འཇའ་འོད་ཀྱི་ཕུང་པོ་གཅིག་ཏུ་གཤེགས་སོ། །གཏེར་སྦས་པའི་ལོ་སུམ་ཅུ་ན་རོང་སྣང་མདའ་ལྕེ་སྒོམ་ནག་པོས་ཁ་ཤས་བཏོན་ནས་རང་ཉམས་སུ་ལོངས་ཤིང་གཞན་མང་པོ་ལའང་བཤད། དེ་བཞིན་དུ་ལང་གྲོ་འཆད་པ་སྟག་འདྲ་ནས་ཤངས་པ་རས་པ་ཞེས་བྱ་བས་ཀྱང་བཏོན་ནས་དར་རྒྱས་བྱུང་ཞེས་གྲགས།

༈ དེ་ལ་ཞང་སྟོན་ནི། ཡུལ་ཡར་འབྲོག་དོ་ནང་དུ་མེ་མོ་གླང་ལ་འཁྲུངས། མཚན་བཀྲ་ཤིས་རྡོ་རྗེ་ཞེས་བྱ་སྟེ། ལོ་བཅུ་གཅིག་པར་བླ་མ་ལྕེ་སྒོམ་ལས་གདམས་པ་མང་དུ་ཞུས། དེ་ནས་ཉི་ཤུ་རྩ་གཅིག་གི་བར་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས། སྡེ་སྣོད་གསུམ་དང༌། རྒྱུད་སྡེ་གསར་རྙིང་གི་ཕྱོགས་ཐམས་ཅད་ལ་སྦྱངས་པས་མཁྱེན་རབ་ཀྱི་པདྨོ་རྒྱས། ཉང་སྟོད་ཁུ་ཡུལ་ན་ཡོད་པའི་ཚེ་ནམ་མཁའ་ལས་བླ་མ་དང༌། ཐུགས་རྗེ་ཆེན་པོ་དང༌། སྒྲོལ་མ་ལ་སོགས་པའི་ཞལ་མཐོང་ཞིང་ལུང་བསྟན་ཐོབ། རྡོ་རྗེ་ལེགས་པ་མི་དཀར་ཞྭ་དཀར་ཅན་དུ་བྱས་པས་དངོས་གྲུབ་བྱིན་གྱིས་འདོང་ཟེར་ནས་ཁྲིད། ཉང་སྨད་པ་ཚབ་ཏུ་ལྷ་གསོལ་བ་མང་པོས་བཟའ་བཏུང་བྱིན་པ་དངོས་གྲུབ་དེ་ལ་ཟེར་རམ་སྙམ་ཙ་ན། མི་དཀར་དེས་དངོས་གྲུབ་གཞན་དུ་ཡོད་ཀྱི་འདོང་ཟེར་འོད་ཀྱིས་ལམ་སྣ་བྱས་ནས་བྱོན། ཁང་སྟོང་གཅིག་ཏུ་ཉལ་བས་འདིར་མི་རུང་ཟེར། བྲག་ཕུག་གཅིག་ཏུ་བྱོན་ཙ་ན་ཁང་སྟོང་འགྱེལ། ཁོའི་སྤྲུལ་པས་བཟའ་བཏུང་ཡང་བྱིན། འོ་ཡུག་མདའ་ན་འཁྲུག་པ་ཆེན་པོ་ཡོད་པ་ཡང་རྡོ་རྗེ་ལེགས་པས་བསྒྲིབས་ནས་དམག་གིས་མ་མཐོང༌། དེར་བྲག་སེང་གེ་འདྲ་བའི་རྩེར་སླེབ་ཙ་ན་ཁོ་སྟོར། ཕྱིར་ལོག་གོ་སྙམ་ན་ཡང་མ་ཐར། ཆ་མ་ཕྱེད་པའི་ངང་ལས་བལྟས་ཙ་ན་བྲག་ཕུག་ཁ་བྱང་བསྟན་གྱི་སྒོ་རྩྭས་འགགས་པ་མཐོང༌། དེ་བྲུས་པས་དང་པོར་སྦྲུལ་དང་སྦལ་པ་ཤིག་ཤིག་སྣང༌། དེ་ནས་ཁ་བྱང་རྙེད་དུས་མི་དཀར་དེས་སྒྲོན་མེ་བཏེགས་བྱུང་བས། དར་ཅིག་ན་གདངས་དང་སྐད་ཤིན་ཏུ་མི་སྲུན་པ་ཞིག་བྱུང༌། ཁོས་བརྡ་སྦྱར་བས། ངས་ཨ་ཅེ་བོས་ཀྱི་ཟེར་བའི་མོད། ཨེ་ཀ་ཛ་ཊཱི་སྤྱན་གཅིག་ཁྲག་ཏུ་ཁོལ་བ། མཆེ་བ་གཙིགས་ཤིང་བལྟར་མི་བཟོད་པ་ཙམ་དུ་བྱུང༌། ཁོས་འདི་ནི་ལུང་བསྟན་པ་དེའོ་བྱས་པས། ཚོགས་འཁོར་བརྒྱ་རྩ་བརྒྱད་ཐོང༌། ལོ་གསུམ་དུ་སུ་ལའང་མ་བཤད་ཟེར། བྲག་ཕུག་གི་སྒོ་རྩ་ནས་གཡུ་གཉིས་རྙེད་པ་ལས་རྒྱུ་བྱས། ཚོགས་འཁོར་བརྒྱ་རྩ་བརྒྱད་བཏང༌། ལོ་ཉི་ཤུ་རྩ་ལྔ་ལ་དབུས་སུ་བྱོན། མཆིམས་ཕུ་ནས་བི་མ་ལའི་ཆོས་གཏེར་ཡང་ཐོན། དངོས་དང་ཞལ་མཇལ་ནས་རྗེས་གནང་ཐོབ། སླར་ཤངས་རྟ་ནག་ཏུ་བྱོན་པའི་ཟམ་ཁར་ལྕེ་བཙུན་ཆེན་པོ་དང་མཇལ། གསང་བ་སྙིང་ཐིག་གི་གདམས་པ་རྫོགས་པར་ཐོབ། སྐུ་ན་མཐོན་པོར་སོང་ནས་བརྒྱུད་འཛིན་གྱི་སླད་དུ་སྲས་ཉི་འབུམ་བསྐྲུན། ངས་ཚོགས་པ་མ་བསྐྱངས་ན་ཕུང་པོ་ལྷག་མེད་འོང་བ་ཡིན་གསུངས། ལུས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ལ་དབང་ཐོབ་པས་རེས་འགའ་རྒྱལ་བ་རིགས་ལྔར་གསལ། སྐུ་ལུས་ལ་གྲིབ་མ་གཏན་མི་མངའ། རྫོགས་པ་ཆེན་པོའི་ཆོས་གསུངས་དུས་འཇའ་གུར་འཁྱིལ་བ་སོགས་ངོ་མཚར་གྱི་ལྟས་མང༌། དགུང་ལོ་བདུན་ཅུ་དོན་གཅིག་པ་མེ་མོ་ཕག་གི་ལོ་ས་ག་ཟླ་བའི་ཉེར་གཉིས་ལ་ཤར་ཕྱོགས་ཀྱི་ནམ་མཁའ་ལས་སྒྲ་ཆེན་པོ་ལན་བདུན་གྲགས་ཤིང༌། ས་ལན་གསུམ་གཡོས། འཇའ་དང༌། འོད་དང༌། སིལ་སྙན་གྱི་སྒྲ་དང༌། དྲི་ཞིམ་གྱི་ངད་ལ་སོགས་པ་གདོད་མའི་ས་ལ་མངོན་པར་བྱང་ཆུབ་པའི་རྟགས་མ་ལུས་པ་བསྟན་ཏེ་གཤེགས། དེའི་ཕྱི་ནུབ་པུར་སྦྱངས་པས་གདུང་ཆེན་ལྔ་དང༌། རིང་བསྲེལ་ཁ་དོག་ལྔ་པ་སྐུ་ལྔའི་རྒྱལ་ཚབ་ཏུ་བཞག མེ་ཏོག་གི་ཆར་དང་འཇའི་གུར་ལ་སོགས་པས་འགྲོ་བ་མང་པོ་དད་པའི་གནས་ལ་སྦྱར་ཞིང་རང་བཞིན་གྱིས་བསམ་གཏན་ལ་གནས་པ་བྱུང་ངོ༌།།

༈ དེའི་སློབ་མ་ཉི་འབུམ་སྟེ། ཡུམ་རྒྱལ་མོ་གཡང་དེའི་ལྷུམས་སུ་ཞུགས་པའི་དུས་ཉི་མ་མང་པོ་དུས་གཅིག་ལ་ཤར་བ་བྱུང་བས། ཡབ་ཀྱིས་སེམས་ཅན་གྱི་མ་རིག་པའི་མུན་པ་བསལ་བར་ལུང་བསྟན་ནས་ཉི་མ་འབུམ་དུ་བཏགས། ལོ་ལྔ་ནས་རིམ་པར་ཡབ་ལས་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་ཉམས་འོག་ཏུ་ཆུད་པར་མཛད། དགུང་ལོ་བཅུ་པ་ལ་ཆེ་སར་བཏོན་དུས་རྒྱུད་བཅུ་བདུན་ལ་བཤད་པ་མཛད་པས་བུ་སློབ་ཀུན་ངོ་མཚར་སྐྱེ་བ་བྱུང༌། ལོ་ཉི་ཤུའི་བར་དུ་བསྒྲུབ་པ་ཁོ་ན་ལ་ནན་ཏན་མཛད། དེ་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་དང་འགྲོགས་ནས་རྔོག་རྒྱལ་རྩེའི་སར་གསར་མའི་རྒྱུད་མན་ངག་དང་བཅས་པ་ལ་གསན་པ་མཛད། ཉི་ཤུ་རྩ་གཉིས་པ་ལ་ཇོ་མོ་རྒྱ་གར་དངོས་གྲུབ་ཀྱི་རྟེན་དུ་བཟུང༌། ཉི་ཤུ་རྩ་བདུན་པ་ལ་འཁོན་གྲགས་པ་རྒྱལ་མཚན་དང༌། བླ་མ་སྟག་སོ་བ་བསྟེན་ནས་རྒྱུད་གསུམ་གདམས་ངག་དང་བཅས་པ་དང༌། བདེ་མཆོག་མལ་གྱོ་ལུགས་མཁྱེན་པར་མཛད། ཁ་རག་གི་འབྲུག་སྟོན་གྲགས་པ་ལ་བདེ་མཆོག་དང༌། རྗེ་བཙུན་མ་རྭ་ལུགས། ཡེ་ཤེས་མགོན་པོ་སོགས་ཞུས། ཞང་གཡུ་བྲག་པ་དང༌། གཞུང་གི་རྔོག་རྡོ་རྗེ་སེང་གེ་ལ་སོགས་ཏེ་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་རྒྱུད་དུ་མ་ལ་ཐོས་བསམ་ཕྱོགས་མེད་དུ་མཛད། ཚིག་དོན་ཆེན་མོ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད་དེ་དགུང་ལོ་ལྔ་བཅུ་རྩ་དྲུག་ལ་གཤེགས། པུར་སྦྱང་པས་གདུང་རིགས་ལྔ་བྱོན། འཇའ་ཚོན་གྱི་གུར་ཕུབ། ཆོ་འཕྲུལ་ཟླ་བ་ལ་ཁུག་ཆོས་མེ་ཏོག་སྐྱེས་པ་སོགས་བྱུང་ངོ༌། །འདི་སྒྲ་ཐལ་འགྱུར་ནས་ཕྱག་རྡོར་གྱི་སྤྲུལ་པ་བཛྲ་ཕ་ལར་ལུང་བསྟན་པ་ལ་ངོས་འཛིན་པར་གྲགས་སོ།།

༈ དེའི་སློབ་མ་གུ་རུ་ཇོ་འབེར་ནི་གཅུང་པོ་ཟླ་བ་འབུམ་གྱི་སྲས་ཡིན། ལོ་བདུན་མན་ཆད་ལྐུགས་པ་འདྲ་བར་ཡོད་པ་ལ་བརྒྱད་ནས་ཤེས་རབ་མེ་ལྟར་འབར། བཅོ་བརྒྱད་ཀྱི་བར་དུ་ཁུ་བོ་ཉི་འབུམ་དང་འགྲོགས། གསང་བ་བླ་མེད་ཀྱི་དབང་ཁྲིད་གདམས་པ་དང་བཅས་རྫོགས་པར་མཛད་ཅིང༌། རྒྱུད་ཀྱི་བཤད་པ་ལ་ཐོས་པས་སྒྲོ་འདོགས་གཅོད་པ་དང༌། མན་ངག་གི་དོན་ལ་བསྒོམ་པས་ཉམས་སུ་བླངས་པ་ལ་བརྩོན། བཅུ་དགུ་ནས་ཉི་ཤུའི་བར་ས་སྐྱ་ལོ་ཙཱ་བ་ལ་རྒྱུད་གསུམ་མན་ངག་དང་བཅས་པ་དང༌། བདེ་མཆོག་མལ་གྱོ་ལུགས་ཉན། དབུ་ཚད་ལ་སོགས་པའི་རིགས་པའང་ཁོང་དུ་ཆུད་པར་མཛད། དེ་བཞིན་དུ་ཁྲོ་ཕུ་ལོ་ཙཱ་བ་ལ་མི་ཏྲ་ཛོ་ཀིའི་གདམས་པ་དང༌། ཆུ་མིག་པ་ལ་ཚད་མ་བསྡུས་པ། བལ་པོ་གྲགས་འབུམ་ལ་དོ་ཧ་དང་ཕྱག་ཆེན་ཁ་འཐོར་སོགས་མཁས་གྲུབ་དུ་མ་ལས་སྡེ་སྣོད་དང་རྒྱུད་ལུང་མང་པོ་ལོ་སུམ་ཅུ་རྩ་དྲུག་ཚུན་མཉན་པས་རིག་པ་རྣོ་ཞིང་ཐོས་པ་ཤིན་ཏུ་མང་བར་གྲགས། སྒྲུབ་པ་མཛད་རེས་ཡི་དམ་གྱི་ལྷ་ཞལ་མཐོང་བ་ཡིན་ཏེ་ཐུགས་སྒམ་པས་མི་གསུང༌། ལྷ་སར་ཇོ་བོ་ལ་མཆོད་པ་ཕུལ་དུས་འོད་ཀྱི་ཐིག་ལེའི་ཁོང་ནས་འཕགས་པ་ལག་ན་པདྨ་དང༌། རྡོ་རྗེ་འཛིན་པ་ཞལ་གཟིགས། ཐོ་རངས་ཤིག་ཚེ་དཔག་མེད་ཀྱི་ཞལ་མཐོང་བས། ངེད་ཅག་ལ་ཚེ་རིང་བརྒྱུད་མེད་ཀྱང་ཁོ་བ་ོལེགས་པར་བྱུང་བ་དེའི་བྱིན་རླབས་ཡིན་གསུངས། དེ་ལྟར་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་གི་འགྲོ་བ་འདྲེན་པའི་དེད་དཔོན་དུ་གྱུར་ནས་དྲུག་ཅུ་པ་ལ་གཤེགས། ཞག་བདུན་དུ་འཇའི་དྲྭ་བས་འབྲེལ། སྐུ་གདུང་ལ་ༀ་ཨཱཿཧཱུྃ་དང་རིང་བསྲེལ་མང་པོ་བྱོན་ཏོ།།

༈ དེའི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱབ་པ་ཡིན་ཏེ། གཡོ་རུ་གྲའི་ཕུ་སོ་གད་ཕྲེང་གི་གྲོང་དུ་ཉི་མ་རྩེ་ཤར་ལ་འཇའི་གུར་ཕུབ་ཅིང་འཁྲུངས། ལོ་དགུ་ནས་རིགས་སད་དེ་དག་སྣང་དང་མོས་གུས་དཔག་མེད་ཤར། བཅུ་པའི་ཚེ་སྣང་བ་འདི་རྨི་ལམ་ལྟ་བུ་ལ་སྲ་ཞིང་འཐར་འཐས་འདྲ་བ་མི་བདེན་སྙམ་པ་དང༌། བཅུ་གཉིས་པ་ལ་འཁོར་བ་ལ་སྐྱོ་བ་ཚད་མེད་པར་སྐྱེས་ནས་ཆོས་འབའ་ཞིག་ལས་གང་གིས་ཀྱང་མི་ཕན་པར་ངེས་ཤེས་རྙེད། བཅུ་གསུམ་གྱི་ཐོ་རངས་ཉི་ཟླ་དུས་གཅིག་ལ་ཤར་བའི་རྨི་ལམ་སད་དུས་འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་སྟེ་ཚེ་གཅིག་གིས་གྲོལ་བ་སྙིང་ཏིག་གི་དོན་སྒོམས་ཤིག་གསུངས། དེ་ནས་བཟུང་སྟེ་སྙིང་རྗེ་ཕྱོགས་མེད་དུ་རྒྱས། འགྲོ་བ་ཀུན་ལ་མས་བུ་གཅིག་པའི་འདུ་ཤེས་ཤར། རྐྱེན་དེ་ལ་བརྟེན་ནས་གཞན་ལ་མཐོ་འགྲོགས་དང་ཁྱད་གསོད་མི་བྱེད་པའི་དམ་བཅའ་བྱས། ལུས་ཀྱི་སྲིན་བུ་དག སེམས་ཅན་རྣམས་སྙིང་རྗེ་ཆེན་པོས་མི་འདོར་ཞིང༌། ལོང་སྤྲང་དང་དམན་པ་ཁོ་ན་ལ་བྱམས་པ་སོགས་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་ཁྱད་པར་ཅན་མངའ། བཅོ་བརྒྱད་ལ་སྣང་བ་བདེན་མེད་དུ་རྟོགས་པས་སྨྱོན་པ་ཁྲོག་ལངས་པ་ལྟ་བུར་སོང་སྟེ། ཕ་མས་ལྷ་གསོལ་བའི་ཡོ་བྱད་བསགས་པ་གཏོར་ཞིང༌། ཕོ་གདོན་རྒྱལ་པོ་མཆོད། མོ་གདོན་བསེན་མོ་མཆོད། ཅེས་བྱས་པས། ཁྱོད་འདྲ་བའི་བུ་སྐྱེ་བ་ཟེར་འཐབས། ཉི་ཤུ་ལ་མཁན་པོ་ལྡེའུ་སྒང་པ་དང༌། སློབ་དཔོན་བཀྲས་སྒང་པ་ལས་རབ་ཏུ་བྱུང༌། ཉི་ཤུ་རྩ་ལྔ་ལོན་ཚེ་སྲི་ཞལ་གྱི་སེང་གེ་རྒྱབ་ཏུ་བྱོན། སེང་གེ་རྒྱབ་པ་བར་པ་ལས་ཚལ་བའི་ཆོས་སྐོར། བླ་མ་ཙ་རི་བ་ལས་སེང་གེ་མཇིང་བསྣོལ། རས་པ་དྲི་མེད་འོད། ལྷ་རི་དཔལ། གཞོན་ནུ་འབུམ། སྟོན་འཆར་བྱང་ཡོན། ཇོ་སྲས་སུ་གྲགས་པ་རྣམས་ལ། གསང་སྔགས་གསར་རྙིང༌། ཞི་བྱེད་གཅོད་ཡུལ། ཕྱག་ཆེན་མང་དུ་ཉན། ཁྱད་པར་ཐུགས་རྗེ་ཆེན་པོའི་ལུང་བསྟན་པ་བཞིན་གུ་རུ་ཇོ་འབེར་ལས་རྫོགས་པ་ཆེན་པོ་ཐོས་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། ཁྲོ་བོ་མ་ལ་སོགས་པའི་རི་ཁྲོད་དང་ལུང་སྟོང་རྣམས་སུ་ལོ་མང་པོའི་བར་དུ་སྒྲུབ་པ་ཁོ་ན་ལ་གཞོལ་བས་དགོངས་པ་ཀ་དག་གི་སར་གཤེགས། སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་ནས། དྲུག་ཅུ་རྩ་བཞི་པ་ལ་ཐེག་པ་མཆོག་གི་འབྲས་བུ་ཐོབ་པའི་རྟགས་ཁྱད་པར་བ་རྣམས་མངོན་དུ་བསྟན་ནས་གཤེགས་སོ།།

༈ དེའི་སློབ་མ་གྲུབ་ཆེན་མེ་ལོང་རྡོ་རྗེ་ནི། སྒྲགས་ཀྱི་ཕུར་རྣལ་འབྱོར་པ་བསམ་ཡས་ཀྱི་སྲས་སུ་བཙས། ལོ་དགུ་ན་གྲུབ་ཐོབ་ཟ་ལུང་པ་དང༌། མཁན་པོ་སེ་ལུང་པ་ལས་རབ་ཏུ་བྱུང༌། དེའི་དུས་གཤིན་པོའི་དགེ་རྩར་ཡུམ་རྒྱས་འབྲིང་བསྡུས་གསུམ་ཁོ་ན་སྒྲོགས་པས་ལོ་བཅུ་དྲུག་གི་དུས་སྒྲགས་ཀྱི་ཕུའི་ཞོགས་སྟེང་བྱ་བར་བརྒྱད་སྟོང་བརྒྱ་རྩ་མཛད་པས་གནས་ལུགས་ཀྱི་དོན་རྟོགས། ཟངས་མཚོར་བསྒོམས་པས་ཉམས་འབར་ཞིང་མངོན་ཤེས་ཕྲ་མོའང་ཤར། དེ་ནས་ཕྱོགས་མེད་དུ་འགྲིམས་ཏེ། མཚུར་ཕུའི་དོ་བོ་རས་པ་སོགས་བླ་མ་མང་པོ་བསྟེན། ཤ་འུག་ལྟག་སྒོ་དང༌། མཁར་ཆུ་ལ་སོགས་པའི་གནས་ཆེན་མང་པོར་བྱོན། ནས་བྲེ་གང་གིས་ཟླ་བ་གཅིག་དང་ཞག་ཉི་ཤུའི་འཚོ་བ་བྱས་པ་སོགས་དཀའ་ཐུབ་ལ་ཤིན་ཏུ་བཟོད་སྲན་ཆེ། དཀའ་བ་སྤྱད་པའང་བསམ་གྱིས་མི་ཁྱབ། ལོ་བཅོ་བརྒྱད་པའི་ཚེ་སེང་གེ་རྒྱབ་པ་སངས་རྒྱས་དབོན་པོ་མཇལ་ནས་མན་ངག་སྙིང་ཏིག་ཐོབ། ད་མན་ངག་གིས་འཚེངས་བསམས་པའི་སྤོབས་པ་སྐྱེས་ཏེ་བསྒོམས་པས་སྔོན་འགྲོའི་དུས་རང་ནས་ཞག་དྲུག་ཏུ་རྡོ་རྗེ་སེམས་དཔའི་ཞལ་ཉིན་མཚན་མེད་པར་མཐོང༌། དངོས་གཞིའི་དུས་བརྒྱུད་པའི་བླ་མ་རྣམས་རྨི་ལམ་དུ་མཇལ་ནས་བྱིན་གྱིས་རླབས། ཉི་ཤུ་རྩ་གསུམ་པར་སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོ་ལ་སོགས་པའི་གཏེར་ཆོས་དུ་མ་གསན་ནས་བསྒྲུབས་པས་རྡོ་རྗེ་ཕག་མོ་མངོན་སུམ་དུ་མཇལ། བྲག་ལ་གསང་རྡོར་བསྣུན་པས་ཐིམ་གྱིས་སོང༌། རྟ་མགྲིན། སྒྲོལ་མ། སྤྱན་རས་གཟིགས། སློབ་དཔོན་ཆེན་པོ། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། བི་མ་ལ། ཟ་ལུང་པ། སངས་རྒྱས་རས་པ། འགྲོ་མགོན་ཕག་གྲུ་རྣམས་ཞལ་གཟིགས། དུང་ལུང་དུ་མཁའ་འགྲོའི་སྒྲ་ཤིན་ཏུ་སྙན་པས་སྐྱེ་རྒྱུན་ཆོད་པའི་ལུང་བསྟན་ཐོབ། ཀ་བ་ཅན་དུ་ཕག་མོ་དམར་མོ། གྲུབ་ཐོབ་ཟ་ལུང་པ་ནམ་མཁའི་ཀློང་དུ་མཇལ། ངར་ཆུང་ན་བཞུགས་པའི་ཚེ་རྨི་ལམ་དུ་ཕག་མོ་གཙོ་འཁོར་ལྔ་མཐོང༌། དེར་མནལ་སད་ཙ་ནའང་འོད་ཀྱི་ཕག་མོ་དངོས་སུ་གཟིགས། སྐྱབས་གནས་རྫོང་དུ་རྡོ་རྗེ་སེམས་དཔས་རྨི་ལམ་དུ་རྫོགས་པ་ཆེན་པོའི་དབང་བསྐུར། སྤྱིར་བླ་མ་མང་པོ་བསྟེན་ཞིང་ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ་བཞུགས། བཀའ་དྲིན་འགྲན་ཟླ་བྲལ་བ་གྲུབ་ཐོབ་ཟ་ལུང་པ། མཚུར་ཕུའི་དོ་བོ་རས་པ། འཁྲུལ་ཞིག་སེང་གེ་རྒྱབ་པ་གསུམ་ལས་སྙིང་པོའི་དོན་རྙེད། འདི་བརྟུལ་ཞུགས་ཤིན་ཏུ་ཆེ་བས་ཞིག་པོའི་སྤྱོད་པ་བླང་དོར་མེད་པས་གསང་བ་སྔགས་ཀྱི་དམ་ཚིག་ལ་སྒྲ་ཇི་བཞིན་པར་སྤྱོད་ནུས། རྒོད་ཕྲུག་ནམ་མཁའ་ལ་ལྡིང་བ་མཐོང་བས་རིག་པ་བརྟུལ་ཞུགས་ཀྱི་ངར་ཐོགས་ནས་ནམ་མཁའི་ལམ་ལ་འགྲོ་བ་དང༌། བྲག་ལ་འདམ་ལྟར་བྱེད་པ་བྱུང༌། མཁན་པ་ལྗོངས་དང༌། མཁན་པ་གླིང་དང༌། སེང་གེ་རྫོང་དང༌། མཁར་ཆུ་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་འགྲོ་དོན་མཛད། ཚེ་ཚད་སུམ་ཅུ་རྩ་བདུན་ཡིན་པ་ལ། སློབ་དཔོན་ཀུན་དགའ་ཞེས་པའི་སྐལ་ལྡན་ཞིག་གིས་གསོལ་བ་ཐེབས་པས། དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལ་དུར་ཁྲོད་ལ་བར་དུ་སྐུ་གཤེགས་པའི་ཚེ་འོད་ཆེན་པོ་སྒྲ་དང་བཅས་པ་ནུབ་ཕྱོགས་སུ་ཡལ་བ་ཀུན་གྱིས་མཐོང༌། པུར་གྱི་རྣམ་པ་སྦྱང་དུས་ནམ་མཁའི་ལམ་ནས་པུར་ཁང་ལ་འོད་ལྔའི་སྣམ་བུ་བརྐྱང་པ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ཞིང༌། སྐུ་ལྔ་ཐོབ་པའི་རྟགས་ཀྱི་གདུང་ཡང་རྒྱུད་ལས་ཇི་སྐད་བཤད་པ་བཞིན་བྱོན་ཏོ། །འདི་གྲུབ་ཐོབ་ཨོ་རྒྱན་པ་དང་དུས་མཚུངས། ཨོ་རྒྱན་པ་བཅུ་ཕྲག་ལྷག་བཅས་ཀྱིས་བགྲེས་ལ་སྐུ་ཚེ་ཡང་རིང་ངོ༌།།

༈ མེ་ལོང་པའི་སློབ་མ་ནི་རིག་འཛིན་ཀུ་མཱ་རཱ་ཛ་སྟེ། གཡོ་རུ་འོན་བར་གསར་རྫིང་ཁ་ཞེས་བྱ་བའི་གྲོང་བརྡལ་དུ་མེ་ཕོ་སྟག་ལ་འཁྲུངས། ཐར་པ་རྒྱན་དུ་བཏགས། ཆུང་ངུ་ནས་དད་པ་དང་སྙིང་རྗེ་ཤེས་རབ་ལ་སོགས་ཏེ་འཕགས་པའི་ནོར་གྱི་ཁྱད་ཆོས་མང་པོ་མངའ་བས་ཀློག་ཡིག་མ་བསླབས་པར་མཁྱེན། ལོ་བདུན་པ་ལ་ཀོང་པོ་འོར་ཤོད་མཐོ་སྟེངས་དགོན་པའི་བླ་མ་དགྱེས་རྡོར་པ་ལས་ཀྱེ་རྡོ་རྗེ་དང་བདེ་མཆོག་གི་དབང་ཞུས། ལོ་དགུ་པའི་ཚེ་མཁན་པོ་གཙང་པ་ལས་ཡོངས་རྫོགས་ཀྱི་དགེ་བསྙེན་བླངས། སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་ཆོས་སྐོར་ལ་སྦྱངས། བཅུ་གཉིས་པ་ལ་ཕག་མོ་གྲུའི་མཁན་པོ་ཡེར་བ་པ་དང་སློབ་དཔོན་མངའ་རིས་པ་ལས་རབ་ཏུ་བྱུང༌། མཚན་གཞོན་ནུ་རྒྱལ་པོར་བཏགས། འདུལ་བ་བསླབ། རིན་པོ་ཆེ་གྲགས་ཡེ་ལ་ལོ་ལྔའི་བར་དུ་ནཱ་རོ་ཆོས་དྲུག་ལ་སོགས་པ་དང༌། མཚར་སྟེངས་པ་ལ་བརྟག་གཉིས་ཉན། དབོན་སངས་ཤེས་ལས་བཟོ་རིག་པ་བསླབ། ཡི་གེ་དྲུག་པ་བཟླས་པས་ཤེལ་གྱི་ཁང་བུ་གཅིག་ན་ཐུགས་རྗེ་ཆེན་པོ་ཞལ་འཛུམ་པ་མཐོང༌། ཁྱུང་ནག་ཤག་དར་ལ་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས། ངར་ཕུག་ཏུ་མེ་ལོང་རྡོ་རྗེ་དང་མཇལ། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་པས་སེམས་ཅེར་མཐོང་དུ་ངོ་འཕྲོད། དེ་ནས་གྲུབ་ཆེན་མོན་གྱི་མཁའ་འགྲོའི་གླིང་ལ་གཤེགས་པའི་ཕྱག་ཕྱིར་བྱོན། རྡོ་རྗེ་ཕག་མོའི་ཆོས་སྐོར་སོགས་ཞུས་ནས་བསྙེན་པ་མཛད་པས། ཚེས་བཅུའི་ནུབ་གཅིག་ཨོ་རྒྱན་པདྨ་དང་མཇལ། ཨེ་མ་རིགས་ཀྱི་བུ། རྟག་ཏུ་ཆོས་གྱིས་ཤིག་གསུངས། མཚུར་ཕུར་བྱོན་ནས་གཉན་རས་དང༌། དར་མ་མགོན་པོ་ལ་ཀརྨ་པའི་ཆོས་སྐོར་རྣམས་ཞུས། ལ་སྟོད་དིང་རི་དང་སྤུ་རང་དུ་བྱོན་པས། གྲུབ་ཆེན་ཨོ་རྒྱན་པ་དང༌། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དགུང་ལོ་བདུན་པ་རབ་ཏུ་བྱུང་མ་ཐག་པ་དང་མཇལ། ཨོ་རྒྱན་པ་ལས་གདམས་པ་མང་དུ་ནོད། ལོ་འགའ་ན་ཨོ་རྒྱན་པས་གཉན་རས་ལ་སྙིང་ཏིག་ཞུས་པའི་ཟླ་ལ་ཚང་བར་ཐོབ། རྒྱ་སྨན་པ་ནམ་མཁའ་རྡོ་རྗེ་ལས་གསང་སྐོར་གནད་ཀྱི་ངོ་སྤྲོད་དང༌། སྐལ་ལྡན་པ་ཆོས་ཀྱི་སེང་གེ་ལས་གསང་བ་གནད་ཀྱི་མེ་ལོང་སོགས་རྫོགས་ཆེན་གསང་བའི་སྐོར་ཞུས། སླར་མཁར་ཆུར་གྲུབ་ཆེན་མེ་ལོང་རྡོ་རྗེ་ལས་གསང་བ་སྙིང་ཐིག་དབང་ཁྲིད་གདམས་པ་དང་བཅས་པ་ལེགས་པར་ཐོབ། འབུལ་རྒྱུ་གཞན་མེད་པས་ལུས་ངག་གི་ཞབས་ཏོག་དང༌། དབྱར་རིལ་པོ་གཉིས་སུ་རི་མོ་མཛད། ནས་ཁལ་བཞི་བཞི་གནང་བའི་གཉིས་གཉིས་ཀྱིས་ཤོག་བུ་ཉོས། མཚན་མོ་དཔེ་རྣམས་བྲིས། ཕྱེད་པོས་མར་མེ་དང་གསོལ་བ་མཛད་པས། དཀའ་ཐུབ་ཀྱི་མཐུས་ཤིག་ནད་དྲག་པོ་ཞིག་བྱུང༌། ཐུགས་དམ་ཡང་ཁྱད་པར་ཅན་འཁྲུངས། བླ་མ་མཉེས་ནས་འགྲོ་དོན་གྱིས་ཤིག་པའི་རྗེས་སུ་གནང་བ་ཐོབ། དབང་གྲལ་དུ་བླ་མའི་དབུའི་བར་སྣང་ལ་མགོན་པོ་ཕྱག་བཞི་པ་དང༌། སྒོའི་ཐད་ན་ཨེ་ཀ་ཛ་ཊཱི་མཐིང་ནག་ཞིང་དབྱུག་དང་སྤྱང་མོ་བསྣམས་པ་བོངས་ཉིས་ཐོག་ཙམ་པ། ཕྱི་ངོས་ན་ལས་ཀྱི་མ་མོ་ཁྲག་རལ་ཅན་ལག་པས་ཁྲག་བཅུས་ནས་འཐུང་བ་རྣམས་མཐོང༌། ལོ་བརྒྱད་ཀྱི་བར་བླ་མ་འབྲལ་མེད་དུ་བསྟེན། ཨོ་རྒྱན་གྱི་སྒྲུབ་གནས་སྙུགས་ཚལ་སྦུག་ཏུ་དགུན་ཐོག་གཅིག་བཞུགས་པས་རྡོ་རྗེ་ཕག་མོའི་ཞལ་གཟིགས། དེ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། རེ་ཞིག་ཡར་ཀླུངས་མཚར་སྟེང་དུ་རི་ཁྲོད་བཏབ་ནས་བཞུགས། ཇི་ཞིག་ན་བླ་མ་འདའ་བར་མཁྱེན་ནས་མཁར་ཆུར་བྱོན་ཙ་ན་བླ་མའི་སྲས་གཉིས་ས་སྐྱགས་སུ་འཛོམས། སླར་ལོག་ཉི་ཤུ་ལྔའི་དུས་མཆོད་བཙུགས། ཙ་རི་ལ་བྱོན་པས་ཀྲིག་མོ་ལྷའི་ནེའུ་སིང་གི་རྡོ་སྐུ་ལ་འཇའ་ཚོན་སྣ་ལྔ་ཟུག་པ་སོགས་བྱུང༌། དེ་ནས་མཚུར་ཕུར་ཆོས་རྗེ་རང་བྱུང་རྡོ་རྗེས་གདན་དྲངས་ཏེ་སྙིང་ཏིག་གི་གདམས་པ་རྣམས་ཕུལ། ཤངས་སུ་བྱོན་ནས་ལྕེ་སྒོམ་ནག་པོའི་བརྒྱུད་པ་སློབ་དཔོན་སྒོམ་པ་ལ་གསང་སྐོར་སྙན་བརྒྱུད་རྣམས་དང༌། བསམ་གཏན་མིག་གི་སྒྲོན་མེ་ཞུས། དིང་རི་སྣ་དམར་དུ་དཔོན་པོ་བྱང་སྒྲུབ་ལ་ཡང་དགོན་པའི་རི་ཆོས་རྣམས་ཉན། ཨོ་རྒྱན་པ་རིན་ཆེན་དཔལ་དང་ཡང་མཇལ། མར་ལམ་བླ་མ་བཀྲ་ལུང་པ་ལས་གཤིན་རྗེ་དགྲ་ནག་ལ་སོགས་པ་ཞུས། སློབ་དཔོན་ཡེ་དགོན་ལ་སོགས་པ་བཤེས་གཉེན་མང་དག་ལས་གསང་སྐོར་དང༌། རྒོད་ཚང་པའི་ཁྲིད་ཀྱི་སྐོར། ཨ་རོའི་ཁྲིད་མོ་ཆེ་དོན་སྐོར་ལ་སོགས་པ་བོད་ན་གྲགས་པ་ཆེ་བའི་རྫོགས་རིམ་ཕལ་མོ་ཆེ་ཁོང་དུ་ཆུད། ཆོས་ཕྱིར་དཀའ་སྤྱད་བཟོད་པས་ཙ་རི་གསར་མར་བགྲོད་ནས་རྙིང་མའི་གཡུ་མཚོ་འགྲམ་དུ་གཅིག་པུར་ཟླ་བ་བརྒྱད་བཞུགས། ཆོ་འཕྲུལ་ཆེན་པོ་བྱུང་བ་གཤིས་ཐོག་ཏུ་རོ་སྙོམས་པས་གཞི་བདག་དབང་དུ་འདུས་ནས་ཁང་པར་གདན་དྲངས་བསྙེན་བཀུར་བྱས། ཛམ་བྷ་ལས་ནོར་བུ་བྱིན། མཚོ་ནང་དུ་འོད་ལྔའི་ལྦུ་བ་མཐེ་བོང་ཙམ་ཞིག་ཐིམ་འགྲོ་བ་གཟིགས། ངེས་འབྱུང་དང་སྐྱོ་ཤས་ཀྱིས་ཐུགས་རྒྱུད་བརླན་པས་དུས་རྟག་ཏུ་ཤམ་པོ་ལ་སོགས་གངས་ཁྲོད་དང་ལུང་སྟོང་འབའ་ཞིག་ཏུ་ལྷགས་སྐྱོབ་ཙམ་ལ་བརྟེན་ནས་བཞུགས་པས་སློབ་མའི་ཚོགས་མང་པོ་འཁོར་བ་མཐའ་ཅན་དུ་མཛད། སྤྲུལ་པའི་སྐུར་གདོན་མི་ཟ་བ་ཀརྨ་པ་རང་བྱུང་རྡོ་རྗེ་དང༌། རྒྱལ་བ་ཀློང་ཆེན་པ་གཉིས་རྫོགས་པ་ཆེན་པོའི་སློབ་མའི་གཙོ་བོར་གྱུར་པས་བསྟན་པ་འདི་སྤེལ་བའི་ཕྲིན་ལས་ལ་མུ་དང་མཐའ་མེད། དེ་སྐད་དུ་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས། ཆོས་འདིའི་བསྟན་པའི་བདག་པོ་ཀུན་མཁྱེན་ཀློང་ཆེན་པ་ཡིན། རྒྱལ་བ་རང་བྱུང་རྡོ་རྗེའི་དུས་ཕྲིན་ལས་རྒྱ་ཆེ། ཞེས་གསུངས་པས་མཚོན་ནོ།།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤིན་ཏུ་གོམས་པས་སྙིང་རྗེ་ཆེན་པོའི་དབང་གིས་གྲོང་དང་ཡུལ་འཁོར་མང་པོ་དག་ལའང་ཐབས་ལ་མཁས་པས་ཐར་པའི་ས་བོན་འདེབས་པ་ཁོ་ན་ལྷུར་མཛད་ཅིང༌། ཀོང་པོ་ནས་ཨེ་ལ་ཐུག་གི་བར་འཇིགས་པས་ཉེན་པའི་ལམ་འཕྲང་ལ་འགྲོ་བ་དག་གི་དབུགས་འབྱིན་པ་དང༌། རི་དྭགས་དང་ཉ་ལ་སོགས་པའི་སེམས་ཅན་ཉམ་ཆུང་བ་དེ་དག་ལ་ཐུགས་ཤིན་ཏུ་བརྩེ་བའི་བདོག་པ་ལ་འཕང་སེམས་མེད་པས་རི་རྒྱ་དང༌། ལམ་རྒྱ་དང༌། ཆུ་རྒྱ་ལ་སོགས་པ་མཛད་ནས་བདེ་འཇམ་ལ་བཀོད། གང་དུ་བཞུགས་པའི་ལུང་པ་དང༌། ཡུལ་གྲོང་ཐམས་ཅད་ཀྱི་སད་སེར་ཡམས་ནད་ལ་སོགས་པ་ཞི་བར་མཛད་ཅིང་ཕན་པ་འབའ་ཞིག་ལྷུར་ལེན། སྙིང་ཏིག་གི་གདམས་པ་རྫོགས་རིམ་གཞན་དང་མ་འདྲེས་པར་རང་སྐད་ཀྱི་གྲུབ་མཐའ་བསླང་སྟེ་འཆད་ནུས་པ་དང༌། ཤངས་ལ་སྨེ་བ་ཨའི་རི་མོ་ཅན་མངའ་བ། སྔགས་བདག་གཟའ་དང་དམ་ཅན་རྣམས་ཀྱི་བཀའ་ལ་ཉན་ཞིང་མི་དང་མི་ལབ་པ་བཞིན་དུ་ཡོད་པ་དང༌། མངོན་པར་ཤེས་པས་གདུལ་བྱའི་བསམ་པ་མཁྱེན་ནས་འདུལ་ལུགས་མཁས་པ་དང༌། གཞན་རྒྱུད་བྱིན་གྱིས་རློབས་ནུས་པ་དང༌། རྗེས་སུ་བཟུང་བའི་སྐལ་ལྡན་ཀུན་ལ་འདས་དུས་རྟགས་ཁྱད་པར་ཅན་འབྱུང་བ་སོགས་སློབ་དཔོན་བི་མ་ལའི་སྐུའི་བཀོད་པར་གྲགས་ཤིང༌། ཐལ་འགྱུར་ལས་དགེ་སློང་དཔལ་ལྡན་ཞེས་ལུང་བསྟན་ཏོ།།

དེ་ལྟར་འགྲོ་དོན་བསམ་གྱིས་མི་ཁྱབ་པའི་ངང་ནས་བདུན་བཅུ་རྩ་བརྒྱད་པ་ཆུ་མོ་ལུག་གི་ལོའི་སྟོན་ཟླ་འབྲིང་པོའི་ཉི་ཤུ་ལྔ་ལ་སྒྲ་དང་འོད་དང་གུར་ཁྱིམ་ལ་སོགས་པའི་རྟགས་ངོ་མཚར་བ་དང་བཅས་སྐུ་གཤེགས་པས། ཉེ་གནས་སྒོམ་དར་ལ་སོགས་པ་དྲུང་ན་ཡོད་པ་རྣམས་ཀྱིས་མོས་གུས་ཆེན་པོས་གདུང་བ་བསྐྱེད་པས་སླར་བཞེངས་ཏེ་སྐྱིལ་མོ་ཀྲུང་བཅས། ཞལ་འཛུམ་པའི་ངང་ནས་ཁྱེད་རྣམས་མྱ་ངན་མ་བྱེད། ང་ཤི་བ་མིན་གསུངས་ནས་གདམས་ངག་ཞལ་ཏ་ཅི་རིགས་པ་བྱོན། ཞག་བཅུ་གསུམ་སྐུ་ཚེ་སླར་ལ་བསྲིངས། དེར་ཚེས་བདུན་གྱི་ཉིན་ཉེ་གནས་རྣམས་ཀྱིས་གཤེགས་པའི་ཕྱི་ན་ཇི་ལྟར་བགྱི། བླ་མ་ཀུན་མཁྱེན་པ་གདན་འདྲེན་ནམ་ཞུས་པས། ཁོང་འོ་བརྒྱལ་དུ་མ་འཇུག ད་གཟོད་ཆོས་ཀྱི་ཞུན་ཐར་མ་ཆོད་པ་ཡོད་ན་དེར་སོང༌། ཁ་ཏ་མང་པོ་སྔར་ནས་བྱས་ཟིན། ཅལ་ཅོལ་མ་སྨྲ་གསུངས། དྲང་སྲོང་ཙོག་པུའི་འདུག་སྟངས་དང༌། ཆོས་སྐུའི་གཟིགས་སྟངས་ཀྱི་ངང་ནས་འཛུམ་པར་མཛད་དེ། ཚེས་བརྒྱད་ཀྱི་ཐོ་རངས་ཁ་ན་གདོད་མའི་གྲོང་ཁྱེར་ག་ལ་བ་དེར་གཤེགས་སོ། །ཉི་ཤུ་ལྔ་ལ་པུར་བཞུས་པས་དབུ་ཐོད་རིལ་པོར་བྱོན་པའི་ནང་ནས་རིགས་ལྔའི་ཚོམ་དཀྱིལ་དང༌། སྙན་གོང་གཡས་ན་རྗེ་བཙུན་མ་མཐིང་ག་ཚོན་གང་བ། གདུང་རིགས་ལྔ་དང༌། རིང་བསྲེལ་ལ་སོགས་པ་བྱོན་ཅིང་འཇའི་གུར་གྱིས་ཁོ་ར་ཁོར་ཡུག་ཏུ་དཀྲིགས་སོ།།

༈ རྒྱལ་བའི་དབང་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ནི། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དུ་དངོས་སུ་བྱོན་པ་སྟེ། ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་གླུས་བསྐུལ་ནས་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེས་གཟིགས་ཏེ་སྟོད་ལུང་དུ་རྒན་རྒོན་གཉིས་ཀྱི་བུ་ཤི་བའི་རོ་ལ་གྲོང་འཇུག་གི་རྣམ་པས་གཤེགས་ཙ་ན། ཤི་མིག་གསོན་ལ་བལྟ་བ་ལྟས་ངན་ཡིན་ཟེར་ནས་མིག་ཁབ་ཀྱིས་གཙགས། དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་ལུས་ལས་གཞན་དུ་གྱུར་པས་སླར་འཕོས་ཏེ། རྣལ་འབྱོར་ཕོ་མོ་གཉིས་ཀྱི་བུར་སྲིད་པ་བཟུང༌། སྔོན་གནས་རྗེས་སུ་དྲན་པ་ལ་སྒྲིབ་བྱེད་སྐྲའི་རྩེ་མོ་ཙམ་ཡང་མེད་པས་མངལ་གྱི་དྲི་མས་གཏན་ནས་མ་གོས་པ་རྒྱ་གར་ན་ཤཱཀྱ་ཐུབ་པ་དང༌། བོད་དུ་སྐྱེས་བུ་ཆེན་པོ་འདི་ལས་མེད་པར་གྲགས། རྒྱ་བོད་གཉིས་ཀར་སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་གཅིག་པུར་བཞུགས། བསམ་ཡས་མཆིམས་ཕུ་དང་གཡའ་མ་ལུང་སོགས་ནས་ཚེ་ཆུའི་གཏེར་བཞེས་ནས་གོང་མ་རྒྱལ་པོའི་སྐུ་ཚེ་བསྲིངས། བི་མ་ལ་མི་ཏྲ་རང་གི་མཛོད་སྤུར་ཐིམ་པ་གཟིགས་པའི་མོད་ལ་སྙིང་ཐིག་གི་དགོངས་པ་ཇི་ལྟ་བ་བཞིན་མངོན་དུ་གྱུར། འོན་ཀྱང་གསང་སྔགས་བླ་མ་ལ་བསྟེན་པའི་མིག་ལྟོས་ཙམ་སྟོན་པའི་སླད་དུ་བཅོམ་བསྐྱུངས་ནས་རིག་འཛིན་ཀུ་མཱ་རཱ་ཛ་ལས་གསང་བ་སྙིང་ཏིག་གི་མན་ངག་ཡོངས་སུ་རྫོགས་པ་གསན། འདི་ནི་སློབ་དཔོན་ཆེན་པོ་པདྨ་ལས་བརྒྱུད་པ་གཅིག་འོང་ཐང་བ་ལ་དགོངས་པའི་ཚེ་སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་གཟིགས། མན་ངག་སྙིང་ཏིག་དངོས་སུ་ཐོབ་ཀྱང་ཚིག་བརྒྱུད་ལ་ནན་ཏན་དུ་བྱ་བའི་ཕྱིར་ཤོའི་རྒྱལ་སྲས་ལེགས་པ་སྤྱན་དྲངས་ནས་ཙ་རི་དགོན་གསར་དུ་རྫོགས་པར་གསན།

སླར་སློབ་མ་རྣམས་ལ་རྩལ་དུ་བཏོན་ནས་གསུངས། བཀའ་ལས། ཆོས་འདི་ལྟ་བུ་ནུབ་ཏུ་འཕངས་པས་གཡུང་སྟོན་རྡོ་རྗེ་དཔལ་གྱིས་གཙང༌། ཡེ་རྒྱལ་བས་ཁམས་ཀོང༌། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག སྤྲུལ་སྐུ་བས་དབུས་སུ་དར་བར་གྱིས་ཞེས་སྨན་ལུང་པ་ཤཱཀྱ་གཞོན་ནུ་སོགས་ལ་རྗེས་སུ་གདམས། ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་སྤེལ་བར་བྱེད། །ཅེས་པ་དེ་ཡིན་པར་གྲགས། ཀུན་ཏུ་བཟང་པོ་ཐུགས་ཀྱི་ཀློང་ན་རང་གསལ་ཏེ་དགོངས་པའི་གཏེར་མཛོད་ཆེན་པོ་ལ་དབང་བསྒྱུར་ནས་ཀརྨ་སྙིང་ཏིག་ཅེས་གྲགས་པའི་གདམས་པ་ཡང་བྱུང༌། འདིའང་བསྟན་པའི་ཆུ་འགོ་གཅིག་ཡིན་ནོ།།

༈ རྒྱལ་བ་གཉིས་པ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོའམ་ཀློང་ཆེན་རབ་འབྱམས་ནི། གཡོ་རུ་གྲའི་ཆ་སྟོད་གྲོང་དུ་ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཅན་ཞེས་བྱ་བ་མ་སྨད་པའི་རིགས་ཀྱི་ཡོན་ཏན་ཅན། རུས་ནི་རོག་སྟེ་སད་མི་བདུན་གྱི་ནང་ཚན་ཛྙཱ་ན་ཨིན་དྲ་རཀྵི་ཏའམ། བོད་སྐད་དུ་ཡེ་ཤེས་དབང་པོ་སྲུང༌། སློབ་དཔོན་ཆེན་པོའི་དངོས་སློབ་དགེ་སློང་རྒྱལ་བ་མཆོག་དབྱངས་དང་གདུང་གཅིག་པའི་རབས་ཉེར་ལྔ་པ། མེས་པོ་ལྷ་སྲུང་ཞེས་བདུད་རྩིའི་བཅུད་ལེན་གྲུབ་པས་ལོ་བརྒྱ་དང་ལྔར་འཚོ་བ་དེའི་སྲས་སློབ་དཔོན་བསྟན་པ་སྲུང་ཞེས་རིག་གནས་དང་སྔགས་ཀྱི་རྣལ་འབྱོར་ལ་རང་བྱན་ཚུད་པ་ཞིག འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གདུང་ལས་བྱོན་པ་འབྲོམ་བཟའ་མ་བསོད་ནམས་རྒྱན་ཞེས་བྱ་བ་དང་འདུས་པ་ལས་སྐྱེ་བའི་མྱུ་གུ་བཟུང༌། དེའི་ཚེ་ཡུམ་ལ་སེང་གེ་ཆེན་པོ་གཅིག་གི་དཔྲལ་བ་ན་ཉི་མའི་འོད་ཟེར་འབར་བས་སྲིད་པ་གསུམ་ལྷག་གེར་གསལ་བ་ཞིག་རང་ཉིད་ལ་ཐིམ་པ་རྨིས། རབ་བྱུང་ལྔ་པའི་ཕུར་བུ་ས་སྤྲེའུ་དབོ་ཟླའི་ཚེས་བཅུའི་ཉིན་མངལ་གྱི་ཆུ་འཛིན་ལས་རྣམ་པར་གྲོལ། གཞོན་ནུ་དོན་གྲུབ་ལ་ལྷའི་དབང་པོས་བྱ་བ་བཞིན་དུ་ནམ་གྲུ་རེ་མ་ཏིས་ངས་བསྲུང་བ་ཡིན་ཞེས་ལག་ཏུ་བླངས། སླར་ཡུམ་ལ་གཏད་ནས་མི་སྣང་བར་སོང༌། བྱང་ཆུབ་སེམས་དཔའ་འཕགས་པའི་ནོར་གྱིས་གདོད་ནས་ཕྱུག་པས་དད་པ་དང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་སྒྲིབ་མེད་དུ་གསལ། ལོ་ལྔ་ནས་བྲི་ཀློག་ལེགས་པར་མཁྱེན། ཡབ་ལས་བཀའ་བརྒྱད་བདེར་འདུས། ཕུར་པ། རྟ་མགྲིན། བླ་མའི་ལས་གཞུང་སོགས་སྒྲུབ་ཕྲིན་མང་དུ་གསན། སྨན་རྩིས་ལ་སོགས་པའི་རིག་གནས་ཅི་རིགས་པའང་ཁོང་དུ་ཆུད། དགུ་པའི་སྟེང་དུ་ཉི་ཁྲི་དང་བརྒྱད་སྟོང་བརྒྱ་ཚར་བཏོན་པས་ལྷག་མེད་དུ་ཐུགས་ལ་མངའ། བཅུ་གཉིས་པའི་ཚེ་བསམ་ཡས་པ་མཁན་པོ་བསམ་གྲུབ་རིན་ཆེན་དང༌། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་བློ་གྲོས་སུ་གྲགས། དམ་པའི་ཆོས་འདུལ་བ་ལ་ལེགས་པར་སྦྱངས་པས་ལོ་བཅུ་བཞི་པར་བཤད་པའི་བ་དན་བཟུང་ཆོག་པ་བྱུང༌། བཅུ་དྲུག་པར་སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་དང༌། ཆོས་དྲུག་གཉིས། ཕག་མོའི་ཆོས་དྲུག བདེ་མཆོག་དྲིལ་བུ་པ། ཕྱག་རྡོར་འཁོར་ཆེན་ལ་སོགས་པའི་དབང་ཁྲིད་གདམས་པ་མང་དུ་གསན། སློབ་དཔོན་དབང་ཡེ། སྟོན་ཚུལ། ཁྲོ་ཕུ་པ་ལ་སོགས་པ་ལས། བྱ་སྤྱོད། རྣལ་འབྱོར། རྡོ་རྗེ་གུར། མཁའ་འགྲོ་རྒྱ་མཚོ། སངས་རྒྱས་ཐོད་པ། རྡོ་རྗེ་ཕྲེང་བ། དུས་ཀྱི་འཁོར་ལོ་ལ་སོགས་པའི་སྔགས་རྒྱུད་མང་པོ་དང༌། རིན་པོ་ཆེ་ཟ་ལུང་པ་སོགས་ལས་ཞང་ཚལ་པའི་གདམས་སྐོར། རྒོད་ཚང་པའི་ལམ་ཁྲིད། གཅོད་ཡུལ། ཞི་བྱེད་སྔ་ཕྱི་བར་གསུམ་ལ་སོགས་གསན། བཅུ་དགུ་པར་གངས་རིའི་ཁྲོད་ན་ཚད་མ་སྨྲ་བའི་རིགས་གྲྭ་ཆེན་པོ་རྔོག་ལེགས་པའི་ཤེས་རབ་ཀྱི་གདན་ས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་ཞུགས་ནས། གླིང་སྟོད་གདན་རབས་བཅོ་ལྔ་པ་སློབ་དཔོན་བཙན་དགོན་པ་དང༌། གདན་རབས་བཅུ་དྲུག་པ་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་གཉིས་ལས། བྱམས་པའི་ཆོས་ལྔ། ཚད་མ་སྡེ་བདུན། ཕར་ཕྱིན། དབུ་མ་ལ་སོགས་མཚན་ཉིད་ཐེག་པའི་ལུང་རིགས། དཔང་ལོ་བློ་གྲོས་བརྟན་པ་ལས་མདོ་ཏིང་འཛིན་རྒྱལ་པོ་ལ་སོགས་པའི་ཟབ་ཆོས་མདོ་ལྔ། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པས་མཚོན་པའི་ལུང་ཕྲན་མང་པོ་སོགས་ནང་པའི་གཞུང༌། སྒྲ་དང༌། སྙན་དངགས། སྡེབ་སྦྱོར། ཟློས་གར་ལ་སོགས་པའི་ཕྱི་རོལ་པ་དང་ཐུན་མོང་དུ་གྱུར་པའི་གནས་ཐམས་ཅད་ལ་ཐོས་བསམ་མཐར་ཕྱིན། འཇམ་པའི་དབྱངས། མཚོ་ལྡན་མ། མི་གཡོ་བ། ཕག་དཀར་རྣམས་ལ་སྒྲུབ་པ་མཛད་པས་ཀུན་ཀྱང་ཞལ་གཟིགས། ཁྱད་པར་སྒྲ་དབྱངས་ལྷ་མོས་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་དང་བཅས་པ་ཞག་བདུན་དུ་བསྟན་ཅིིང་ལུང་བསྟན་ཐོབ། ཐོགས་པ་མེད་པའི་བློ་གྲོས་ཀྱི་དངོས་གྲུབ་ཆེན་པོ་རང་དབང་དུ་ཐོབ་པ་ལས། ལུང་དང་རིགས་པའི་གནས་རྒྱ་ཆེན་པོ་ལ་མི་འཇིགས་པའི་སྤོབས་པ་བརྙེས་པས་བསམ་ཡས་ལུང་མང་བའམ་ཀློང་ཆེན་རབ་འབྱམས་ཞེས་པའི་མཚན་གྱི་རྔ་བོ་ཆེ་ཕྱོགས་ཀུན་ཏུ་གྲགས། སློབ་དཔོན་དན་ཕག་པ། གཞོན་ནུ་དོན་གྲུབ། མྱོས་མཐིང་མ་བ་སངས་རྒྱས་གྲགས་པ་སོགས་བླ་མ་བཞི་ལས་མདོ་སྒྱུ་སེམས་གསུམ། རྙིང་མ་རྒྱུད་འབུམ་གྱི་གཙོས་སྔ་འགྱུར་རྡོ་རྗེ་ཐེག་པའི་སྐོར་དང༌། སློབ་དཔོན་གཞོན་རྒྱལ་ལ་སོགས་པ་ལས་དབུ་མ་ཚིག་འཇུག་སོགས་འཕགས་སྐོར་ཚང་བ་དང༌། གཞོན་རྡོར་ལས་སྤྱོད་འཇུག་དང་བསླབ་བཏུས་ལ་སོགས་པ། ཇོ་བོའི་ཡི་དམ་སྐོར། སྦྱོར་དྲུག ཆོས་དྲུག མཁན་པོ་ལས་ཁྲོ་ཕུ་པའི་སྐོར། ཁ་རག་ཆོས་སྐོར། སྒྲུབ་ཐབས་རྒྱ་མཚོ། ཆོས་ཆུང་བརྒྱ་རྩ། འདུལ་བ་ལུང་ལ་སོགས་པ་ཤིན་ཏུ་མང་བ། རྗེ་རང་བྱུང་རྡོ་རྗེ་ལས་སྦྱོར་དྲུག་གེགས་སེལ་དང་བཅས་པ། ནཱ་རོ་ཆོས་དྲུག སྐུ་གསུམ་ངོ་སྤྲོད། རྒྱལ་བ་རྒྱ་མཚོ། སྤྱན་རས་གཟིགས་རྒྱལ་པོ་ལུགས། གསང་འདུས། སམ་བུ་ཊི། མ་ཧཱ་མཱ་ཡཱ། གཤིན་རྗེ་གཤེད་དམར་ནག་སོགས་ཆོས་བཀའ་རྒྱ་ཆེན་པོ། སློབ་དཔོན་དབང་ཚུལ་ལས་སྦྱོར་དྲུག་དང༌། བསྙེན་སྒྲུབ། རླུང་སྐོར་ལ་སོགས་པ་མང་པོ། ས་སྐྱ་བ་བླ་མ་དམ་པ་ལས་སེམས་བསྐྱེད་ཆེན་མོ་དང༌། ལམ་འབྲས་སོགས་ས་སྐྱ་པའི་ཆོས་ཟབ་དགུ། ཞི་བྱེད་བརྒྱུད་པ་རྨ་སོ་ཀཾ་གསུམ་དུ་གྲགས་པའི་སློབ་བརྒྱུད་ཤུག་གསེབ་རི་པ་གཞོན་རྡོར་ལས་དོ་ཧ་སྐོར་གསུམ། རི་ཆོས་སྐོར་གསུམ། རྟེན་འབྲེལ་བརྒྱ་རྩ་ལ་སོགས་ཏེ། མདོར་ན་གངས་རིའི་ཁྲོད་ན་གྲགས་པའི་གྲུབ་མཐའ་ཕལ་མོ་ཆེ་ཐུགས་སུ་ཆུད་ཅིང༌། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ཐུགས་རབ་སྐྱེས། ཐ་སྙད་ཀྱི་རིགས་པ། མདོ་སྔགས་ཀྱི་གཞུང་ལུགས། མན་ངག་གི་སྐོར་སོགས་གང་ལའང་རང་བྱན་ཚུད་པར་མཛད་དོ།།

དེ་ནས་སྤྱིར་འཁོར་བའི་རང་བཞིན་ལ་ཐུགས་སྐྱོ་ཤས་དང་ངེས་འབྱུང་ཚད་མེད་པས་དབེན་པ་འབའ་ཞིག་དོན་དུ་གཉེར་བའི་དགོངས་པ་གཏོད་པའི་ཁར། གྲྭ་ས་དེར་ཁམས་པའི་གྲྭ་པ་དག་གིས་གཟུ་བོར་མི་གནས་པའི་སྤྱོད་པ་ངན་པས་ཐུགས་ངེས་པར་འབྱུང་སྟེ་བྱ་བྲལ་གྱི་ཀུན་ཏུ་སྤྱོད་པས་གཤེགས་པར་བཞེད་པ་ན། མཁན་སློབ་རྣམས་སྐྱེས་བུ་དམ་པ་འདིའི་རྣམ་དཔྱོད་ལ་དཀོན་པའི་འདུ་ཤེས་བཟོད་པར་དཀའ་བས་ནན་གྱིས་བཤོལ་བཏབ་ཀྱང་མ་ཐེབས་པར་ཆས་པས། རྔོག་ལོ་ཆེན་པོའི་གདུང་རྟེན་རྩར་དགེ་སློང་དཔྱོད་ལྡན་པ་ཞིག་དང་འཕྲད། ཁོང་གིས་ཀྱང་བཤོལ་བཏབ་ཅིང་སྐྱོ་བའི་རྣམ་པ་སྟོན་པ་ལ། གནས་ཚུལ་རྣམས་བཤད་པས། ཁོང་ཡང་ཁམས་པའི་ཚོགས་ལ་འཁུན་པར་བྱེད་ཅིང༌། ད་ཅིས་ཀྱང་གཤེགས་ན་རང་རེ་ལ་རྩོམ་པ་ནི་ཐོགས་རྡུགས་མེད། ཁམས་པ་རྣམས་ལ་ངན་སྨྲས་ཤིག་འཇོག་པར་འཚལ་ཞེས་བསྐུལ་བས། ཀུ་རེའི་ཚུལ་དུ་ཤོག་བུ་བྲེ་ཁ་གཅིག་ལ་ཤོང་ཐང་བྲིས་པ་ཁོང་གིས་ཁྱེར་ནས་ཆོས་རའི་ཁྲི་ལ་སྦྱར་བ་ཁམས་པ་རྣམས་ཀྱིས་རིག་སྟེ་མཐོང་དུ་མ་སྟེར། ཀ་ལིང་ཡུལ་དུ་སྲིན་པོ་རྒྱུ་བ་བཞིན། །ཞེས་པ་ལ་སོགས་པའི་ཀ་ཁ་སུམ་ཅུ་པ་འདི་རྒྱལ་ཁམས་ཀུན་ཏུ་དར་རོ།།

དེ་ནས་ངེས་པ་མེད་པའི་གནས་སུ་འཁྱམས་ཤིང་སྒྲུབ་པ་འབའ་ཞིག་ལྷུར་མཛད་པ་ལས། རྒྱ་མའི་ཅོག་ལ་བྲག་ཕུག་ཏུ་ཟླ་བ་ལྔ་མུན་པའི་རྣལ་འབྱོར་ལ་བཞུགས་པའི་ཚེ། སིལ་སྙན་གྱི་སྒྲ་གླུ་དབྱངས་དང་བཅས་པ་ཞིག་གསན་པས། དེ་ལ་བལྟ་བའི་སྣང་བ་ཤར་ཙ་ན་བུད་མེད་ལོ་བཅུ་དྲུག་པ་ཟ་འོག་གི་འཇོལ་བེར་དང་གསེར་གཡུའི་རྒྱན་གྱིས་སྤྲས་ཤིང༌། བསྲྭེ་ཁྲབ་དྲིལ་བུས་བརྒྱན་པའི་རྟ་ལ་བཅིབས་པ་གདོང་གསེར་གྱི་དྲྭ་བས་གཡོགས་པ་གཅིག་དང་མཇལ། དེའི་ཐུ་བ་ནས་འཇུས་ཏེ་འཕགས་མ་རྗེས་སུ་འཛིན་པར་ཞུ་ཞེས་བཏུད་པས། རིན་པོ་ཆེའི་དབུ་རྒྱན་ཞིག་འདུག་པ་ཕུད་ནས་ཀུན་མཁྱེན་པའི་དབུ་ལ་བསྐོན། དེང་ནས་དུས་རྟག་ཏུ་བྱིན་གྱིས་རློབ་ཅིང་དངོས་གྲུབ་སྦྱིན་ནོ་གསུངས། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡུན་རིང་པོར་འབྱམས། མན་ངག་རྫོགས་པ་ཆེན་པོའི་ཆོས་དང་མཇལ་བའི་རྟེན་འབྲེལ་འགྲིགས། དེ་ནས་ཉི་ཤུ་རྩ་དགུ་པར་བསམ་ཡས་སུ་ཕེབས་པའི་དཔྱིད་སོས་བླ་མ་དམ་པ་ཀུ་མཱ་རཱ་ཛ་ཡར་སྟོད་སྐྱམ་གྱི་ཕུ་ན་བཞུགས་པ་ལ་གཏད་དེ་བྱོན་པས། ལམ་དུ་གཡག་སྡེ་པཎ་ཆེན་དང་མཇལ་ནས་རྗེ་དྲུང་ཀརྨ་པའི་དྲུང་ན་དེངས་ཞེས་བསྐུལ་ནའང་མ་གསན་པར་ལྷགས། ཡར་སྟོད་སྐྱམ་གྱི་ཕུ་ན་རིག་འཛིན་པ་སློབ་མའི་ཚོགས་ཆ་ཐེར་ལྷགས་སྐྱོབ་བདུན་ཅུ་ཙམ་བཅས་བཞུགས་པ་དང་མཇལ། མདང་ལྷའི་བྱ་ཡིན་ཟེར་བའི་བྱ་ཡ་མཚན་གཅིག་ལ་བྱ་བྲན་མང་པོའི་ཚོགས་དང་བཅས་བྱུང་ནས་ངའི་དཔེ་ཆ་རྣམས་ཕྱོགས་མཚམས་ཐམས་ཅད་དུ་ཁྱེར་སོང་བར་རྨིས་པས་བརྒྱུད་པ་འཛིན་པ་ཞིག་འོང་གསུངས་ནས་ཤིན་ཏུ་མཉེས། དེར་ཆོས་ཁྲལ་འདེགས་རྒྱུ་མེད་པས་ཐུགས་ལ་སྐྱོ་བ་དཔག་ཏུ་མེད་པ་འཁྲུངས། ཆོས་ཁྲལ་ལ་ཐོགས་ཏེ་བླ་མའི་དྲུང་ནས་འགྲོ་དགོས་པ་ང་ལས་མེད་པས་ཉིན་པར་འགྲོ་བ་ངོ་ཚ། སང་ནམ་ལང་ཙ་ན་ལུང་པ་འདིའི་མདའ་ལ་སླེབ་པར་འགྲོ་དགོངས་ཙ་ན། བླ་མའི་མངོན་མཁྱེན་གྱིས་དགོངས་ནས་འདིའི་ཆོས་ཁྲལ་ནང་ནས་འདེབས་པ་ཡིན་པས་མ་གཙེར་ཞེས་གྲྭ་པ་གཉིས་ཀྱིས་བསྐྱར་བྱུང་བས་མཉེས་ཆེས། རིག་འཛིན་པ་དེ་སློབ་མའི་ཚོགས་ལ་སྐྱོ་བ་བསྐུལ་ཕྱིར་གཞི་མི་འཛིན་པས་ལོ་དེའི་དཔྱིད་སོས་ལུང་སྟོངས་གཅིག་ནས་གཅིག་ཏུ་འཕོ་སྐྱས་ལན་དགུ་མཛད་པས། གཞི་རེ་ཟིན་དུས་འཕོ་དགོས་པ་འདྲ་དེས་ཁོང་ཉིད་ལ་ན་བཟའ་དང་གསོལ་ཆས་གཉིས་ཀ་མེད། ནམ་ཟླ་དང་གངས་རྩ་ཡུལ་ཤིན་ཏུ་གྲང་བས་ངལ་དུབ་དཔག་ཏུ་མེད་པ་བྱུང༌། ཕྱེ་བྲེ་གསུམ་དང་དངུལ་ཆུ་རིལ་བུ་རིལ་མ་ཙམ་ཉི་ཤུ་རྩ་གཅིག་ལས་མེད་པ་དེས་ཟླ་བ་གཉིས་ཀྱི་འཚོ་བ་མཛད། ཁ་བ་བབ་དུས་འབོག་གི་དོད་སྒྱེ་གཅིག་ཡོད་པ་དེའི་ནང་དུ་ཞུགས་ནས་གོས་སྟན་གཉིས་ཀའི་གོ་བཅད་པ་སོགས་ཆོས་ཕྱིར་དཀའ་བ་སྤྱད་པ་བསམ་གྱིས་མི་ཁྱབ། ལོ་དེར་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་དང་བཅས་པ་ཐོབ་ཅིང་བསྒོམ། ཕྱི་ལོ་དེར་དབང་གོང་མ་དང༌། རྫོགས་ཆེན་སྡེ་གསུམ་གྱི་རྒྱུད་ལུང་མན་ངག་བསྟན་སྲུང་དང་བཅས་པ་བུམ་པ་གང་བྱོར་གནང་ནས་བསྟན་པའི་རྒྱལ་ཚབ་ཏུ་དབུགས་འབྱིན་མཛད། ལོ་དྲུག་གི་བར་དུ་སྒྲུབ་པའི་དམ་བཅའ་ཕུལ། སུམ་ཅུ་རྩ་གཅིག་པ་སྙི་ཕུའི་ཤུག་གསེབ་ཏུ་སྙིང་ཐིག་གི་སྒོ་ནས་སྐལ་ལྡན་དུ་མ་ལ་སྨིན་གྲོལ་མཛད། རྣལ་འབྱོར་པ་འོད་ཟེར་གོ་ཆས་དཀའ་སྤྱད་ཆེན་པོས་མཁའ་འགྲོའི་སྙིང་ཏིག་གི་དཔེ་བཙལ་བ་གཟིགས་ཕུལ་བ་དང་མཚུངས་པར། གཟིམ་ལམ་དུ་ཤན་པ་སྲོག་སྒྲུབ་མས་གླེགས་བམ་གཏད། སང་ཕོད་སུམ་ཅུ་རྩ་གཉིས་པར་མཆིམས་ཕུའི་རི་མོ་ཅན་དུ་སྒྲུབ་པ་ལ་བཞུགས་དུས་སྐལ་ལྡན་གྱི་རྣལ་འབྱོར་ཕོ་མོ་བརྒྱད་ལ་སྙིང་ཏིག་གི་གདམས་པ་གནང༌། སྤྲོས་བཅས་ཀྱི་དབང་དུས་བྱིན་ཕབ་པས། རྣལ་འབྱོར་མ་གཅིག་ལ་སྔགས་སྲུང་མ་མངོན་སུམ་དུ་བབ་སྟེ་འཁྲབ་བྱུང་བས། སློབ་མ་རྣམས་ཀྱིས་ཟིལ་མ་བཟོད་པ་ལ། བླ་མའི་ཞལ་ནས་འདི་མཁའ་འགྲོ་བབས་པ་ཡིན་པས་ཨའུ་ཙི། ང་སྣང་སེམས་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ་ཡིན་བར་ཆད་མི་འོང་གསུངས།

དེར་རྣལ་འབྱོར་མས་བླ་མ་ལ་ཕྱག་བྱས། དཀྱིལ་འཁོར་ལ་བལྟས་ནས། རྨ་བྱ་མ་འཛོམ་པ་ག་རེ་ཟེར། ཡིད་ཀྱིས་བསམ་པ་ཡིན་གསུངས་པས། བརྡའི་ཆོས་ལ་ཡིད་ཀྱིས་ག་ན་འོང་ཟེར། ཡང་བུམ་པའི་སྟེགས་ཀྱི་མཉྫི་དོར་ཏེ་བུམ་པ་གསུམ་སྦྲེལ་ནས་བཞག ཆོ་གའི་རྣམ་གཞག་ཞིབ་མོ་མཛད་དུས་ཐལ་མོ་སྦྱར་ཏེ་ལེགས་སོ་བརྗོད། རིགས་ཀྱི་ཡི་གེའི་ས་མཐའ་ཆད་ནས་རིག་ཏུ་བོས་པ་ལ། མིན་མིན་རིགས་ཟེར་བ་ཡིན་ཞེས་དང༌། སྔགས་བཟླས་དུས་ངའི་ལད་མོ་གྱིས་ཟེར་ནས་མཁའ་འགྲོའི་སྐད་དུ་འབྲེལ་ལ་མ་འབྲེལ་བའི་གདངས་སྙན་པོ་བྱས། དངོས་གཞིའི་སྐབས་སུ། བློ་སྒོམ་དང་བྲལ་ན་དགའ་བ་ལ། །བློ་སྒོམ་དང་བྲལ་ན་ཨ་རེ་སྐྱིད། །ཅེས་དོན་གྱི་ལྟ་སྒོམ་ཡིད་དཔྱོད་དང་བྲལ་བའི་གླུ་བླངས། མཆོད་པ་ངན་པ་ལ་འདིས་མི་ལྟོ་ཟེར། མཆོད་དབྱངས་སྙན་པོ་བྱས། ཚོགས་ཀྱི་དུས་བླ་མ་ལ་བདུད་རྩི་དྲངས་དུས་འདི་མཁའ་འགྲོའི་དམ་རྫས་ཡིན་པས་ཅིས་ཀྱང་བསྟེན་དགོས་ཟེར་ལྷག་མེད་དུ་དྲངས། དེའི་ཚེ་སློབ་མའི་ཚོགས་ཀྱང་ཉམས་འུར་ནས་གླུ་ལེན་བྲོ་བརྡུང༌། ཐ་མལ་གྱི་གཉིད་ལས་འདས་པའི་འོད་གསལ་རྩེ་གཅིག་ཏུ་ཤར། དཔའ་བོ་དང༌། མཁའ་འགྲོ་དང༌། ཆོས་སྐྱོང་སྣ་ཚོགས་པའི་གཟུགས་བརྙན་མངོན་སུམ་དུ་མཐོང་ནས། བུད་མེད་ནག་མོ་གཅིག་གིས་ཕྱེ་ཕུད་ཉམས་ཟེར་བ་དང༌། དམ་ཅན་མི་དཀར་པོར་བསྟན་ནས་ངའི་གཏོར་མ་ལ་དམར་རྒྱན་ཆད་ཟེར་བ་དང༌། ཇོ་བོ་མདངས་ལྷ་མི་དཀར་རྟ་དཀར་ཅན་དུ་འོངས་ནས་གཏོར་མ་འདོད་པ་ལ་དམར་གཏོར་སྦྱིན་པས་མ་འདོད་པ་དང༌། མཁའ་འགྲོའི་ཚོགས་ཀྱིས་བླ་མ་ལ་གདུགས་འབུབས་པ་དང༌། བསྐོར་བ་བྱེད་པ་དང༌། ཧཱུྃ་དང་ཕཊ་ལ་སོགས་པའི་སྒྲ་དྲག་པོ་དང༌། ཐུག་ཆོམ་ཆེན་པོ་སོགས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་བས། རྣལ་འབྱོར་པ་གཅིག་གིས་དོ་ནུབ་གནམ་ས་ངོ་ལོག་པ་འདུག ཤ་དུམ་ཁྲག་དུམ་བྱེད་ལས་ཆེ་ཟེར་ནས་སྐྲག་པ་སོགས་བྱུང༌། དེ་བཞིན་དུ་འོད་དེ་གུང་རྒྱལ། གཉན་ཆེན་ཐང་ལྷ། སྨན་མོ་མཆེད་བདུན་ལ་སོགས་པ་གཏོར་མ་ལེན་དུ་འོངས། རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ག་རིན་པོ་ཆེ་དང་རུས་པས་བརྒྱན་པ་མངོན་སུམ་བྱོན། དེར་དྲི་བ་འདི་རྣམས་མཛད་པ་ན། དོ་ནུབ་དུས་གཉན་པས་ལས་ཅན་གྱི་སློབ་མ་ཉུལ་དུ་འོངས། བླ་མ་དམ་པ་སྐུ་ཁམས་བཟང་ཟེར། ད་ལོ་སྐུ་ཆག་བདོ་བས་ཇི་ལྟར་མཆི་དྲིས་པས། མཁའ་འགྲོ་མས། སངས་རྒྱས་ཀྱི་རྣམ་འཕྲུལ་ལ་བར་ཆད་ག་ན་འོང༌། གདུལ་བྱ་ལ་དགོངས་པ་ཡིན། བི་མ་ལ་བོད་དུ་བྱོན་པ་མི་ཤེས་སམ་ཟེར། ད་ཅི་ཙམ་བཞུགས་དྲིས་པས། ལུག་ལོ་ཕྱི་མའི་བར་བཞུགས། དེ་ནས་གདུལ་བྱ་དང་བསྟུན་པའི་ངེས་པ་མེད་ཟེར། འོ་ན་ང་བླ་མ་ཀུ་མཱ་རཱ་ཛས་གཞན་དོན་ལ་བསྐུལ་ལམ་དྲིས། འོ་འོ་དེ་ཀ་ཟེར་དུས། ངས་གཅིག་པུར་བསྒྲུབས་ན་འོད་ལུས་གྲུབ་བམ། གཞན་དོན་བྱས་ན་སེམས་ཅན་ལ་ཕན་ཐོགས་ཇི་ཙམ་འོང༌། ལོ་ཇི་ཙམ་ཐུབ་དྲིས་པས། འོད་ལུས་འགྲུབ་ཀྱང་སེམས་ཅན་ལ་ཕན་འདོགས་དགོས། གཞན་དོན་འུར་འུར། ད་ལོ་སུམ་ཅུ་ཐུབ་ཟེར། ང་ལ་བཀའ་སྲུང་ཇི་ལྟར་ཡོད་དྲིས་པས། མང་མང་བླ་མའི་ཐམས་ཅད་ཁྱོད་ལ་ཡོད། ཁྱད་པར་རྡོ་རྗེ་གཡུ་སྒྲོན་མ་ཟེར། དེ་བཞིན་དུ་འགྲོ་དོན་ལྷོ་ནུབ་ཕྱོགས་ན་ཡོད། ཚེ་ཕྱི་མ་འདི་བས་ཀྱང་འགྲོ་དོན་ཆེ་ཟེར། འོ་ན་མཁའ་འགྲོ་སྙིང་ཏིག་ནས་བཤད་པ་དེ་ཡིན་ནམ། དབང་ཁྲིད་གདབ་ཏུ་རུང་ངམ་དྲིས་པས། འོ་དེ་ཀ་དེ་ཀ མ་ནོར་མ་ནོར། ཆོས་ཀྱི་བདག་པོ་ཁྱོད་རང་ཡིན་པ་ལ་ལོས་ལོས་ཟེར།

ཡང་མི་རྣམས་ཀྱིས་ཟོག་པོར་འཛིན་དུ་མི་འོང་ངམ་དྲིས་པས། མིའི་ཁ་ལ་གཏད་པ་ཅི་ཡོད། སྐལ་ལྡན་རྣམས་ནི་ཁོ་མོས་སྡུད། སྐལ་མེད་སངས་རྒྱས་ལའང་སྐུར་པ་འདེབས་ཟེར། སྙིང་ཏིག་གི་ཆོས་བཀའ་རྡོ་རྗེ་གཡུ་སྒྲོན་མའི་གནས་སུ་འབྱེད་དམ་དྲིས་པས། འདི་ན་མཁའ་འགྲོ་རང་བཞིན་གྱིས་འདུ་བས་འདིར་འབྱེད་དགོས་ཟེར། བུམ་ཐང་གི་གཏེར་ཁའི་ལུང་ཡང་གསལ་བར་བཤད། སློབ་དཔོན་ཆེན་པོ་དང་མཇལ་ལམ་དྲིས་པས། ལུང་གསུམ་གྱི་ཕུ། རི་གསུམ་གྱི་མདའ། བྲག་ཆུང་ངེ་བ་ཁ་ནུབ་ཏུ་བལྟ་བའི་གཡས་ཟུར་དུ་མཇལ་ཟེར། བི་མ་ལ་དང་ནམ་མཇལ་དྲིས་པས། མཇལ་ཟིན་འདུག་པ་ལ་ཟེར། ངས་རྟོགས་པའི་ལྟ་བ་འདི་སྙིང་ཏིག་གི་དགོངས་པའི་མཐར་ཐུག་གམ་དྲིས་པས། མཐར་ཐུག་པ་ལ་ནོར་འཁྲུལ་མེད་ཟེར། སློབ་དཔོན་རིན་རྡོར་གྱིས་སྤང་སྒང་པ་རིན་ཆེན་རྡོ་རྗེ་ག་ན་བཞུགས་དྲིས་པས། བླ་མ་ལ་མཛུབ་མོ་བཙུགས་ནས་འདི་ན་བཞུགས་འདུག་པ་ཟེར། དེར་བླ་མས། ཁོང་སྐྱེ་བ་དེའི་འོག་ཏུ་བུམ་ཐང་དུ་སྐྱེ་བ་ལ་ང་ག་ན་ཡིན་གསུངས་པས། དེ་ཀ་ལྟར་སྐྱེ་བ་མིན། བར་དུ་ལོངས་སྐུའི་ཞིང་ཉུལ་དགོས་པ་དེ་སློབ་དཔོན་རིན་ཆེན་རྡོ་རྗེས་གཏེར་ཐོན་རྗེས་ལོ་འགའ་ཡར་གསང་ནས་བསྒྲུབ་པ་མཛད་ན་རང་དོན་དུ་འོད་གསལ་ལོངས་སྐུའི་རྩལ་སྦྱངས་དང༌། གཞན་ལ་ཕན་པ་རྒྱ་ཆེན་པོ་འོངས་པ་ལ། མ་གསང་བས་སྐུ་ཚེ་མཐར་མ་ཕྱིན། ད་ལྟ་ཁྱེད་དུ་སྐྱེས་དུས་འོད་གསལ་གྱི་སྣང་བ་ལམ་དུ་ཁྱེར་བ་འདི་ནི་ལོངས་སྐུའི་ཞིང་ཁམས་དར་ཅིག་ཉུལ་བ་དེ་ཡིན་ཟེར། ངས་ཕུང་པོ་ལྷག་མེད་དུ་ཨེ་འགྲུབ་དྲིས་པས། གཅིག་པུར་བསྒོམ་ན་ད་ལྟ་འགྲུབ། གཞན་དོན་མཛད་པས་བར་དོར་གྲོལ། སྤྲུལ་པས་བུམ་ཐང་དུ་སྐྱེ་བ་བླངས་ཏེ་གཞན་དོན་བྱེད། དེའང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གཤེགས་ནས་འཚང་རྒྱ་བའི་ཚུལ་སྟོན་གསུངས།

ཡང་ངས་སྙིང་ཐིག་གི་ཕན་ཐོགས་བི་མ་ལ་དང༌། མཁའ་འགྲོ་གཉིས་གང་ཆེ་དྲིས་པས། གཉིས་ཀས་ཕན་ཐོགས། བི་མ་ལ་རྒྱ་ཆེ་ལོ་བརྒྱ། མཁའ་འགྲོ་སྙིང་ཏིག་ལོ་ལྔ་བརྒྱར་གནས། ད་ནས་མགོ་རྩོམ་པ་ཡིན་ཟེར། དེར་བླ་མ་ཡང་ཐུགས་ཉམས་འུར་ནས་སྐུ་བཞེངས་ཏེ་རྡོ་རྗེའི་གླུ། ཚེ་འདི་ཡང་བདེ་སྟེ་ཕྱི་མ་སྐྱིད། །བར་དོ་རང་ངོ་ཤེས་པས་བདེ། །ད་ནི་བདེ་བའི་བདེ་བར་འགྲོ། །གླུ་མཆོད་པར་འབུལ་ལོ་དཀོན་མཆོག་གསུམ། །ཐུགས་དགྱེས་པར་མཛོད་ཅིག་མཁའ་འགྲོའི་ཚོགས། །ཞེས་པའི་མཐའ་ཅན་དེ་གནང༌། ད་དུང་མཁའ་འགྲོའི་སྣང་བ་བསམ་གྱིས་མི་ཁྱབ་པ་མཐོང་ཞིང་དེ་ཐམས་ཅད་མཐར་བླ་མ་ལ་ཐིམ། བླ་མ་ཡང་རེས་ལོངས་སྐུར་གནས་འགྱུར་བ་སོགས་མཐོང༌། དེར་ཉེར་བརྒྱད་ཀྱི་ཉིན་གཅིག་ལྷོ་ནུབ་མཚམས་ནས་སློབ་དཔོན་ཆེན་པོ་སྐུ་མདོག་དཀར་གསལ་ཟ་འོག་གི་བེར་དང་ཤེའུའི་མཉེན་ཞུ་ཅན། འཁོར་དཔག་ཏུ་མེད་པས་བསྐོར་ནས་བྱོན་ཏེ་བླ་མ་ལ་ཐིམ་པ་མཐོང༌། དེའི་ནུབ་མཁའ་འགྲོ་མ་རུས་པའི་རྒྱན་ཅན་མཁའ་ལ་བུན་བུན་འགྲོ་བས་བླ་མ་ལ་མཆོད་པ་བྱེད་ཅིང༌། བུད་མེད་སྨུག་ནག་གསུམ་བྲོ་འཁྲབ་པ་དང༌། ངེད་ཡོང་ཡོང་བདེ་ཆེན་གྱི་གནས་ནས་ཡོང༌། །ལས་ཅན་གྱི་སློབ་མ་ཉུལ་དུ་འོངས། །དམ་ཚིག་གི་གཙང་སྦྲ་བལྟ་རུ་འོངས། །འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ། །ཟེར་བ་དང༌། ཡང་ནང་མཆོད་མཛད་པའི་དུས་སློབ་དཔོན་ཆེན་པོའི་གཡས་ན་བི་མ་ལ། གཡོན་ན་རྡོ་རྗེ་ཕག་མོ། མདུན་ན་མཁའ་འགྲོ་མ་མང་པོས་མི་རྐང་འབུད། རྒྱབ་ན་སྔགས་པ་མང་པོས་འཆམས། མཁའ་འགྲོ་མ་གསེར་གྱི་གོ་ཞུབ་ཅན་མང་པོས་གླུ་གར་བྱེད་ཅིང་བསྐོར་བའི་དབུས་ན་བླ་མ་བཞེངས་ནས། དགའ་འོ་སྐྱིད་དོ་རྣལ་འབྱོར་ཀུན། །དུས་ད་ནུབ་འོག་མིན་དག་པའི་ཞིང༌། །རང་ལུས་ཞི་ཁྲོའི་ཕོ་བྲང་ན། །སྟོང་གསལ་རྒྱལ་བའི་དཀྱིལ་འཁོར་རྒྱས། །སངས་རྒྱས་ཕྱི་ན་མེད་དོ་ནང་ན་ཡོད། །ཅེས་དང༌། སེམས་གཅིག་པུར་གནས་པའི་བསམ་གཏན་པ། །ཡིད་གཅིག་ལ་མི་འཛིན་གང་བདེར་ཐོང༌། །སེམས་འཕྲོ་ཡང་སྟོང་ལ་གནས་ཀྱང་སྟོང༌། །གང་ཤར་ཡེ་ཤེས་ཀྱི་རོལ་པ་ཡིན། །ཞེས་པ་ལ་སོགས་རྡོ་རྗེའི་གླུ་བཞེངས། དེ་དུས་རྡོ་རྗེ་གཡུ་སྒྲོན་མ་དཀར་མོ་མཆེད་བདུན་དང་བཅས་པ་བྱོན་ནས་ངའི་གནས་སུ་གཤེགས་པར་ཞུ་ཟེར། བླ་མས་ཁྱེད་ཀྱི་གནས་སུ་རྒྱུན་དུ་སྡོད་དགོས་གསུངས་པས། རྒྱུན་དུ་བཞུགས་ན་དགའ་སྟེ་དགུན་སྟོད་ལས་མི་བཞུགས་པ་འདྲ་ཟེར། ཁྱོད་ང་ལ་ཅིའི་ཕྱིར་འབྲང་དྲིས་པས། གུ་རུའི་དམ་འོག་ཏུ་ཆུད་པས་གཏེར་གྱི་ཕྱི་ལ་འབྲངས་ཟེར། དེར་ཆོས་ནི་ཕ་གིར་ཡོད། འདོན་མཁན་ནི་ཤི འདིར་ཅི་བྱེད་བྱས་པས། ཆོས་ཕ་གི་ན་ཡོད་ཀྱང་དོན་འདི་ན་ཡོད། ཁྱེད་ཚེ་འཕོས་ཀྱང་སྐལ་ལྡན་ཚེ་མ་འཕོས་པས་ཡོང་བ་ཡིན་ཟེར། བཀའ་སྲུང་རྣམས་ལུང་བསྟན་ཅིང༌། འདི་ཤིན་ཏུ་གཉན་པས་སྐུ་ཚེ་ལ་བར་ཆད་འོང་ཉེན་ཡོད། ཁྲིད་ཐེབས་ཉུང་ན་དགའ་ཟེར། ང་ཡི་གཏེར་ཤོག་རྣམས་ཨེ་ཡོང་དྲིས་པས། སིབ་སིབ་ངེད་རྣམས་ཀྱིས་ཡིད་སྒྲུལ་༼སྒུལ༽བ་ཡིན་མོད་ཟེར། ཡང་ངས་ཁྱེད་ལ་དབུ་རུར་དངོས་གྲུབ་བྱིན་པ་མི་དྲན་ནམ་ཟེར། སྔར་ཅོག་ལའི་བྲག་ཕུག་གི་དེ་དྲན་ནས་རྡོ་རྗེ་གཡུ་སྒྲོན་མ་ཨེ་ཡིན་བྱས་པས། མིན་མིན། རྡོ་རྗེ་ཕག་མོ་ཡིན་ངོ་མ་ཤེས་སམ་ཟེར། འདི་ནི་འཇིག་རྟེན་པའི་གཟུགས་ཀྱིས་ཕྲིན་ལས་བྱས་པ་དང༌། འདས་པའི་གཟུགས་ཀྱིས་མཆོག་གི་དངོས་གྲུབ་སྟེར་བའི་རྣམ་པ་ཆ་ཕྱེད་དགོས་པའོ།།

འདི་ན་ཐིག་ལེ་གཙོ་བོར་བཤད་ནས་དབང་གསུམ་པ་རྟེན་ཅན་དུ་བསྐུར་བ་ཇི་ལྟར་ལགས་དྲིས་པས། དེ་ཆགས་ཆེན་ལམ་དུ་འཇུག་པ་ལ་དགོས་པ་ཡིན། ཆགས་བྲལ་ལ་ཡིད་རིག་ཙམ་གྱིས་ཆོག་གསུངས། ངོ་སྤྲོད་ཀྱི་སྐབས་སུ་རྟོག་པ་སྐྱེ་མེད་དུ་འཇོག་པ་དང༌། བློ་རྩིས་མེད་དུ་འཇོག་པ་གང་ཡིན་དྲིས་པས། རྟོག་པ་ལ་བརྟན་པོས་ཅི་བྱེད། ཡེ་གྲོལ་ཀློང་ཡངས་ཆེན་པོར་ངོ་སྤྲོད་ཅིག་ཟེར། འོ་ན་སྙིང་ཏིག་འདི་བཤད་མི་མང་པོ་སྣང་ན་ངས་བཤད་ཅི་དགོས། ལུང་བྱེད་པ་ཀརྨ་པ་དང༌། རིན་ཆེན་གླིང་པ་སོགས་འདུག་པས་སོ་བྱས་པས། བཤད་ཚུལ་དེ་དག་ལ་ངེད་མི་མགུ། ལུང་དང་རྫ་ལའང་ཡོད་སྟེ་དེས་གར་ཆོག བདག་པོ་རེ་ཡོད་པ་དགོས་པ་ཡིན་མོད་ཟེར། རིན་ཆེན་གླིང་པའི་གཏེར་ཁ་དྲིས་པས། ཡིན་པ་ཡིན། དག་རྒྱུ་མེད་ཟེར། ངས་ཁྱེད་མ་བསྒོམས་པར་གྲུབ་པའི་རྒྱུ་དྲིས་པས། ང་ལ་སྒོམ་པའི་ལྷ་འདུག་གམ། བཟླས་པའི་སྔགས་འདུག་གམ། མཆོད་པའི་ཡུལ་འདུག་གམ། རྣལ་འབྱོར་པ་དམ་ཚིག་དང་རྟོགས་པར་ལྡན་པ་ཀུན་ལ་ང་རྒྱུན་དུ་ཡོད་པ་མི་ཤེས་སམ། ཁྱོད་དང་ཚེ་རབས་ཐམས་ཅད་དུ་འདུ་འབྲལ་མེད་ཟེར། མཆིམས་ཕུར་ལྷ་ལྕམ་གྱི་ནོར་ཡོད་པ་དེ་ཅི་འདྲ་ཞིག་ན་འདུག་དྲིས་པས། བྲག་ལྷ་བཤོས་འདྲ་བ་རྩེ་མོ་མེད་པ་གཅིག་ན་འདུག ད་དུང་དུས་ལ་མ་བབ་ཟེར། བི་མ་ལའི་གཏེར་ཇི་ཙམ་ན་འདོན་དྲིས་པས། ད་ནས་ལོ་ལྔ་ན་སྔགས་པ་དཀར་པོ་གཅིག་གིས་བཏོན་ནས་དར་བར་བྱེད། ཟབ་པ་པོད་བཞི་ཁྱེད་རང་གི་ལག་ན་འོང་བར་འདུག་ཟེར།

དེ་ནས་ཟླ་བ་ཡར་ངོའི་ཚེས་བཅུ་གཅིག་ལ་རྣལ་འབྱོར་པ་འོད་ཟེར་གོ་ཆ་དཔེ་ལེན་དུ་བཏང་ནས་ལམ་དུ་འོང་དུས་འཇའ་ཚོན་ཞིག་དཔེ་ལ་ཟུག་ཅིང་འཁོར་བ་དང༌། ཁྱད་པར་ཟུར་མཁར་མདའི་རྡོའི་མཆོད་རྟེན་གྱི་ཉེ་ལོགས་ཕྱུག་པོ་བྲག་ཅེས་བྱ་བར་སླེབས་པའི་མཚན་མོ་རི་མོ་ཅན་ནས་འདིའི་བར་འཇའ་ཚོན་ཁ་དོག་སྣ་ལྔས་འབྲེལ་བ་རྣལ་འབྱོར་པ་ཕོ་མོ་ཀུན་གྱིས་མཐོང༌། དེར་ཚོགས་འཁོར་བསྐང་བ་ལ་སོགས་པ་མཛད་ནས་མན་ངག་མཁའ་འགྲོའི་སྙིང་ཏིག་གི་ཆོས་སྒོ་ཕྱེས། མཚན་མོ་འོད་གསལ་སྣང་བ་ལས་ཆོས་སྐུའི་དགོངས་པ་ཀ་དག་གི་དབྱིངས་སུ་འཁྱིལ་ཚུལ། དེའི་རྩལ་སྣང་ལོངས་སྐུའི་འཆར་ལུགས། ཕྱིར་གསལ་ལས་སྤྲུལ་པའི་སྐུ་འགྱེད་ཅིང༌། རིགས་དྲུག་གི་འཆར་ཚུལ་སོགས་འོད་གསལ་གྱི་ཆོས་སྐད་སྒྲ་བོ་ཆེ་དང༌། རྩིས་པོ་ཆེ་དག་གིས་ཀྱང་ཕྱོགས་མི་མཚོན་པའི་ངོ་བོའི་བཞུགས་ཚུལ་ཆེན་པོ་གང་ཡིན་པ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་ཐུགས་རྒྱུད་ལ་མངོན་དུ་གསལ་བར་བྱིན་གྱིས་བརླབས་ཤིང༌། མཁའ་འགྲོ་མས་ངོ་སྤྲོད་ཅེར་མཐོང་དུ་མཛད། དེའི་ཚེ་མན་ངག་མཁའ་འགྲོའི་ཡང་ཏིག་གི་ཡིག་ཆ་འཇོག་དུས་སློབ་དཔོན་རིན་པོ་ཆེ་ཐུགས་སྒྲུབ་ཀྱི་ཆ་ལུགས་སུ་བྱོན། གཡས་ན་མཚོ་རྒྱལ་དང༌། གཡོན་ན་གཡུ་སྒྲོན་མས་ཚིག་དཔོད་པ་རྣལ་འབྱོར་མ་མཁའ་འགྲོའི་མཚན་རྟགས་ཚང་བ་གཅིག་གིས་ཀྱང་མཐོང༌། ཁྱད་པར་དུ་ཡེ་ཤེས་མཚོ་རྒྱལ་ཉིན་ཞག་དྲུག་གི་བར་དུ་དངོས་སུ་བྱོན་ནས་མཁའ་འགྲོའི་སྙིང་ཏིག་གི་བརྡ་དོན་དཔེ་གསུམ་ངོ་སྤྲོད་གཏད་རྒྱ་དང་བཅས་མཛད་པས་དམིགས་པ་དང༌། ངོ་སྤྲོད་ལུགས་དང༌། བརྗོད་པའི་ཚུལ་ངོ་མཚར་ཅན་སྔ་ན་མ་གྲགས་ཤིང༌། ཡི་གེ་ན་མི་གསལ་བ་མང་པོ་ཐུགས་ལས་རང་རྡོལ་དུ་བྱོན་པས་གངས་རིའི་ཁྲོད་ན་གཞན་སྙིང་ཏིག་གི་ཡི་གེ་ཟབ་མོར་གྲགས་པ་ཇི་སྙེད་ལའང༌། ཀུན་ཏུ་བཟང་པོ་གཉིས་པའི་དགོངས་གཏེར་རྒྱ་མཚོའི་རྡོ་རྗེའི་གནས་འདི་ན་གསལ་བའི་ཟབ་གནད་ཀྱི་ཆ་ཤས་ཀྱིས་ཀྱང་མ་གོས་པ་ཉིད་དུ་མཐོང་བས། ཡིག་ཆ་འདི་ལ་བརྟེན་པ་གང་ཞིག་རི་མོའི་མར་མེ་དང་མཚུངས་པ་ཉིད་དུ་རིག་པར་བྱས་ནས་འདིའི་གསུང་རབ་ཚིག་བཞི་པ་ཡན་ཆད་ལའང་གཅེས་སྤྲས་སུ་བྱ་བར་འོས་སོ། །གདམས་པའི་ས་བོན་ཕལ་ཆེར་གནས་འདིར་བྱུང་ཡང་གཏན་ལ་འབེབས་ས་གངས་རི་ཐོད་དཀར་དུ་མཛད་པས་སྦྱར་བྱང་ལ་དེ་ལྟར་ཐེབས་པ་ཡིན། ལར་ཆོས་འདི་མཁའ་འགྲོའི་སྙིང་ཁྲག་ལྟ་བུར་གྱུར་ལ་གནས་འདིའང་བྱིན་རླབས་ཆེ་བས་རྩ་བ་གསུམ་དང་མཁའ་འགྲོའི་འདུ་བ་ཟད་མི་ཤེས་པ་དང༌། རྨ་བྱའི་གདུགས་རིན་པོ་ཆེའི་ཏོག་གིས་མཚན་པ་བླ་མའི་དབུ་སྟེང་ན་བཟུང་བ་འཁོར་བ་དང༌། དཀྱིལ་འཁོར་གྱི་ཐིག་མཛད་དུས་ཐིག་སྣ་བུད་མེད་དམར་མོས་འཛིན་པ་དང༌། རེ་ཁཱ་དགྲམ་པའི་ཚེ་བུད་མེད་གསེར་གཡུའི་ལན་ཚར་ཅན་གྱིས་འབྲི་རོགས་བྱེད་པ་དང༌། དབང་གོང་མའི་དུས་སློབ་མ་བདུན་ཙམ་ཚོགས་པ་ལ། ཤངས་ཁྲག་གློ་བུར་དུ་བྱུང་ནས་བླ་མའི་གསུང་གིས་དབང་འདི་ལ་གསུམ་ལས་མི་ཚུད་པ་ལ་གྲངས་ཐལ་བས་ལན། ཁྱེད་བཞི་ཕྱིར་དེངས་གསུངས་པས་དབང་ཁང་ལ་འཇའ་ཚོན་ཟུག་པ་དང༌། ནམ་གྲུ་རེ་མ་ཏི་མངོན་སུམ་དུ་འོངས་ནས་ང་ལ་གཏོར་མ་མི་སྟེར་བ་ཨེ་ཡིན། ངས་དཀའ་ལས་ཡུན་རིང་རབས་བྱས་ཟེར་ནས་རང་ཉིད་གཙོ་འཁོར་རྣམས་ཀྱི་མངོན་རྟོགས་གསལ་བར་བཤད་ཅིང༌། གཏེར་གྱི་ལུང་བསྟན་དང་ཆོ་འཕྲུལ་ཆེན་པོ་བསྟན་པས། ང་ནང་འོད་གསལ་གྱི་གཏེར་ཁ་ཕྱེད་པ་ལ། །བྲག་སེར་ཀའི་གཏེར་གྱིས་དགོས་པ་མེད། །གཏེར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག །སྐལ་ལྡན་ཡིན་ཀྱང་ཆོག་ལ་མིན་ཀྱང་ཆོག །ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། །ཁྱེད་གཏེར་སྲུང་གིས་ཡུས་ཆེ་འཚོང་མི་དགོས། ། ཞེས་གསུངས། རྒྱབ་ཆོས་དང་རིན་པོ་ཆེ་གསང་བའི་ངོ་སྤྲོད་མཛད་པའི་ཚེ། ཡེ་ཤེས་མཚོ་རྒྱལ་གྱིས་བུམ་པ་བསྣམས་ནས་དབང་བསྐུར་བ་མཐོང་བས་ཐམས་ཅད་འུར་ལངས་ཕྱག་འཚོལ་ཟེར་བ་བྱུང༌། བར་དོ་དང་འོད་གསལ་སྦུབས་འཇུག་གི་ངོ་སྤྲོད་མཛད་དུས། མཁའ་འགྲོ་མ་རྣམས་མཉེས། ངའི་ཆོས་འདི་ལ་མི་ལས་མི་མ་ཡིན་རྩིས་ཆེ་ཞིང་དོན་གཉེར་དང་འདུན་པ་ཆེ་བར་འདུག་ཁྱེད་རང་ཚོའི་སེམས་ལ་ཞོག་གསུངས། འོད་གསལ་ཡེ་ཤེས་ཀྱི་ངོ་སྤྲོད་མཛད་པའི་ཚེ་བར་སྣང་ཐམས་ཅད་མཁའ་འགྲོས་གང་ནས་ཐལ་མོ་སྦྱར། ནུབ་མོ་སྔགས་སྲུང་མ་བབས་ནས་གར་བྱེད་པ་ལ། བླ་མས་ཁོ་བོ་སྙིང་ཏིག་དེ་ལྟར་དུ་སྟོན་པ་ཡིན། ཁྱེད་བཀའ་སྲུང་དང་མཁའ་འགྲོ་རྣམས་ཨེ་དགའ་གསུངས་པས། གུ་རུ་དང་ཡེ་ཤེས་མཚོ་རྒྱལ་དེ་བཞིན་གསུངས། གཞན་དེ་ལྟར་ཤེས་པ་ག་ན་ཡོད་ངོ་མཚར་ཆེ། སྤྱིར་མཁའ་འགྲོ་ཐམས་ཅད་དགའ། ལྷག་པར་ཨོ་རྒྱན་རྫོང་ན་གསོལ་བ་འདེབས་པ་གཅིག་མཉེས་ནས་གདའ་ཟེར།

དེ་ནས་དམ་ཅན་སྐྱེས་བུ་ཆེན་པོ་བྱུང་ནས་ཨོ་རྒྱན་རྫོང་དུ་འབྱོན་པར་བསྐུལ། ཁྱེད་ལ་སློབ་མ་འགྲོ་དོན་ནུས་པ་སུམ་ཅུ་འོང༌། དེའི་ནང་ནས་ཀྱང་སེམས་ཅན་ལ་ཕན་པ་ཆེ་བ་བཅུ་གཅིག་ཡོང༌། ཁྱད་པར་ཅན་དགུ་ཡོང༌། ཁྱེད་ཚོ་བླ་མ་འདི་དང་འཕྲད་པས་འཚེངས་པ་ཡིན་ཟེར། ཆོས་སྐྱོང་གི་གཏད་རྒྱ་གནང་དུས་ཤན་པ་སྲོག་སྒྲུབ་མས་ངའི་སྒྲུབ་ཐབས་མི་ཀློག་པར་ཞུ་ཟེར་བའང་བྱུང༌། དེ་ལྟར་མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་ཐམས་ཅད་རྫོགས་པའི་ནུབ། ཁ་སང་ནས་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བྱིན་པ་ཡིན། དོ་ནུབ་བོས་ཀྱང་ཨེ་ཡོང་བལྟ་ཡི་ཆང་ལ་ཆུ་རྒྱོབ་ཅིག་གསུངས། ཡོད་ཚད་བཙག་པས་རྫ་ཆུང་གང་བྱུང༌། དེས་ཆོག་ལས་ཆེ་ཞུས་པས། དེས་མི་ལྡང་ད་དུང་ཆུ་རྒྱོབ་ལ་ཚོགས་གསུངས། དེ་བཞིན་བྱས་པས་བཙགས་ཚད་ཆང་དུ་བྱུང་ནས་དེར་ཚོགས་པ་ཐམས་ཅད་བཟི་བ་ཙམ་སོང་བས། དངོས་པོ་སྤྲུལ་བསྒྱུར་བྱ་བ་དེ་ལྟར་ཡིན་གསུངས། དེ་ནས་གཡུ་སྒྲོན་མས་ཀྱང་ངའི་གནས་སུ་གཤེགས་པར་ཞུ་ཞེས་བསྐུལ་ནས་ཞལ་གྱིས་བཞེས་ཙ་ན། ཤིན་ཏུ་དགའ་བའི་ཚུལ་གྱིས་ཁོ་མོ་སྔོན་ལ་འགྲོ་ཟེར། དེར་ནམ་གྲུ་མ་བབས་ནས་བླ་མ་མི་གཤེགས་པར་ཞུ་ཟེར། ཁྱེད་མི་མ་ཡིན་རྣམས་ལ་ངས་ཆོས་དེ་འདྲ་བཤད་ཀྱང་མ་གོ དགའ་མི་དགའ་བློའི་ཆོ་འཕྲུལ་ཡིན། ང་གར་ཡོད་སར་འོངས་པས་ཆོག་གསུངས་ནས་ཏིང་ངེ་འཛིན་གྱི་དབང་བསྐུར་གཅིག་མཛད་པས་ཐུགས་ལ་བཏགས་ཟེར། ཁ་སང་གར་དེངས་དྲིས་པས། འབྲོག་ཏུ་སྡུད་ཅིག་ལ་ཕྱིན་ཟེར། དེ་དུས་ཕྱུགས་ནད་མང་པོ་བྱུང་བར་གྲགས། དེ་ནས་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཀྱང་རང་རང་གི་གོས་དང་རིན་པོ་ཆེའི་མཎྜལ་ཕུལ། སྒྲུབ་པའི་དམ་བཅའ་བྱས་པས། ངའི་ཆོས་འདི་ལ་གཏོང་ཕོད་དང་སྒྲུབ་པའི་དམ་བཅའ་ལ་བརྩོན་པ་མང་པོ་ཡོང་གསུངས།

ཡང་འོད་གསལ་སྦུབས་འཇུག་གི་གདམས་པ་གསུངས་ནས། ངའི་མན་ངག་འདི་དག་འཛམ་བུའི་གླིང་ན་དཀོན་པ་ཡིན། སྣོད་ཀྱིས་འཆུན་ན་འོད་ལུས་མྱུར་དུ་འགྲུབ་བོ་གསུངས། བསམ་ཡས་མཆིམས་ཕུ་ནས་ཕྱག་ཕེབས། ཕྱུག་པོ་བྲག་ཏུ་ཚོགས་འཁོར་མཛད། གཡུ་སྒྲོན་མས་བསུ་བའི་རྣམ་པ་ཡང་བྱས། དེ་ནས་ཤུག་གསེབ་ཏུ་གདན་དྲངས་དུས་རྣལ་འབྱོར་མ་གཅིག་ལ་མཁའ་འགྲོ་བབས་ནས་བླ་མ་ཨོ་རྒྱན་རྫོང་དུ་གཤེགས་པར་ཞུ་ཟེར། དེ་ནས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་ཕེབས། རྣལ་འབྱོར་པ་འོད་ཟེར་གོ་ཆས་གསོལ་བ་བཏབ་ནས་མཁའ་འགྲོ་ཡང་ཏིག་གཏན་ལ་ཕབ། དེའི་ཚེ་ནམ་མཁའ་འཇས་ཁེངས། མཁའ་འགྲོའི་སྣང་བ་དང་ཆོ་འཕྲུལ་ཟད་མི་ཤེས་པ་ཀུན་གྱི་མཐུན་གྲུབ་ཏུ་བྱུང༌། དེ་དག་གི་བར་སྐབས་ཅི་རིགས་པར་བླ་མའི་དྲུང་དུའང་གདམས་ངག་གི་ཞུན་ཐར་བཅད། གང་དུ་བཞུགས་སར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་བླ་མ་མཉེས་པར་བྱས། འདི་སྣང་ལ་ཆགས་ཞེན་མེད་ཅིང་འཁོར་འདས་ལ་རེ་དོགས་སུ་འཛིན་པ་དག་པས་དགོན་གནས་དང་གཞི་འཛིན་པའི་འདུ་འགོད་མ་མཛད། བླ་མའི་དྲུང་དུ་འཁོར་གསུམ་ཡོངས་སུ་དག་པའི་འབུལ་བ་ལན་ལྔ། འབུལ་མོ་ཆེ་གཉིས་དང༌། བདུན་རྣམ་དག་གིས་མཆོད། ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་རྣམ་གཉིས་དང༌། བརྒྱད་མཆོད་བཟུང་ནས་དཔའ་བོ་དང་མཁའ་འགྲོ་རྣམས་ཚོགས་གཏོར་རྒྱ་ཆེན་པོས་མཉེས་པར་མཛད། འོད་གསལ་ཐོད་རྒལ་གྱི་གསེང་ལམ་ལས་རིག་པ་ཚད་ཕེབས་ཀྱི་གྲོང་ཁྱེར་ག་ལ་བ་དེར་བྱོན་ཏེ་རྒྱུན་གྱི་རྣལ་འབྱོར་ལྷུམས་སུ་ཞུགས། ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ཞལ་མཇལ། ཁྱད་པར་སློབ་དཔོན་བི་མ་ལས་ཞལ་གཟིགས་ནས། ངའི་སྙིང་ཏིག་འདི་དོན་བསྡུས་གོ་སླའི་ཉིང་ཁུ་ཞིག་སྡེབས་ལ་ཀུ་མཱ་རཱ་ཛའི་སྐྱེ་བ་ད་ལྟའི་སློབ་མ་གཞོན་ནུ་སངས་རྒྱས་ལ་སྟོན། དེ་ནས་ཀྱང་སྣ་ལ་ཨ་ཡིག་གིས་མཚན་པའི་གཞོན་ནུའི་མིང་ཅན་བདུན་འབྱུང་བས་ཆོས་འདི་འཛིན་སྤེལ་བྱེད་པར་ལུང་བསྟན་པས།

ཡང་ཏིག་ཡིད་བཞིན་ནོར་བུ་ཆོས་སྡེ་སུམ་ཅུ་རྩ་ལྔ་པ་གདམས། དེ་བཞིན་དུ་བི་མ་ལས་དབུ་རུ་ཞྭའི་ཕྱོགས་སུ་སྡིགས་མཛུབ་གཏད་ནས་ཞིག་གསོས་དགོས་པར་ལུང་བསྟན་པ་ལྟར། དེ་ཉིད་དུ་བྱོན་ནས་ཞིག་གསོས་མཛད་པའི་ཚེ། མནན་པའི་ཐོད་པ་མང་པོ་ནམ་མཁའ་ལ་འཕར་བ་ཏིང་ངེ་འཛིན་གྱི་ངང་ལས་སྡིགས་མཛུབ་གཏད་པ་ཙམ་གྱིས་བཀུག དབུ་རྩེའི་རྒྱབ་ནས་ལྷ་ཁང་གསོ་བའི་ཐེབས་གསེར་འགུ་ཙེ་གང་བཅུས། དམ་ཅན་བྱིས་པ་གཡུ་རྣ་ཅན་དུ་སྤྲུལ་ནས་ཉིན་བཞིན་བཟོ་བོའི་གྲོགས་བྱས། རྡོ་རིང་ཆེན་པོ་གཉིས་འགྱེལ་བ་ཐབས་དང་དཔུང་གང་གིས་ཀྱང་བསླང་མ་ནུས་པར། ཆོས་སྐྱོང་ལ་གཏོར་མ་བྱིན། བདེན་ཚིག་བརྗོད། ཐུགས་འུར་བའི་ཚུལ་གྱིས་སྐུ་ཆོས་བརྡབས་པས་མོད་ལ་སློང་ནུས་པ་བྱུང༌། ཐོད་པ་སྣ་ཚོགས་ན་དམ་སྲི་མནན་ཡོད་པའི་བཅའ་ཀ་ཞིག་པ་རྣམས་སོར་བཙུད་དེ་སླར་ཡང་དེ་ཉིད་དུ་རྒྱས་འདེབས་པར་བརྩམ་པ་ན། འཐོར་རླུང་དྲག་པོ་གཡོས། ས་རྡོའི་ཆར་བབས་པས་མི་རྣམས་ཀྱང་བྲོས། ཐོད་པ་རྣམས་འཕར་ནས་ཕན་ཚུན་བརྡབས། ཆེ་ཤོས་ཤིག་སྲིའི་འཕྲུལ་གྱིས་ནམ་མཁའ་ལ་ཡར་བ་དྲག་ཤུལ་རབ་ཏུ་འབར་བའི་ཏིང་ངེ་འཛིན་དང་ལྟ་སྟངས་ཀྱིས་བཀུག་ནས་ཞབས་འོག་ཏུ་བཙུད་པས་གསལ་བ་གྱད་དུ་གྱུར་པའི་རྟགས་གུ་རུ་དྲག་པོའི་སྐུར་གཞན་གྱིས་དངོས་སུ་མཐོང༌། སླར་ཐོད་པ་རྣམས་ཕྲ་མེན་མཆོད་རྟེན་གྱི་ཞབས་སུ་མནན། རབ་གནས་ཀྱི་དུས་སྐུའི་བཀོད་པ་དུ་མ་ངོ་མཚར་བར་བསྟན། ཐུབ་པ། བྱམས་པ། གནས་བརྟན་བཅུ་དྲུག་རྣམས་ཞལ་འཛུམ་ལྷག་ལྷག་སྟོན་པ་དང༌། བྱམས་པས་ཕྱག་མཛུབ་གདེངས་ནས། ཁྱོད་ཀྱི་སྐྱེ་བའི་མཐར་པདྨ་བརྩེགས་པའི་ཞིང་དུ་དེ་བཞིན་གཤེགས་པ་རི་རབ་མར་མེའི་རྒྱལ་མཚན་དུ་འཚང་རྒྱའོ་ཞེས་པའི་ལུང་བསྟན་ཐོབ། དབུར་སྟོད་སྐྱིད་ཆུའི་འགྲམ་ཕན་ཚུན་གཉིས་ཀར་ཆོས་ཉན་མང་དུ་འཚོགས་པ་ལ་གསང་བ་བླ་ན་མེད་པའི་ཁྲིད་བཏབ། ཚོགས་པ་རྣམས་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཡང་ཡང་གནང༌། གསང་ཕུའི་ཆོས་གྲྭ་ལའང་སྔ་ཕྱིར་གནང་སྦྱིན་བཟང་པོ་མཛད། གངས་པོ་རིའི་ཐད་ནས་གདོང་འཇིགས་སུ་རུང་བ་ཞིག་གཟིགས། འཇིག་རྟེན་ལ་མི་དགེ་བ་དང༌། ས་ཕག་གི་རྩོད་པ་འོང་བར་མཁྱེན་ནས་མོན་བུམ་ཐང་དུ་ཕེབས། བསྟན་པའི་སྣང་བ་ཉུང་བས་ཤིན་དུ་གདུལ་དཀའ་བའི་གནས་དེར་ཡང་གདུལ་ཞིང་རྒྱ་ཆེ། ཚོགས་པ་མང་པོ་འདུ་བའི་དགེ་འདུན་གྱི་སྡེ་བཙུགས་ཏེ་ཐར་པ་གླིང་དུ་བཏགས། སློབ་དཔོན་སངས་རྒྱས་ཀུན་དགའ་བསྐོ་འཇའ་གནང༌། སྔ་འགྱུར་སྤྱི་དང་རྫོགས་ཆེན་གྱི་ཕྲིན་ལས་སྤེལ། གསང་སྔགས་རང་དགར་སྤྱོད་པ་དག་ལ་མིག་ལྟོས་བསྟན་པའི་ཆེད་བྱང་ནས་གཏེར་སྟོན་གྱི་དངོས་སློབ་ཤོའི་རྒྱལ་སྲས་ལེགས་པ་ལས་མཁའ་འགྲོ་སྙིང་ཏིག་གི་ཚིག་རྒྱུད་གསན། ལྷ་སར་བྱོན་ནས་ཇོ་བོ་མཇལ་དུས་མཛོད་སྤུ་ནས་འོད་ཟེར་བྱུང་སྟེ་ཉིད་ཀྱི་སྨིན་མཚམས་སུ་ཐིམ་པས་བྱ་རྒོད་ཕུང་པོ་དང༌། ལི་ཡུལ་རྣམས་སུ་པཎྜི་ཏར་སྐྱེ་བ་བླངས་པ་དྲན། གནས་འདིར་དགེ་འདུན་མང་པོའི་བསུ་བ་སེར་ཕྲེང་གིས་བསུས། ལྷ་ས་དང་ར་མོ་ཆེའི་བར་དུ་ཆོས་ཁྲི་བརྩིགས་པའི་སྟེང་ནས་སེམས་བསྐྱེད་ཆེན་མོ་སོགས་ཆོས་འཁོར་རྒྱ་ཆེན་པོ་བསྐོར། ཁེངས་པའི་བློ་ཅན་མང་པོས་དངོས་དང་བརྒྱུད་ནས་ཉམས་སད་བྱེད་པ་མཐའ་དག་ལུང་དང་རིགས་པའི་ཆོམ་པོས་རྣམ་པར་བརྟགས་ནས་ངེས་ཤེས་སྐྱེ་བའི་དད་པ་ལ་བཀོད་པས་ཀུན་མཁྱེན་ཆོས་རྗེ་ཞེས་པའི་མཚན་གྱི་རྣ་ལུང་དཔྱངས།

ཡང་ལན་གཅིག་ཇོ་བོ་མཇལ་དུས་སྐུ་ལས་གསེར་བཙོ་མ་ལྟ་བུའི་འོད་འཕྲོ་བ་དང༌། དབུའི་སྟེང་ན་སངས་རྒྱས་རབས་བདུན། སྨན་བླ། བདེ་དགྱེས། སྤྱན་རས་གཟིགས་ནམ་མཁའ་རྒྱལ་པོ། རྒྱལ་བ་རྒྱ་མཚོ་དང༌། བསྟན་སྲུང་གི་ཚོགས་དུ་མ་གཟིགས། འདིས་མཚོན་པའི་དུས་དང་དུས་མ་ཡིན་པར། སློབ་དཔོན་ཆེན་པོ། གུ་རུ་དྲག་པོ། དམ་པ་རིགས་བརྒྱ། སྒྲུབ་ཆེན་བཀའ་བརྒྱད་ལ་སོགས་པ་སངས་རྒྱས་བྱང་སེམས་ཏིལ་གྱི་གོང་བུ་ལྟར་ཞལ་གཟིགས་ནས་བསྟན་བཅོས་རྩོམ་པར་བསྐུལ་ཞིང་བཀའི་གནང་བ་ཐོབ་པ་ལས། དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་བ་མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། གསང་བའི་སྙིང་པོ་ལ་སྙིང་ཐིག་དང་མཐུན་པའི་ཊཱི་ཀ་མུན་སེལ་སྐོར་གསུམ། སྙིང་ཏིག་རྣམ་པ་གསུམ་དང་ཡང་ཏིག་སྐོར་གསུམ་སོགས་ཏེ། གསུང་རབ་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་ཚུལ་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ལྟར་རོ།།

སྤྱིར་སྔགས་བདག་གཟའ་དང་དམ་ཅན་གསུམ་ལས་ལ་བྲན་བཞིན་དུ་འཁོལ་ཞིང་བཀའ་ཉན་པས། མཛོད་བདུན་སོགས་རྩོམ་པའི་ཚེ་གངས་རིར་ཁྱབ་འཇུག་ཆེན་པོར་སྣག་ཚ་མཉེར་བཅུག་པ་ཉེ་གནས་པས་མངོན་སུམ་དུ་མཐོང༌། སྙིང་པོའི་སྒྲུབ་པ་ཁོ་ན་ལ་དབེན་པ་འབའ་ཞིག་ཏུ་བཞུགས་པའི་སྒྲུབ་གནས་ཀྱང༌། བསམ་ཡས་མཆིམས་ཕུ། ཨོ་རྒྱན་རྫོང༌། ལྷ་རིང་བྲག གྲ་ཕུ། ཤུག་གསེབ། གངས་རི་ཐོད་དཀར། གཞོ་སྟོད་ཏི་སྒྲོ། ཡེར་པ། ཡར་ལྷ་ཤམ་པོ། བུམ་ཐང༌། སྐྱམ་བུ་དཔལ་གྱི་དགེ་སྡིངས། གོང་པོ་རིའི་གླ་བ་ལུང༌། ཀོང་པོ་ཙ་གོང་ཕུ་རྣམས་ལས་ཕལ་ཆེར་གངས་རི་ཉིད་དུ་སྟན་ཆགས། ལྷོ་འབྲོག དབུ་གཡོར། ལྷོ་མོན་གྱི་ཡུལ་མཐའ་དག་ཏུ་སློབ་མ་སྟོང་ཕྲག་ཚོགས་པ་ལན་མང་དུ་བྱུང་ཞིང༌། དེ་དག་ལའང་ཐུགས་བསྐྱེད་ཤིན་ཏུ་ཆེ་བས། ཆོས་ཁྲལ་མི་ལེན། དད་རྫས་ཆུད་མི་གསོན། སློབ་མའི་བྱ་བ་འབའ་ཞིག་དོན་དུ་གཉེར་བ་ལ་ལོག་སྒྲུབ་དང་སྐྱོ་ངལ་བཟོད། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་བསྟི་སྟང་དུ་བྱ་བ་དང༌། གཞན་རྒྱུད་ཀྱི་བསམ་པ་མཁྱེན་ནས་ཐབས་ལ་མཁས་པའི་འདུལ་ཚུལ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་སྟེ། འབྲི་གུང་སྒོམ་པ་ཀུན་རིན་རང་སྲིད་ཀྱི་དྲེགས་པས་མྱོས་ཏེ་དམག་འཁྲུག་གཡོ་བར་བརྩམས་པ་ལ། སློབ་དཔོན་ཆེན་པོའི་གཏེར་ལུང་དུ། འབྲི་ཞེས་བྱ་བའི་ས་ཕྱོགས་སུ༔ ཀུན་དགའི་མིང་ཅན་བདུད་ཀྱི་བུ༔ ལུས་ལ་མཚོན་ཆའི་རི་མོ་ཡོད༔ ཤི་ནས་དམྱལ་བར་སྐྱེ་བར་འགྱུར༔ ལྷོ་ཡི་ཕྱོགས་ནས་འཇམ་དབྱངས་ཀྱི༔ སྤྲུལ་པ་གཅིག་གིས་འདུལ་བར་བྱེད༔ ཅེས་པའི་ལུང་བསྟན་དེ་སྒོམ་པ་ཀུན་རིན་དགེ་བའི་ས་བོན་གྱིས་མཐོང་ནས་རང་གི་ལུས་ལ་བལྟས་པར་རྒྱབ་ངོས་སུ་ཤ་མཚན་རལ་གྲི་འདྲ་བ་གཅིག་བྱུང༌། དེ་རང་ཉིད་དུ་གདོན་མི་ཟ་བར་ཤེས་ནས་དབུས་གཙང་དུ་འཁྲུག་པ་ཆེན་པོ་གཅིག་བྱེད་བསམ་ཀྱང༌། དམྱལ་བར་འགྲོ་ན་བྱེད་དོན་ཆུང་བསམས་ནས་བརྣག་པར་དཀའ་བའི་ལས་ལ་བཤོལ་བཏབ། ཕྱོགས་ཀུན་ཏུ་དྲིལ་བསྒྲགས་ནས་འཇམ་དཔལ་གྱི་སྤྲུལ་པ་བཙལ་བས། མཁས་པ་ཀུན་ཞལ་འཆམ་པར་ད་ལྟ་བོད་རུ་བཞི་ན་བསམ་ཡས་པ་ལས་མཁྱེན་རབ་ཆེ་བ་མི་བཞུགས་ཞེས་བསྒྲགས་པས། འཇམ་དཔལ་གྱི་སྤྲུལ་པར་ངེས་ཤེས་རྙེད་དེ་སྤྱན་དྲངས་ནས་གཙུག་གི་ནོར་བུ་བྱས་པས། འགྲོ་བ་དེ་དག་གི་གནས་སྐབས་དང་མཐར་ཐུག་གི་ལས་མི་སྲུན་པའི་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་དྲུངས་ནས་འབྱིན་པར་མཛད། དེ་ཙམ་ན་དབུས་གཙང་འདིར་དྲེགས་རློམ་གྱི་སྐྲའི་ཅོད་པན་གཞན་ལ་སྟོན་པར་དཀའ་བ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་འབྲི་གུང་པའི་བླ་མ་ཡིན་ཞེས་མི་མཐུན་པར་བལྟ་བ་ལ། ཚད་མེད་པའི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་དང༌། མཁས་པ་དང་གྲུབ་པའི་རྣམ་ཐར་བཟང་པོ་བུདྡྷ་ཤྲཱིས་རྣ་ལུང་དུ་དཔྱངས་པས་མཚམས་སྦྱར་ཏེ་བོད་ཤིང་སྒོ་ཅན་པའི་རྒྱལ་པོ་སེང་གེ་རྐང་པ་བརྒྱད་པའི་སྤྱི་བོར་ཡང་ཞབས་སེན་ལེགས་པར་བཀོད། དེ་བཞིན་དུ་དབུར་སྟོད་ཁྲི་དཔོན་སི་ཏུ་ཤཱཀྱ་བཟང་པོ། ཡར་འབྲོག་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་ལ་སོགས་པའི་མི་ཆེན་དུ་མས་ཀྱང་སྲི་ཞུ་བྱས། དེ་དག་ལ་སོགས་ཏེ་དད་ཅན་གྱིས་ཕུལ་བའི་རྫས་ཀྱང་གནས་མིན་དུ་ཅུང་ཟད་ཙམ་ཡང་ཆུད་མི་གཟོན་པར་དཀོན་མཆོག་གསུམ་ལ་བསྟི་སྟངས་བླ་ལྷག་ཏུ་མཛད། ཡོ་བྱད་ཆོས་ཕྱོགས་སུ་བསྔོས་ཟིན་པ་རྣམས་རང་གི་རྫས་སུ་འདུ་མི་ཤེས་པས་ཕྱོགས་གཞན་གང་དུའང་འབྱམས་མི་སྲིད། བསྙེན་བཀུར་དཀོན་མཆོག་ལ་དགོས་པ་ཡིན་གྱི་སྡིག་ཅན་ལ་མི་རུང་གསུངས་ནས་མི་ཆེན་ལ་སྟན་དང་བཀུར་སྟི་མི་ཡོང༌། ཚོགས་བསགས་ཡོན་བདག་གི་བྱ་བ་ཡིན་གྱི་མཆོད་ཡོན་གོ་ལོག་པ་མི་བཟང་གསུངས་ནས། འབུལ་བ་ཆེན་པོ་གང་ཕུལ་ཡང་དེ་བསྔོ་བས་རྒྱས་འདེབས་པ་ལས་གདབ་ལན་མི་ཡོང༌། འགྲོ་བ་ཉམ་ཆུང་ལ་ཐུགས་ལྷག་པར་བརྩེ་བས་སྙེམས་ཆུང་དང་སྤྲང་པོས་ཅི་དྲངས་ཀྱང་ཞིམ་ཞིམ་ལྟར་གསོལ་ནས་མདོ་འདོན་པ་དང་བསྔོ་བ་ནན་གྱིས་གསུངས། དེ་ལྟ་བུའི་མཛད་པ་དཔག་པར་དཀའ་བས་མཐོང་བའི་ཆོས་ལ་རྗེས་སུ་བཟུང་བ་དག་ལྟ་ཅི། རང་བཞིན་གྱིས་མཐོང་བ་དང༌། ཐོས་པ་དང༌། རེག་པ་དང༌། གནོད་པ་བྱེད་པའང་བདེ་བའི་གནས་སུ་འབྲེལ་ཞིང་བྱང་གྲོལ་གྱི་ས་བོན་ཐེབས་པར་མཛད་ནས། ལྔ་བཅུ་རྩ་དྲུག་བཞེས་པ་ཆུ་མོ་ཡོས་ཀྱི་ལོར་སྐལ་ལྡན་མང་པོ་ལ་སྨིན་གྲོལ་གྱི་གོ་འཕང་སྟེར་བའི་སྐབས་ཤིག རྒྱལ་སྲས་བཟོད་པ་ལ་སྣག་ཤོག་སྡོགས་ཤིག་གསུངས་ནས་ཞལ་ཆེམས་དྲི་མ་མེད་པའི་འོད་དུ། འཁོར་བའི་རང་བཞིན་སྔ་ནས་ཤེས་ཟིན་ཏེ། །འཇིག་རྟེན་ཆོས་ལ་སྙིང་པོ་མེད་པའི་ཕྱིར། །ད་ནི་མི་རྟག་སྒྱུ་མའི་ལུས་འདོར་བས། །གཅིག་ཏུ་ཕན་པའི་གདམས་ངག་བཤད་ཀྱིས་ཉོན། །ཞེས་སོགས་ཀྱིས་སྣ་དྲངས་ནས། ཐུགས་རྗེ་མངའ་བའི་མགོན་པོ་པདྨའི་ཞལ། །དབུགས་འབྱིན་མཛད་པ་དེ་ཡིས་དེང་བཟུང་བས། །འགྲོ་བའི་དུས་བབ་མགྲོན་པོ་ལམ་ཞུགས་བཞིན། །འཆི་བས་དགའ་བའི་རྙེད་པ་ལེགས་གྲུབ་པ། །རྒྱ་མཚོར་དོན་ཡོངས་གྲུབ་པའི་ཚོང་པ་དང༌། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང༌། །བསམ་གཏན་གྲུབ་པའི་བདེ་བས་ཆེས་ལྷག་གོ །ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །ཞེས་པ་ལ་སོགས་པའི་ཞལ་ཆེམས་བསྟན་པས། རྒྱལ་སྲས་བཟོད་པ་ན་རེ། དེ་ལྟར་མི་གསུང་བར་ཞུ་ཞེས་མཆི་མ་བླགས་པས། འདུས་བྱས་འཇིག་པ་ལས་བརྩམས་པའི་ཆོས་མང་པོ་གསུངས། སླར་བསམ་ཡས་སུ་གདན་འདྲེན་བྱུང་བས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ་རྒྱ་མ་དང་བསམ་ཡས་བརྒྱུད་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ་ཕེབས། གནས་འདི་ནི་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་པ་ཡིན། གཞན་དུ་སྐྱེ་བ་ལས་འདིར་འཆི་བ་དགའ། ངའི་སྒྱུ་ལུས་གོག་པོ་འདི་འདིར་འཇོག་པ་ཡིན་གསུངས་ནས་བསྙུང་བའི་ཚུལ་བསྟན་ཀྱང་ད་དུང་ཆོས་མཚམས་རྒྱུན་མ་ཆད། དེར་འོ་བརྒྱལ་དུ་བསམ་ཏེ་རེ་ཞིག་ཆོས་མཚམས་འཇོག་པར་ཞུས་པས། ཆོས་འདི་རྫོགས་པ་ཞིག་བྱེད་བསམ་པ་ཡིན་ཏེ་གསུངས། དེ་ནས་རྒྱལ་ཟླ་བའི་ཚེས་བཅུ་དྲུག་གི་ཉིན་དཔའ་བོ་དང་མཁའ་འགྲོ་རྣམས་མཆོད་གཏོར་རྒྱ་ཆེན་པོས་མཉེས་པར་མཛད་ཅིང༌། སློབ་མའི་ཚོགས་ལ་སྤྱིར་ཡང་འདུས་བྱས་ལ་སྙིང་པོ་མེད་པས་ཆོས་འབའ་ཞིག་དོན་དུ་གཉེར། ལྷག་པར་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་གནད་དུ་བསྣུན། མ་གོ་བའི་སྐབས་བྱུང་ན་ཡང་ཏིག་ཡིད་བཞིན་ནོར་བུ་འདི་བསམ་འཕེལ་ནོར་བུ་དང་འདྲ་བས་ལྟ་རྟོགས་ཞིབ་མོར་གྱིས་ལ་སྒོམས་དང༌། ཆོས་ཉིད་ཟད་པའི་ས་ལ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གདམས།

དེ་ནས་ཚེས་བཅོ་བརྒྱད་ཀྱི་ཉིན་མཆོད་པ་གཅིག་ཤོམས་ལ་ཁྱེད་རང་རྣམས་དགེ་སྦྱོར་ལ་དེངས་གསུངས། སྐུ་དྲུང་ན་འདུག་པར་ཞུས་པས། འོ་ན་ངའི་སྒྱུ་ལུས་གོག་པོ་འདི་འདོར་བ་ཡིན་པས་ཅ་ཅོ་མ་བྱེད་པར་མཉམ་བཞག་གི་ངང་ལ་སྡོད་གསུངས། སྐུ་གདུང་རིན་པོ་ཆེ་ཆོས་སྐུའི་བཞུགས་སྟངས་ཀྱིས་བཞག་ནས། དགོངས་པ་གདོད་མའི་དབྱིངས་སུ་མནལ་བ་ལ། ས་ཆེན་པོ་འདི་ཡང་གཡོ་ཞིང་འུར་བ་ལ་སོགས་པའི་ཆོ་འཕྲུལ་མཐའ་ཡས་པ་བྱུང༌། གདུང་ཞག་ཉེར་ལྔར་བཞག་པས་བསྟན་ལ་དགའ་བའི་ལྷ་རྣམས་ཀྱིས་འཇའ་འོད་ཀྱི་གུར་ཕུབ་མེ་ཏོག་གི་ཆར་ཕབ། དགོངས་པ་ཆོས་ཉིད་དུ་གྲོལ་བས་འབྱུང་བ་ཆེན་པོ་བཞིའང་དུས་བཞིའི་གཏན་ཚིགས་འཛིན་པའི་བརྟན་པ་བྲལ་ནས། རྒྱལ་དང་ཆོ་འཕྲུལ་གྱི་ཟླ་བ་གཉིས་ཀར་ས་དྲོས། འཁྱགས་པ་ཞུ། སེ་བའི་ལོ་མ་རྒྱས་པ་བྱུང༌། གདུང་མཆོད་པའི་ཞིང་དུ་བྱིན་ཟའི་ཁང་པར་སྤྱན་དྲངས་པའི་ཚེའང་ས་གཡོས། སྒྲ་ཆེན་པོ་ལན་བདུན་གྲགས། ཞུགས་ལ་བཞེན་པ་ན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་བྱང་ཆུབ་པའི་རྟགས་ཐུགས་ལྗགས་སྤྱན་གསུམ་ཀ་སྐལ་ལྡན་གྱི་སློབ་མའི་ཕང་པར་བྱོན། སྐུ་ལྔ་དང་ཡེ་ཤེས་ལྔའི་ཐོབ་བྱ་མ་ལུས་པ་མངོན་དུ་མཛད་པས་གདུང་ཆེན་ལྔ་དང༌། རིང་བསྲེལ་ཕྲ་མོ་བགྲངས་ལས་འདས་པར་བྱུང༌། རིང་བསྲེལ་གོང་བུ་ཆེ་བ་དག་ནས་བརྒྱ་སྟོང་གྲངས་མེད་དུ་འཕེལ་བ་རྩོད་པ་དང་བྲལ་ཞིང༌། སྐུ་གདུང་མ་ཉམས་པ་ཕྲན་བུ་བཟུང་བ་དག་ལའང་སྟེང་གདོན་ལ་སོགས་པས་བརྫི་བར་མི་ནུས་པ་སོགས་ད་ལྟའི་བར་དུ་མངོན་སུམ་ཚད་མའོ།།

སྔོན་གྱི་བླ་མ་རྣམས་ཀྱིས་བབས་ལུགས་ཆེན་མོར་སྒྲ་མཁས་དཔལ་འཛིན་དུ་ལུང་བསྟན་པ་ལ་ངོས་འཛིན་པར་འདུག་ཀྱང་གོ་རིམ་གྱི་ངེས་པ་ལྟར་ན་བློ་གྲོས་མཆོག་ཏུ་ངོས་བཟུང་ན་འཐད་ལ། ཀུ་མཱ་རཱ་ཛ་དང་གཉིས་ཀྱི་བར་ལ་ལོ་བརྒྱ་བརྒྱའི་གཏན་ཚིགས་མི་འགྲུབ་སྙམ་དུའང་དོགས་པར་མི་བྱ་སྟེ། ལོ་བརྒྱ་ནི་སྤྱིར་བསྟན་པ་འདི་ཡིད་དཔྱོད་དང་འདྲེས་པའི་ཚེ་དེའི་གསལ་བྱེད་རེ་འབྱོན་པ་ལ་དགོངས་ཀྱི། གཞན་དུ་ནི་གནས་སྐབས་དེ་དང་དེའི་གདུལ་བྱའི་རྟེན་འབྲེལ་ཁོ་ན་ལ་ལྟོས་ནས་སྤྲུལ་པ་སྒྱུ་མ་ལྟ་བུས་དོན་མཛད་པའི་ཕྱིར་རོ། །དེ་ལ་གསུང་གི་བདུད་རྩི་མྱངས་པ་ལས་བྱུང་བའི་སློབ་མའི་གཙོ་བོ་ནི། ཞོག་ཐར་གླིང་པ་མཁས་གྲུབ་བདེ་ལེགས་རྒྱ་མཚོ། མཁས་གྲུབ་ཆོས་ཀྱི་གྲགས་པ། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ་སྟེ་གྲགས་པ་ཐོབ་པའི་མཁས་གྲུབ་གསུམ། མདོ་ཁམས་པ་འདན་སྒོམ་ཆོས་ཀྱི་གྲགས་པ། རྒྱལ་སྲས་བཟོད་པ། བླ་མ་དཔལ་མཆོག་པ། གུ་རུ་ཡེ་ཤེས་རབ་འབྱམས། གཞོན་ནུ་སངས་རྒྱས་ཏེ་ཐུགས་ཀྱི་སྲས་ལྔ། སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། སློབ་དཔོན་སངས་རྒྱས་ཀུན་དགའ། སློབ་དཔོན་བློ་གྲོས་བཟང་པོ། སྟག་མགོ་བྱ་བྲལ་ཆོས་རྗེ་སྟེ་བསྟན་པ་སྤེལ་བའི་བཤེས་གཉེན་བཞི། ཕ་རྒོད་རྟོགས་ལྡན་རྒྱལ་པོ། རྣལ་འབྱོར་པ་འོད་ཟེར་གོ་ཆ། རིག་འཛིན་འོད་གསལ་རང་གྲོལ། བྱ་བཏང་བསོད་ནམས་འོད་ཟེར་ཏེ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བཞི། གཞན་ཡང་སྣེ་གདོང་གོང་མ་དང་མཚམས་སྦྱོར་བའི་སངས་རྒྱས་དཔལ་རིན་དང༌། གྲགས་པ་དཔལ། གླུ་མཁན་བསོད་ནམས་སེང་གེ་ལ་སོགས་བསྟན་འཛིན་གྱི་བཤེས་གཉེན་དུ་མ་བྱུང༌། ཕྱིས་ཆོས་རྗེ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ལ་ཞལ་བསྟན་ཅིང༌། རང་གི་སྲས་སྤྲུལ་སྐུ་ཟླ་བ་ཞེས་དབུ་གཙུག་རྟ་མགོས་མཚན་པར་སྟོན་པ་དེའི་སྐྱེ་བ་ཡིན་པར་ལུང་བསྟན། དབུ་ཞྭ་བསྐོན་ཏེ་བྱིན་བརླབས་པ་ལས་དངོས་ཀྱི་སློབ་མར་གྱུར་ཏེ་གསུང་རབ་རྣམས་ལ་འཛིན་སྐྱོང་སྤེལ་བའི་གཅེས་སྤྲས་དཔག་ཏུ་མེད་པ་མཛད། དེ་ལས་པདྨའི་རྒྱལ་ཚབ་ཤཱན་ཏ་པུ་རི་པའམ་གཏེར་ཆེན་ཤེས་རབ་འོད་ཟེར་ལ་བརྒྱུད། དཔལ་རི་ཐེག་པ་མཆོག་གི་གླིང་བསྐྲུན་ནས་བསྟན་པའི་སྦྱིན་བདག་ཞབས་དྲུང་འཕྱོང་རྒྱས་པ་ལ་སེམས་ཉིད་ངལ་གསོ་རྩ་འགྲེལ་པར་དུ་བརྐོ་བར་བསྐུལ། བསྟན་པ་འདི་ལ་བཤད་སྒྲུབ་བྱེད་དགོས་པར་གདམས་པས་དོན་གྱི་བརྒྱུད་འཛིན་ཡིན་པར་ཡང་ཞལ་གྱིས་བཞེས་སོ།།

དེ་ལྟར་མན་ངག་སྙིང་ཐིག་གི་སྨིན་གྲོལ་གདམས་སྐོར་ཡོངས་སུ་རྫོགས་པ་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ་ལ། དེས་གྲགས་པ་འོད་ཟེར། དེས་སངས་རྒྱས་དབོན་པོ། དེས་ཟླ་བ་གྲགས་པ། དེས་ཀུན་བཟང་རྡོ་རྗེ། དེས་རྒྱལ་མཚན་དཔལ་བཟང༌། དེས་སྣ་ཚོགས་རང་གྲོལ། དེས་བསྟན་འཛིན་གྲགས་པ། དེས་མདོ་སྔགས་བསྟན་འཛིན། དེས་རིག་འཛིན་ཕྲིན་ལས་ལྷུན་གྲུབ། དེས་ཆོས་རྒྱལ་གཏེར་བདག་གླིང་པ་ལ་བསྩལ་བ་ཡིན་ནོ། །དུས་ཕྱིས་རིག་པ་འཛིན་པ་མཁྱེན་བརྩེའི་འོད་ཟེར་ལ་ས་མོ་ཡོས་ཀྱི་ལོར་འོག་མིན་དཔལ་གྱི་མཆིམས་ཕུར་ཀུན་མཁྱེན་ཆེན་པོས་ཡེ་ཤེས་ཀྱི་སྐུ་ལན་གསུམ་བསྟན་ཅིང་ཤིང་རྟ་ཆེན་མོ་སོགས་ན་གབ་པའི་མན་ངག་ཐམས་ཅད་འདིས་གསལ་ཞེས་གླེགས་བམ་ཞིག་ཀྱང་གཏད། གདམས་པ་དང་རྗེས་སུ་གདམས་པ་ཐམས་ཅད་བསྩལ་ནས་ཆོས་ཚུལ་རྒྱ་མཚོ་དང་ཁྱད་པར་ཀུན་མཁྱེན་བླ་མ་ཉིད་ཀྱི་གཞུང་ལུགས་དང་གདམས་པ་མཐའ་དག་ལ་རང་བྱན་ཚུད། ཤིན་ཏུ་ཉེ་བརྒྱུད་ཀྱང་རུང་སྟེ་འཕགས་པ་ལྷས་མ་ཏཾ་གི་པ་རྗེས་སུ་བཟུང་བ་བཞིན་ནོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་ལས། བོད་དུ་གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབ་ཚུལ་སྤྱི་དང་ཁྱད་པར་མན་ངག་སྙིང་ཐིག་ཆེན་མོའི་ལོ་རྒྱུས་གཙོ་བོར་བཤད་པའི་སྐབས་ཏེ་བཞི་པའོ།། །།

ལེའུ་ལྔ་པ་རིང་བརྒྱུད་བཀའི་ཆུ་བོ་མ་ཉམས་པར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་སྤྱིའི་བབ་ཚུལ།

ད་ནི་གོང་དུ་ཇི་ལྟར་སྨོས་པའི་རིང་བརྒྱུད་བཀའི་ཆུ་བོ་མ་ཉམས་པར་གནས་པ་མདོ་སྒྱུ་སེམས་གསུམ་ཐུན་མོང་གི་བསྟན་པ་སྤྱིའི་བབ་ཚུལ་བྱེ་བྲག་ཏུ་བཤད་པར་བྱ་སྟེ། གངས་རིའི་ཁྲོད་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་འཆད་པའི། དང་པོ་སློབ་དཔོན་གཉགས་ཛྙཱ་ན་ཀུ་མཱ་ར་ནི།

ཡུལ་ཡར་ཀླུངས་ཤེལ་པའམ་འཕྱོས། རུས་ལས་མིང་དུ་ཆགས་པ་གཉགས་སྟག་སྒྲ་ལྷ་སྣང་དང༌། སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། མགྲིན་པ་ན་སྨེ་བ་རྡོ་རྗེ་རྒྱ་གྲམ་ལྟ་བུ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མདོ་སྔགས་ཀྱི་ཆོས་མང་པོའི་འགྱུར་བྱེད་སྤོབས་པ་བསམ་གྱིས་མི་ཁྱབ། སློབ་དཔོན་ཆེན་པོ་པདྨ་དང༌། བི་མ་ལ་དང༌། བཻ་རོ་དང༌། གཡུ་སྒྲ་སྙིང་པོ་རྣམས་ལ་བསྟེན་པའི་བཀའི་ཆུ་བོ་བཞི་འདུས་པ་ཡིན་ཏེ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པའོ། །དེ་ལ་སློབ་དཔོན་ཆེན་པོས་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དུ་སྨིན་པར་མཛད་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་རྡོ་བ་སྐམ་པོའི་ཁོངས་ནས་གྲུབ་ཆུ་བཏོན། འདི་ལས་བརྒྱུད་པའི་སྒྱུ་འཕྲུལ་ཡང་ཡོང་དགོས་ཤིང༌། གཙོ་བོར་ཕུར་པ་ལས་མངོན་རྟགས་བརྙེས་པ་ཡིན། བཙད་པོ་ཁྲི་སྲོང་གཤེགས་པའི་ཕྱི་ཞིག་ན་བཙུན་མོ་ཚེ་སྤོང་བཟའ་བསམ་སྦྱོར་མི་སྲུན་པས་ལོ་པཎ་ཕལ་ཆེར་དབུ་འཕང་སྨད། གཉགས་ཛྙཱ་ན་ཀུ་མཱ་རས་ཡར་འབྲོག་ཏུ་བཞུགས་པ་ལ། རང་གི་ཕ་སྤུན་གཉགས་དགེ་སྟོན་དགྲར་ལངས་ཏེ་འདི་མུ་སྟེགས་ཀྱི་སྔགས་མཁན་ཡིན་ནོ་ཟེར་གཡོ་ཅན་གྱི་ཁ་སྨྲས་བྱས། བསེ་ཞོས་བྱུགས་པའི་བྷནྡྷ་ནང་དམར་པོ་ཡོད་པ་བརྐུས་ནས་སྐྱེ་བོ་བླུན་པོར་གྱུར་པ་དག་ལ་སྟོན་ཞིང༌། བྷནྡྷའི་ནང་གྲི་རྩེས་དྲུད་ནས་འདི་ནི་ཟག་ཟོག་གི་ལས་སོ་ཞེས་དབྱེན་བཅོས། སྐྱེ་བོ་རྣམས་ཐེ་ཚོམ་སེལ་བའི་ཆེད་དུ་གང་དུ་བཞུགས་སར་རིན་པོ་ཆེའི་རྙེད་པ་སྤྲུལ་པས་མི་རྣམས་ཀྱིས་རྫུ་འཕྲུལ་དུ་ཤེས་ནས་ཁོའི་ངག་ལ་ཡིད་མི་གཏོད་ཀྱང༌། ད་དུང་བྱ་བ་མང་པོ་བསོགས་ནས་སྐུ་ལ་བདོ་བའི་ཐབས་སྣ་ཚོགས་བྱེད་པ་མཁྱེན་ནས་གཤེགས། ཀོང་པོ་མཆིམས་ཡུལ་གྱི་ཕུ་རུ་ཕེབས་ཙ་ན། ལུང་སྟོང་གཅིག་ན་ར་མ་བདུན་འགྲོ་ཞིང་འདུག གཡོག་པོ་གླལ་མིག་འོག་བཙན་བྱ་བར་འདི་དེད་ཅིག་གསུངས་པས།

ཁོ་ན་རེ། ར་ལ་བདག་པོ་ཡོད་མཆི་འདིས་ཅི་འཚལ་ཞུས་པས། ལུང་སྟོང་གི་ར་ལ་བདག་པོ་ག་ན་འོང་དེད་ཅིག་གསུངས། དེར་བདག་པོ་མཆིམས་བྱ་རོག་གིས་ཤེས་ཏེ་རྐུན་ཁག་ཕབ། ར་ལ་བདུན་འཇལ་དགོས་ཟེར། བདུན་འཇལ་སྤྲད་ཙ་ན། ད་དུང་མ་ཚིམས་པར་དབེན་པ་བཤིགས། ལྕགས་ཀྱི་ཐོ་བ་བཟུང་ནས་དེད་དུ་བྱུང༌། གཉགས་ཀྱིས་བྲོས་ནས་གཙུག་ལག་ཁང་གི་ནང་དུ་ཆུད། སྒོ་བཅད་པས་ཐེམ་པ་ལ་ཐོ་བས་བརྡེག བཙུན་ཆུང་གི་མགོ་ལ་དེའུ་ཐེབས་ཟེར། དེར་ཡང་བཞུགས་སུ་མ་སྟེར་བས། དབུས་སུ་གཏད་དེ་བྱོན་ཙ་ན། འགྲོ་སྲས་ཆུང་བྱ་བ་ཤ་བ་གཅིག་དེད་ནས་བྱུང་བ་ཕྲད། ཁོའི་རྟ་འདྲོགས། ཤ་བ་ཤོར་བས། ཁོ་ཡང་ཁྲོས་ཏེ་གསོད་དུ་བྱུང་བ་ལ་འབྲོས་པའི་འདུན་པ་གཅིག་གཏད་པས། ཁོས་མ་མཐོང་ནས་ཐར། དུས་དེ་ཙམ་ན་ལྷ་སྲས་བཙན་པོ་ཡུམ་དམར་རྒྱན་གྱིས་དུག་གིས་བཀྲོངས་པའི་འདད་ཀྱི་ཚོགས་དབུར་སློབ་དཔོན་བི་མ་ལ་རྒྱ་ནག་ནས་རྫུ་འཕྲུལ་གྱིས་གཤེགས་པ་དང་མཇལ། གསེར་ཕྱེ་ལོང་མོ་གང་ཕུལ་བས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་གསུངས། ཡར་འབྲོག་སྒང་དུ་སྐྱིད་བགྱི་རུ། །དགེ་ལ་སྟོན་གྱིས་མ་སྟེར་རོ། །མཆིམས་ཡུལ་གཏིང་དུ་སྐྱིད་བགྱི་རུ། །བྱ་རོག་དམྱལ་བས་མ་སྟེར་རོ། །བོད་ཡུལ་དབུས་སུ་སྐྱིད་བགྱི་རུ། །འགྲོ་སྲས་ཆུང་གིས་མ་སྟེར་རོ། །ཞེས་ཞུས་པས། ལོ་ཙཱ་བར་བརྙས་ན་བསྟན་པ་ལ་ཤིན་ཏུ་གནོད་པར་དགོངས་ནས། ཕུར་པ་ཕུན་སུམ་ཚོགས་པ་དང༌། གཤམ་སྔོན་གཉིས་ཐུགས་ནས་ཕྱུང་སྟེ་བཤད། ལྷོ་བྲག་མཁར་ཆུ་སྣའི་བྲག་ཕུག་ཏུ་ལོ་པཎ་ལྷན་ཅིག་པས་སེང་ཕུར་ཉི་ཤུ་རྩ་གཅིག་ལ་བརྟེན་ནས་བསྒྲུབས་པས་ཕུར་བུ་ཕན་ཚུན་འཁྲོལ་བ་ཙམ་དུ་གྲུབ། དེར་གཉགས་ཀྱིས་ཏིང་ངེ་འཛིན་གྱི་ངང་ནས་ཕུར་བུ་གདེངས་ཏེ་བྱ་རོག་ལའོ་བྱས་པས་སྟོང་ཁམས་ཀྱི་བྱ་རོག་ཐམས་ཅད་ཚོགས་བྱུང༌། སླར་མཆིམས་བྱ་རོག་ལའོ་ཞེས་བསྒྲིལ་བས། མཆིམས་ནས་བྱ་རོག་ཟུང་ཞིག་བྱུང༌། གཉགས་ཁྲོས་ནས་བྱ་རོག་གཅིག་ལ་གདེངས་པས་མོད་ལ་ཤིའོ། །དེར་བི་མ་ལས་མངོན་སྤྱོད་ཀྱི་མཐུས་གསད་པ་གྲུབ་ཀྱི། ད་ཆོས་ཉིད་ཀྱི་མཐུས་གསོ་བ་ཨེ་འགྲུབ་གསོས་ཤིག་གསུངས་པས། སློབ་དཔོན་ཛ་ལན་དྷ་རི་པ་དང༌། སློབ་མ་ནག་པོ་སྤྱོད་པ་བཞིན་གཉགས་ཀྱིས་སློང་མ་ནུས། བི་མ་ལས་བྱེ་མ་གཅིག་བཏབ་པའི་མོད་ལ་བྱ་རོག་སོས་ཏེ་དེངས་པར་གྱུར་ཏོ།།

རྟོགས་པས་བདག་མ་བསྒྲལ་བར་དྲག་ཤུལ་གྱི་ལས་བརྩམས་པ་གྲུབ་ཀྱང་ཉེས་པ་ཆེའོ་གསུངས་ནས་གནས་ལུང་གི་ཆོ་ག་མཛད། དེར་མཆིམས་ལྷ་གཡག་དཀར་དུ་བརྫུས་ནས་བྱུང་བ་སྔུན་ལ་བསྒྲལ། དེ་ནས་མཆིམས་བྱ་རོག བླ་སྤྱང་རབ་འབྲིང་ཐ་གསུམ། བྲན་དང་ཁོལ་པོ། འོག་རྟ་སྒོ་ཁྱི། གནག་གི་གཉེན་མཚམས་དང་བཅས་པ་ཕུར་པ་གདེངས་ཆོག་གི་མཐུས་བསྒྲལ་ནས་རབས་བཅད། དེ་ནས་ཕ་སྤུན་གཉགས་དགེ་སྟོན་ལ་བཏབ་པས་འདི་ལྟར་དྲག་པོ་མཐུའི་ལས་ནི་རྣམ་པ་ཞེ་སྡང་རྡོ་རྗེའི་རྟེན་འབྲེལ་ལ་ལྷག་པར་ལྟོས་པ་ཞིག་ལ། སློབ་དཔོན་བི་མ་ལའི་ཐུགས་རྗེས་གཉགས་ལ་སྙིང་རྗེ་ཆེན་པོའང་སྐྱེས། དགོངས་པ་ཆོས་ཉིད་དུ་གྱུར་པས་ཡེ་མ་ཐེབས། དེར་སློབ་དཔོན་བི་མ་ལས་འདིར་གྲོགས་མངོན་སྤྱོད་ཀྱི་མཚན་དང་ལྡན་པ་ཞིག་རྙེད་ན་ཐེབས་གསུངས་པས་འཚོལ་དུ་བྱོན། དུས་དེ་ཙམ་ན་མགར་བྱེད་པ་ལ་སོག་པོར་འབོད་པས། སོག་པོ་བེག་ཙེ་ཞེས་བྱ་བ་ཁྲོ་བོའི་དབྱིབས་སུ་ཡོད་པ་གཅིག་རྙེད། དེའི་གཟུགས་མགོ་བོ་རྒྱ་མདུད་དུ་འདྲིལ་ཞིང༌། རོ་སྨད་ཟུར་གསུམ་པའི་རྣམ་པར་ཤར་བ་ལ་སོགས་པའི་མཚན་རྟགས་ཐམས་ཅད་ཚང་བར་གཟིགས། གཉགས་ཀྱིས་ཁོའི་ཕྱི་ན་མར་བྱོན། ཁོ་མགར་བྱེད་པའི་སྦུད་པ་འབུད་གྲོགས་མཛད་ཀྱིན་རྒྱུ་མཚན་ཉིད་ཀྱི་ཆོས་བཤད་པས་ཁོའི་རྣ་ལམ་དུ་མ་བྱུང༌། ཀྲི་ཡོག་སྡེ་གསུམ་བཤད་པས་རེས་འགའ་ཙམ་ཉན་ཞིང་གཞན་ཐོ་བ་ཆེམས་ཆེམས་བརྡུང་སྐད། ནང་རྒྱུད་སྡེ་གསུམ་བཤད་ཀྱིན་ལྕགས་ཀྱི་ལྕུག་མ་སྙོད་པ་རྣམས་ཁྱུར་མིད་བྱས་པས། ཁོ་ཡ་མཚན་སྐྱེས་ཏེ་འདི་ལྟ་བུའི་རྫུ་འཕྲུལ་ཅི་ལས་བྱུང་ཟེར། ད་ལྟ་བཤད་པའི་ཆོས་དེ་ཉམས་སུ་བླངས་པ་ལས་བྱུང་སྨྲས་པས། ཁོ་ཤིན་ཏུ་དད་དེ་ལག་ཆ་ཐམས་ཅད་ཕུལ་ནས་སློབ་མར་བྱས། ལྷ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས། དེ་བཞིན་དུ་འོ་བྲན་དཔལ་གྱི་གཞོན་ནུ་ཡང་ཕུར་པ་སྒྲུབ་པའི་མཚན་ལྡན་དུ་ཤེས་ནས་དཔོན་སློབ་གསུམ་ཀས་བསྒྲུབས་པས། དེ་དགེ་སྟོན་གྱིས་ཚོར་ཏེ་གསོད་དུ་འགྲོ་བའི་སྟ་གོན་བརྩམས་པ་ན། གཞན་དག་གིས་བནྡྷེར་བརྙས་མི་རུང་ཟེར་ནས་བཤོལ་བཏབ་ཀྱང་མ་ཉན། ནང་པར་འགྲོ་རྒྱུའི་ནུབ་བུད་མེད་མང་པོས་མཐའ་བསྐོར་ནས་མགོ་བཅད་པ་རྨིས། དེ་ཆུང་མ་ལ་བཤད་པས་ནན་གྱིས་བཤོལ་བཏབ་ཀྱང་མ་ཉན་པར་རྟ་ལ་ཞོན་ནས་སོང་བ་ན། བྱ་ཆེན་པོ་ཞིག་འཕུར་བྱུང་ནས་རྟ་འདྲོགས། ཤ་ཁམ་ཁྲག་ཐིག་ཏུ་གྱུར་ཏེ་སྲུང་མས་དངོས་སུ་བསྒྲལ་བར་གྲགས། དེར་སོག་པོ་དཔལ་ཡེས་སྙིང་བཏོན་ནས་སློབ་དཔོན་ལ་ཕུལ་བས། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གསུངས།

མདོར་ན་སྐྱོབ་པའི་ལྷ་བྱ་ཁྲར་སྤྲུལ་པ་དང༌། བླ་སྤྱང་བྲན་ཁོལ་འོག་རྟ་སྒོ་ཁྱི་གཉེན་མཚམས་ཚུན་ཆད་བསྒྲལ་ཞིང་རབས་བཅད། དེ་བཞིན་དུ་འགྲོ་སྲས་ཆུང་ནེ་ཐང་ལ་རྟ་ཁྱུ་འཚོ་བའི་རྣམ་པར་ཤེས་པའང་བཀུག་སྟེ་གདབ་ལས་ཀྱིས་ཚར་བཅད། འགྲོ་ལྷ་སྤྱང་ཀི་སྔོན་པོར་བྱས་པ་དང༌། བླ་སྤྱང་བྲན་ཁོལ་ཐམས་ཅད་སྔར་བཞིན་ཁ་དག་པར་བྱས། དེའང་གཉགས་ལོ་ཙཱ་བ་ཆེན་པོ་འདི་སངས་རྒྱས་དངོས་དང་མཚུངས་པའི་པཎ་གྲུབ་རྣམས་ལ་བསྟེན་པས། སྒྲ་ཚད་མཚན་ཉིད། སྔགས་ཕྱི་ནང་ཀུན་ལ་མཁྱེན་པ་ཤིན་ཏུ་ཆེ། ལོ་ཙཱ་བ་ཆེན་པོར་གྱུར་ནས་དམ་པའི་ཆོས་མང་པོ་བསྒྱུར། མདོ་སྒྱུ་སེམས་གསུམ་ཀའི་བསྟན་པའི་མངའ་བདག་ཏུ་གྱུར་ཅིང་ཉན་བཤད་ཀྱི་སྒོ་ནས་སློབ་མ་ཁྱད་པར་ཅན་མང་དུ་བསྐྲུན་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་སྙན་བརྒྱུད་རྡོ་རྗེ་ཟམ་པ་དང༌། མན་ངག་སྡེ་ལས་དངོས་གྲུབ་ཆེན་པོ་བརྙེས་ཏེ་སྟོང་གསལ་འོད་ཀྱི་ཕུང་པོར་གཤེགས་སོ། །དེ་ལ་སློབ་མའི་གཙོ་བོ་ནི་ཕུར་པ་མཁན་པོ་དག་དཔལ་བརྒྱད་དུ་འདྲེན་པར་བྱེད་དེ། སོག་པོ་དཔལ་གྱི་ཡེ་ཤེས། འོ་བྲན་དཔལ་གྱི་གཞོན་ནུ། གཉན་ཆེན་དཔལ་དབྱངས། ཐག་བཟང་དཔལ་གྱི་རྡོ་རྗེ་སྟེ་དཔལ་སྔ་མ་བཞི་དང༌། ལམ་མཆོག་དཔལ་གྱི་རྡོ་རྗེ། དར་རྗེ་དཔལ་གྱི་གྲགས་པ། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ་སྟེ་དཔལ་ཕྱི་མ་བཞི་བཅས་དཔལ་གྱི་བུ་བརྒྱད་དང༌། ཨུ་པ་དོ་གསལ། དགྱེ་འཕགས་ཤེས་རབ། བྷུ་སུ་ཀུ་མཆོག་རྣམས་ཏེ། དབོན་བརྒྱུད་རྣམས་ལས་ཀྱང་ཕྲིན་ལས་རྒྱ་ཆེར་བྱུང་ངོ༌།།

༈ སོག་པོ་དཔལ་གྱི་ཡེ་ཤེས་ནི་ཡུལ་ཡར་འབྲོག་པ་ཡིན། སློབ་དཔོན་ཆེན་པོའི་དུས་ནས་དངོས་གྲུབ་བརྙེས་ཚར་བ་གཅིག་ཐུན་མོང་གི་སྣང་ངོར་མགར་བའི་ཚུལ་དུ་བཞུགས། གཉགས་ལོ་ཆེན་པོ་དེ་མཁྱེན་པ་ཤིན་ཏུ་ཆེ་བས་སློབ་དཔོན་རྣམས་ལས་ཀྱང་རང་ཉིད་མཁས་སྙམ་པ་ལན་གསུམ་སྐྱེས་པས་སྲོག་ལ་བབ་པའི་དོ་གལ་ཚར་གསུམ་བྱུང་བར་གྲགས། དེ་ལ་རྒྱུ་འབྲས་མི་བསླུ་བའི་བདེན་པ་ལ་བདག་གིར་མཛད་པའི་ཚུལ་སྟོན་པ་ལ་བབ་པའི་སྐབས་ཤིག་ན། གཉགས་ལ་སྐུ་དགྲ་ལན་གསུམ་དུ་ལངས་པའི་རེས་གཅིག་ཡུལ་ཉེ་འཁོར་གྱི་གཉགས་དམར་ཕ་སྤུན་གྱིས་མི་ཤ་མཁོན་དུ་བྱས་ནས་སློབ་དཔོན་བཙོན་དུ་བཟུང༌། སོག་པོ་དཔལ་ཡེ་དེ་དོན་ལ་གྲུབ་པའི་སྤྱོད་པ་འབའ་ཞིག་ཡིན་གྱི་རྣམ་པར་གཅན་གཟན་གྱི་གཉའ་བ་ནས་འཛིན་པ་སོགས་རྟུལ་ཕོད་པར་སྟོན་པས། སྐབས་འདིར་བླ་མའི་ཆེད་དུ་ལུས་སྲོག་འདོར་བའི་རྡོ་རྗེའི་དམ་ཚིག་གཉན་པོ་ལ་འཚལ་བས་བཙོན་སྲུང་གཉིས་བཀུམས། སློབ་དཔོན་བཙོན་དོང་ནས་སྤྱན་དྲངས་པ་སོགས་སྐུ་དགྲ་ལན་གསུམ་བཏུལ་ཞིང་ཐུགས་ལན་གསུམ་བཟུང་བས། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་མངོན་སུམ་པར་སྤྲུལ་ནས་རྗེས་སུ་བཟུང་བ་འདི་ཙམ་དོན་ལ་གནས་ཤིང༌། དེས་གནུབས་ཆེན་ལ་རྗེས་སུ་གདམས་པའོ།།

སྔ་འགྱུར་གྱི་བསྟན་པ་བར་དུ་གནུབས་ལ་བབས་ཏེ། དེ་ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི།

ཡབ་གནུབས་རིགས་གསལ་བ་དབང་ཕྱུག་དང༌། ཡུམ་མཆིམས་མོ་བཀྲ་ཤིས་མཚོའི་སྲས་སུ། ཆུ་ཕོ་བྱི་བའི་ལོ་དཔྱིད་ཟླ་ར་བ་ལ། དབུས་རིའི་བརྒྱུད་སྒྲགས་ཀྱི་ཕུར་འཁྲུངས། ཕ་མེས་ཀྱི་དུར་ས་སྒྲགས་རི་བོ་ཆེར་ཙནྡན་གྱི་སྡོང་པོ་སྐྱེས་པ་ལ་རྒྱ་ནག་ཧ་ཤང་གིས་བརྟགས་ཏེ་སྤྲུལ་པའི་སྐུ་འཁྲུངས་པའི་ལྟས་ཡིན་པས་གསོ་བའི་ཆོ་ག་འདི་ལྟར་གྱིས་ཞེས་སྔོན་ནས་ལུང་བསྟན་པ་བཞིན་བསྒྲུབས། མཚན་སྐྱ་མིང་རྡོ་རྗེ་ཁྲི་གཙུག ཆོས་མིང་སངས་རྒྱས་ཡེ་ཤེས། གསང་མཚན་རྡོ་རྗེ་ཡང་དབང་གཏེར་ཞེས་གྲགས། དགུང་ལོ་བདུན་ནས་འོ་བྲན་དཔལ་གྱི་གཞོན་ནུའི་ཕྱག་ཕྱིར་འབྲངས་ཏེ་རིག་པའི་གནས་ཐམས་ཅད་ལ་བྱང་བར་མཛད། རིག་འཛིན་འདུས་པ་རྩ་བའི་རྒྱུད་དུ། རཏྣ་བུདྡྷ་ཛྙཱ་ན་ཡིས། །ཁྱད་པར་སྐུ་ཡི་གསང་བ་སྟོན། །ཞེས་ལུང་བསྟན་པ་ལྟར་གཞོན་ནུའི་དུས་སློབ་དཔོན་ཆེན་པོ་པདྨ་ལ་བཀའ་བརྒྱད་ཀྱི་དབང་གསན་པའི་ཚེ་མེ་ཏོག་འཇམ་དཔལ་སྐུའི་དཀྱིལ་འཁོར་ལ་ཕོག་ཅིང་བསྒྲུབས་པས་གྲུབ་རྟགས་མངོན་དུ་ཕྱུང༌། ཕྱིས་རྒྱ་བལ་གྱི་རུ་མཚམས་རྡོ་རྗེ་རྩེ་ལྔའི་ཕུག་ཏུའང་རྒྱུད་དང་མན་ངག་མང་དུ་གསན། གཞན་ཡང་ཤྲཱི་སེདྷ༌། བི་མ་ལ། ཀ་མ་ལ་ཤཱི་ལ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ།ཤཱནྟ་གརྦྷ། དྷ་ན་སཾ་སྐྲ໏་ཏ། སོ་ཀྱ་དེ་བ། དྷ་ན་རཀྵི་ཏ། བྲམ་ཟེ་གསལ་བའི་རྒྱན། དྷརྨ་བོ་དྷི། དྷརྨ་རཱ་ཛ། གཙུག་ལག་དཔལ་དགེ བ་སུ་དྷ་ར། ཆེ་བཙན་སྐྱེས་སོགས་རྒྱ་བལ་བྲུ་ཤའི་ལོ་པཎ་རྣམས་དང༌། བོད་ཀྱི་མཁས་པ་གཉགས་ལོ་ཡེ་ཤེས་གཞོན་ནུ། དེའི་སློབ་མ་དཔལ་གྱི་བུ་བརྒྱད་ཐམས་ཅད་དང༌། དེའི་ནང་ནས་ཀྱང་སོག་པོ་དཔལ་ཡེ་དང༌། རྨ་གཉགས་ཐུན་མོང་གི་ཡང་སློབ་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་གཙོ་བོར་བསྟེན་ནས་མདོ་སྔགས་ཕྱི་ནང་གི་རྒྱུད་སྡེ་མན་ངག་དང་བཅས་པ་མཐའ་དག་ལ་སྦྱངས་ཏེ་མཁས་པར་མཛད། རྒྱ་བལ་གྱི་ཡུལ་དུ་ལན་བདུན་བྱོན་ནས་རྒྱུད་དང་མན་ངག་ཆོག་ཡིག་བསྟན་སྲུང་དང་བཅས་པ་མང་པོ་བསྒྱུར། ཁྱད་པར་དགུང་ལོ་ལྔ་བཅུ་རྩ་བཞི་པ་ཤིང་སྦྲུལ་གྱི་ལོར་བལ་ཡུལ་དུ་བྱོན་ནས་བ་སུ་དྷ་ར་ལ་དབང་དང་གདམས་པ་དཔག་མེད་ཞུས་ཤིང༌། ཆོས་ཕྱིར་གཏོང་བ་དང་དད་གུས་ཀྱིས་མཉེས་པར་མཛད་པས། རུའི་ཞལ་ནས། རྒྱ་གར་ན་ངའི་སློབ་དཔོན་གསལ་བའི་རྒྱན་ཞེས་བྱ་བ་ལོ་སྟོང་དྲུག་བརྒྱ་ལོན་པ་ཞིག་བཞུགས་ཀྱིས། དེའི་དྲུང་དུ་སོང་ལ་ཆོས་ཞུས་ཤིག་གསུངས་པ་ལྟར་བྱོན་པས། ཝ་ར་ཎཱ་སིར་ཨ་ཙརྱ་གསལ་བའི་རྒྱན་གྱི་ཞལ་མཐོང༌། ཆོས་མང་དུ་ཞུས། ཁྱད་པར་དུ་མདོ་ཡོངས་སུ་རྫོགས་པའི་དབང་དང་དགོངས་འདུས་ཀྱི་གདམས་ངག་ཀྱང་གསན། སློབ་དཔོན་འདི་ནི་བདེ་བ་གསལ་མཛད་དང་གཅིག་པར་རོག་བརྩོན་སེང་བཞེད། དེ་ནས་དགོངས་འདུས་ཀྱི་གཞུང་བཤད་ཞུས་པས། རུའི་ཞལ་ནས། དྷ་ན་རཀྵི་ཏ་དང༌། དྷརྨ་བོ་དྷི་དང༌། དྷརྨ་རཱ་ཛ་རྣམས་ཆེ་བཙན་སྐྱེས་ཀྱིས་སྤྱན་དྲངས་ནས་བྲུ་ཤའི་ཡུལ་དུ་བཞུད་པས་དེར་ཞུས་ཤིག་གསུངས་པ་ལྟར། བྲུ་ཤའི་ཡུལ་དུ་བྱོན་ཏེ་ལོ་པཎ་བཞི་ལ་གཙོ་བོར་གཞུང་བཤད་དང༌། གཞན་ཡང་དབང་བཀའ་དང་ཕྱག་བཞེས་ཀྱི་ཕྲ་གཅོད་སོགས་གདམས་ངག་གི་གནད་ལ་ཞུན་འཐར་བཅད་དེ་ཐུགས་བཅུད་ལོངས་པར་མཛད།

དེ་ནས་གྲུབ་པ་བརྙེས་ཚུལ་ཡང༌། ཞུག་གི་རྡོ་རྗེ་སྒོམ་བུར་ཟླ་བ་དགུ་ན་ཐུགས་རྒྱུད་གྲོལ་ཏེ་གནས་ལུགས་གཏན་ལ་ཕེབས། རྡོ་རྗེ་གདན་དང་གཡུང་དྲུང་རིན་ཆེན་གཏེར་གནས་སུ་གསང་བདག་གིས་ཞལ་མངོན་དུ་བསྟན་ནས་ཕྱག་མཚན་གྱི་རྡོ་རྗེ་ཕྱག་ཏུ་བབ་ཅིང་མིང་གི་དབང་བསྐུར། འོལ་མོ་ཚལ་དུ་དྲི་ཟའི་ཕྲུག་གུས་སངས་རྒྱས་ཀྱི་མཚན་གསོལ། གང་བཟང་དུ་གནོད་སྦྱིན་དང་གླིང་དགུའི་མཚོ་འགྲམ་དུ་ཀླུ་ཕྲུག་སྤུན་གསུམ་གྱིས་མཆོད། དུར་ཁྲོད་ལྷས་སུ་ཡི་དྭགས་ཕྲུག་གུས་ཞབས་ལ་གཏུགས། འོད་མའི་ཚལ་དུ་ཡ་མཱནྟ་ཀས་ཞལ་བསྟན་ནས་དབང་དང་དངོས་གྲུབ་སྩལ་ཞིང༌། ལྷ་སྲིན་དབང་དུ་འདུས་ནས་གསང་སྔགས་ཀྱི་བདག་པོར་དབང་བསྐུར། མ་གཤིན་མཁའ་འགྲོ་དབང་ཕྱུག་རྣམས་བསྲུང་མར་གཏད། འཇམ་དཔལ་གྱིས་ལུང་བསྟན་པ་བཞིན་རྒྱ་གར་དུར་ཁྲོད་གསང་ལུང་ནག་པོར་ཨེ་ཀ་ཛ་ཊཱིས་དངོས་གྲུབ་ཀྱི་རྫས་བྱིན་པས་དབྱིངས་ལ་ཡེ་ཤེས་ཤར་ཏེ་ས་ཆེན་པོའི་རྟོགས་པ་མངོན་དུ་གྱུར། པདྨ་གར་དབང་དང༌། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཞལ་གཟིགས་ཤིང་དབང་དང་དངོས་གྲུབ་ཐོབ། གཞན་ཡང་ཐོགས་པ་མེད་པའི་མངོན་ཤེས་དང་ལྷའི་སྤྱན་སོགས་མངའ། ཆུ་ལ་མི་བྱིང་ཞིང་རི་བྲག་ལ་ཐལ་ལེར་གཤེགས་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ། བོད་ཡུལ་དབུས་ཀྱི་གནས་སྒྲགས་ཀྱི་ཡང་རྫོང་དུ་སྒྲུབ་གནས་ཀྱི་མཐིལ་མཛད་ཅིང༌། དབེན་པ་འབའ་ཞིག་བརྟེན་དགོངས་པ་ལ། སྤྱིར་དུས་འདི་ཙམ་ན་རྒྱལ་ཁྲིམས་ཞིག་ཅིང་ཕྱོགས་རིས་ཀྱི་འཁྲུགས་པ་དར་བའི་སྐབས་སུ་གྱུར་པས། གནུབས་ཆེན་ཡབ་སྲས་ལ་འོ་བརྒྱལ་ཆེན་པོ་བྱུང༌། ཁྱད་པར་སྐུ་ཚེ་སྔ་མ་ལ་རྒྱ་གར་དུ་ཤན་པ་མ་རུ་ཙེ་བྱ་བར་འཁྲུངས་ནས་སེམས་ཅན་གྱི་དོན་མཛད་པའི་འདུལ་ཞིང་ལྷག་མ་ལུས་པ་རྣམས་རྫོགས་པར་མཛད་པ་དང༌། བོད་འདིར་དབོན་སྲས་ཀྱི་བསྟན་པ་ཉམས་པར་བྱེད་པས་མཚོན་སྔ་ཕྱིར་བསྟན་པ་ལ་གནོད་བྱེད་མང་དུ་བྱུང་བ་དེ་དག་དྲག་སྔགས་ཀྱིས་ཚར་བཅད་ནས་བསྟན་པ་བསྲུང་བའི་ཕྱིར་རྒྱལ་བའི་ཕྲིན་ལས་ཀྱིས་བསྐུལ་བ་ལས། རྣམ་པའི་རྐྱེན་ཡུལ་པའི་ཁེངས་ལོག་སྔ་ཕྱི་བར་གསུམ་དུ་བྱུང་ནས་རིགས་ཀྱི་སྲས་གཉིས་བཀྲོངས་པས། ཇི་སྐད་དུ། ཉོན་མོངས་བོད་ཡུལ་དབུས་སུ་ལངས། །འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ། །ཅེས་དང༌། བདག་འདྲ་གནུབས་ཀྱི་བན་ཆུང་ཡང༌། །སྙིང་ནས་ཆོས་བཞིན་བྱ་སེམས་སྐྱེས། །ཞེ་སྡང་དགྲ་བོས་བྱེད་མ་སྟེར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཞེ་སྡང་དེ་མ་ཐག་ཏུ་བསྐྱེད། །དཀར་པོའི་ཆེ་བ་འདོན་བསམས་ནས། །ངན་སྔགས་ཡིག་སྣ་སྣ་ཚོགས་བསླབས། །ཞེས་པ་ལྟར་རྒྱ་བལ་གྱི་ཡུལ་ནས་གཤེད་སྐོར་རྒྱ་མཚོའི་དྲག་སྔགས་རྣམས་སྤྱན་དྲངས་པ་ཡིན་ཏེ། བླ་མ་བཅུ་གཅིག་ཞབས་ནས་བཏེགས། །འོན་ཀྱང་མཁས་པ་བཞི་ལ་གཏུགས། །སློབ་དཔོན་དཔལ་གྱི་སེང་གེ་དང༌། །རྒྱ་གར་ཁྲག་འཐུང་ནག་པོ་དང༌། །ཕུང་བྱེད་ཤནྟ་གརྦྷ་དང༌། །བལ་པོ་བ་སུ་དྷ་ར་བཞི། །མཁས་པ་བཞི་ཡི་ཐུགས་བརྟོལ་ནས། །ཟབ་པའི་མན་ངག་ཐུགས་ལ་བཏགས། །ཞེས་དང༌། དེ་དག་ཀྱང་གནད་དུ་བསྡུས་པ་བལ་པོའི་སློབ་དཔོན་ཉིད་ལས་བྱུང་སྟེ། འདི་སྐད་དུ། སློབ་དཔོན་བལ་པོའི་རྒྱལ་པོ་ཡིས། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །གནུབས་ཀྱི་བན་ཆུང་འདིར་ཤོག་གསུངས། །བམ་ཆེན་རོ་ཡི་དབང་བསྐུར་ནས། །ལྷ་རུ་འཇམ་དཔལ་ཚེ་བདག་གཏད། །ཅེས་དང༌།

བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །སྒྲུབ་ཁང་ཡ་མའི་མཁར་ལ་བྱས། །སྒྲགས་ལ་ནག་པོའི་རྩེ་མོ་རུ། །ཉེ་འབྱེད་རླུང་གི་འཁོར་ལོ་བསྐོར། །སྒྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླག །ཅེས་འབྱུང་བ་ལྟར། དྲུག་ཅུ་རེ་གཅིག་པར་སྒྲགས་སུ་ཁེངས་ལོག་བྱུང་བས་གཤིན་རྗེའི་གཤེད་ཀྱི་དྲག་སྔགས་རྣོན་པོས་གྲོང་ཁྱེར་མང་པོ་བརླག་པར་མཛད། སླར་གནུབས་ཡུལ་རོང་དུ་བྲོས། དེར་ཡང་བཞུགས་སུ་མ་སྟེར་བས་སྙེ་མོ་བྱེ་མཁར་བཟུང༌། གནས་དེར་ཡང་དམག་གི་ཆོམ་པོས་བསྐོར་ཞིང་སྐུ་སྲོག་ལ་བསྡོ་བར་ཉེ་བ་ན། མཁར་གྱི་རྩེ་ནས་ལྷ་འདྲེ་གཉན་པོ་དཔང་དུ་གསོལ། ཚིགས་སུ་བཅད་པའི་བདེན་པ་བདར། ཆོས་གོས་བརྡབས་པས་དམ་ཅན་ཆོས་སྐྱོང་རྣམས་མངོན་སུམ་པར་བྱུང་སྟེ། བདག་ཅག་གི་མཐུ་རྩལ་གྱིས་རི་རབ་ཐལ་བར་བརླག ཉི་ཟླ་ཆ་ལང་རྡེབ། གནམ་ས་བླ་འོག་བསྒྱུར་ནུས་ཀྱང༌། ཚེ་རབས་སྔ་མའི་ལན་ཆགས་བརྡོལ་བས་སྔོན་ཆད་གྲོགས་བྱེད་དུ་མ་སྟེར། ད་ནི་བཀའ་བཞིན་འཚལ་ལོ་ཟེར་བས། ཆོས་གོས་ཀྱི་ཆ་ག་ནས་སེང་ལྡེང་གི་ཕུར་པ་བཏོན། དམ་ཅན་རྣམས་ཀྱི་སྲོག་སྙིང་དྲངས། དམག་མི་ཡོད་པའི་རི་ལོགས་ལ་འདྲིལ་ཞིང་བསྡིགས་པས། རི་ལ་མེ་དཔུང་ཆེན་པོ་བྱུང་སྟེ་དམག་རྣམས་ཐམས་ཅད་བསྲེགས་ཤིང་བརླག་པར་བྱས། སྐུ་དགྲ་ཐུལ་རྗེས་ལོ་གསུམ་གྱི་བར་ལ་དབུལ་ཞིང་ཕོངས། མངའ་བདག་རལ་པ་ཅན་གྱི་བར་ཡན་ཆད་དུ་རྒྱ་གར་དང་བོད་ཀྱི་བར་དུ་འབྱོན་བཞུད་ཀྱི་ངང་དུ་ཡོད་པ་ལས། རྒྱལ་པོ་གླང་དར་མས་བསྟན་པ་བཤིགས་པའི་དུས་རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས། ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བདོའོ་ཆོས་མཛོད་ཅིག་ཟེར། ད་རུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་པར་སོང༌། དེར་རྒྱལ་པོ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་དང་བཅས་པ་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང༌། སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་འདིའི་དྲིན་ཡིན། དར་མས་བསྟན་པ་བསྣུབས་པ་ཐུགས་ཀྱིས་མ་བཟོད་དེ་སླར་ཡང་དྲག་སྔགས་སྤུ་གྲི་རེག་ཆོད་མང་པོ་ཚགས་སུ་བཙུད་ནས་མངོན་སྤྱོད་ཀྱི་ཐུགས་རྗེས་མཚམས་སྦྱར་བར་དགོངས་པ་ལ། སྡིག་སྤྱོད་རྒྱལ་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས་བསྒྲལ་ཟིན་པས་དྲག་སྔགས་འཆོལ་གྱི་དོགས་ནས་གཏེར་དུ་སྦས། མདོའི་འགྲེལ་ཆེན་མུན་པའི་གོ་ཆ་དང༌། དཀའ་གཅོད་སྨྲ་བའི་མཚོན་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པའི་མངོན་རྟོགས་འགྲེལ། རྫོགས་ཆེན་གྱི་མན་ངག་བསམ་གཏན་མིག་སྒྲོན་སོགས་བསྟན་བཅོས་རྩོམ་པ་དང༌། བཤད་སྒྲུབ་ཀྱི་ཕྲིན་ལས་ཀྱིས་བསྐྱེད་རྫོགས་གསུམ་གྱི་བསྟན་པས་ས་སྟེང་ཁྱབ་པར་མཛད། འདི་ལ་སློབ་མ་མང་ཡང་ཁྱད་པར་དུ་འཕགས་པའི་སློབ་མ་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་གཅིག་དང་ལྔ་བྱུང་སྟེ། སློབ་དཔོན་ཉིད་ཀྱི་མགུར་ལས། གནུབས་བན་ཡང་དབང་གཏེར། །ཤེས་རབ་ནགས་ཚལ་ལ། །ཡོན་ཏན་ལྗོན་ཤིང་འཁྲུངས། །སྣོད་ཀྱི་མཆོག་ལྔར་བླུག །གཅིག་གིས་རྩ་བ་ཁྱེར། །བློན་ཆེན་འཕགས་པ་ཡིན། །གཅིག་གིས་ལོ་མ་ཁྱེར། །ལེགས་པའི་སྒྲོན་མེ་ཡིན། །གཅིག་གིས་མེ་ཏོག་ཁྱེར། །དན་གྱི་ཡོན་ཏན་མཆོག །གཅིག་གིས་འབྲས་བུ་ཁྱེར། །ཡེ་ཤེས་དབང་ཕྱུག་ཡིན། །གཅིག་གིས་ཐམས་ཅད་ཁྱེར། །ཡོན་ཏན་རྒྱ་མཚོ་ཡིན། །ཞེས་གསུངས་པ་ལྟར།

སྲས་བཞི་ནི། རྩ་བ་རྒྱུད་ལ་མཁས་པ་སྤ་གོར་བློན་ཆེན་འཕགས་པ། ལོ་མ་བདུད་རྩི་ལ་མཁས་པ་སྲུའི་སྟོན་པ་ལེགས་པའི་སྒྲོན་མེ། མེ་ཏོག་བརྒལ་ལན་ལ་མཁས་པ་དན་ཡོན་ཏན་མཆོག འབྲས་བུ་ལྟ་དགོངས་ཀྱི་གནད་ལ་མཁས་པ་སོ་ཡེ་ཤེས་དབང་ཕྱུག་གོ །སྲས་ཀྱི་དམ་པ་གཅིག་ནི། དེ་བཞི་ཀ་ལ་མཁས་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོའོ། །ཡང་མདོ་དབང་རང་གི་ལོ་རྒྱུས་རྣམས་སུ། ཁུ་ལུང་པ་ལ་དབང་རྒྱུད་གདམས་ངག་གི་བཀའ་བབས། སྲུ་ལ་དབང་བཞི་ཆུ་བོའི་བཀའ་བབས་ཞེས་ཀྱང་འབྱུང་ངོ༌། །དེ་ལ་གནུབས་ཆེན་འདི་ཉིད་མདོ་སྡེ་ལས་ས་བཞི་པའི་བྱང་ཆུབ་སེམས་དཔའ་ཡིན་པར་བསྔགས་ཤིང༌། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ན་འབྱོན་པར་ལུང་བསྟན་པའང་ཉིས་སྟོང་ལ་ཉེ་བའི་རགས་རྩིས་ཏེ། དེང་སང་ཡོངས་གྲགས་ཀྱི་དུས་འཁོར་བའི་བསྟན་རྩིས་དང་བསྟུན་ཏེ་ཞིབ་མོར་བརྩིས་ན་ཆིག་སྟོང་བདུན་བརྒྱ་བཅུ་གཉིས་ན་བྱོན་པ་ཡིན། དེའི་རྒྱུ་མཚན་སྟོན་པ་ལྕགས་འབྲུག་ལ་གཤེགས་པའི་དབང་དུ་བྱས་ཏེ། དེ་ནས་ཉེར་བརྒྱད་འདས་པའི་ས་སྤྲེ་ལ་རྒྱལ་པོ་ཛའི་ཁང་སྟེང་དུ་གསང་སྔགས་བབས། དེ་ནས་ཆིག་སྟོང་དྲུག་བརྒྱ་བརྒྱད་ཅུ་གྱ་བཞི་པ་ཆུ་བྱི་ལ་གནུབས་ཆེན་འཁྲུངས། ཆུ་བྱི་འདི་ཁྲི་སྲོང་ལྕགས་རྟ་ལ་འཁྲུངས་པའི་ཞེ་གསུམ་པ་དང༌། མེ་ལུག་ལས་སད་མི་བདུན་རབ་ཏུ་བྱུང་བའི་དྲུག་པ་ཡིན། གནུབས་ཆེན་གྱི་དགུང་ལོ་ཉེར་བདུན་བཞེས་པའི་ས་སྟག་ལ་ཁྲི་སྲོང་སྐུ་གཤེགས། དེ་ནས་ལོ་བརྒྱད་ཅུ་གྱ་ལྔ་པ་ཆུ་སྟག་ལ་གནུབས་ཆེན་གཤེགས་པས་ན། དར་མས་བསྟན་པ་བསྣུབས་པའི་འོག་ཏུའང་ལོ་སུམ་ཅུ་སོ་བདུན་ཙམ་བཞུགས་པར་མངོན། ཁྱོན་མི་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་གི་བར་དུ་བཞུགས་ནས། མཐར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལས་ལྷུན་གྲུབ་འོད་ཀྱི་ཕུང་པོར་མྱ་ངན་ལས་འདས་སོ།།

༈ སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ནི། སྐྱེ་བ་སྔ་མ་ཡབ་སྲས་སུ་འབྲེལ། འདི་གནུབས་ཁུ་ལུང་དུ་བཙས། སྐྱེ་བ་སྔ་མའི་ཕུ་བོ་རྒྱ་གར་དྷ་ན་དྷ་ལ་ཞེས་པས་གནོད་སྦྱིན་མོའི་རྐང་མགྱོགས་བསྒྲུབས་ནས་གྲུབ་ཀྱང་གཤོག་པ་བཅག་པས་མ་ནུས། སླར་རྐང་མགྱོགས་ཅིག་ཤོས་བསྒྲུབས་པས་ཁོས་ཐུ་བའི་ནང་དུ་དྷ་ན་དྷ་ལ་ཁུར་ནས་མཚན་གང་གཅིག་ལ་ཁུ་ལུང་ཡོན་ཏན་རྒྱ་མཚོའི་རྩར་བསྐྱལ། དེར་ཡོན་ཏན་རྒྱ་མཚོ་སྐྱེ་བ་སྔ་མ་རང་གི་གཅུང་པོར་གྱུར་པ་ལ་རྗེས་སུ་བརྩེ་བས་དབང་བསྐུར། ཡོན་བདག་ལ་ཐུན་མོང་གི་དངོས་གྲུབ་བྱིན་པས་མི་རབས་བདུན་ཚུན་ཆད་དར་བར་གྲགས། ཡོན་ཏན་རྒྱ་མཚོ་ལ་སྒྲུབ་གནས་གྲོང་དུ་མི་རུང་གསུངས་ནས་མཁར་གདོང་ཡོན་མོའི་གཙུག་རུམ་ལྟ་བུའི་ས་གནད་བསྟན་ཏེ། བསྟན་སྲུང་གཤིན་རྗེ་དམར་ནག་དང༌། མ་གཤིན་གྱི་སྐོར་སོགས་བྱིན་ནས་རྒྱ་གར་དུ་གཤེགས། དེར་ཡོན་ཏན་རྒྱ་མཚོ་ལོ་སུམ་ཅུ་ལོན་པའི་ཚེ་རི་དྭགས་གཤོར་དུ་ཕྱིན་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་སྣར་གྱི་ཤུག་ལ་ནག་པོར་བཞུགས་པ་དང་མཇལ་བས། རུས་གཅིག་པ་དང་སྐལ་བ་ཅན་དུ་དགོངས་ནས་ཆོས་སྒོར་བཅུག་སྟེ་རྗེས་སུ་བཟུང༌། དབང་རྒྱུད་མན་ངག་བསྟན་པ་བསྲུང་བའི་ལས་ཁ་ཚར་དང་བཅས་པ་ཐམས་ཅད་ཚང་སྤྲུགས་སུ་གནང་བས་བཀའི་བཅུད་དང་ཐུགས་ཀྱི་ཉིང་ཁུ་ཐམས་ཅད་བབས་པས་གདམས་ངག་ཐམས་ཅད་རྫོགས་པར་གྲགས། འདི་ལའང་ཁེངས་ལོག་བྱུང་སྟེ་གཤེད་མ་བརྒྱས་བསྐོར་བའི་ཚེ་ཡང་འབར་བ་ལྟ་སྟངས་ཀྱི་རྫུ་འཕྲུལ་མངོན་སུམ་དུ་གྲུབ་པས། སྤྱན་གཡས་པ་ནས་མེེ་འབར། གཡོན་པ་ནས་ཆུ་འབྲུལ་པར་སྤྲུལ་པས་གླགས་བལྟ་བའི་སྐབས་མ་རྙེད་པར་རང་རང་གི་ལག་ཆ་འཆོར་བའི་ངང་དུ་འབྲོས་དགོས་པ་བྱུང༌། སྤྱིར་ཡི་དམ་མང་པོའི་ཞལ་གཟིགས། ཟག་མེད་ཀྱི་མངོན་ཤེས་ཤར། འབྱུང་བ་ལ་རང་དབང་བསྒྱུར། དམ་ཅན་བྲན་དུ་ཁོལ། ཆོས་ཉིད་ཀྱི་བདེན་པ་མངོན་དུ་གྱུར་པས་དངོས་གྲུབ་ཆེན་པོ་གཉིས་ཀ་བརྙེས་པ་ཞིག་སྟེ། རྣམ་ཐར་རྒྱས་པ་སོ་ལུགས་ཀྱི་ཡིག་ཆ་སོགས་ལས་ཤེས་སོ།།

༈ འདི་ལ་སྲས་ཡེ་ཤེས་རྒྱ་མཚོ་དང༌། པདྨ་དབང་རྒྱལ་གཉིས་བྱུང༌། གཅེན་ཡེ་ཤེས་རྒྱ་མཚོ་ནི། སྐུ་ཚེ་སྔ་མ་ལ་ཚོགས་བསགས་ཤིང་བཟོད་པ་གོམས་པས་སྐུ་བྱད་མཚར་ཞིང་ཐུགས་དུལ་བས་ཀུན་གྱི་ཡིད་དུ་འོང༌། བླ་མ་ལ་མཆོག་ཏུ་གུས་པས་སྒོ་གསུམ་གྱི་ཞབས་ཏོག་ཅི་མཉེས་བསྒྲུབས་ཤིང༌། ཤེས་རབ་དང་དད་བརྩོན་གྱི་སྤྱོད་པ་ཕུལ་དུ་གྱུར་པས་ཐུགས་ཀྱི་དགོངས་པ་ལོན་ཏེ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བདག་པོར་མངའ་དབང་བསྐུར། དབང་གི་མཛོད་ཐམས་ཅད་ཀྱི་བཅུད་གཏིགས་པས་ཡབ་ལ་མངའ་བའི་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ། བསྙེན་སྒྲུབ་མཐར་ཕྱིན་པས་མཆོག་གི་དངོས་གྲུབ་གནས་ལུགས་ཀྱི་དོན་རྟོགས། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས། སྐུ་ལུས་ལྷའི་དཀྱིལ་འཁོར་དུ་གཞན་ལ་སྟོན་པར་ནུས། དམ་ཅན་རྣམས་བྲན་དུ་འཁོལ། མི་མ་ཡིན་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ། མངོན་སྤྱོད་ཀྱི་ལས་གང་ལའང་འཕྲལ་དུ་རྟགས་འབྱིན་པས་ནུས་རྩལ་ཐོབ་པ་ཡིན་ནོ།།

༈ གཅུང་པདྨ་དབང་རྒྱལ་གྱིས་གཤིན་རྗེ་གཤེད་གྲུབ། ལས་གཤིན་གྱིས་སྲོག་སྙིང་ཕུལ། དབུས་སུ་གཙང་ཆབ་ལུད་པ་ལ་ཆུ་ཁར་སེང་ལྡེང་གི་ཕུར་བུ་བཏབ་པས་ཞག་གཅིག་ཉིད་ལ་འབེན་གང་ཙམ་དུ་ཕྱིར་འཕྱུར་བ་དང༌། བོན་པོ་ནུས་པ་ཅན་དགུ་དུས་གཅིག་ཏུ་བསྒྲལ་བ་སོགས་མངོན་སྤྱོད་དྲག་པོའི་ལས་ལ་ཐོགས་པ་མེད་པའི་མཐུ་སྟོབས་སུས་ཀྱང་འགྲན་པར་མི་ནུས་ཞེས་གྲགས།

༈ ཡེ་ཤེས་རྒྱ་མཚོའི་སྲས་ལྷ་རྗེ་ཧཱུྃ་ཆུང༌། འདིས་རྗེ་བཙུན་མི་ལ་ལ་དྲག་སྔགས་བསྟན་པས་མཐུ་ཆེན་གྱི་གྲགས་པ་ཐོན་པ་དེ་བྱུང༌། སློབ་མ་མང་ནའང་མཆོག་ཏུ་གྱུར་པ་ཉང་ཤེས་རབ་མཆོག འདི་བསྐྱེད་རྫོགས་གསུམ་ཀ་ལ་མཁས་པར་གྲགས་ཤིང་དོག་ལ་གཤོངས་ཀྱི་གཙུག་ལག་ཁང་ཡང་བཞེངས། ཧའོ་སྒོལ་གྱི་བྲག་ལ་སྒྲུབ་པ་མཛད་པའི་ཚེ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་གཟིགས། བྲག་ལ་རྡོ་རྗེ་བརྒྱབ་པས་འཇིམ་པ་ལ་བྱས་པ་བཞིན་ཐིམ་གྱིས་སོང་བ་སོགས་གྲུབ་པ་བརྙེས་པའི་ལོ་རྒྱུས་མང་དུ་ཡོད། དེའི་སློབ་མ་ཆོས་ལུང་ཉང་ཤེས་རབ་འབྱུང་གནས་ཡིན། བླ་མའི་ཐུགས་ཟིན་ཅིང༌། བསྐྱེད་རྫོགས་གསུམ་ཀ་ལ་མཁས་པའི་གྲགས་པ་ཐོབ། དེ་དག་ལས་བརྒྱུད་པ་ཕལ་མོ་ཆེར་རོང་ལུགས་སམ། རུས་ལས་བཏགས་ཏེ་ཉང་ལུགས་ཀྱང་ཟེར་རོ། །ཡང་སོ་ཡེ་ཤེས་དབང་ཕྱུག་གི་སློབ་མ་ངན་ཐུང་བྱང་ཆུབ་རྒྱལ་མཚན། ཀོང་བཙུན་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས་ཏེ་གསུམ་ཀ་ཡིན་གྱི་བྲེང་ཆགས་སུ་མི་འདྲེན་ཞེས་འགོས་གཞོན་ནུ་དཔལ་བ་བཞེད། ཡོན་ཏན་རྒྱ་མཚོ་ཡབ་སྲས་དང༌། སོ་ཡེ་དབང་གཉིས་ཀའི་སློབ་མ་ཉང་ཤེས་རབ་མཆོག དེའི་སློབ་མ་ཡེ་ཤེས་འབྱུང་གནས། དེའི་སློབ་མ་ལྷ་རྗེ་ཟུར་པོ་ཆེ་ནི་སྟོང་ཚབ་འཕགས་པ་རིན་པོ་ཆེ་ལའང་ཐུག་པས། གནུབས་ཆེན་དང་ཟུར་པོ་ཆེའི་བར་ན་བླ་མ་གཅིག་ཡོད་པ་ཡིན་ནོ།།

ད་ནི་ཐ་མ་ཟུར་ལ་བབས་པའི་རྣམ་གཞག་བཤད་པར་བྱ་སྟེ།

དེ་ལ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་བསྟན་པ་ཕྱི་དར་ལ་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུགས། ཟུར་ཆུང་པ་ཤེས་རབ་གྲགས་ཀྱིས་ཡལ་ག་བརྐྱངས། ཟུར་ཤཱཀྱ་སེང་གེས་ལོ་འབྲས་རྒྱས་པར་མཛད་པས་ཟུར་མེས་དབོན་རྣམ་གསུམ་ཞེས་གྲགས་ལ། སྤྱིར་ཟུར་ཞེས་བྱ་བའི་གདུང་འདི་དང་པོ་རྒྱ་གར་ནས་ལྷགས་པ་ཞིག་སྟེ། འཕགས་པའི་ཡུལ་དུ་འོད་གསལ་ལྷ་དབང་གཞོན་ནུ་གཙུག་ཏོར་ཅན། དེའི་སྲས་མན་ད་ཟངས་ཞུས་ཅན། དེའི་སྲས་མདོ་ཁམས་སུ་བྱུང་བ་ཟུར་རྒྱལ་བ་གསུམ་སྒྲགས། དེའི་སྲས་ཟུར་པ་བཤེས་གཉེན་སྟག་སྒྲ་ཅན། དེའི་སྲས་ཟུར་རིན་ཆེན་རྒྱ་མཚོ། དེའི་སྲས་མཚོ་བཟང་མིག་པོ་ཆེ། དེབ་སྔོན་དུ་ལྷ་རྗེ་ཟུར་པོ་ཆེ་འདིའི་སྲས་སུ་འཆད་ཅིང༌། གཞན་དུ་ཨ་ཙ་རའི་སྲས་སུ་འདོད་ཀྱང༌། འདིར་ཟུར་པའི་རབས་ཉི་ཤུ་རྩ་བདུན་གྱི་ཡི་གེ་ཞིག་མཐོང་བ་དེ་ཉིད་བཙན་པར་བགྱིས་ཏེ་མིག་པོ་ཆེ་ལ་ཟུར་ཨ་ཙ་ར། ཟུར་ཁ་ཅན་ལག་ཅན། ཟུར་བཟང་ཤེས་རབ་འབྱུང་གནས་ཏེ་སྲས་གསུམ་བྱུང་བའི་ཐ་ཆུང་ཤེར་འབྱུང་གི་སྲས་ལྷ་རྗེ་ཟུར་པོ་ཆེ། ཟུར་སྟོན་བླ་མ། ཟུར་སྒོམ་རྡོ་རྗེ་འབྱུང་གནས། ཟུར་སྒོམ་ཆུང་དང་བཞི་བྱུང་ལ། ཆེ་བ་ཨ་ཙ་རས་རྒྱ་གར་ལ་བྱོན་པའི་སྲས་ཉི་མའི་སྙིང་པོ། སླར་བོད་དུ་བྱོན་ནས་ཐག་ལུང་པར་བཞུགས་པའི་སྲས་ཟུར་ཐག་པ་སྒོམ་ཆེན། དེའི་སྲས་ཟུར་ཆུང་ཤེས་རབ་གྲགས་པ་ཡིན་ཞེས་སྨྲའོ།།

༈ དེ་ལ་ལྷ་རྗེ་ཟུར་པོ་ཆེ་ནི་དཔལ་ཆེན་པོ་འཇིག་རྟེན་དུ་མངོན་སུམ་བྱོན་པ་ཞིག་སྟེ། ཡུལ་མདོ་ཁམས་ཀྱི་སའི་ཆ་ཡར་རྫོང་ངམ་གསར་མོ་ཞེས་བྱ་བར་ཡུམ་ཡོན་བདག་མོ་བདེ་བ་ལྕམ་ཞེས་བྱ་བའི་སྲས་སུ་འཁྲུངས། ལྷུམས་སུ་ཞུགས་པའི་ཚེ་ཡབ་ཀྱི་མནལ་ལམ་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་ཕྱག་ཏུ་བྱུང་བ་དང༌། འཕགས་པ་སྤྱན་རས་གཟིགས་ཡུམ་ལ་ཐིམ་པ་སོགས་བྱུང་བས་སྤྲུལ་པའི་སྐུར་ཤེས་ནས་མཚན་ཤཱཀྱ་འབྱུང་གནས་སུ་བཏགས། ཡབ་ལས་བྲི་ཀློག་མཁྱེན་པར་མཛད། སྒྱུ་འཕྲུལ་གྱི་སྐོར་དང་མན་ངག་ཕྲན་ཚེགས་ཞུས། བླ་ཆེན་དགོངས་པ་རབ་གསལ་ལས་ཚིགས་གསུམ་རིམ་ནོད་ཀྱིས་ལོ་དུས་ལ་བསྙེན་པར་རྫོགས། འདི་སྤྲུལ་པའི་སྐུར་འདུག་པས་མཚན་སྤོ་མི་དགོས་གསུངས། མེས་པོ་རིན་ཆེན་རྒྱ་མཚོའི་དྲུང་ནས་མཚན་ཉིད་སྡེ་གསུམ། ཀྲི་ཡ། རྣམ་འཇོམས། རྣམ་སྣང༌། སྒྱུ་དྲྭ། དཔལ་མཆོག་དང་པོ་རྣམས་དང༌། གསང་སྔགས་ནང་གི་མན་ངག་ཐབས་ལམ་ལ་སོགས་པའང་མཁས་པར་མཁྱེན། དེ་ཡང་གསུངས་ལས། རྩ་རླུང་རྟ་རུ་ཞོན། གཏུམ་མོ་གོས་སུ་གྱོན། གདམས་ངག་སྐྱོ་གྲོགས་སུ་ཁྲིད། དད་པས་སྣ་དྲངས་ཏེ་མདོ་ཁམས་ཀྱི་ས་ཆ་བརྒལ་ནས་འདམ་གྱི་ཕྱོགས་སུ་ཉེ་བར་སླེབ་ཅེས་གསུངས་པ་ལྟར། ཁམས་ནས་འདམ་དུ་སླེབ་པའི་ཚེ་ལམ་ཆ་མ་འཚལ་བ་ལ་སྤྲིན་གསེབ་ནས་ལྷའི་བུ་གཉིས་ཀྱིས་ལམ་བསྟན་ཏེ་དབུས་ཕྱོགས་སུ་བརྟོལ། ཡར་ཀླུང་ན་མོ་ལུང་དུ་ཀྲི་ཡ་ལ་སྒྲུབ་པ་མཛད་པའི་ཚེ་ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་རིགས་སད་དེ། སྤོང་ལེན་རྩོལ་བཅས་ཀྱི་ལམ་འདི་ནི་འཆིང་བའི་རྒྱུར་འདུག ཚེགས་ཆུང་ལ་བྱ་སླ་བ་གསང་སྔགས་བླ་མེད་ཀྱི་ལམ་ཞིག་དང་མཇལ་བར་ཤོག་དགོངས་པའི་ནུབ་ནགས་ཚལ་ཅན་གྱི་རི་ལ་སྒོམ་ཟེར་བ་ཞིག་བྱུང༌། དེར་གཙང་པོ་ལ་ལམ་རྒྱུས་བཅོས་ནས་གཙང་ལ་གཏད་དེ་བྱོན། གསང་སྔགས་ཀྱི་ཆོས་ལ་མཁས་གྲུབ་བརྙེས་པ་སུ་ཡོད་དྲིས་པས་ནགས་ཚལ་གསུམ་སྒྲིལ་བྱ་བ་ན་ཡོད་ཟེར། དེར་སྔར་གྱི་རྨི་ལམ་དྲན་ནས་བྱོན། དགེ་གོང་གི་ལྕེ་ཤག་མཆོག་ལ་བདུད་རྩི་སྨན་སྒྲུབ་ལ་སོགས་པ་ཞུས། སྤྱིར་ཟུར་ཆེན་ལ་བླ་མ་མང་དུ་བཞུགས་ཏེ། ཁྱད་པར་དུ་ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལས་ཟུར་པའི་མེ་ཏོག་ཕོག་པའི་ཆོས་སྒྱུ་འཕྲུལ་དང་སེམས་ཕྱོགས་བརྙེས་པ་ཡིན། ཐོག་མར་ནམ་མཁའ་སྡེ་ལ་མདོ་པར་ཁབ། རྫོགས་ཆེན་མན་ངག་དང་བཅས་པ། ཡུལ་གསེར་གྱི་གཉན་ནག་དབང་དྲག་དང༌། ལྕེ་ཤཱཀྱ་རྒྱལ་མཚན་ལས་གསང་དབང་དང་ཐབས་ལམ། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལ་ཀ་དག་དང་ལྷུན་གྲུབ། སྒྱུ་འཕྲུལ་ལམ་རིམ། མཆིམས་ཕུའི་རོག་ཤཱཀ་འབྱུང་དང་ལྡན་མ་ཤེར་ཚུལ་ལས་ཡང་དག ཞུ་སྟོན་བསོད་ནམས་ཤཱཀྱ་ལས་མདོ་ཡོངས་རྫོགས། སྟོང་ཚབ་བྱང་ཆུབ། རྒྱ་སྟོན་བློ་གྲོས། བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལའང་མདོ་ལུང༌། དབང་སྒྲུབ། རྒྱུད་འགྲེལ་ཕྲིན་ལས་དང་བཅས་པ་གསན་ཞིང༌། བླ་མ་དེ་དག་ཀྱང་རྟ་ལ་སོགས་པའི་བདོག་དགུའི་འབུལ་བ་དང༌། འཁོར་གསུམ་ཡང་དག་གི་མཆོད་པས་མཉེས་པར་བྱས་པ་འབའ་ཞིག་གོ།

ཚུལ་འདི་ལྟ་བུས་མཁས་པ་མང་པོའི་མན་ངག་བླངས། དགོངས་པ་ཉམས་འོག་ཏུ་ཆུད། སྡེ་སྣོད་དང་རྒྱུད་སྡེའི་གྲུབ་མཐའ་ཀུན་ལ་མཁས་ཤིང་ཆུབ་པར་བྱས་ནས། རྩ་རྒྱུད་དང་བཤད་རྒྱུད་སྡེབས། རྩ་བ་དང་འགྲེལ་བ་སྡེབས། རྒྱུད་དང་སྒྲུབ་ཐབས་སུ་སྡེབས། སྒྲུབ་ཐབས་ཆོག་ཡིག་ལ་སོགས་པར་སྡེབས་ནས་ལག་ལེན་དུ་ཐེབས་པར་བྱས། ནགས་ཚལ་ཅན་གྱི་རི་ལ་དཔལ་ཡང་དག་གི་སྒྲུབ་པ་ཁོ་ན་ལ་གཅིག་ཏུ་གཞོལ་བས་བསྐྱེད་རྫོགས་སྡེ་གསུམ་གྱི་གདིང་ཆེན་པོ་སྟོབས་སུ་གྱུར། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། སློབ་མ་མང་དུ་འདུས་པ་ལ་མདོ་དང་སྒྱུ་འཕྲུལ་གྱི་འཆད་ཉན་ཡང་མཛད། རྒྱུན་དུ་གཡེང་བའི་ལས་ཐམས་ཅད་རྣམ་པར་སྤངས། ཆེ་ཐབས་དང་འདུ་འཛི་བཤིགས། བྱང་ཆུབ་ཕྱི་དུས་ལ་མི་རེ་བ་ད་ལྟ་ཉིད་ཁོ་ནར་མངོན་དུ་མཛད་པའི་བརྩོན་འགྲུས་དྲག་པོ་རྒྱུད་ལ་བརྟེན་ནས་བསྒྲུབས་པས། རེ་ཞིག་ན་གཏོར་ལེན་དུ་རྣལ་འབྱོར་པའི་རྣམ་པ་ཅན་ཞིག་བྱུང༌། དེ་ལ་ཅུང་ཟད་བྱིན་པས་ཁོས་རིལ་པོར་ཐོབ། རྩིག་པའི་དྲུང་ནས་ཕར་འགྲོ་བ་དང༌། ཟུར་པོ་ཆེ་འདི་སྙན་པ་དང་ཡོན་ཏན་མངའ་བ་ཞིག་འདུག་སྟེ། རོག་ཤཱཀ་འབྱུང་གི་རྒྱུན་གཏོར་ཙམ་ཡང་མི་འདུག་ཟེར། དེ་ཉེ་གནས་ཀྱིས་ཐོས་ནས་བླ་མ་ལ་ཞུས་པས། བོས་ཤོག་གསུངས། འབོད་དུ་ཕྱིན་པས་ཕུག་པ་གཅིག་ན་ཀ་པཱ་ལ་ནས་ཟན་འབྲུལ་ཟ་ཞིང་སྣང༌། འདོང་ངོ་བྱས་ཀྱང་ཡོང་མ་ཉན་པར་རོག་ཤཱཀ་འབྱུང་མཆིམས་ཕུ་ན་ཚེ་ལ་དབང་ཐོབ་ནས་ཡོད་པ་ཡིན། ཟུར་པོ་ཆེ་ལ་ཆོས་ལེན་མི་ཐོང་གྱིས་ཤིག་ཟེར་ནས་རྐང་པ་ས་ལ་མ་རེག་པར་སོང༌། དེར་བཟང་སྒོམ་ཤེས་རབ་རྒྱལ་པོ་དྲེའུའི་ཁལ་དང་བཅས་ཆོས་ལེན་དུ་བཏང་བས། བསམ་ཡས་སུ་སླེབས་ཏེ་དྲིས་ཙ་ན་སུ་ལའང་བཤད་རྒྱུ་མི་གདའ། སླར་རྒན་མོ་ཞིག་གིས་དེ་དང་པོ་ཙ་ན་མཆིམས་ཕུའི་རི་འདི་ལ་ཡོད་པ་ཡིན་ཟེར། རྫིའུ་གཅིག་གིས་རི་འདི་ལ་ཡོད་ཡོད་འདྲ། སྐབས་རེ་ཙ་ན་རྔ་དང་རུ་ལུའི་སྒྲ་ངས་ཀྱང་ཐོས་ཟེར། དེར་བཟང་སྒོམ་གྱིས་རྩྭ་ཕང་ཕུང་ཡོད་ས་ཞིག་ཏུ་ཁལ་ཕོག དད་གུས་ཀྱིས་གསོལ་བ་བཏབ། སྒྲ་ཆེན་པོ་དང་བཅས་བྲག་ཕུག་གི་སྒོ་དེ་མཐོང༌། དེར་མོས་གུས་ཆེན་པོ་དང་བཅས་པར་ཐལ་གྱིས་སོང་བས། གསང་བའི་སྒྲོལ་གིང་བཅོ་བརྒྱད་ཀྱིས་འདུ་བར་འོང་བ་འདི་སྒྲོལ་ཅིག་ཟེར། དེར་བླ་མ་རོག་གིས་འདི་ལས་ཅན་ཡིན་པས་མི་རུང་གསུངས། ལོ་རྒྱུས་ཞུས་པས། ང་རོག་ཤཱཀ་འབྱུང༌། སློབ་མ་ཟུར་ཤཱཀ་འབྱུང༌། མཚམས་སྦྱོར་ཤེས་རབ་རྒྱལ་པོ། རྟེན་འབྲེལ་བཟང་གསུངས། དེར་བཟང་སྒོམ་ལ་སངས་རྒྱས་མཉམ་སྦྱོར། ཡང་དག་གི་བདག་གཞན་དཀྱིལ་འཁོར་བཅུ་གཉིས་ཡང་ཕུར་སྦྲགས་མ་ལ་སོགས་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་ཀྱི་དབང་བསྐུར། དཔེ་དང་བཀའ་ལུང་རྗེས་སུ་གདམས་པ་ཐམས་ཅད་ཐོབ་སྟེ་བསམ་ཡས་བརྒལ་བར་སླེབ་པའི་དུས་སུ། ཁལ་གྱི་སྟེང་ན་ཁྱེའུ་དར་གྱི་བེར་ཐོད་ཅན་ཞིག་མཐོང་བས་སླར་ལོག་སྟེ་དྲིས་པས། ཚངས་པ་དུང་ཐོད་འགོ་བ་ཡིན་གསུངས་ནས་གསོལ་ཀའང་གནང༌། སླར་གདམས་པ་བླ་མ་ཟུར་ཆེན་ལ་གསང་བའི་ངང་ནས་ཕུལ། དཔོན་སློབ་ཀུན་གྱིས་སྒོམ་སྒྲུབ་ལོ་དུ་མར་མཛད་ཅིང་འཆད་ཉན་བསྐྱངས་པས་འགྲོ་ཕན་ཆེ་བར་བྱུང་ནའང༌། ཟུར་ཆེན་པོ་དབེན་པ་འབའ་ཞིག་ལ་ཐུགས་གཏོད་པས། འདི་ཡང་དགེ་སྦྱོར་གྱི་གཡེང་བར་འདུག་པས་བོ་དོང་མངའ་བདག་བྲག་ལ་འགྲོ་གསུངས་ཏེ་དེར་གཅིག་པུར་སྒོམ་སྒྲུབ་ལ་ཞུགས་ཙ་ན། བུ་སློབ་རྣམས་ཀྱང་རྗེས་སུ་འབྲངས་བྱུང་བས། ཁྱོད་རྣམས་ངའི་རྩ་བར་ཡོང་དོན་བྱང་ཆུབ་ཐོབ་པར་རེ་བ་ཡིན་ན་སྒོམ་སྒྲུབ་མིན་པ་གཞན་གང་གིས་ཀྱང་ཕན་མི་ཐོགས། འཇིག་རྟེན་གྱི་གཡེང་བ་རྒྱབ་ཏུ་ཞོག་ལ་སྒྲུབ་པ་ལ་འབུངས། ང་ཡང་སྒྲུབ་པ་ཁོ་ན་བྱེད་གསུངས་ཏེ། དཔོན་སློབ་ཀུན་སོ་སོར་སྒྲུབ་པ་མཛད།

དེ་ནས་རེ་ཞིག་ན་མཁའ་འགྲོའི་ལུང་གིས་ས་སྨད་ལ་ཕེབས་ན་འགྲོ་དོན་ཆེ་བར་བསྐུལ་བས། རྟ་ནག་གི་ལུང་པར་བྱོན། འུག་པའི་ཚང་ཡོད་པའི་བྲག་ཕུག་ཁ་ཤར་བསྟན་གཅིག་ཏུ་ཡང་དག་ལྷ་དགུའི་སྒྲུབ་པ་མཛད་པས་དཔལ་ཆེན་པོ་ཡང་དག་ཞལ་མངོན་སུམ་དུ་མཐོང༌། དེ་ལྟར་བཞུགས་གནས་ཀྱི་མིང་ལས་བླ་མ་འུག་པ་ལུང་པ་ཞེས་ཀུན་ཏུ་གྲགས། དེར་སྒྲུབ་རྒྱགས་ཀྱང་དཀོན་ཞིང་འབྱོན་པའི་ལུང་བསྟན་ཀྱང་བྱུང་ནས་སྨད་ཕྱོགས་སུ་ལྗོངས་བསྒྱུར་བར་ཆས་པས། གཞི་བདག་ཟེ་རེ་ཟེ་བཙན་བྱ་བས་གཟུགས་བསྟན་ཏེ་བཞུགས་པར་ཞུས་པ་ན། ང་ལ་གནས་གཞན་དུ་འགྲོ་བའི་ལུང་བསྟན་ཀྱང་བྱུང༌། རྒྱགས་ཀྱང་མེད་པས་འགྲོ་གསུངས་པར། དཔོན་སློབ་རྣམས་ཀྱི་འཚོ་བ་བདག་གིས་འབུལ། ཅིས་ཀྱང་བཞུགས་པར་ཞུ་ཞུས་པས། རེ་ཞིག་བཞུགས་པར་ཞལ་གྱིས་བཞེས། རྟ་ནག་གི་ཕྱུག་པོ་ཞིག་ལ་ནད་དྲག་པོ་བྱུང་ནས། མོ་ལུང་ལ་ཚོགས་གཏོར་ཐོང༌། བླ་མ་འུག་པ་ལུང་པ་ལ་བྱིན་རླབས་ཞུས་ཟེར་བས། ནད་པས་བླ་མའི་དྲུང་དུ་ཕྱིན་པས་ཞལ་མཐོང་བ་ཙམ་གྱིས་བདེར་སོང༌། བྱིན་རླབས་ཞུས། ཚོགས་འཁོར་བྱས་མ་ཐག་ཏུ་ནད་ལས་གྲོལ། དེ་བཞིན་དུ་ནད་གདོན་གྱིས་མནར་ཚད་ལ་བྱིན་རླབས་དཔག་ཏུ་མེད་པ་བྱུང་བས་སྐྱེ་བོ་རྣམས་དད་དེ་སྐུ་བསོད་ཆེན་པོ་སྐྱེས། བླ་མའི་དགོངས་པ་ལ། ཐུན་མོང་གི་བསོད་ནམས་འདི་མཆོག་སྒྲུབ་པའི་བར་ཆད་ཆེན་པོ་ཡིན། རི་བོ་དགུ་འདུས་ལ་སྒོམ་དུ་འགྲོ་དགོངས་ནས་གཤེགས་ཙ་ན། གཞི་བདག་དེས་སྒྲུབ་རྒྱགས་ནི་ཕུལ་ཡོད། ཅིས་ཀྱང་བཞུགས་པར་ཞུ་ཟེར་བས། ཁྱོད་ཀྱི་འཚོ་བ་འདི་གཞི་དག་པོ་ཞིག་ཀྱང་དཀའ། འདུ་འགོད་ཀྱིས་གཡེང་བར་གྱུར་པས་ད་ལན་འགྲོ་གསུངས་པས། ཁོང་གདོང་མཆི་མས་གང་ནས་ཅིས་ཀྱང་མི་བཞུགས་ན་བདག་ལའང་ཐུགས་རྗེས་དགོངས་འཚལ་ཞུས་ནས་སྲོག་སྙིང་ཕུལ། བླ་མས་དགེ་བསྙེན་གྱི་གདམས་པ་ཕོག་ནས་བསྟན་པ་བསྲུང་བར་བསྒོས། མར་ལམ་ཇོ་མོ་སྣ་དམར་ཡང་དམ་ལ་བཞག དེ་ནས་གཡས་སུ་ཐར་དུ་བྱོན། ཟུར་ཆུང་པ་ལ་ང་ལ་རི་བོ་དགུ་འདུས་སུ་སྒོམ་ཟེར་བའི་ལུང་བསྟན་བྱུང་བ་དེ་བྲག་རྒྱ་བོ་འདི་ཡིན་པར་འདུག་གསུངས་ནས་དཔོན་སློབ་ཐམས་ཅད་སྒྲུབ་པ་ལ་བཞུགས་སོ།།

དེའི་ཚེ་ལྷ་རྗེ་ཟུར་པོ་ཆེ་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ཡོད་པ་ལས་རྩེ་མོ་བཞི་ནི། ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས། སྒྱུ་འཕྲུལ་གྱི་བཤད་པའི་རྩེ་མོ་མི་ཉགས་ཁྱུང་གྲགས། མཁྱེན་བརྒྱའི་རྩེ་མོར་གྱུར་པ་ཞང་འགོས་ཆུང༌། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་བཟང་སྒོམ་ཤེས་རབ་རྒྱལ་པོ། རྩེ་ལྐོག་ནི་ཆོས་ཀྱི་སྟེང་དུ་ཕོ་ཟོའི་རྩེ་མོར་གྱུར་པ་རྩགས་བླ་མའོ། །ཡང་རྩེ་ལྐོག་བརྒྱད་དུ་འདྲེན་པའང་ཡོད་དོ། །དེ་བཞིན་དུ་གྲུ་སྒོམ་འགྱིང༌། ཡུལ་སྒོམ་ནག་མོ། ལྕེ་སྒོམ་ཤཱཀ་རྒྱལ། ཟུར་སྒོམ་རྡོར་འབྱུང༌། གཡུ་སྒོམ་ཇོ་འབར། སྒོམ་པ་བསོད་ནམས་སྙིང་པོ་ལ་སོགས་ཏེ་སྒོམ་ཆེན་བརྒྱ་རྩ་བརྒྱད་དོ།།

དེ་ཐམས་ཅད་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ཐོབ་པ་འབའ་ཞིག་ཏུ་གྲགས། དེ་ནས་རེ་ཞིག་བླ་མའི་དྲུང་དུ་བུད་མེད་གསུམ་བྱུང་ནས། གཡས་རུ་ཤངས་ཀྱི་མདའ་ཤངས་ཆུའི་ཤར་ན་ལུང་པ་དབྱིབས་ཟླ་གམ། ཕུ་ན་བྲག་སྙིང་འདྲ་བ། མདའ་ན་ཐང་མ་ཏྲཾ་བསྒྲལ་བའི་པགས་པ་ལྟ་བུ། རི་དབྱིབས་གླང་པོ་ཆེའི་སྣ་འདྲ་བ་ལ་བྲག་སེང་གེའི་ཡ་ཐོད་ལྟ་བུ། རྫ་གསུམ་ནས་ཆུ་གསུམ་འབབ་པ་སྐུ་གསུམ་གྱི་དོན་རྙེད་པ་ཞིག་ཡོད་ཀྱི། དེར་བསྒོམས་ན་སྐྱེ་བ་འདི་ཉིད་ལ་འཚང་རྒྱ་ཞིང༌། འགྲོ་དོན་ཡུན་རིང་བར་འགྱུར་རོ་ཞེས་ལུང་བྱིན་པས། ཟུར་ཆུང་པ་ལ་བྲག་རྒྱ་བོ་སྒྲུབ་གནས་ཀྱི་ཕ་ཕོགས་སུ་མཛད། བླ་མ་འཁོར་དང་བཅས་པ་མར་བྱོན། ས་དམིགས་མཁྱེན་ནས་ཞང་མོ་ཡོན་ཏན་རྒྱན་གྱིས་སྦྱིན་བདག་བྱས། དེས་ཕུལ་བའི་ཕུག་པར་བླ་མ་བཞུགས། ཟུར་ཆུང་པ་སོགས་སྒོམ་ཆེན་བརྒྱ་ལྷག་ཙམ་ཡོད་པ་ལུང་པའི་ཕུ་མདའ་ཐམས་ཅད་སྤྱིལ་པོ་དང༌། བྲག་སྐྱིབས་དང༌། ལྷག་སྐྱོབས་ལ་བརྟེན་ནས་སྒྲུབ་པ་མཛད། ཡུལ་མི་ཚོ་བདུན་གྱིས་ཞབས་ཏོག་བྱས་ཤིང༌། ཡོན་བདག་གི་རྩ་བ་སྲམ་པ་བོན་གྲོང་པས་བྱས། བླ་མ་སངས་རྒྱས་དངོས་སུ་འཛིན་ཏོ།།

དེར་ལོ་མང་པོར་སྒྲུབ་པ་མཛད། ཞི་བ་ཞེ་གཉིས་དང༌། ཁྲག་འཐུང་ལྔ་བཅུའི་ཞལ་མཐོང༌། ཁྱད་པར་དུ་ཡང་དག་གི་ལྷ་ཚོགས་མི་དང་མི་ཕྲད་པ་བཞིན་གཟིགས་ནས་གསུང་གླེང་མཛད། གཽ་རཱི་བརྒྱད་ལ་སོགས་པ་བྲན་དུ་ཁོལ། མི་མ་ཡིན་པ་རྣམས་ཀྱིས་ལས་གང་བཅོལ་ཉན་པ་བྱུང༌། དེར་བླ་མའི་ཞལ་ནས། ངས་འུག་པ་ལུང་གི་ས་རྡོ་རི་བྲག་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་སུ་མཐོང༌། ཁྱད་པར་དབེན་སེར་མོའི་ལྷོ་རི་འདི་རྒྱལ་བ་རིགས་ལྔར་རྒྱུན་དུ་མཐོང་བས་ཞི་བའི་ལྷ་ཁང་བཞེངས་གསུངས་ཏེ་སྟ་གོན་མཛད། སའི་དཔྱད་གཟིགས་ནས་ས་དགྲ་ངན་པ་དག་བཅོས། ལྷོ་རི་སྡིག་ནག་ཐུར་དུ་རྒྱུག་པ་འདྲ་བའི་རྭ་དབྲག་ཏུ་ཟུར་པོ་ཆེ་དཔལ་ཆེན་པོའི་སྐུར་བཞེངས་ནས་ཞབས་གཡས་པ་བཞག་སར་ཞབས་རྗེས་ཀྱང་བྱུང༌། དེར་ཧེ་རུ་ཀའི་སྐུ་འབུམ་ཕྲག་ཡོད་པའི་མཆོད་རྟེན་དང༌། ཕྱོགས་བཞི་དབུས་དང་ལྔར་རྩེ་མོ་བཞི་དང་རྩེ་ལྐོག་ལྔས་མཆོད་རྟེན་རེ་རེ་ཡང་བཞེངས། ཀླུ་དུང་སྐྱོང་གནས་པའི་ཆུ་མིག་ལ་ཟངས་བཀབ་ནས་ཁ་བཅད། དེའི་སྟེང་དུ་གཙུག་ལག་ཁང་གི་རྨང་བཏིང༌། ཆེ་ཆུང་ཉང་སྟོད་རྩིས་ཀྱི་ལྷ་ཁང་དང་མཉམ་པ་བྱེད་རྒྱུ་ལ། རྡོ་བཟོ་བས་ཅུང་ཟད་བསྐུམ་ཟེར། དེ་བཞིན་དུ་བཟོ་བོ་ཕལ་ཆེར་བསོད་ནམས་མ་ཡིན་པའི་འདུ་བྱེད་པ་ལ་སྤྲོ་བས། ཤིང་ཐམས་ཅད་ཁོད་མི་སྙོམ་ཞིང༌། རིང་ཐུང་དུ་གནས་པ་ལ་སོགས་ཕྱག་རྫས་དྲོན་པའི་ཐབས་འབའ་ཞིག་བྱས་ཀྱང༌། འདི་ལྟར་བྱང་ཆུབ་སེམས་དཔའ་གཏོང་བ་ལ་གོམས་པའི་སྙིང་སྟོབས་ལ་སེར་སྣ་དང་འཇུར་བུའི་རྣམ་རྟོག་གིས་བརྫི་བར་ནུས་པ་མ་ཡིན་པས་ནོར་རྫས་ལ་རྨི་ལམ་དང་སྒྱུ་མ་ལྟ་བུར་གཟིགས། ཀ་ཆེན་ཡ་གཅིག་བྲེགས་ཐལ་ཏེ་མ་སྙོགས་པ། ཞབས་ཀྱིས་བསྒྲིལ་བས་རིང་ཐུང་སྙོམ་པའི་གྲུབ་རྟགས་བསྟན། དེ་ལ་རྡོ་རྗེའི་རྟགས་སྦྱར་ནས་ཡོད། དེ་བཞིན་དུ་ཀ་བ་ཀྱོག་པོར་གྱུར་པ་རྣམས་ཞབས་ཀྱིས་བསྒྲིལ་བས་མདའ་ལྟར་འཁྲོངས་པ་དང༌། ལོག་སྒྲུབ་བཟོད་པ་སོགས་ཚད་མེད་པའི་ཐུགས་རྗེ་དང་ནུས་པ་མཐོང་བས། བཟོ་བོ་རྣམས་སླར་འགྱོད་པ་ཆེན་པོ་སྐྱེས། ལྷ་ཁང་ཚར་བའི་ཤིང་ལྷག་རྣམས་ལ་རྩིག་པ་མེད་པར་ཀ་བ་བཞིས་བཏེགས་པའི་སྒོ་ཁང་ཁྱད་འཕགས་ཞིག་བྱས་པར་འགྱོད་ཚངས་རྒྱ་ཕུབས་ཞེས་གྲགས་ལ་དེ་སླར་མགོན་ཁང་དུ་མཛད། དེ་ལྟར་གཙུག་ལག་ཁང་དབུ་རྩེ་ཀ་བ་བཞི་པ་རྣམ་སྣང་ཀུན་ཏུ་ཞལ་གྱིས་གཙོ་བྱས་པའི་ཞི་བའི་ལྷ་ཚོགས། ཁྱམས་སྟོད་ཀ་བ་བརྒྱད་ཀྱི་སར་སྒོ་སྲུང་རྟ་བདུད་གཉིས། གློ་འབུར་ལྷོ་བྱང་གཉིས་ན་ཡུམ་ཆེན་མོ་དང༌། མར་མེ་མཛད་ལ་མཆོད་ལྷ་བཞི་བཞིས་བསྐོར་བ། མགོན་ཁང་ན་ལེགས་ལྡན། དཔལ་ལྡན་ལྷ་མོ། ཚངས་པ་དང༌། བརྒྱ་བྱིན་རྣམས་འབུར་སྐུ་བྱས། ཁྱམས་སྟོད་ཀ་བ་བརྒྱད་ཀྱི་སར་བླ་མ་བརྒྱུད་པའི་གྱང་རིས། སྐོར་ཁང་ལ་པདྨ་བརྒྱ་ལྡན་ལ་སོགས་པའི་དཀྱིལ་འཁོར་ཉི་ཤུ་རྩ་གསུམ། ཁྱམས་སྨད་ཀ་བ་ཉི་ཤུའི་སར་སངས་རྒྱས་སྟོང་རྩ། ཕྱོགས་བཅུའི་སངས་རྒྱས་ཚེ་དཔག་མེད་ཉེ་སྲས་ཀྱིས་བསྐོར་བ། སངས་རྒྱས་རབས་བདུན། མཛད་པ་བཅུ་གཉིས། བྱང་ཆུབ་སེམས་དཔའ་ཆོས་འཕགས། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། རིགས་གསུམ་མགོན་པོ། མ་ལ་ཡའི་ཞིང་བཀོད། སྲིད་པའི་ཙཀྲ་ལ་སོགས་གྱང་རིས་སུ་མཛད། དེ་ལྟར་སྐྱ་བཟོ་གྲུབ་ནས། ད་ནི་ངའི་ལྷ་ཁང་ཐོག་ཁ་ཡན་ཆོད་གསེར་གྱིས་འབྱུག་པ་ཡིན། གསེར་འབྲོང་རི་ཆུགས་པོ་ལ་འདོན་གསུངས་ནས་དགོངས་པ་མཛད་པས། ནམ་ཕྱེད་ན་གཞི་བདག་བཙན་དེ་རྟ་པ་ནག་པོ་གཅིག་ཏུ་བྱས་ནས་བྱུང༌། ཟུར་པོ་ཆེ་ལ་ཕྱག་དང་བསྐོར་བ་བྱས་ནས་ལྷ་ཁང་གི་ཐོག་ཁ་ཡན་ཆོད་གསེར་དུ་བྱུག་ན་ངོས་ཀྱི་གསེར་འཛད་པས། ལྷའི་སྐུ་རྣམས་ཁྱབ་ངེས་ཞིག་འབུལ་ཟེར་བས་དེ་བཞིན་དུ་མཛད། རབ་ཏུ་གནས་པའི་ཚེ་རྒྱལ་བ་ཟུར་ཆེ་ཆུང་གིས་ཀུན་རིགས་རྣམ་སྣང་གི་དབུ་གཙུག་ནས་ཞུགས་ཐུགས་ཀར་ཐོན། ཐུགས་ཀ་ནས་ཞུགས་དབུ་གཙུག་ཏུ་ཐོན་པ་ལ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པ་བསྟན་པས་བཟོ་བོ་རྣམས་སྙིང་ཐག་པ་ནས་དད་པར་གྱུར་ཏེ། བླ་མའི་ལྷ་ཁང་རི་རབ་ཙམ་ལ་མཆོད་རྟེན་གྱི་འདེགས་བྱེད་ཟེར། བསམ་ཡས་མཆོད་རྟེན་སྔོན་པོ་ལ་དཔེ་བྱས་ཏེ་བཀྲ་ཤིས་སྒོ་མངས་ལྷ་ཁང་གི་བྱང་ཕྱོགས་སུ་དད་བཞེངས་ཀྱིས་ཕུལ། བླ་མའི་མཚན་གདན་ས་ལ་ཆགས་པས་དཔལ་འུག་པ་ལུང་ཞེས་ཡོངས་སུ་གྲགས། ལྷ་རྗེ་ཟུར་པོ་ཆེའི་རིང་ལ་དབུ་བརྙེས། ཟུར་ཆུང་པས་སྲོལ་བཏོད། ཟུར་ཤཱཀྱ་སེང་གེས་དར་རྒྱས་སུ་མཛད་ཟེར་བ་དེ་གདན་རབས་འདིས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པའི་རྣམ་གཞག་ཡིན་ནོ།།

དེ་ནས་འཆད་ཉན་ལ་སོགས་པས་འགྲོ་དོན་རྒྱ་ཆེན་པོ་མཛད། རེ་ཞིག་ན་དཔོན་སློབ་ཀུན་གྱིས་ཡང་དབེན་སེར་མོའི་ཡང་དག་གི་ལོ་སྒྲུབ་མཛད་པས་མར་ཟད་དེ་མཆོད་མེ་མ་བྱུང་བས། ཆུ་མིག་ཞག་བདུན་དུ་མར་ཁུར་བྱིན་གྱིས་བརླབས་ནས་མར་ཁུ་འཛད་མེད་བླངས་ཆོག་པ་བྱུང༌། དེར་ཐོག་མར་འཆད་ཉན་པ་རྣམས་བཤད་པ་ལ་གཙོ་བོར་འདོན་པས་དང་པོ་ཙ་ན་ཕྲིན་ལས་ཤེས་པ་ཉུང་སྟེ། ཁོང་རྣམས་ཆོས་རར་བགྲོ་གླེང་བྱེད་པའི་ཚེ་ཕྲིན་ལས་ཤེས་ཤིང་བགྲོ་གླེང་མེད་པ་དག་མི་ཤེས་པའི་ཕྱོགས་སུ་ཕུལ་བས། རྒྱུན་གཏོར་ལྷན་ཅིག་ཏུ་གཏོང་བའི་ཚེ་ཕྲིན་ལས་ཤེས་པ་ཚོས་གྱེར་དུ་མ་ཉན། དེར་བླ་མའི་ཞལ་ནས། གང་ལ་མཐར་ཕྱིན་པ་གཅིག་གིས་གྲོལ་བ་ཡིན། གཅིག་གིས་གཅིག་ལ་ཁྱད་གསོད་མི་རུང༌། ཐེག་པ་དགུའི་གྲུབ་མཐའ་རང་ས་ན་ཡོད་ཀྱི། ཐེག་པའི་ཁ་འཛིན་པ་མ་ཡིན་གསུངས་པས། ཐམས་ཅད་ལ་དོན་གྱི་གོ་བ་ཁྱད་པར་ཅན་སྐྱེས་ནས་ཞི་དུལ་དུ་གནས་པ་བྱུང༌། དེའི་དུས་སུ་བླ་མའི་ཞལ་ནས། སློབ་མ་རྩེ་མོ་བཞི་ལ། ལམ་ཉམས་སུ་ལེན་པ་ལ་གང་གལ་ཆེ། ཁྱོད་བཞི་པོ་གོ་བ་རེ་ཞོག་གསུངས་པ་ལ། ཟུར་ཆུང་པས། སྔར་ཞེན་གྱི་བག་ཆགས་ཚན་པོ་ཆེ་འདི། མ་བསྒོམས་ན་མི་འཛད་པ་གཅིག་འདུག་པས། ཉམས་ལེན་ལ་བློ་ཐག་ཆོད་པ་གལ་ཆེ། འཕྲལ་གྱི་སྒྲིབ་པ་དྲི་མ་འདྲ་བ་འདི། ད་ལྟ་ནས་དག་དགོས་པར་འདུག་པས། ནང་དང་ནུབ་ཏུ་དགེ་སྦྱོར་བྱེད་པ་གལ་ཆེ། ཇི་སྲིད་གནས་ལུགས་མངོན་དུ་གྱུར་གྱི་བར་དུ་བསོད་ནམས་ཀྱི་ཚོགས་གསོག་དགོས་པར་འདུག་པས། དགེ་བ་ཕྲ་མོ་ལའང་བརྩོན་པ་གལ་ཆེ་ཞུས། དེ་བཞིན་དུ་གཞན་གསུམ་པོས་ཀྱང་རང་སའི་གོ་བ་རེ་ཞུས་པས། བླ་མ་མཉེས་ནས། དམ་པའི་ལྷ་ཆོས་བྱེད་པ་ལ། །ལམ་ལྟ་སྒོམ་སྤྱོད་པ་གསུམ་དུ་གདའ། །ལྟ་བ་ཞེས་མིང་དུ་བཏགས་པ་དེ། །ལྟ་རྒྱུ་བྱུང་ན་ལྟ་བ་མིན། །ལྟ་རྒྱུ་མེད་པའི་དོན་ལ་བལྟ། །ཆོས་ཉིད་བརྗོད་མེད་ལམ་དུ་ཁྱེར། །ཞེས་པ་ལ་སོགས་པ་ལྟ་སྒོམ་སྤྱོད་པའི་ལམ་ཁྱེར་གྱི་མགུར་གསུངས་པས་སློབ་མ་ཀུན་མོས་པ་མཆོག་ཏུ་འཕེལ། དེ་ནས་བླ་མ་ཟུར་པོ་ཆེས་འུག་པ་ལུང་དུ་ཚོགས་པ་བསྐྱངས་ཤིང་རྒྱུད་ཀྱི་བཤད་གྲྭ་དང་སྒོམ་གྲྭ་ཆེན་པོ་མཛད། ཟུར་ཆུང་པས་ཡང་དབེན་སྔོན་མོར་ཡང་དག་གི་སྒྲུབ་པ་མཛད་ཅིང་བཞུགས་ཙ་ན། ཤངས་ཀྱི་སྒྲུབ་ཁང་གདོང་ལ་རྒྱུའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཀྲོང་ངེར་འདུག་པ་གཟིགས། སྒྲུབ་པ་ཐོན་ནས་བླ་མར་ལོ་རྒྱུས་ཞུས་པས། བླ་མའི་ཞལ་ནས། ཟུར་ཆུང་པ་དཔལ་ཆེན་པོ་ལ་གྲུབ་པ་ཐོབ་པ་ཡིན། ང་ལ་རིག་འཛིན་ནམ་མཁའི་སྙིང་པོས་ཀྱང་ཧེ་རུ་ཀའི་སྐུ་བཞེངས་ནས་བོད་འབངས་ལ་གནོད་པའི་གདོན་མཐུ་བོ་ཆེ་ཐུལ་ཞིང་འགྲོ་དོན་འབྱུང་བའི་ལུང་བསྟན་ཀྱང་ཡོད་པས་དེའི་སླད་དུ་འགྲོ་ཞེས་གསུངས། ཉེ་གནས་ལ་འོ་ཅག་ལྷ་ཁང་བཞེངས་པའི་ཡོ་བྱད་སྡོགས་ཤིག ངེད་ཚོས་ས་འདུལ་བྱ་ཡི་གསུངས། བྲག་སེང་གེའི་ཡ་ཐོད་ཀྱི་ཁར་བཞུགས། གཏོར་མ་བཤམས། བླ་མ་དཔལ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས་སྟངས་སྟབས་མཛད་པའི་ཚེ། སངས་རྒྱས་མཐོང་བའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་མངོན་སུམ་པའི་སྐུར་མཐོང་བ་བྱུང༌། དེ་ནས་འགྲམ་རྡོ་བསླང་བའི་དུས་སུ་ཟུར་ཆུང་པ་སྐུ་ལུས་སྦེག་ཅིང་ཞལ་རོད་ངན་པ་ལ་བརྙས་ནས། གཞན་ཀུན་གྱིས་འགྲམ་རྡོ་ཆེན་པོ་རེ་བཞག་གིན། ད་ཟུར་ཆུང་པས་གྱད་རྡོ་གཅིག་འཇོག་ཐང་ཞེས་ཟུར་ཟ་བར་བྱས་པས། ཟུར་ཆུང་པ་ན་རེ། དཔོན་སློབ་རྣམས་ཚ་བ་ལ་གཤེགས་ཤིག ངེད་ཀྱང་ད་ལྟ་འདོང་ངོ་ཟེར་ཏེ་མ་བྱོན། ཁོང་རྣམས་ཀྱིས་ཚ་བ་ཟིན་ནས་ལོག་པ་དང༌། གྱད་ཀྱིས་ཐེག་པ་ལྟ་ཅི་སྨོས། སྒུལ་བའང་མི་ནུས་པའི་ཕ་ཝང་ཆེན་པོ་བརྒྱད་རྨང་གི་ཕྱོགས་བཞི་མཚམས་བརྒྱད་དུ་བཞག་ནས། དེ་ལ་རྡོ་དཀར་གྱིས་ཟུར་ཆུང་པའི་གྱད་རྡོ་ལགས་བྱ་བ་བྲིས་པ་མཐོང་བས། གྲྭ་པ་རྣམས་སྤོབས་པ་སྨད་ཅིང་གཟུ་བོར་གྱུར་པ་དག་མོས་པར་གྱུར་ཏོ།།

དེར་ནག་ཕྱོགས་ཀྱི་ལྷ་འདྲེ་བྱེད་པ་མི་སྲུན་པས་ལྷ་ཁང་བརྩིགས་པའི་འགལ་རྐྱེན་དང་མཐོ་མཚམས་པའང་ཟུར་ཆུང་པས་གྱད་རྡོ་བཞག་པ་ཕྱིན་ཆད་ནས་ཞི་བར་གྲགས། ཤིང་སྒྲིག་རན་པའི་ཚེ་ཀ་བ་བཞི་ཀྱོག་པོར་བྱུང་བ་ན། བླ་མའི་ཞལ་ནས་འདི་ཟུར་ཆུང་པས་སྲོངས་ཤིག་གསུངས་པས། རླུང་ཁུག་པ་གཅིག་གི་ངང་དགྱེ་བ་དང་གུག་པའི་རྟེན་འབྲེལ་གཅིག་མཛད་ནས་མདའ་བཞིན་དུ་བསྲངས། ཐོག་ཕུབ་ཟིན་པ་ཙམ་ལ། ངས་ལྷ་བཟོ་བ་བཀུག་པས་ཁུག་ཡོང་གི་འདུག་གསུངས། ཞག་གཉིས་པ་ལ་ལྷ་བཟོ་ཤེས་པ་འགའ་ཞིག་ཆོས་ཞུ་རུ་བྱུང༌། མ་མཁྱེན་པ་ལྟར་མཛད་ནས། ཁྱོད་རྣམས་ཡོན་ཏན་མཁན་གྱི་རིགས་སམ་གསུངས། བདག་ཅག་རྣམས་ནི་ལྷ་བཟོ་མཁན་ཏེ་སྐུ་དྲུང་དུ་ཆོས་ཞུར་བཅར་བ་ལགས་ཞུས་པས། རྟེན་འབྲེལ་བཟང༌། ཅི་འདོད་པའི་ཆོས་ཀྱང་འོང༌། དུས་ཀྱི་སྙིགས་མ་ལ་འགྲོ་དོན་ཆེན་པོ་འོང་བས་དཔལ་ཆེན་པོའི་སྐུ་བཞེངས་པ་ཡིན། ཁྱོད་རྣམས་ཀྱིས་དེ་བཞིན་དུ་འཚལ་ཞེས་གསུངས་པས། ཁོང་རྣམས་ཀྱང་དང་བ་ཤིན་ཏུ་སྟོན་པར་གྱུར་ནས་དཔལ་ཡང་དག་གི་བུམ་དབང་སྔོན་ལ་བསྐུར། དེ་ནས་དེ་བཞིན་གཤེགས་པའི་གདུང་རིང་བསྲེལ་དང༌། བྲམ་ཟེ་སྐྱེ་བ་བདུན་པའི་ཤ་དུར་ཁྲོད་བརྒྱད་ཀྱི་ས་རྡོ་ཆུ་ཤིང༌། རིན་པོ་ཆེའི་རིགས། རྒྱ་བོད་རིག་འཛིན་གྱིས་བསྒྲུབས་པའི་ཆོས་སྨན་རྣམས་བསྲེས་པའི་ལྡེ་གུ་སྟ་གོན་བྱས། སྐུ་ཚད་ཇི་ཙམ་བགྱི་ཞུས་པས། ཐོག་དཔངས་དང་བསྟུན་པར་གནང༌། དེར་འབྲས་བུའི་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་མཚར་བ་དང༌། རྔམ་པ་དང༌། བཞད་པ་ཅི་ལྟ་བུ་ཞིག་བྱུང་ཡང༌། བླ་མས་ཞལ་མཐོང་བ་ལྟར་མ་བྱུང་བས་སྐྱོར་ཅིག་གསུངས། ལན་མང་པོ་བསྐྱར་དགོས་པ་བྱུང༌། རེས་གཅིག་ན། ད་ང་འདྲ་བ་གཅིག་ཤེས་སམ་གསུངས། ཤེས་མཆི་ཞུས་པས། དོ་ནུབ་གསོལ་བ་ཐོབ་ལ། སང་ང་ལ་ལྟ་རུ་ཤོག་གསུངས། སང་ཟུར་ཆུང་པ་དང་བཅས་ལྷ་བཟོ་རྣམས་ཀྱིས་དྲུང་དུ་ཕྱིན་པས། ཉེ་གནས་དོན་ཡོད་རྡོ་རྗེ་ལ་གཏོར་ཚོགས་ཤོམས་གསུངས། ཡང་དག་གི་ལས་གཞུང་བསྲངས། ཚོགས་འཁོར་མཛད་ནས་ད་ལྟོས་ཤིག་གསུངས་ཏེ་ལྟ་སྟངས་མཛད་པའི་མོད་ལ་ཧེ་རུ་ཀ་དངོས་སུ་གྱུར་ནས། དབུ་སྤྲིན་དང་ན་བུན་གྱི་མཚམས་ན་ལྷག་གེ་བ། ཞབས་གཡས་འུག་པ་ལུང་གི་ཧེ་རུ་ཀའི་བྲག་གདོང་དང༌། གཡོན་བཙད་པོ་པུར་ཁང་གི་རི་རྩེར་བཞག་པ། ཞལ་གཅིག་ཕྱག་གཉིས། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། རྡོ་རྗེའི་གཤོག་པས་བར་སྣང་གང་བ། འཇིགས་ཤིང་རྔམ་པ་གཅིག་མཐོང་བ་དང༌། ལྷ་བཟོ་བ་རྣམས་ཟིལ་མ་བཟོད་པར་དྲན་མེད་དུ་བརྒྱལ། བརྒྱལ་སངས་ཙ་ན་དགོངས་པ་གློད་ནས་བླ་མ་ཞལ་འཛུམ་ལྷག་གེ་འདུག ད་ཤེས་སམ་གསུངས། ད་ལྟ་བཞེངས་རྒྱུ་ཞལ་གསུམ་ཕྱག་དྲུག་པ་གཅིག་བསྟན་པར་ཞུས་པས། དེ་ཡང་ཟབ་སྟེ་གདུལ་བྱའི་དབང་གིས་ཞལ་གཅིག་ཕྱག་གཉིས་འབྱོན། ཞེས་གསུངས་ནས་དེ་ལྟར་བཞེངས་པའི་ཚེ་ལྟེ་བ་མན་ཆད་སྔ་མ་མཐོང་བས་མཚོན་པར་ནུས་ལ། ཡན་ཆད་ད་དུང་སྐྱོར་ཅིག་གསུངས་ནས་ལན་གྲངས་མང་པོར་བསྐྱར་དགོས་པ་བྱུང་བས། ཞལ་ནས་ཁྱོད་ཚོ་སྒྲིབ་པ་མ་དག་པ་ཡིན། འཇིམ་པ་ལེགས་པར་སྦྱོར་ལ་འདིར་ཞོག ཆུ་མིག་ཕ་གི་ངའི་བདུད་རྩི་ཀ་པཱ་ལ་གང་གཏོར་བ་ལས་བྱུང་བའི་སྒྲུབ་ཆུ་ཡིན་པས་ཁྲུས་གྱིས། ལྷ་ཁང་གི་ཕྱི་ལ་སྐོར་བ་ལན་བདུན་སྐོར་ལ་ཤོག དེ་བར་དུ་ནང་འདིར་སུ་ཡང་མ་འོང༌། ངས་དཔལ་ཆེན་པོ་ལ་གསོལ་བ་འདེབས་པ་ཡིན་གསུངས། ཁོང་རྣམས་དེ་ལྟར་བྱེད་པའི་རིང་ལ་ནང་ན་འཕྲོས་དིར་དིར་འདུག ཁྲུས་དང་བསྐོར་བ་ཚར་ནས་ནང་དུ་ཕྱིན་ཙ་ན། སྐུ་དྲུང་ན་སུ་ཡང་མེད། བླ་མ་དགོངས་པ་ལ་བཞུགས། འཇིམ་པ་རྣམས་ཟད། དཔལ་ཆེན་པོ་ལྟེ་བ་ཡན་ཆད་རང་བྱོན་དུ་ཤར་འདུག་པས། བུ་སློབ་དང་ལྷ་བཟོ་བ་ཀུན་ངོ་མཚར་དཔག་ཏུ་མེད་པ་སྐྱེས། ཕྱག་འཚལ་བཞིན་དུ་བླ་མ་རང་གིས་འདི་ལྟར་མཁྱེན་པ་ལ། ཁ་སང་ནས་མི་མཛད་པ་བདག་ཚོར་ཚོད་བགམ་པ་ལགས་མོད་ཞུས་པས། ང་ཉིད་ལྟ་བུའི་གང་ཟག་ལ། །ང་ཉིད་ལྟ་བུའི་རྟེན་གཅིག་བྱུང༌། །སྙིགས་མའི་དུས་སུ་འགྲོ་བ་འདྲེན།།ནད་དང་གདོན་གྱི་གཉེན་པོར་འགྱུར། །སྔར་ཡང་ཧེ་རུ་ཀ་ཉིད་ལ་བརྟེན་ནས་ཧེ་རུ་ཀ་ཉིད་བྱུང་བ་ཡིན་ལ། ད་ཡང་ཧེ་རུ་ཀ་ཉིད་ལ་ཧེ་རུ་ཀ་ཉིད་ཐིམ་པར་འགྱུར་རོ། །ཞེས་མ་འོངས་པའང་ལུང་བསྟན་ནོ།།

སྔོན་དུས་ན་བྱོན་པའི་གྲུབ་པའི་སློབ་དཔོན་ཆེན་པོ་འདི་དག་ནི་གསང་བ་བསྲུང་བ་ལ་ཐུགས་ཤིན་ཏུ་སྒམས་པས། འདི་ལྟར་མིའི་འདུ་ཚོགས་མང་པོ་འོང་སར་གསང་སྒྲུབ་ལྟར་བཞེངས་པ་ཤིན་ཏུ་གཉན་པས་མི་བཏུབ་གསུངས། ཁྲོ་མོ་བརྒྱད་པོ་རྒྱུད་ལུགས་ལྟར་བཞེངས་ཤིག་གསུངས་ནས་བཞེངས། གཡས་ཕྱོགས་ཀྱི་གྱང་རིས་ལ་སྒྱུ་འཕྲུལ་ཞི་བ། གཡོན་ཕྱོགས་ལ་འབར་བ་ཁྲོ་བོའི་ལྷ་ཚོགས། མདུན་དུ་མདོ་ཡོངས་རྫོགས། སྟེང་དུ་དཀྱིལ་འཁོར་གསུམ་དང༌། སྒོ་ཁང་ངོས་ལ་དཔལ་མགོན་མ་ཧཱ་ཀཱ་ལ་དྲག་པོ་གཤིན་རྗེ་ལྟར་སྒྲུབ་པ། སྟག་ཞོན་མོན་པ་སྡེ་བརྒྱད་དང་བཅས་པ་བྲིས། དེ་ནས་རབ་ཏུ་གནས་པའི་དུས་ལ་བབ་སྟེ། ཆང་མ་སུ་ལ་འཆོལ། ཤ་གང་ནས་འཚོལ་སོགས་རབ་སྟོན་གྱི་ཉེར་བསྡོགས་བྱ་བ་ན། ཉེ་གནས་ན་རེ། བཟོ་བོ་དང༌། ལས་བྱེད། མགྲོན་པོའི་སྐྱོང་དར་མང་བས་དངོས་པོ་ཕལ་ཆེར་ཟད། ད་འབུལ་བ་སྒུག་པ་དང་ཡོན་བདག་གི་སར་གཡར་སྐྱིའང་བྱེད་དགོས་པས་རབ་གནས་དལ་གྱིས་གནང་བར་གསོལ་བས། ཟུར་ཆུང་པ་ན་རེ། རབ་གནས་དུས་ལ་བྱེད། ཆང་གི་ནས་བཙལ་བས་མི་ལང༌། རྫ་མས་ཀྱང་མི་ཁོས། དེ་བས་ཆང་མ་ཀླུ་ལ་འཆོལ། ཤ་རྙེད་པའང་དཀའ། རྙེད་ཀྱང་རིན་མི་འཁྱོངས། སྲམ་པ་བོན་གྲོང་པའི་གླང་ལ་ཤ་རྒྱུ་བྱེད། རྩམ་པ་མི་མ་ཡིན་ལ་འདེགས་བསྐུལ་བས་ཆོག དེ་ལྟར་བྱས་ན་མི་ལྡང་བ་གང་ཡང་མེད་གསུངས། དེར་བླ་མ་ཟུར་པོ་ཆེས། ནས་ཁལ་སྟོང་གི་ཆང་ལས་མི་འགྲོ། ཁྱོད་རང་ནས་བྲེ་དྲུག་ཚོས། མིའི་མདུན་ན་རབ་གནས་ཀྱི་ཆང་ཚོད་མང་པོ་ཡོད་པ་ལྟར་གྱིས། ཟུར་ཆུང་པས་ཀླུ་མོ་ཁུག་ཅིག་གསུངས། དེ་ནས་ཡ་ཟད་བྲག་གདོང་གི་བྲག་ལ་གནས་པའི་ཀླུ་བདུད་ཀྱི་སྲིང་མོ་དེ་ཟུར་ཆུང་པས་དགོངས་པ་མཛད་དེ་བཀུག་པས་སྦྲུལ་ཕྲ་མོ་གཅིག་བྱུང༌། ལྟ་སྟངས་མཛད་པས་བུད་མེད་དཀར་མོ་གཅིག་ཏུ་སོང༌། དེར་ཟུར་པོ་ཆེས། ངའི་ལྷ་ཁང་རབ་གནས་ཀྱི་ཆང་མ་བྱེད་དགོས་གསུངས་པས། ངེད་གཙང་མ་ཀླུའི་རིགས་གྲིབ་ལ་སྡར། སྐྱུར་ལ་འཛེམ། བླ་མའི་གཟི་བྱིན་ཡང་མི་བཟོད་པས་ཆང་མགོ་མི་ཐོན། ང་ཡི་མིང་པོ་ལ་འཆོལ་བར་ཞུ། རྐྱེན་གང་དགོས་འབུལ་ཟེར། དེར་བླ་མས་འོ་ན་ཟུར་ཆུང་པས་མིང་པོ་འགུགས་སམ་བྱིན་གྱིས་བརླབས་གསུངས་པས། བདག་གིས་འགུག་པར་འཚལ་ཟེར་ནས་ལྟ་སྟངས་མཛད་པས། སྡིག་པ་རྭ་ཙཱ་རྩིད་བུ་ཙམ་ཞིག་བྱུང༌། ཏིང་ངེ་འཛིན་གྱིས་གཟིར་བས་གཟུགས་མངོན་སུམ་དུ་བསྟན་བྱུང༌། དེར་ཆང་མ་བྱེད་པར་བསྒོས་པས། བདག་ལྷ་འདྲེའི་རིགས་སུ་གཏོགས་པས་བྱ་དགའ་དང་སེམས་འཛིན་དུ་མ་དགོས། ཆང་མ་བྱེད་དུ་མི་ཁོམ་ཡང་བླ་མའི་བཀའ་གཅོག་པར་མི་ནུས་ཟེར། དེར་ཁོང་གཉིས་ཀྱི་སྲོག་སྙིང་བླངས། དམ་ལ་བཞག གནང་ཉིན་ཡོང་བས་གྲབས་མཛོད། ངེད་ཀླུའི་རིགས་གྲིབ་ལ་སྡར་བས་གཙང་ཞིང་སྡོད་ས་བཙན་པའི་ཐབས་ཞུ་ཟེར། དེར་བླ་མ་ཟུར་པོ་ཆེས་ངས་བྱིན་གྱིས་བརླབས་གསུངས། རྫ་མ་ཐེམ་བུ་གསུམ་པ་སྤོས་ཆུས་བཀྲུས། བདུད་དང་ཀླུ་བརྟེན་པའི་མཐུན་རྫས་ཀྱང་འདུ་བྱས། ནས་བྲེ་དྲུག་གི་གླུམ་རྣམས་བླུགས། ཁ་ནས་དཀར་གཙང་མས་བཀང༌། དེར་ཀླུ་བདུད་མིང་སྲིང་གཉིས་བཅུག ཁ་བླ་མའི་ན་བཟའ་ཕོད་ཀས་བཅད། ཕུ་དུང་ནས་ཆུ་བླུག་ཏུ་རུང་བར་བྱས། རྡོ་རྗེའི་མདུད་རྒྱ་བྱས་པས་ཀླུས་ཕྱོགས་ཕྱོགས་ཀྱི་ཆང་རྣམས་ཀྱི་བཅུད་བསྡུས་ཏེ་ཆང་ལ་འཛད་པ་མ་བྱུང༌། དེར་ཉེ་གནས་ཀྱིས་ཆང་གི་ལྡང་མཆི། རྩམ་པ་ཇི་ལྟར་བྱེད་ཞུས་པས། ཕད་སྣོད་མང་པོ་གཡོར་ཅིག་གསུངས། དེར་བླ་མས་གཏོར་མ་གཅིག་མཛད། ཕད་བུའི་སྣོད་རྣམས་སུ་རྩམ་པ་ཁྱོར་བ་རེ་ཐོབ་ལ་ཞོག་གསུངས། དེ་ལྟར་བྱས་པས་སང་ཉིན་སྣོད་ཐམས་ཅད་རྩམ་པས་ཁེངས།

ཡང་བླ་མའི་ཞལ་ནས་གྲྭ་པ་གཅིག་སྲམ་པ་བོན་གྲོང་པའི་སར་དེངས་ལ། ངེད་རབ་གནས་བྱེད་པའི་ཆང་གི་སྦང་མ་མང་པོ་ཤིང་ནགས་ལ་ཕོ་བཏང་བ་འདི་འཕངས། གླང་རྣམས་སྦང་མ་ཟ་བར་ཐོང་གིས་གསུངས། དེ་བཞིན་བྱས་པས་གླང་མང་པོ་བསྐུར་བྱུང༌། བླ་མའི་གསུང་གིས་ཟུར་ཆུང་པ་སྒྲོལ་ལམ་གསོ་གསུངས་པས། བདག་བླ་མའི་བཀའ་བཞིན་སྒྲུབ་པར་ཞུ་ཞུས་པས། ཟུར་པོ་ཆེས་དགོངས་པ་མཛད་དེ་ཐུན་རེ་འཕངས་པས། གླང་ཐམས་ཅད་ཉལ་གྱིས་ཤི པགས་པ་བཤུས། རུས་པ་མ་བཅགས། ལྷུ་ཚིགས་མ་བྲལ་བར་གྱིས། ནང་གི་དོན་སྣོད་རྣམས་ཀྱང་རང་སོར་ཞོག ཕྱི་ཤ་རྣམས་བྲེགས་ཤིག་གསུངས་པས། ཉེ་གནས་སྐྲག་སྟེ། འདི་པ་དཔོན་སློབ་སྡིག་རྒྱལ་དུ་འདུག གླང་ལ་སྦང་མ་སྟེར་གསུངས་ནས་ཐམས་ཅད་བསད། ད་གླང་འདོན་མི་བྱུང་ན་ཇི་ལྟར་བྱེད་སྙམ། བློ་ཤིན་ཏུ་འཚུབ་པའི་ངང་ནས་རབ་གནས་ཀྱི་ཤ་སྟོན་བྱས། སྟོན་མོ་གྲུབ་ནས་གླང་འདོན་མི་བྱུང༌། ཉེ་གནས་རྟབ་རྟབ་པོར་གྱུར་པ་དང༌། བླ་མའི་གསུང་གིས་ཁོང་ཚོ་ལའང་བཟའ་བ་བྱིན། ཟུར་ཆུང་པས་གླང་བདག་པོ་ལ་སྤྲོད་ཅིག་གསུངས། དེར་ཟུང་ཆུང་པས་པགས་པའི་ཁུད་དུ་རུས་པ་རྣམས་དྲིལ། ནང་རོལ་རྣམས་ཀྱང་བཙུད། ན་བཟའ་བཀབ། སེ་གོལ་གཅིག་གཏོགས་པའི་མོད་ལ་གླང་རྣམས་འདར་ཕྲི་ལི་ལི་ལངས་བྱུང༌། རྒན་མོ་གཅིག་གིས་ཤ་འབྲལ་བའི་ཚེ་རུས་རྩིབ་ཧྲད་པ་བྱུང་བས་ཕྱིས་གླང་དེ་ལ་རྩིབ་གྱོལ་བྱུང་སྐད། གསད་གསོའི་རྫུ་འཕྲུལ་དེ་ལྟ་བུ་མཛད་པས་དེར་ཚོགས་ཚད་ཐམས་ཅད་ཤིན་ཏུ་དད་པར་གྱུར། བླ་མ་ཟུར་ཆེན་ཡང་མཉེས་པའི་ངང་ནས། དཔལ་ཆེན་པོ་ལ་གཟིགས་ཏེ་འགྲོ་བའི་དོན་ཆེན་པོ་མཛད་འཚལ་གསུངས་པས། སྐུ་གར་དགུའི་རྣམ་པར་རོལ་ཞིང༌། ཧེ་ཧེ་སྨོས་ཅི་འཚལ་གསུངས། དང་པོ་རྔམ་ཞལ་དུ་ཡོད་པ་ལ་དེ་ནས་བཞད་ཞལ་དུ་གྱུར་པ་ཡིན་ནོ།།

ད་ངེད་རང་རྣམས་ཡང་དག་གི་ལོ་སྒྲུབ་བྱེད་པ་ཡིན་གསུངས་པས། ཉེ་གནས་ན་རེ་ཆ་རྐྱེན་གྱིས་མི་ལྡང་ཟེར། ཟུར་ཆུང་པས། ཆང་མི་ལྡང་ན་ཀླུ་བདུད་སྒོར་བས་ཆོག ཤ་དང་རྩམ་པ་ཡང་བག་ཙམ་མཆིས། རྣལ་འབྱོར་དམ་ཚིག་མ་ཉམས་ན། །འཚོ་བ་སྣང་སྲིད་ལྷ་འདྲེས་སྦྱོར། །གཞི་བདག་གི་འབུལ་བའང་འོང་བས་ལོ་སྒྲུབ་མཛད་པ་དགའ་ཟེར། དེར་རྣལ་འབྱོར་ཕོ་མོ་བརྒྱ་ཙམ་ཚོགས། སྒྲུབ་པ་པོ་རྣམས་ལའང་ཆང་ཀ་པཱ་ལ་རེ་དང༌། ཟན་བྱ་ངང་མོའི་སྒོ་ང་ཙམ་རེ། ཤ་དམ་ཚིག་གི་བཟའ་བ་ཙམ་དྲངས་ཤིག་གསུངས་ཏེ་ལོ་སྒྲུབ་མཛད། དེར་བླ་མའི་ཞལ་ནས་ཁྱེད་རྩེ་མོ་བཞི་དགོངས་པ་འགྲན་པ་ཡིན་གསུངས་པས། ཐམས་ཅད་ཀྱིས་མཉམ་པར་བཞག་པ་ན། གསུམ་པོ་ལ་གཡོ་འགུལ་མེད་པའི་དགོངས་པ་རི་བོ་ལྟ་བུ་རྐྱེན་གྱིས་དབྲོག་མི་ནུས་པ་བྱུང༌། ཟུར་ཆུང་པ་རིས་མེད་མཉམ་པ་ཆེན་པོའི་གནས་ལ་བྱོན་པས་ལྟ་བ་མཐོ་བ་མཚོན་ཕྱིར་ཤིང་རྟ་གང་ཙམ་འཕགས་ནས་གདའ་སྐད། ཡང་བླ་མའི་ཞལ་ནས། ད་ཟུར་ཆུང་པའི་རུ་ལུའི་བཟླས་པ་ལ་ཕྱི་ནས་ཉོན་ཅིག་གསུངས། རྣལ་འབྱོར་མ་གཅིག་གིས་ཕྱི་ནས་ཉན་པས། སྔར་བས་ཆུང་དུ་མ་སོང༌། རི་ཟུར་གཅིག་འདས་ནས་ཉན་པས་ཀྱང་ཆུང་དུ་མ་སོང་བས། དེར་བླ་མའི་གསུང་གིས། ཁྱེད་རྣམས་མཆེད་གྲོགས་མཉམ་པོར་ཡིན་ཡང༌། ཟུར་ཆུང་པའི་གྲིབ་མ་ལའང་འགོམ་དུ་མི་རུང་གསུངས་ནས་གཟེངས་བསྟོད་དོ། །དེ་ནས་སྒྲུབ་པ་ཐོན་པ་དང༌། དཔོན་སློབ་རྣམས་གྲོགས་པོའི་སུམ་མདོར་བྱོན། བླ་མ་ཐུགས་ཉམས་འུར་ནས་བྲག་རྡོ་རྗེའི་གཏན་པ་བྱ་བའི་སྟེང་དུ་རུ་ལུའི་བྲོ་བརྡུང་མཛད་པས། ཞབས་ཀྱི་ལོང་བུ་མན་ཆོད་འདམ་ལ་བརྒྱབ་པ་བཞིན་སོང༌། ཟུར་ཆུང་པས་ངའི་བླ་མ་སངས་རྒྱས་དངོས་སུ་འདུག་པས་ཞབས་སྤྱི་བོར་ལེན་པ་ཡིན་ཟེར་ཞབས་རྗེས་ལ་དབུ་གཏུགས་པས་ཐོར་ཚུགས་སྙན་ཆ་དང་བཅས་པའི་རྗེས་ལྷམ་མེར་བྱུང༌། དེར་བཟང་སྒོམ་ཤེར་རྒྱལ་ན་རེ། བླ་མ་ཁུ་དབོན་གཉིས་ཀྱི་གྲུབ་རྟགས་ཁྱད་དུ་འཕགས། འདི་ལ་མི་ཕྱུགས་ཀྱི་རྡོག་པ་བཞག་ན་བསོད་ནམས་མ་ཡིན་པར་འགྱུར་ཏེ་ཟེར་ནས། ལག་སོར་ལྔ་གྱད་སྟོབས་པོ་ཆེ་ལྔར་སྤྲུལ་ནས་བྲག་རྡོ་རྗེའི་གཏན་པ་གྱེན་དུ་བསླངས་ནས་བཞག ཡང་ཞང་འགོས་ཆུང་བ་དང༌། མི་ཉགས་ཁྱུང་གྲགས་གཉིས་ཀྱིས། འདི་བསྟེན་པ་ངེད་ལ་བབ་ཟེར་ནས། གྱད་སྟོབས་པོ་ཆེ་མང་པོས་བསྒུལ་བར་ཡང་མི་ནུས་པའི་ཕ་ཝང་རེ་བླངས་ནས་གཡས་གཡོན་ནས་བསྟེན་ཏེ་རྩ་བ་བརྟན་པར་བྱས་པ་ད་ལྟ་མངོན་སུམ་ན་ཡོད་དོ།།

དེ་ནས་འུག་པ་ལུང་དུ་འབྲས་བུའི་དཔལ་ཆེན་པོ་བཞེངས་པར་བཞེད་ནས། སློབ་མ་ཐམས་ཅད་ཀྱང་ཕར་དེངས་ཤིག་གསུངས་པས། ཟུར་ཆུང་པ་བླ་མའི་ཕྱག་ཕྱི་སྙོགས་པར་འོང་གི་ཟེར་ནམ་མཁའ་ལ་འཕུར་ནས་བྲག་རྒྱ་བོར་གཤེགས། གྲྭ་པ་རྣམས་ཀོ་བ་བརྒྱུད་ནས་སོང༌། ཀླུ་བདུད་མིང་སྲིང་གཉིས་ན་རེ། བདག་ཅག་ཀོ་བ་ལ་མི་གྲིབ་ཅན་དང་འགྲོགས་པར་མི་རུང་བས་ཆུ་རབ་ལ་ཁྲིད་པར་ཞུ་འཚལ་ཞེས་ཞུས་པས། བླ་མས་དེ་བཞིན་རུང་གསུངས། དེར་ཉེ་གནས་ལ་རྫ་མ་བསྐུར་བས་ལྗིད་བྱ་སྒྲོ་ལས་ཡང་བ་བྱུང༌། ཆུ་ཁར་ཕེབས་པ་དང་ཉེ་གནས་ལ་ཁྱོད་རང་ང་ལ་འཇུས་ཏེ་ཐེ་ཚོམ་མེད་པར་ཤོག་གསུངས་པས། ཁོའི་སེམས་ལས་སུ་མ་རུང་ནས་ཆུ་ལ་སྐྱུར་བ་མིན་ནམ་སེམས། དེ་མཁྱེན་ནས། ད་ཁྱོད་ངའི་ཕྱི་ན་མི་ཐར་བ་འདུག ཀོ་བ་སྐོར་ལ་ཤོག ངས་སྔོན་ལ་འགྲོ་ཡི་གསུངས་བླ་མ་ཞབས་ཆུ་ལ་མི་རེག་པར་གཤེགས་སོ། །ཉེ་གནས་ཀྱིས་ཀོ་བར་ཕྱིན་པས་ཕ་རིར་ཐལ། དེར་སྒུག་ཡུན་རིང་བ་དང་ཁ་སྐོམ་ནས་ཆང་བཙགས་ཡོད་ཚད་འཐུངས་པས། རྣམ་རྟོག་ལ་ཆང་བཙོས་ནས་ལོ་གཅིག་དང་ཟླ་བ་བཞི་སོང༌། འདི་ཙམ་ཡོང་བ་བླ་མས་རྫ་མའི་ནང་ཅི་བཅུག་པ་ཡིན་སྙམ་ནས་རྫ་མའི་རྒྱ་བཤིག་པས། སྦྲུལ་དཀར་ནག་གཉའ་ཤིང་ཙམ་པ་གཉིས་མདུད་པ་ཤིག་གེ་གྲོལ་ནས་ནམ་མཁའ་ལ་དེངས། ཤུལ་དུ་སྡིག་སྦལ་ལྕོང་མོ་ལ་སོགས་པ་འདུག་པ་དག་ཀྱང་ཚག་སྒྲ་འུར་སྒྲ་དང་བཅས་ནམ་མཁའ་ལ་སོང་མ་ཐག་སྦང་མ་སྔོ་ཧྲུལ་ལེ་སིངས་པོ་སྐྱུར་སིང་ངེ་སོང༌། དེར་སྦང་མ་རྣམས་ཕོ། རྫ་མ་ཁུར་ནས་ཕྱིན་པས་ཆུ་ཐོན་པ་དང་རྫ་མའང་ཆག དེར་བླ་མའི་བཀའ་ལས་རྟེན་འབྲེལ་འཆུགས། འོག་གདོང་གི་ཀླུ་བདུད་མིང་སྲིང་གཉིས་ཕྱིར་མ་ཐོན་ན་འུག་པ་ལུང་དུ་དགོན་པ་བོད་ཙམ་ན་ཆེ་བ་ཆགས། སྲམ་པ་སྒྲུབ་ཁང་ཡང་དར་རྒྱས་ཆེ་ལ་མི་ཉམས་པ་ཞིག་འོངས་ཏེ། ད་རྫ་མ་ཆུ་ལྷོར་ཐོན་པས་གནས་གཞི་དང་སྡེ་དགོན་འགའ་ཞིག་ཆགས་པར་འགྱུར་ཞེས་གསུངས། ཀླུ་བདུད་མིང་སྲིང་སྲམ་པ་སྒྲུབ་ཁང་གི་བཀའ་སྲུང་ལ་བསྐོས། རྟེན་འབྲེལ་དེས་འབྲས་བུའི་དཔལ་ཆེན་པོ་ཡང་མ་གྲུབ་བོ། །དེ་ནས་བཤད་གྲྭ་དང་སྒོམ་གྲྭ་རྒྱ་ཆེན་པོ་བྱུང༌། དེའི་ཚེ་ཉ་རི་ན་མ་མ་གཡུང་དྲུང་བཀྲ་ཤིས་བཟའ་མི་གཉིས་བུ་ཚ་མེད་ལ་ནོར་གྱིས་འབྱོར་པ་ཡོད་པ་དེས་ཆོས་འཁོར་བྱ་བར་འདོད་ནས། ཡུལ་མི་དང་ཉེ་དུ་ཀུན་བསགས་ཏེ་སློབ་དཔོན་གང་བཟང་དྲིས་པས། ལ་ལ་སྔགས་པ། ལ་ལ་བཙུན་པ། ལ་ལ་བོན་པོ་ཟེར་ཁ་མ་འཆམས་པས། ཁྱེད་རང་གང་མོས་ལ་གྱིས་ཤིག་པའི་གྲོས་བཏབ། མོ་ན་རེ། ངའི་ཡོ་བྱད་ཀྱིས་ལྡང་བས་གསུམ་ཀ་ལ་བྱེད་ཟེར། དེར་སྔགས་པ་འུག་པ་ལུང་པ། བོན་པོ་ལ་ཀེ་རྩེ་བ། བཙུན་པ་ཆུ་མིག་རིང་མོ་བ་རྣམས་གདན་དྲངས་སོ།།

མཆོད་གནས་གསུམ་པོ་འདུས་ནས་ལྷ་ཁང་སྡེབས་སུ་བརྩིག་པའི་གྲོས་བྱས་པས་ལྷའི་གཙོ་བོ་ལ་མ་མཐུན། སྔགས་པས་རྡོ་རྗེ་སེམས་དཔའ་ལ་བྱེད་ཟེར། བཙུན་པས་ཤཱཀྱ་ཐུབ་པ་ལ་བྱེད་ཟེར། བོན་པོས་གཤེན་རབ་མི་བོ་ཆེ་ལ་བྱེད་ཟེར། ལྷ་ཁང་སོ་སོར་བརྩིགས་སུ་ཆད། ལྷ་རྗེ་འུག་པ་ལུང་པས་སྒྲོ་ཕུག་པས་དམའ་བ་གཅིག་ཏུ་བོན་པོ་དང་བསྡེབས་ནས་བརྩིགས་པས། བོན་པོ་ན་རེ། ད་གདོད་ལྷ་ཁང་བཞེངས་པའི་ཚེ་ཡང༌། ཁྱོད་ཀྱི་ལྷས་གཙོ་བོ་བྱས་ན་ངའི་ལྷས་འཁོར་བྱེད། ངའི་ལྷས་གཙོ་བོ་བྱས་ན་ཁྱེད་ཀྱི་ལྷས་འཁོར་དུ་བྱེད་དགོས་ཟེར་བས། དེ་གཉིས་གང་ཡང་ལེགས་པ་གཅིག་མི་འོང་བར་འདུག་དགོངས་ནས་ལྷ་ཁང་དེ་བོན་པོ་ལ་བྱིན། སྒྲོ་སྟོན་པས་སྒྲོ་ཕུག་ཅེས་བྱ་བའི་གནས་ཕུལ་ཏེ་དེར་ལྷ་ཁང་བརྩིགས་སོ།།

དེའི་ཚེ་ཡོན་བདག་གཉེན་སྡེ་གསུམ་ན་རེ། ལྷ་ཁང་ལ་རྒྱ་ཕིབས་སུས་ཁེལ་བ་ལ་མེ་ཏོག་སྡུད་ཟེར་བ་ལ། སྔགས་དང་བོན་པོས་ཁེལ། བཙུན་པས་མ་ཁེལ་ལོ། །དེར་སྔགས་བོན་གཉིས་ལོ་རེ་མོས་སུ་སྡུད་པས། བཙུན་པ་ན་རེ། བདག་ཅག་ལའང་སློང་རེ་ཞུ་ཟེར། ལོ་གཅིག་བྱིན་པས། དེ་ཕྱིན་ཆད་གསུམ་ཀ་ལོ་རིས་སྡུད་དུ་སོང༌། སྒྲོ་ཕུག་གི་གཙུག་ལག་ཁང་དེར་དུས་གསུམ་སངས་རྒྱས་ཀྱི་གཙོ་བྱས་པའི་ལྷ་ཁང་ཆེ་ཆུང་བརྒྱད། ཁྱམས་སྟོད་ཀ་བ་ཉི་ཤུ་དང༌། ཁྱམས་སྨད་ཀ་བ་དྲུག་ཅུའི་ས་ཡོད། གནས་འདིར་ཆོས་གྲྭ་ཆེན་པོ་ཚུགས། དེ་ཡང་ཐག་གི་རྒྱ་བོར་ཡང་དག་གི་སྒྲུབ་པའི་སྐབས་ཡིན་པར་ཡང་གྲགས་ཤིང༌། རྒྱལ་བ་ཟུར་པོ་ཆེ་ལ་སྐུ་བསོད་ཤིན་ཏུ་རྒྱས་པའི་སྐབས་ཤིག་ན། འབྲོག་མི་ལོ་ཙཱ་བ་པཎྜི་ཏ་རྫོངས་པའི་གསེར་མ་ལྡང་ནས་ཁྱེད་ཀྱི་གསེར་མང་པོ་ཁྱེར་ཤོག ངས་གདམས་པ་ཟབ་མོ་སྦྱིན་ནོ་ཟེར། འདི་ལྟར་སྐྱེས་བུ་ཆེན་པོ་རྣམས་ནི་གཞན་ལ་ཕན་འདོགས་པའི་དམ་བཅའི་རྩ་བ་བརྟན་ཅིང༌། བྱང་ཆུབ་སེམས་དཔའི་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་མ་ཚང་བ་མེད་པ་རང་གིར་བྱ་བའི་སླད་དུ། ཀརྨ་པཀྵིས་མཚུར་ཕུའི་གཙུག་ལག་ཁང་གི་རྒྱ་ཕིབས་འདམས་ཅོག་རྩེ་ལ་ནས་མཐོང་བ་ཙམ་གྱིས་སྲིད་དུ་བགམ་པར་མཛད་པ་བཞིན། རྒྱལ་བ་ཟུར་པོ་ཆེས་དགོངས་པ་ཅན་གྱི་སླད་དུ། སྒྲོ་ཕུག་གི་ལྷ་རི་གདོང་དང༌། ཐང་གི་ཡང་གདོང་གཉིས་སྦུབས་སུ་བཅུག་པའི་གསེར་འབུམ་རེ་བྱེད། དེ་གཉིས་ཀྱི་བར་ལ་ལྕགས་ཐག་གིས་སྦྲེལ་ལོ་གསུངས་པ་དང༌། གྲྭ་པ་རྣམས་ན་རེ། འོ་ན་བདག་ཅག་གིས་ཀྱང་མཐུད་དུ་ཟངས་སྡེར་རེ་དང༌། དྲིལ་བུ་རེ་དང༌། ལྕགས་ཐག་རེ་འབུལ་ལོ་ཞེས་དམ་བཅའ། དེའི་གཡེར་ཆེན་པོ་བྱུང་ནས་གཞི་བདག་གཉིས་ཀྱང་བློ་འདྲོགས་པར་གྱུར་ཏེ། གསེར་རའི་མཆིན་པ་ཙམ་ཞིག་ཞུ་རྟེན་དུ་ཕུལ་ནས་གསེར་འབུམ་མི་མཛད་པའི་ཞུ་བ་བྱས། གསེར་གྱི་གཏེར་ཁ་ཕུལ་ནས་སྲོག་ཆགས་ཀྱི་གཟུགས་མ་བྱུང་བར་ལོངས་ཟེར། ཁུང་བུ་གཅིག་ནས་གསེར་ཤིན་ཏུ་མང་པོ་བྱུང་བའི་མཐར་གསེར་སྦལ་པ་འདྲ་བ་ཞིག་བྱུང་བ་དང་འཕྲོ་བཅད། མུ་གུ་ལུང་དུ་ལོ་ཙཱ་བ་ལ་གསེར་སྲང་བརྒྱའི་མཐུད་བྱས། སྟོན་གྱི་དུས་སུ་བེར་ཐོག་ཏུ་ཚེར་མ་ཁུར་བ་སོགས་གུས་པའི་སྤྱོད་ལམ་ཡང་མཛད། རྒྱུད་གསུམ་ཆ་ལག་དང་གུར་ལ་ཤིན་ཏུ་མཁས་པར་བྱང་ཆུབ་མོད་ཀྱི། བླ་མ་ཆེན་པོའི་བཀའ་དྲིན་གྱིས། །ཨ་ཕོའི་སེམས་ཕྱོགས་ནོར་དུ་ཐལ། །ཞེས་གསར་འགྱུར་གྱི་ཆོས་ལ་རོ་མྱངས་པས། སླར་ཡང་རང་གི་སེམས་ཕྱོགས་ཡིད་བཞིན་རིན་ཆེན་ལྟ་བུའི་ནོར་དུ་ཐལ་ཞེས་ངེས་ཤེས་ལྷག་པར་སྐྱེས་པའི་གསུང་བྱོན་ཏོ། །དེ་ལྟར་སྒྲོ་ཕུག་གི་གཙང་ཁང་འབྱོངས་ཙམ་པ་དྲུག་ཅུ་རེ་གཅིག་པར་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས་ལྷུན་གྲུབ་རིག་འཛིན་གྱི་ས་ལ་གནས་པའི་སྐྱེས་བུ་ཆེན་པོ་སྤྲུལ་པའི་སྐུར་རྩོད་པ་མེད་པ་དེ་ནི་རགས་ལུས་དྭངས་མར་གནས་འགྱུར་བའི་དགོངས་པ་གཏད་དེ། བྲག་རྒྱ་བོ་ནས་ཟུར་ཆུང་པ་བོས་ཤིག་གསུངས། བྱོན་པ་དང་ངའི་གནས་ས་འདི་ཟུར་ཆུང་པ་ལ་གཏོད་པ་ཡིན། སློབ་མའི་ཚོགས་ལ་ཆོས་ཀྱིས་ཕན་འདོགས་དགོས་པས་བློ་དང་འཚམས་པར་སྦྱོར། ངས་སྐྱོང་བ་བཞིན་སྐྱོངས། སློབ་མ་རྣམས་ཀྱིས་ཀྱང་ཟུར་ཆུང་པ་འདི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་པས་ང་བས་འདི་ལྷག ཅི་མཛད་ལེགས་པར་ལྟོས། གསུང་མ་བཅག སྐུའི་གྲིབ་མ་དང་ཞབས་རྗེས་ན་བཟའ་ཙམ་ལའང་མ་འགོང༌། ངས་སྐྱོང་བ་བཞིན་སྐྱོང་བར་ཡོད་པས་མོས་གུས་ཕུན་སུམ་ཚོགས་པ་གྱིས་ཤིག་གསུངས།

དེ་ནས་སྲམ་པ་སྒྲུབ་ཁང་དུ་གཤེགས། ལན་གཅིག་ཉེ་གནས་ལ་ད་ནང་ཚ་བ་སྔ་སེ་གྱིས་གསུངས། དེར་ཉི་མ་ཤར་བ་དང་སྐུ་མདུན་དུ་ཕྱིན་པས། བླ་མ་གཟིམས་མལ་ན་སྐུ་ཚགས་མཛད་ཅིང་འདུག ད་ལྟ་ནས་སྐུ་ཚགས་མཛད་པ་གར་གཤེགས་པ་ཡིན་ཞུས་པས། ང་ནི་བདེ་ཆེན་ཞིང་དུ་འགྲོ། །དཔལ་ཆེན་ང་དང་དབྱེར་མེད་པས། །ཡི་དམ་ལྷ་ལ་གསོལ་བ་ཐོབ། །ཅེས་གསུངས་ནས་རྡོ་རྗེ་དྲིལ་བུ་འཁྲོལ་ལེའི་ངང་ལ་སྐུ་འོད་ཀྱི་རང་བཞིན་དུ་གྱུར་ཏེ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་མོ། །དེའི་དུས་སུ་ཁམས་པའི་འབུལ་སྐྱེལ་ཡོང་བ་དང་འགྲིགས་པས། ལམ་དུ་བླ་མ་དང་མཇལ། ཁམས་པའི་སྣང་བ་བྱིན་གྱིས་བརླབས་ནས་སྤྲུལ་པའི་གཞལ་ཡས་ཁང་དུ་འབུལ་བའང་བཞེས་ཏེ་བསྔོ་བ་མཛད། སླར་ཁམས་པ་གཉིད་ལོག་པ་ལས་སད་པ་བཞིན་དུ་ཅི་ཡང་མི་གདའ་བས། ཐེ་ཚོམ་གྱི་ངང་ནས་ཕྱིན་ཙ་ན་ལམ་དུ་བླ་མ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་མོ་ཞེས་ཐོས་སོ། །དེ་ལྟ་བུའི་དཔལ་ཆེན་པོ་འདི་བྱིན་རླབས་ཤིན་ཏུ་ཆེ་བས་སླན་ཆད་ཀྱང་སྐུ་གཉེར་ལ་རྒྱ་སྟོན་ཤཱཀ་ཡེ་ལ་བསུ་བ་གྱིས་ཞེས་གསུང་བྱོན། བསུ་བ་བྱས་ཙ་ན། རྒྱ་སྟོན་དེ་བ་དཀར་ཞིག་ལ་ཆིབས། སྤྱང་ཞྭ་ཞིག་གསོལ་ནས་བྱུང༌། དཔལ་ཆེན་པོའི་སྐུ་མདུན་དུ་འོད་དཀར་པོ་གཅིག་ཏུ་གྱུར་ཏེ། གཡོན་སྐོར་ལན་གསུམ་བྱས་ནས་སྐུ་ལ་དངོས་སུ་ཐིམ་པ་དཀོན་གཉེར་མ་ཇོ་དོན་ལྡན་ཞེས་བྱ་བས་མངོན་སུམ་པར་མཐོང༌། དེ་བཞིན་དུ་མཚན་ལྡན་ཟུར་མོ་འོད་འབུམ་བྱ་བའང་སྐུ་ལ་ཐིམ་པར་གྲགས་སོ།།

༈ རྩེ་མོ་བཞིའི་ནང་ནས་གླང་པོའི་ནང་ན་ཁྱུ་མཆོག་ལྟ་བུ་བདེ་གཤེགས་རྒྱ་བོ་པའམ་ཟུར་ཆུང་ཤེས་རབ་གྲགས་པ་ནི། སྔགས་འཆང་འུག་པ་ལུང་པའི་གདུང་གི་ཕྱི་མོ་ཡིན་ཏེ། དེ་ལ་ཡབ་ཐག་པ་སྒོམ་ཆེན་རེས་འགའ་ལྡོམ་བུའི་ཚུལ་དུའང་ཡོད་པའི་སྲས་སུ་གཡས་རུ་གཙང་གི་སའི་ཆར་མ་ཇོ་ཤེས་རབ་སྐྱིད་ལ་ངོ་མཚར་བའི་ལྟས་ཁྱད་པར་བ་དང་བཅས་ཤིང་ཕོ་སྟག་ལ་བལྟམས། ལོ་བདུན་པར་འབྲི་ཀློག་དང༌། དགུ་ལ་ཞི་ཁྲོའི་ཕྲིན་ལས་གྱེར་ཤེས་པ་བྱུང༌། བཅུ་གསུམ་ལོན་པའི་སྐབས་ཤིག་གཟིམ་མལ་དུ་ཕྱག་དཔེ་གཟིགས་ཤིང་ཡོད་ཙ་ན། ཇོ་མོ་ཞིག་ཡོད་པ་རྒྱུག་བྱུང་སྟེ་ཞིང་ལ་ཤྭ་ལོག་འདུག་གོ །ཁྱོད་ཉལ་བས་ཆོག་གམ་ཟེར་བ་ལ། སྨད་གོས་གསར་པ་ཞིག་ཡོད་པ་གྱོན། རུང་ཆུ་བརྒལ་ནས་ཁྱིམ་གྱི་ཆུ་བཀག་གིན་ཡོད་ཙ་ན། མོ་ན་རེ་ངས་དཀའ་ལས་བྱས་པའི་གོས་བརྗེས་ཀྱང་མི་བྱེད་པར་ཆུད་འཛའ་བ་ཞེས་རྒོལ་དུ་བྱུང༌། ཁོ་བོ་མི་འཕངས་པར་གོས་འཕངས་ན་དེ་ན་ཡོད་ཅེས་བསྐྱུར་བས། མོས་ཁྲོས་ཏེ་ང་ལ་བརྙས་པ་ཡིན་ཟེར་ནས་རང་ཡུལ་དུ་བྲོས། ཟུར་ཆུང་པ་འཁོར་བ་ལ་སྐྱོ་བ་སྐྱེས་དྲག་ནས་གདུང་ཁུངས་ནས་ཞུད་ལུད་པ་དེ་ཁྱེར་རྗེས་ལ་སྐད་བཏང་བས། མོ་ཡར་ཤོག་ཅེས་འབོད་དུ་རེ་ནས་ཚོམ་མེར་བསྡད་པ་ལ་ཞུད་གཏད་དེ་ཕོ་ནོར་ཕོ་དང་མོ་ནོར་མོ་བྱ་བ་ཡིན་པས་ཞུད་ཁྱེར་ཅིག་སྨྲས་པས། མོ་ཡིད་ཆད་ནས་ཡུལ་དུ་སོང༌། དེར་ཟུར་ཆུང་པས་ཕ་ལ་གྲོས་མ་དྲིས། མ་ལ་རྒྱགས་མ་བླངས། གྲོགས་ཀྱི་ངོ་ལ་མ་བལྟས་པར་སྤྱང་སློག་ཞིག་ཡོད་པ་ཁྱེར་ནས་ཟུར་པོ་ཆེ་ལ་གཏད་དེ་བྱོན་པས། ལམ་དུ་རྟ་ནག་གི་འབྲོག་པ་གཡུ་དང་ཟངས་ཁྱེར་བ་གཉིས་དང༌། ཤངས་པ་ཁྲབ་ཁྱེར་བ་རྣམས་སྡེབས་སུ་བྱུང་སྟེ་བྱོན། དེར་ཟུར་ཆུང་པར་སྤྱང་སློག་ལས་འབུལ་རྒྱུ་མེད། གཞན་གསུམ་པོས་ཕྱག་རྟེན་ཕུལ་བས། བླ་མའི་ཞལ་ནས། ཁོང་རྣམས་འཁོར་བ་ལ་བློ་ལོག་མ་ལོག་བལྟ་བས། སྦང་ཟན་དང་ལོ་ཐུག་རེ་དྲོངས་གསུངས་པས། འབྲོག་པ་གཉིས་པོ་ཟར་མ་འདོད། ཤངས་པས་ཅུང་ཟད་ཟོས། ཟུར་ཆུང་པས་ལྷག་མེད་ཟོས་པས། བླ་མའི་ཞལ་ནས། སྤྱང་སློག་དང་ཁྲབ་གཉིས་ཞོག གཡུ་དང་ཟངས་བདག་པོ་ལ་གཏོད་གསུངས་པས། འབྲོག་པ་མ་དགའ་སྟེ་ཕྱག་རྟེན་སློག་པ་འུ་ཅག་ལ་ཆོས་མི་སློབ་པའི་རྟགས་ཡིན་ཟེར་ནས་སོང༌། རྟེན་འབྲེལ་དེ་ལས་ཟུར་པའི་ཆོས་ལ་གཤེ་བ་དེ་བྱུང༌། དེར་ཟུར་ཆུང་པ་ལ་ཁྱོད་ཀྱི་རུས་པ་ཅི་ཡིན་གསུངས་པས། བླ་མ་དང་རུས་གཅིག་པར་བརྗོད་ན་འགྲན་པར་སོང་དོགས་ནས། ཟུར་ཆུང་ཆུང་ཞིག་ལགས་བྱས་པས་བླ་དྭགས་སུ་དེ་ལྟར་ཐོགས། དེ་ལས་ཅན་དུ་མཁྱེན་ནས་སློབ་གཉེར་བྱེད་བཅུག་པས་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་གྱུར་པ་ཞིག་བྱུང༌། དང་པོ་ཤིན་ཏུ་དབུལ་བས་བླ་མས་གཏོར་མ་བཏང་བ་དག་བླངས་ནས་ཟན་ཆང་མཛད་བཞིན་གསོལ་བ་ན། གྲྭ་པ་གཞན་ཚོས། ཁོ་ཆང་གིས་ཁ་སྐྱུར་དྲི་ཆིལ་ལེ་སྡོད། ཆང་བླ་མ་ལའང་མི་འདྲེན། མཆེད་གྲོགས་ལའང་མི་སྟེར་ཞུས་པས། བླ་མས། དེ་རིང་ཟུར་ཆུང་པ་ཤིང་ཐུས་ཤོག་གསུངས། ཤུལ་དུ་ཟུར་ཆུང་པའི་སྤྱིལ་བུ་གཡེང་དུ་བཅུག་པས། བེམ་པོ་ཞིག་གི་འོག་ན་ཟན་ཆང་ཀ་པཱ་ལ་གང་ལས་གཞན་ཅི་ཡང་མེད་སྐད། དེར་བླ་མས་ཟུར་ཆུང་པ་འཚོ་བ་ཆད་ན་རང་རེའི་ཐབ་ལ་ཤོག་གསུངས་པས། ང་བླ་མའི་དཀོར་ལ་འབག་རེ་ཟེར་དཀའ་སྤྱད་འབའ་ཞིག་ཁུར་བཟོད་པར་མཛད། ཉིན་གཅིག་བླ་མས་བསེ་ཕོར་ཕུལ་དགུ་ཤོང་བ་ཞིག་བསྣམས་ནས་ཁྱོད་ལ་སྐོམ་སྟེར་རྒྱུ་ཨེ་ཡོད་གསུངས། ཟན་ཆང་ཞུས་པས་སྣོད་དོ་གསོལ། ད་དུང་ཁྱེར་ཤོག་གསུངས་ནས་གསོལ། ད་ཨེ་འདུག་གསུངས་པས་བྲེ་གང་ཙམ་གདའ་ཞུས་པས། ད་མི་ཡོག་པར་འདུག ཡོག་ན་ཁྱོད་ལ་བསོད་ནམས་བོད་ཙམ་ན་ཆེ་བ་འོང་སྟེ། འོན་ཀྱང་ང་ལ་བསྙེན་བཀུར་གྱི་རྟེན་འབྲེལ་ལས་བསོད་ནམས་ཆེན་པོ་འོང་གསུངས་ཤིང༌། ནས་ཁལ་གསུམ་གནང་ནས་འདི་ཟད་པ་དང་ཡོ་བྱད་མི་ཐོགས་པ་ཡོང་གསུངས། དེར་ཟུར་ཆུང་པས་ཐོས་པ་དང༌། སྒོམ་པའི་གནས་གང་ཡིན་པ་ལ་ཕྲུགས་གཅིག་ཏུ་ཉིན་དང་མཚན་མེད་པར་བརྩོན་པ་བསྐྱེད་པས། སྤྲུལ་པའི་སྐུ་ཡིན་པས་མཁྱེན་རབ་ཀྱི་ཀློང་རྡོལ། ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཀྱང་དཔེ་ཆ་འབྲི་བའི་ཡོ་བྱད་ཀྱང་རྔོ་མ་ཐོགས་པར་ཡོད་ཙ་ན། ལྷ་རྗེ་ཟུར་པོ་ཆེ་ཕན་གྱི་ཁང་སྔོན་བྱ་བ་ན་ཇོ་མོ་གཡུ་མོ་བྱ་བའི་སྒོམ་མ་ཕྱུག་མོ་མ་སྨད་གཉིས་ཡོད་པས། ཁྱོད་རང་འདིའི་སྟེང་དུ་སྡོད་གསུངས། ང་ཁྱིམ་ཐབས་མི་བྱེད་ཞུས་པས། འདུ་ཤེས་མ་ཆུང༌། སྟོན་པས་གནང་བ་དང་བཀག་པའི་མཚམས་ངས་ཤེས། ཁོང་གཉིས་ཀྱི་ཡོ་བྱད་ལ་སྤྱད་ནས་དབང་ཞུས། དཔེ་བྲིས། ཆོས་ཐམས་ཅད་ལྷག་མ་མ་ལུས་པར་ཉན་པས་ཆོག་པ་ཡིན། དེས་ཁོང་གཉིས་ཀྱང་ཚོགས་རྫོགས། ཁྱོད་རང་གི་དོན་ཡང་གྲུབ་པ་དེ་དགའ་མོད་གསུངས། དེར་གསུངས་བཞིན་ཉན་པས་འདོད་པ་ཐམས་ཅད་རྫོགས་པ་དང༌། ཡང་གསུང་གིས་ད་ཁྱོད་དེར་མ་སྡོད། དཔེ་ཆ་ལ་སོགས་པ་མཆོད་པའི་ཡོ་བྱད་རིམ་གྱིས་སྐྱོལ་ལ་ངའི་འདིར་ཤོག་གསུངས། དེ་ལྟར་བྱས་པས་ཅང་མཆིའམ། ཁོང་གཉིས་ཀྱང་དྲིན་ཆེ་ཞུས་པས། བློ་མ་ཆུང༌། ཁྱོད་ཀྱིས་འགྲོ་བའི་དོན་ནུས་པ་ཞིག་འོང་བར་འདུག སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ནས་འགྲོ་བ་མང་པོའི་དོན་བྱེད་དགོས་པ་ཡིན། ཁོང་གཉིས་ཀྱི་དྲིན་ལན་དུའང་དེ་ཆེ། འདི་ལ་གབ་པས་རང་དོན་གཞན་དོན་གང་ཡང་མི་འགྲུབ་གསུངས། དེར་ཇི་སྐད་གསུངས་པ་བཞིན་ཉན་པས་བླ་མའི་དགོངས་པ་ཇི་བཞིན་དུ་ལོངས། སྐབས་ཤིག་ལྷ་རྗེ་བཞུགས་པའི་སྒོ་རྩ་ན་མཆོད་རྟེན་གཅིག་ཡོད་པ་ཟུར་ཆུང་པས་སྐོར་བ་བྱེད་ཀྱིན་འདུག་པ་གཟིགས། ཞབས་ས་ལ་མི་རེག་པར་ཁྲུ་གང་ཙམ་ནས་སྒ་ར་ར་གདའ། བླ་མའི་ཐུགས་ལ་འདི་སྤྲུལ་པའི་སྐུ་གཅིག་ཡིན་ཉམས་འདུག་པས་ངོ་མཚར་ཆེ་སྙམ་དུ་དགོངས་ཤིང་དགྱེས་སོ།།

དེ་བཞིན་དུ་ཟུར་ཆུང་པ་ཕྱོགས་ག་ཤེད་ན་འབྱོན་བཞུད་ཀྱི་ལུང་སྟོང་བྱེ་མའི་གསེབ་ཏུ་ཚད་པས་ཤིན་ཏུ་གདུངས་པ་ལ་ཞལ་སྐྱེམས་འདྲེན་པ་བྱུང་བ་དང༌། རི་སྟོང་གི་རྩེ་མོ་ལ་སྒོམ་དུ་གཤེགས་པས་སྐུ་བཀྲེས་པ་ལ་ཞལ་ཟས་འདྲེན་པ་སོགས་གང་འདོད་པའི་ཐུགས་དགོངས་འབད་མེད་གྲུབ་པ་བྱུང་བས། ད་ནི་ངས་འགྲོ་བའི་དོན་བྱས་ཀྱང་འགྲུབ་དགོངས་པའི་ཚེ། བླ་མའི་ཞལ་ནས་ཀྱང༌། ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས། དེར་མདོ་དགོངས་འདུས་གསུངས་པས་དུས་གཅིག་ལ་དཔེ་འགྲེམས་སུམ་བརྒྱ་བྱུང༌། དེའི་ཚེ་ཟུར་ཆུང་པ་ལ་བླ་མས་བསྔགས་པ་ཆེན་པོ་མཛད་པས། བླ་མས་དབོན་པོའི་དབུ་འཕང་བསྟོད་ཅེས་ཅུང་ཟད་མི་གུས་པའི་རྣམ་པ་བྱེད་པ་བྱུང༌། བླ་མ་ལ་སྐུར་པ་བྱས་ན་བསོད་ནམས་མ་ཡིན་པ་ཆེན་པོར་མཁྱེན་ནས། ནམ་ཞིག་ཨེ་དམར་རྡོ་རྗེ་སྤོ་ཞེས་བྱ་བར་དཔོན་སློབ་ཐམས་ཅད་ཆོས་འཁོར་ལ་བྱོན་ཙ་ན། སྲང་ཁ་གཅིག་ན་ཁྱི་མོ་མ་སྨད་རོ་སྨད་ལ་འབུ་ཞུགས་པ་ཞིག་འདུག བླ་མ་ཟུར་ཆེན་གྱིས་རེག་པ་ཙམ་མཛད། ཟུར་ཆུང་པས་ཁྱི་མོ་མ་སྨད་བསད། འབུ་ཞལ་དུ་གསོལ་བས། གཞན་རྣམས་ན་རེ། ཟུར་ཆུང་པ་ཟེར་བའི་སྨྱོ་སྤྱོད་མཁན་འདི་འདྲ་འཆད་ཉན་དུ་བསྐོས། འོ་སྐོལ་ལ་སྦྱིན་བདག་རྣམས་ཀྱང་མོས་པ་ལྡོག་གདའ་ཟེར། བླ་མའི་ཞལ་ནས་ཁྱི་རྣམས་ངན་སོང་དུ་འགྲོ་བ་ངས་ཀྱང་ཤེས་ཏེ་སྒྲོལ་མ་ནུས་པ་ཡིན། ཁོང་གིས་བསྒྲལ་བ་ངོ་མཚར་ཆེ་གསུངས། དེར་ཟུར་ཆུང་པས་ལྟ་སྟངས་གཅིག་མཛད་པས། ཁྱི་རོ་རྣམས་མཆོད་པའི་ལྷ་མོར་གྱུར། འབུ་རྣམས་སྐྱུགས་པས་ནམ་མཁའ་ལ་རྩེ་དིར་དིར་སོང༌། ཟུར་ཆེན་པས། ད་ཁྱོད་རྣམས་ངོ་མཚར་སྐྱེས་སམ་གསུངས་པས། མིག་འཕྲུལ་དུ་གདའ་ཟེར། དེར་ཤང་ཆུ་རྒྱས་པ་དང་ཐུག་པས་ཟུར་ཆེན་གྱིས་ཆུ་ཕ་རིར་ཀ་པཱ་ལ་རྫུ་འཕྲུལ་གྱིས་བསྐྱུར་ནས། འདི་སུས་ལོན་པ་ལ་ངའི་བཤད་གྲྭ་འབོག་པ་ཡིན་གསུངས་པས། རྩེ་མོ་གཞན་གསུམ་པོས་ལེན་མ་ནུས། ཟུར་ཆུང་པས་ཞབས་ཆུ་ལ་མ་རེག་པར་བྱོན་ནས་བླངས་སོ།།

ཡང་རླུང་གི་ནུས་པ་འགྲན་པར་བསྐུལ་བས། རྩེ་མོ་བཞི་ལ་སོགས་པའི་སྟོན་སྒོམ་གཞན་རྣམས་ཀྱིས་ཀྱང་ཞབས་ས་ལ་མ་རེག་པར་འགྲོ་ནུས་པ་བྱུང་ཡང༌། ཟུར་ཆུང་པ་ཏ་ལ་གང་ཙམ་གྱི་ནམ་མཁའ་ལ་འཕགས་ཏེ་སྲམ་པ་སྒྲུབ་ཁང་དུ་སྔོན་ལ་བརྟོལ་བས་རྩེ་མོ་གཞན་གསུམ་ཡང་ངེས་ཤེས་རྙེད། བླ་མས་ཅི་གསུང་གི་བཀའ་བསྒྲུབས་པས་ཞབས་ཏོག་ཀྱང་མཐར་ཕྱིན་ཏོ། །རེ་ཞིག་ན་ཟུར་ཆུང་པ་ལ་གནས་ཀྱི་ལུང་བསྟན་རིམ་པ་གསུམ་དུ་བྱུང་སྟེ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་དེ་ལ་ཆེད་དུ་འཛིན་པ་མ་ཡིན་པས་འཁྲུལ་སྣང་གི་སྡེ་ཚན་དུ་དོར་མོད། མཐར་རུས་པའི་རྒྱན་གྱིས་སྤྲས་པའི་བུ་མོ་ལོ་བཅུ་དྲུག་མ་ཌཱ་མ་རུ་དང་གར་སྟབས་སྒྱུར་བ་ལྔ་བྱུང་ནས་མིང་པོ་རི་བོ་དགུ་འདུས་ལ་བསྒོམ་ན་དོན་གཉིས་གྲུབ་བོ་ཟེར་ཞིང་བྲག་རྒྱ་བོ་ལ་མཛུབ་མོ་གཏད་པས། རི་བོ་དགུ་འདུས། ཆུ་མིག་དགུ་འདུས། ནེ་སིང་དགུ་འདུས་པས་ཐེག་པ་རིམ་པ་དགུ་རྫོགས་པའི་རྟགས་སུ་མཁྱེན། བྲག་རྒྱ་བོ་དེ་བཅོམ་ལྡན་འདས་དཔལ་ཆེན་པོ་ལ་གཽ་རཱི་མ་བརྒྱད་ཀྱིས་བསྐོར་བ་འདྲ་བ་ཡིན་པས་འདི་ལ་སྒྲུབ་པ་བྱས་ན་འགྲུབ་ཐག་ཉེ་ལ་བྱིན་རླབས་ཆེ། ལར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་འཇིག་རྟེན་གྱི་འཁྲི་བ་ཆོད་དགོས། ཕྱི་མའི་དོན་སྒྲུབ་པ་ལ་འདུ་འཛི་དང་ཁེ་གྲགས་ཀྱིས་མི་ཕན། མིའི་ངོ་བསྲུང་བ་འདི་འཕྲལ་དུ་བྱ་དཀའ་ལ་ཕུགས་སྙིང་པོ་མེད་པ་ཡིན་པས་ང་གཅིག་པུར་སྒོམ་པ་ཡིན་གསུངས་ནས་གྲྭ་པ་རྣམས་གོ་མ་ཆོད་མི་གསུམ་ལ་གཏད་ནས། ཆོས་འཆད་ཉན་གྱི་བསྟན་པ་ཁྱེད་རྣམས་ཀྱིས་སྐྱོངས་ཤིག་ཅེས་བྲག་རྒྱ་བོ་ལ་གཤེགས་སོ།།

དེར་བྱོན་ནས་སྒྲུབ་པ་ཁོ་ན་ལ་ཞུགས་པས་གཞི་བདག་གི་ལྷོང་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་སྟེ། འདི་ལྟར་གྲུབ་པའི་ཁྱུ་མཆོག་ཆེན་པོ་དག་ནི་རྨི་ལམ་དང་མངོན་སུམ་རྫུན་པའི་ངང་དུ་རོ་གཅིག་པས་ན། ནུབ་གཅིག་མནལ་ལམ་དུ་བྲག་རྒྱ་བོའི་རྩེར་མི་ནག་པོ་གཅིག་བྱུང་ནས་ཞབས་གཉིས་ནས་བསྡུས་ཏེ་ཀླད་ལ་བསྐོར་ཏེ་བསྐྱུར་བྱུང་བས་ཐག་གི་མདོའི་ཐང་ཆེན་པོ་ཞིག་ཏུ་བརྡབས་པ་རྨིས། སད་ཙ་ན་ཐང་དཀྱིལ་ན་དངོས་སུ་འདུག་པས་ཡར་འཛེག་དགོས་པ་བྱུང་སྟེ་ཆོ་འཕྲུལ་ཆེན་པོ་ལ་མ་འཛེམ་པར་བཞུགས། ཡང་སྡིག་པ་རྩིད་པུ་ཙམ་གྱིས་སྒྲུབ་ཁང་ཁེངས་པས་རྒྱུ་འབྲས་ལ་ཟློ་བའི་རྟོགས་པ་མངོན་དུ་གྱུར་ནས། སྡིག་པའི་རྭ་གཉིས་ནས་འཇུས་ཏེ་ཕྱེད་མར་གཤག་པ་དང་ཆབས་ཅིག སྡིག་པ་མི་དགེ་སོ་སོར་བཤགས། །ཞེས་དོན་ལ་མི་རྟོན་ཚིག་ལ་རྟོན་པའི་ཀུ་རེ་མཛད་དེ་བསྐྱུར་བས་ཐམས་ཅད་རྣམ་པར་སྣང་མཛད་དུ་གྱུར་ནས་ནམ་མཁའ་ལ་དེངས། ཡང་ལན་གཅིག་གྲོག་མའི་དམག་དྲངས་བྱུང་བས། ཉེ་གནས་ལ་ཙོང་གེ་ཁྱེར་ཤོག་གསུངས་ནས་ཙོང་གེས་བརྡུངས་པས། ཉེ་གནས་ན་རེ་སྡིག་པ་ལ་དགོངས་མཛོད་ཅེས་ཞེ་ཁྲེལ་བརྡས་པ་ན། ཁྱོད་དེ་ལ་མི་དད་ན་འདི་ལྟར་བྱ་ཡིས་གསུངས་ནས་གྲོག་མ་ཞལ་དུ་བཏབ་ཀྱིན་ཕུ་མཛད་པས། ཐམས་ཅད་རྡོ་རྗེ་སེམས་དཔར་ཀྲོང་ཀྲོང་གྱུར་ཏེ་ནམ་མཁའ་ལ་སོང་བས་ཉེ་གནས་ཤིན་ཏུ་དད། བསད་གསོའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་གཞི་བདག་མིང་སྲིང་གསུམ་དམ་ལ་བཏགས་ཏེ་དངོས་སུ་གཟུགས་བསྟན་ནས་ཞབས་སྤྱི་བོར་བླངས། བྲག་ལ་ཕུར་པ་བཏབ་པའི་གྲུབ་ཆུ་ད་ལྟའང་ཡོད། དེར་གསང་བ་སྒྱུ་འཕྲུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། ཐག་གི་ལུང་པ་རྡོ་རྗེ་སེམས་དཔས་ཁེངས་པར་བྱུང༌། སྣང་བ་ཟད་པར་གྱི་སྐྱེ་མཆེད་བརྙེས་པས་སྐུ་མེ་དང༌། ཆུ་དང༌། རླུང་དང༌། ས་ཚུབ་ཏུ་འགྲོ་བ་དང༌། ཅི་སྣང་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་ལམ་གསལ་བ་བྱུང་སྟེ་བཟང་རྟོག་གི་མཐུ་བརྟས་པ་ཡིན། ཡང་དག་པར་གཏད་པ་མེད་སྙམ་དུ་དགོངས། དེར་སྣང་སེམས་ཆོས་ཉིད་གསུམ་རོ་གཅིག་ཏུ་འདྲེས་ནས་དགོངས་པ་ཟད་པའི་ས་ལ་སྐྱེལ་ཏེ་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་དང༌། ནམ་མཁའ་ལ་བྱ་ལྟ་བུར་འགྲོ་བ་སོགས་འབྱུང་བ་ལྔ་ལ་རང་དབང་ཐོབ་པ་བྱུང༌། ད་ཟླ་བ་གཅིག་ན་སློབ་མ་སྣོད་ལྡན་ཞིག་འོང་གསུངས། རེ་ཞིག་ན་མཚན་ཉིད་པའི་དགེ་བཤེས་སྦ་དགེ་མཐོང་བྱ་བ་ཐག་ཏུ་ཆོས་འཁོར་ལ་བྱུང༌། ཁོང་གིས་གྲྭ་པ་བློ་རྣོ་བ་གཅིག་ཟུར་ཆུང་ལ་རྩོད་པ་བྱེད་དུ་བཏང་བས། ཁོས་ཀ་བ་ལ་མཛུབ་མོ་གཏད་ནས་ཀ་བ་ཆོས་ཅན་བྱས་པས། ཟུར་ཆུང་པའི་ཞལ་ནས་ཀ་བ་ཆོས་ཅན། ཁྱོད་འཇིག་རྟེན་རང་རྒྱུད་པའི་འཁྲུལ་ངོར་ཀ་བ་རང་རྒྱུད་དུ་སྣང་ཡང༌། ང་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དོན་ལ་ཀ་བ་གྲུབ་པ་མི་གདའ་གསུངས་ནས། ཕྱག་ཡུག་ཡུག་མཛད་པས་ཀ་བ་ལ་ཆགས་ཐོགས་མེད་པར་སོང༌། ཁོ་ངོ་མཚར་སྐྱེས་ནས་སྨྲ་མ་ནུས། དད་པ་ལྷག་པར་ཐོབ་ནས་སློབ་མར་བྱས་པ་མ་ཐོག་བྱང་འབར་རོ།།

དེའང་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་གཉིས། སྟ་གུ་ར་མི་གཉིས། གོ་མ་ཆོད་གསུམ་ལ་སོགས་པ་མང་དུ་བྱོན་ཏེ། ཀ་བ་བཞི་པོ་ནི། དང་པོ་དགེ་བཤེས་ཁྱུང་པོ་གྲགས་སེའི་གྲྭ་པ་མཚན་ཉིད་པ་ཆེན་པོ་བློ་གྲོས་ཤིན་ཏུ་རྣོ་བ་ཡིན། བདེ་གཤེགས་རྒྱ་བོ་པ་དང་དགེ་བཤེས་ཁྱུང་པོ་གཉིས། ཉང་རུར་ཡོན་བདག་གཅིག་གིས་གདན་དྲངས་ཏེ་འཛོམས་པའི་དུས། ཁྱུང་པོས་ཁོང་བཞི་པོ་བཏང་ནས། ཟུར་ཆུང་པ་བྱ་བའི་ཆོས་ལོག་མཁན་འདི་སུན་དབྱུང་ལ་ཤོག ཅེས་བསྒོས་པས་བཞི་པོས་ལྷ་རྗེའི་སྤྱན་སྔར་ཕྱིན་ཙ་ན། ཟུར་ཆུང་པ་ཐུལ་པ་ཕྱི་ནང་ལྡོག་ནས་བཞེས་ཏེ་འདུག དེར་གཅིག་གིས། པགས་པ་ཕྱི་ནང་སློག་པའི་གོས་འདི་གང་གི་ཆོས་ལུགས་ཡིན་ཟེར། པགས་པ་དང་པོ་ནས་འདི་ལྟར་ཡོད་པས་ཕྱི་ནང་མ་ལྡོག ཕྱི་ནང་འཛོལ་བ་ཁྱོད་རང་གི་ཆོས་ཡིན་མོད་གསུངས། གཅིག་གིས་འོ་ན་ཆོས་གཏམ་བྱའོ་སྨྲས་པས། ཆོས་ཀྱི་ངོ་བོ་བརྗོད་མེད་མཐའ་བྲལ་ལ་ཆོས་གཏམ་ག་ན་ཡོད་གསུངས། དེར་སྐྱོ་སྟོན་གྱིས་དྲིས་པ། འོ་ན་ཁྱོད་རྫོགས་པ་ཆེན་པོ་པའི་ལུགས་ཀྱིས་སྒོམ་ལ་གཙོ་བོར་བྱེད་པ་ལགས་སམ་བྱས་པས། ང་དམིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་བསྒོམ་པ་ལགས་སམ་བྱས་པས། ང་གང་ལ་གཡེང་འདུག་གསུངས་པས་སྤོབས་པ་ལན་མེད་དུ་སོང༌། ཡང་གླན་སྟོན་ཤཱཀ་བཟང་གིས་དྲིས་པ། ཁྱོད་གསང་བ་སྒྱུ་འཕྲུལ་པའི་ལུགས་ཀྱིས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་འདོད་པ་ལགས་སམ་བྱས་པས། ཡུལ་བེམ་པོ་རང་རྒྱུད་དུ་སྣང་བའི་མངོན་སུམ་གྱི་ཚད་མ་སུས་འགེགས་གསུངས། འོ་ན་མི་འདོད་པ་ཨེ་ཡིན་བྱས་པས། སེམས་ཅན་གྱི་མ་དག་པའི་འཁྲུལ་སྣང་རང་རྒྱུད་པ་སྦྱོང་ཕྱིར་མདོ་རྒྱུད་ཀྱི་དགོངས་པ་དང་འགལ་བར་སུས་ནུས་གསུངས་པས། ཁོང་བཞིའི་བརྒལ་བརྟག་གི་རིགས་པ་རྣོན་པོའི་ཚིག་གི་ཚོགས་རྣམས་དོན་གྱི་མཐུ་ཆེ་བའི་ལན་སྒྲ་གཅན་གྱི་ལག་པ་ལྟ་བུས་རྣམ་པར་བཀབ་ཅིང༌། སྙིང་རྗེ་ཆེན་པོའི་གཞན་དབང་གི་སྡེར་མོས་བརྫིས་པས། འདི་ལྟར་ལས་འཕྲོ་སད་པའི་གང་ཟག་ནི་སློབ་དཔོན་དཔའ་བོ་འཕགས་པ་ལྷའི་འདུལ་ཞིང་དུ་གྱུར་པ་ལྟ་བུ་སྟེ། འདི་སྐད་དུ། ཀྱེ་མ་ཐེག་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ། རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་འདི་ལྟ་བུའི་བཤེས་གཉེན་ནི་རྙེད་པར་དཀའོ།།

འོན་ཀྱང་ད་ལྟ་དངོས་སུ་ཕྱིན་ན་སློབ་དཔོན་མི་དགྱེས་སུ་འོངས་པས། སང་ཕོད་ཐབས་ཀྱིས་རྟོག་གེ་ངན་པའི་སློབ་དཔོན་དང་དབྲལ་བར་བྱས་ལ། རྣལ་འབྱོར་གྱི་དབང་ཕྱུག་སྲིད་པའི་དྲྭ་བ་གཅོད་པའི་མཚོན་ཆ་རྣོན་པོའི་དབལ་དང་འགྲོག་པར་བགྱི་བ་ལ་གདོན་མི་ཟ་བའི་དམ་བཅའ་ལྷུར་ལེན་ཏོ་ཞེས་མནའ་ཐོས་བཅད་ནས་དེངས་སོ། །དེ་ལྟར་དེངས་པ་མེ་ཏོག་ཟས་ཅན་པདྨའི་ཚལ་ལ་བྱ་བ་བཞིན་དུ་སང་ཕོད་ལས་འཕྲོ་དང་སྨོན་ལམ་བཟང་པོའི་གཤོག་པ་རྨྱང་སྟེ་བདེ་གཤེགས་རྒྱ་བོ་པའི་ཆོས་གྲྭ་མ་ལ་ཡའི་ནགས་ཀླུང་ཆེན་པོར་ལྷགས་པ་ལས་ཀ་བ་བཞི་བྱུང་བ་ཡིན་ནོ། །དེར་ཁོང་བཞི་པོས་ཁྱུང་པོའི་དྲུང་དུ་ཕྱིན་ཙ་ན། ཁྱེད་ཚོས་ཟུར་ཆུང་པ་སུན་ཕྱུང་ངམ་ཟེར། སུན་ཕྱིན་པ་མི་གདའ་བྱས་པས། ཕྲག་དོག་གི་འཐོར་རླུང་དྲག་པོས་ཡིད་རྣལ་དུ་མི་ཕེབས་པ་ཙམ་དུ་གྱུར་ནས་ཟུར་ཆུང་པ་འདྲ་བའི་ལྟ་བ་ངན་པ་ཅན་སྐྱེ་བོ་ཐམས་ཅད་ལོག་པའི་ལམ་དུ་འཁྲིད་པ་འདི་གསད་ན་འཚང་རྒྱ་ངེས་ཟེར་རོ། །དེ་ཟུར་པའི་གྲྭ་པ་དག་གིས་ཐོས་ནས་སྙན་དུ་གསོལ་བས། རྒྱུད་རང་བཞིན་གྱིས་གྲོལ་བའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་རྣམ་པར་རྟོག་པ་མེད་པས་ཅང་མི་གསུངས་པས་ལན་བཏབ། ནང་པར་ཆོས་ཁྲིའི་ཁ་ནས་བཞད་ཀྱིན་འདུག བླ་མ་ཅི་ལ་དགྱེས་ཞུས་པས། ཆོས་བྱ་བ་ངའི་ཐེག་པ་ཆེན་པོ་གསང་སྔགས་འདི་ཡིན་པར་འདུག སྒྲོལ་བ་ལ་བརྟེན་ནས་སངས་རྒྱས་པར་འདོད་པ་འདི་གསང་སྔགས་ཀྱི་ལུགས་ཡིན། མཚན་ཉིད་པ་ལ་མེད་སྙམ་ཙ་ན། ཟུར་ཆུང་པ་ལྟ་བུ་གསད་ན་འཚང་རྒྱ་གསུངས་ནས་ཁྱུང་པོ་གྲགས་སེ་ལྟ་བུའི་མཚན་ཉིད་པ་ཆེན་པོ་ཡང་བློ་ཕུགས་ངའི་ཆོས་ལ་གཏོད་པར་འདུག་པས་ང་དགའ་བ་གཅིག་བྱུང་གསུངས་སྐད། དེ་ལ་སེམས་ཕྱོགས་ཀྱི་ཀ་བ་གུང་བུའི་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་སྐྱོང་ལུང་གི་ཡང་ཁེང་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ཆུ་བར་གྱི་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་མདའ་ཏིག་ཇོ་ཤཱཀ་གོ །ཡང་མ་ཐོག་བྱང་འབར་དང་རྒྱུད་པ་ལྔ་ཞེས་ཀྱང་གྲགས། གདུང་མ་བརྒྱད་ནི། མ་ཐོག་པ། སྐྱོ་སྟོན་ཆོས་སེང༌། གླན་ཤཱཀྱ་བྱང་ཆུབ། རྩག་ཤཱཀ་རིངས། གནུབས་སྟོན་བག་མ། དབུས་པ་ས་འཐོར། ཤུ་སྟོན་ཟླ་གྲགས། རྩེ་ཕྲོམ་བྱང་དཔལ་དང་བརྒྱད་དོ། །ཡང་ལ་ལ་གཟི་ཆེན། རྣལ་རྦ་སྙིང་པོ། ངམ་སྟོན་རྒྱལ་བ་གསུམ་དྲངས་པའང་ཡོད། སྒོམ་ཆེན་མི་གཉིས་ནི། འབའ་སྒོམ་དིག་མ་དང༌། བོན་སྒོམ་དོ་པའོ། །ཡུས་པོ་ཆེ་གཅིག་ནི། ལ་སྟོད་ཀྱི་ཟི་སྟོན་བསོད་རྒྱལ་ལོ། །སྟ་གུ་ར་མི་གཉིས་ནི། ཞང་སྟོན་སྔགས་སེ་དང༌། ཁྱུང་པོ་གྲགས་སེའོ། །ཕྱམ་དྲལ་ལ་སོགས་དཀྱུས་མའི་མིང་སྨོས་མ་འཚལ་ལོ། །གོ་མ་ཆོད་མི་གསུམ་ནི། འགོ་བྱ་ཚ། མིག་ཆུང་དབང་སེང༌། འགོ་ཆུང་དབང་ངེ་གསུམ་མོ།།

དེར་བླ་མ་ཟུར་ཆུང་པ་བྲག་རྒྱ་བོར་ལོ་ཉི་ཤུ་རྩ་བཞི་སྒྲུབ་པ་ཐུན་གཅིག་ལ་བཞུགས་ནས་འཇའ་ལུས་སུ་གཤེགས་པའི་དགོངས་པ་གཏད་ཡོད་པ་ལ་སྐུ་མཚམས་ཐོན་དགོས་པའི་རྐྱེན་གཉིས་བྱུང་བས། ལོ་རིལ་པོ་བཅུ་གསུམ་དང་ངོ་གཅིག་སྟེ་བཅུ་བཞི་བཞུགས། འདིའི་སྐབས་ཤིག་ན་ཉེ་གནས་ཀྱིས་ཀྱང་སྐུ་ལ་བཅར་དུ་མེད་པའི་རྒྱུན་རིང་བར་བཞུགས། རེ་ཞིག་ན་དུད་པ་དང་ལྡབ་ལྡིབ་ཙམ་ཡང་མ་བྱུང༌། སྐུ་ལ་སྙུན་པ་མི་མངའ་འམ་སྙམ་ནས་ཉེ་གནས་ཀྱིས་བལྟར་ཕྱིན་ཙ་ན། ཞལ་དང་ཤངས་ལ་སྡོམ་ཐག་བྲེང་ངེ་འདུག བླ་མ་གྲོངས་སྙམ་ནས་ངུ་ཤོར་བས་དགོངས་པ་གྲོལ། བླ་མའི་ཞལ་ནས་ང་དེ་ཁའི་ངང་ལ་བཞག་ན་མགོ་ལ་ཐོད་པ་མི་འགེལ་བ་གཅིག་ཡོང་བ་ཡིན་ཏེ། ད་སྐྱེ་བ་གཅིག་ལེན་པར་འདུག་གསུངས། དེ་ས་སྐྱ་ལོ་ཆེན་ཡིན་ཟེར། འདི་ནི་ཆོས་ཉིད་ཅིག་ཅར་དུ་ཟད་ནས་ཕུང་པོ་རྡུལ་ཕྲན་དུ་མ་དྭངས་ཙམ་པའི་ལམ་རྟགས་སུ་སྣང༌། ཡང་ནང་གཅིག་ཚ་བའི་སྟ་གོན་གྱིས་ཤིག ད་རེས་ལོ་མའི་ཚོད་མ་བྱའོ་གསུངས། ཉེ་གནས་ཀྱིས་ཆུ་མ་ཁོལ་བ་ལ་བླ་མས་ཚོད་མ་བསྣམས་བྱུང༌། ངས་འུག་པ་ལུང་འཁོར་ནས་ཁྱོད་ཆུ་མི་ཁོལ་བ་ཅི་ཡིན་གསུངས། ཀུ་རེ་ཡིན་ནམ་ཞུས་པས། ཟུར་པོ་ཆེས་གནང་བའི་གསོལ་རས་ཞིག་ཡོད་པ་ཉེ་གནས་ལ་གནང་བས། ཁོ་ཡིད་ལྷག་པར་ཆེས། ངའི་བླ་མ་རླུང་སེམས་ལ་རང་དབང་ཐོབ་ངེས་ཡིན་སྙམ་པའི་མོས་གུས་སྐྱེས་སོ།།

དེ་ལ་དགོན་པ་ནས་འབྱོན་པའི་རྐྱེན་གཅིག་ནི། གོ་མ་ཆོད་མི་གསུམ་གྱིས་བསྟན་པ་མ་འཁྱོངས་ཏེ། འགོ་བྱ་ཚས་ཐབས་ལམ་གྱི་རྒྱབ་ཏུ་མ་རྒྱུད་དགོས་ཟེར་འགོས་ཁུག་པའི་རྩར་སོང༌། མིག་ཆུང་དབང་སེང་གིས་དཀྱིལ་འཁོར་ཕྱིར་འདོན་པ་ལ་རྒྱབ་ཏུ་ཡོ་ག་དགོས་ཟེར་ནས་སུམ་པ་ཡེ་འབར་གྱི་རྩར་སོང༌། འགོ་ཆུང་དབང་ངེས་གཞི་ལམ་གྱི་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་ཟེར་སྤངས་ཀ་དར་ཆུང་བའི་རྩར་སོང་ངོ༌། །དེ་དག་ནི་གསང་བ་སྙིང་པོ་ལ་ལམ་ཐབས་གྲོལ་གཉིས་ཀ་ཡོད་དེ་མ་རྒྱུད་ཀྱི་མཚན་ཉིད་མ་ཕྱེད། དཀྱིལ་འཁོར་རང་ས་ནས་ཐོན་པ་ལ་མིག་ལྟག་ཁུང་དུ་འཆུས། ཚད་མ་ཚིག་གི་གྲུབ་མཐའ་ཡིན་ཏེ་གཞི་ལམ་ཐོག་ཏུ་མི་ཕེབས་པ་མ་གོ རྒྱུ་དེས་གོ་མ་ཆོད་མི་གསུམ་གྱིས་བཤད་གྲྭ་མ་འཁྱོངས་པས་སྐུ་མཚམས་ལས་ཐོན་དགོས་པ་བྱུང༌། རྐྱེན་གཅིག་ནི། སྒྲོ་ཕུག་ལྷ་ཁང་གི་མཇུག་སྐྱོང་དང༌། རབ་གནས་མ་གྲུབ་ཙམ་ལ་རྒྱལ་བ་ཟུར་པོ་ཆེ་སྐྱེ་བ་མ་སྤངས་པར་ཟུང་འཇུག་གི་གྲུབ་མཐའ་སྙོགས་པར་བཞེད་ནས། ངའི་ལག་རྗེས་ཁྱོད་ཀྱིས་སྐྱོངས་ཤིག་ཅེས་བླ་མའི་བཀའ་བྱུང་ནས་བྱོན་པ་ཡིན་ནོ། །དེ་ལྟར་བདེ་གཤེགས་ཟུར་ཆུང་པ་ཕྲིན་ལས་རྒྱས་པའི་དུས་ན། བོད་ཀྱི་སྔགས་པ་ཚོགས་ཚད་ཀྱིས་ཕྱག་མི་བྱེད་པ་མེད་པ་དང༌། གྲལ་གོང་དུ་འགྲོ་བ་མེད་པས། འགོས་ལོ་ཙཱ་བས་གསར་མ་བ་རྣམས་ཁོང་ལ་ཕྱག་མི་འཚལ་བ་དང༌། གྲལ་ཞབས་སུ་མི་སྒྲིག་པའི་ཁྲིམས་བཅས་མོད། ནམ་ཞིག་ཤངས་སུ་སྟོན་མོ་ཆེན་པོ་གཅིག་ལ་ཐམས་ཅད་ཚོགས་པ་ན། ཟུར་ཆུང་པ་གྲལ་འགོ་ན་བཞུགས་པའི་སྤྱན་སྔར་འགོས་ཀྱིས་སླེབས། དེའི་ཚེ་འདི་ལྟར་ཚིག་ལ་མཁས་ཤིང་ཉོན་མོངས་ལ་གྲིམ་པའི་བཤེས་གཉེན་ཆེན་པོ་དག་གིས་དགོངས་པ་སངས་རྒྱས་དང་མཉམ་པའི་རྣལ་འབྱོར་གྱི་དབང་པོ་དག་གི་ཟིལ་བཟོད་པ་མ་ཡིན་པས། ལྔ་སྡེ་བཟང་པོའི་ནང་ཁྲིམས་བཞིན་རང་དབང་བརྟན་པ་དང་བྲལ་བས་འདུ་བྱེད་རྟབ་རྟབ་པོར་གྱུར་ནས་ཕྱག་མི་བྱེད་པའི་དམ་བཅའི་རི་མོ་རྗེས་ཤུལ་ཙམ་ཡང་མེད་པར་ཟུབས། ཡན་ལག་ལྔའི་འཁྲི་ཤིང་ས་ལ་འབྱར་བ་བཞིན་དུ་གྱུར་པས་ཀུན་ཀྱང་ཕྱག་བྱེད་པ་ལ་མངོན་དུ་ཕྱོགས་སོ།།

དེ་ནས་སྟོན་མོ་གྱེས་ཙ་ན་གཞན་དག་ན་རེ། ཟུར་ཆུང་པ་ལ་ཕྱག་མི་བྱེད་པའི་དམ་བཅའ་རང་རེས་མཛད་པ་ལ་སྔོན་ལ་ཉིད་ཀྱིས་ཕྱག་མཛད་པ་ཅི་ཡིན་དྲིས་པས། ཁོའི་དྲུང་དུ་ཕྱིན་ཙ་ན་བཅོམ་ལྡན་འདས་དཔལ་ཆེན་པོའམ་དེ་འདི་ཀ་ཡིན་པར་འདུག་སྙམ་པ་ལས་མི་ཡི་འདུ་ཤེས་མ་སྐྱེས་གསུངས་སྐད། ལར་རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཉི་ཟེར་ལ་འབྱོན་བཞུད་མཛད་པར་གྲགས་ཏེ། འུག་པ་ལུང་དུ་སྔ་ཆོས། སྒྲོ་ཕུག་ཏུ་གུང་ཆོས། བྲག་རྒྱ་བོར་དགོང་ཆོས་ཏེ། འགྱངས་ཁད་ཤིན་ཏུ་ཆེ་སར་ཉི་མ་རེ་ལ་ཆོས་ཐུན་གསུམ་རེ་འཆད། དེ་བཞིན་དུ་ལྷ་ཟེར་མོར་མཁའ་འགྲོ་མ་རྣམས་བྲོ་བརྡུངས་མཛད་པ་གཟིགས་པས་རྐྱེན་བྱས་མཁའ་འགྲོ་ལས་ལ་བཀོལ་ནས་མཆོད་ཁང་ཀ་བ་བདུན་དང༌། ཁྱད་འཕགས་གཉིས་ཏེ་དགུས་བཏེགས་པ་ཞིག་བཞེངས་པས་མཁའ་འགྲོ་ལྷ་ཁང་དུ་གྲགས། སངས་རྒྱས་བཞི་བཅུ་རྩ་གཉིས་དང༌། བཀའ་སྲུང་ལེགས་ལྡན་ལྡེ་གུས་བཞེངས། དཀྱིལ་འཁོར་རྒྱས་བསྡུས་གཉིས་ལོགས་ལ་བྲིས། རབ་ཏུ་གནས་པའི་ཚེ་ལེགས་ལྡན་གྱི་སྐུ་ལ་ཕུ་དུང་གིས་ལྕག་བྲབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཨེ་སྲུང་གསུངས་པས་དབུ་གུག་གུག་པ་བྱུང༌། དཀོན་མཆོག་གི་དབུ་འཕང་ཨེ་བསྟོད་གསུངས་པས་མཆུ་ལྷེབ་ལྷེབ་པ་བྱུང༌། དེ་བཞིན་དུ་དཔལ་ཆེན་པོ་ཞལ་གཟིགས་པའི་ཞབས་གཡོན་བཞག་སར་ཡང་དག་གི་ལྷ་ཁང་བཞེངས། མ་ཐོག་བྱང་འབར་གྱིས་ལྷ་ཁང་ལ་ཤིང་གཉན་ཁྲག་ཏུ་འཛག་པ་གཅོད་དུ་བསྩལ་ནས་ལྷ་ཁང་འབྱོངས། ཤིང་ཕུད་བླ་མ་ལ་ཕུལ་བའི་ཚེ། གཞི་བདག་ཕྲེང་བས་སྤེན་མའི་ཀ་བ་གཅིག་ལུས་ནས་གཙང་པོས་དྲངས་པ་རྔ་མོ་ཕྲང་དུ་ཞག་ལྔ་ཆུ་ལ་བྱིངས་ནས་མ་ཐོན། དེར་སློབ་མ་གཉིས་བཏང་ནས་བྲག་ལ་དཀར་གཏོར་འདི་སྤུངས། མཚོ་ལ་དམར་གཏོར་འདི་རྒྱོབ་ལ་བླ་མ་ཟུར་ཆུང་པའི་ཤིང་ད་ལྟ་བསྐྱལ་ན་སྐྱོལ་ཅིག ཅེས་སྡིགས་སུ་བཅུག་པས། ཆུ་བདག་སྐྲག་ནས་ཕྲལ་དུ་ཐོན་པ་སོགས་ལྷ་འདྲེས་བཀའ་ལ་ཉན། དེ་ལྟ་བུའི་ཆེ་བའི་ཡོན་ཏན་གྱིས་བརྒྱན་པའི་ལྷ་རྗེ་ཟུར་ཆུང་པ་དེ་སྐུ་མྱ་ངན་ལས་འདའ་བར་ཉེ་བའི་ཚེ། བུ་སློབ་རྣམས་ཀྱིས་རིགས་སྲས་བསྐྲུན་པར་གསོལ་བ་བཏབ་པས། གསང་བདག་ལག་ན་རྡོ་རྗེ་ཡུམ་གྱི་ལྷུམས་སུ་མངོན་བྱང་ལྔའི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་པ་ཟུར་ཤཱཀྱ་སེང་གེའི་མཚན་དཔེའི་ངོ་མཚར་གསལ་བར་བྱས། ཞལ་གྱི་གདམས་པ་བརྒྱད་ཅུ་པར་གྲགས་པ། རིའི་བུ་གྱིས། ཧྲུལ་པོའི་གོས་གྱོན། མི་ཞིམ་པའི་ཟས་ཟོ། དགྲ་གཉའ་རེངས་སུ་ཐོངས། ཞིང་ཐ་རེངས་སུ་ཞོག བློ་ཐག་ཆོས་ལ་ཆོད། ཅེས་པ་ལ་སོགས་པ་གསུངས་ནས། དྲུག་ཅུ་རྩ་གཅིག་བཞེས་པའི་ཤིང་ཕོ་སྟག་ལ་བྲག་རྒྱ་བོར་འོད་དང་ས་གཡོ་བ་དང་བཅས་འོག་མིན་རྡོ་རྗེ་བཀོད་པའི་གྲོང་ཁྱེར་དུ་གཤེགས་སོ།།

༈ དེའི་སྲས་བོད་འདིར་གསང་བ་སྙིང་པོའི་བཤད་པའི་ཆུ་འགོ་ལྟ་བུར་གྱུར་པ་གསང་བདག་སྒྲོ་ཕུག་པ་ཆེན་པོའམ་ཟུར་ཤཱཀྱ་སེང་གེ་ནི། ཇོ་སྲས་མོ་མདའ་མོ་གཙུག་ཏོར་ལྕམ་ཞེས་བྱ་བ་སློབ་མར་གྱུར་པ་ཞིག་ཡོད་པ་དེས་མངལ་དུ་སྤྲུལ་པའི་སྐུ་འཛིན་ནུས་པར་དགོངས་ནས། དེ་ཉིད་ཀྱི་མིང་པོ་ཀ་བ་བཞིའི་གྲས་མདའ་ཏིག་ཆོས་ཤཱཀ་ལ། ཁྱོད་ཀྱི་སྲིང་མོ་འདི་བདག་གིར་རུང་ངམ་ཞེས་གསུངས་པས། མདའ་ཏིག་ན་རེ། བཀའ་བཞིན་འཚལ་ཞེས་དེའི་ལག་པ་ན་རྡོ་རྗེ་དྲིལ་བུ་བཞག་སྟེ། འདི་གཞན་ལ་མ་བརྒྱུད་པར་བླ་མའི་ཕྱག་ཏུ་ཕུལ་ཞིག་པར་བསྒོས་པས་རྟེན་འབྲེལ་ཆེན་པོ་འགྲིགས། དེ་ཁབ་ཏུ་བཞེས་པ་མ་ཡིན་པས་གྲྭ་པའི་ཚོགས་ཀྱང་སྡང་ཞིང་འདོན་པར་བརྩམ་པ་ན། སྐྱོ་སྟོན་ཤཱཀ་ཡེ་ན་རེ། འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་གཅིག་འདུག་པར་རྨིས་པས། རིགས་སྲས་འདྲ་མཐོང་ན་བསྟན་པར་ཕན་སྲིད་ཀྱི་ཞོག་གསུངས། དེ་བཞིན་དུ་ཀ་བ་གཞན་རྣམས་ལའང་སངས་རྒྱས་ཀྱི་སྐུ་དང༌། གསེར་གྱི་རྡོ་རྗེ་སོགས་ཇོ་མོ་ལ་ཐིམ་པར་རྨིས་པས་བཞག་གོ །དེ་ལ་རྔོག་ལོ་ཆེན་པོའི་བཅུ་དྲུག་པ་ཤིང་ཕོ་སྟག་ལ་སྒྲོ་ཕུག་པ་སྐུ་བལྟམས། དེར་བླ་མའི་ཞལ་ནས་ངའི་བུ་འདི་ལྷུམས་སུ་འཇུག་པའི་ཚེ་ཕྱག་ན་རྡོ་རྗེ་ཐིམ་པའི་མཚན་མ་ཡོད་པ་ཡིན་པས་འགྲོ་བ་ལ་ཕན་པ་ཞིག་ཡོང་གསུངས་ནས་མཚན་ཤཱཀྱ་སེང་གེར་བཏགས། ཡབ་ཀྱིས་སྤོང་དག་བྱར་ནས་ཅི་ཡང་མེད་པ་དང་ཐུག་པས། ཡུམ་ན་རེ། ཁ་སིང་ནས་བུ་སྐྱེ་བ་ནི་ཐུགས་ལ་མངའ། རྐན་མར་ཙམ་ཡང་མི་འཇོག་པ་ཟེར་བ་ལ། ཁོ་ལ་བསོད་ནམས་ཡོད་ན་ངས་མ་བཞག་ཀྱང་འོང༌། དེ་མེད་ན་བཞག་ཀྱང་མི་ཕན་གསུངས་ནས་ཁང་ཐོག་ཏུ་བཞུགས་ཙ་ན། བཙུན་མ་ཕྱུག་མོ་ཞིག་གིས་ནས་རྒྱབ་མང་པོ་དང་མར་ཕོན་ཆེར་ཕུལ། མདོ་ཁམས་ནས་འབུལ་སྐྱེལ་ལྷགས་པས། རྐན་མར་བྱུང་ངོ་གསུངས་སྐད། འདི་ལ་བསོད་ནམས་ཀྱང་འོང༌། འགྲོ་བ་ལའང་ཕན་གསུངས་ཏེ་དགྱེས། ཟླ་བ་བརྒྱད་ན་ཡབ་གཤེགས་པས། ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུར་ལོ་བཅོ་ལྔ་བཞུགས། དེ་ནས་ཆུ་བར་དུ་གླན་ཤཱཀྱ་བཟང་པོའི་དྲུང་དུ་བྱོན་སྟེ་གསང་བ་སྒྱུ་འཕྲུལ་དང༌། སྐྱོང་ལུང་དུ་ཡང་ཁེང་གི་སར་ཡང་བྱོན་ནས་ཆོས་གསན། དགུང་ལོ་བཅུ་དགུ་པ་ལ་ཆེ་འདོན་མཛད་པས་ཕྲིན་ལས་ཤིན་ཏུ་རྒྱས་ཏེ་བསླབ་གཉེར་གཡེལ་བ་བྱུང༌། དེར་སྐབས་བཙལ་ནས་གོང་བུར་སྐྱོའི་རྩར་ལོ་གཅིག་བྱོན།

དེ་ནས་སླར་ཕྲིན་ལས་ཆེར་རྒྱས་ཏེ་གཞན་དུ་བཞུད་པའི་སྐབས་མ་བྱུང༌། བླ་མ་མཁས་གྲུབ་ཀྱི་ཚོགས་ཚུར་སྤྱན་དྲངས་ནས་སློབ་གཉེར་རྫོགས་པར་མཛད། ཀ་བ་བཞི་ལས་ཡབ་ཆོས་མདོ་སྒྱུ་སེམས་གསུམ་རྒྱུད་མན་ངག་ཕྲིན་སྒྲུབ་ཕྱག་བཞེས་དབང་དང་བཅས་པ་ཡོངས་སུ་རྫོགས་པར་གསན་ཅིང༌། ཁྱད་པར་དུ་ཞང་པོ་མདའ་ཏིག་ལས་མདོའི་སྐོར་ཞིབ་པར་བརྙེས། གླན་ཤཱཀྱ་བྱང་ཆུབ་ལས་རྫོགས་ཆེན་སྐོར་ལུགས། ལྷ་རྗེ་ཤངས་ནག་ལས་རྫོགས་ཆེན་བརྒྱུད་པ་ཐ་མ་སོགས་མདོར་ན་བླ་མ་མང་པོ་ལས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། རང་གི་གྲུབ་མཐའ་གསན་པའི་བླ་མ་དེ་དག་ལའང་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་སྣ་དྲངས་པའི་འབུལ་བ་རྒྱ་ཆེན་པོས་ཐུགས་ཟིན་པར་མཛད། ཉ་རི་སྒྲོ་ཕུག་ཏུ་སྒྲུབ་པ་ཡུན་རིང་དུ་མཛད་པས་བསྐྱེད་རྫོགས་ཀྱི་གནས་ལ་མན་ངག་གི་རྒྱུད་ནས་གསུངས་པའི་གཟེར་བཞི་ཐེབས། ཡི་དམ་ལྷའི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་འདྲེས་པས་སྐུ་གཞོན་ནུ་ནས་གཟི་བྱིན་ཤིན་ཏུ་ཆེ་སྟེ་ཐམས་ཅད་ཟིལ་གྱིས་གནོན་ནུས། རེ་ཞིག་ན་དམ་པ་སངས་རྒྱས་དིང་རི་ན་བཞུགས་པ་དཔོན་སློབ་ལྔས་མཇལ་དུ་བྱོན། ཕེབས་རྒྱུའི་ཉིན་དམ་པའི་ཞལ་ནས་དེ་རིང་ཕྱག་ན་རྡོ་རྗེའི་སྤྲུལ་པ་འབྱོན་པ་ཡོད་ཀྱི་བསུ་བ་གྱིས་གསུངས། དར་གདུགས་ལ་སོགས་བཤམས་པས། ཉི་མ་རྒས་སུ་ཆས་ཙ་ན་སྔགས་པ་དཔོན་སློབ་ལྔ་བྱུང༌། གཞན་སུ་ཡང་མི་གདའ་ཞུས་པས། དེ་ཀ་ལ་བསུ་བ་གྱིས་གསུངས། དེར་ལྷ་རྗེ་སྒྲོ་ཕུག་པས་དམ་པ་ལ་མངོན་མཁྱེན་ཨེ་འདུག་བལྟ་ཡི་གསུངས་ནས་སློབ་མ་ཞིག་ཉིད་དུ་བརྫུར་བཅུག་ནས་སྔོན་ལ་བཏང༌། ཁོང་རང་ཕྱི་ན་ཞབས་འབྲིང་བ་ལྟར་བྱས་པས། དམ་པས་སྒྲོ་ཕུག་པའི་མགུལ་ན་ལྦ་བ་ཡོད་པ་ལ་གཟིགས་ནས། ཕྱག་སྣ་ལྦ་བ་ཅན་གྱིས་དྲོངས། དཔོན་སློབ་གོ་མ་ལོག་པ་བཟང་གསུངས་པས། མོས་གུས་ཆེན་པོ་ཐོབ། ཆོས་ཀྱི་བདུད་རྩིའང་ནོད། དམ་པའི་ཞལ་ནས་སྒྲོ་ཕུག་པ་ལ་འདི་བསྟན་པའི་སྤྱི་དཔལ་ཆེན་པོར་འགྱུར་ཞེས་དབུགས་འབྱིན་མཛད། ཡང་རེ་ཞིག་ན་ཕྱག་རྡོར་གྱི་བྲིས་སྐུ་བྱེད་པའི་བྲི་བཀོད་ཀྱི་ཚེ། ལྷ་བྲིས་པ་ལ་ཁྱེད་རང་འདི་འདྲ་ཞིག་བྲིས་ཞེས་ཕྱག་ན་རྡོ་རྗེའི་སྐུར་དངོས་སུ་བསྟན་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་དཔལ་གསང་བའི་བདག་པོ་བྱང་ཕྱོགས་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ལ་བྱོན་ནོ་ཞེས་གྲགས། སྤྱིར་གདུལ་བྱའི་ཚོགས་དཔག་ཏུ་མེད་ལ། ཁྱད་པར་སློབ་མ་དགེ་བའི་བཤེས་གཉེན་ཆེན་པོ་གྲྭ་ས་འཛིན་ཅིང་བསྟན་པ་སྐྱོང་བ་གདུགས་ཐོགས་པ་སྟོང་ཐོན་པས་རིང་མོའི་མཐར་ཡང་ཕྲིན་ལས་བསམ་གྱིས་མི་ཁྱབ། སྒྲོ་ཕུག་ཏུ་ཆོས་གསུངས་པའི་དུས་གཅིག་ཆོས་ཁྲི་རྒྱབ་ཡོལ་མེད་པ་གཅིག་ལ་བཞུགས་ཏེ་མཐའ་སྐོར་ཐམས་ཅད་གྲྭ་པས་བསྐོར་ནས་ཡོད་པ་ལ། ཕྱོགས་ཐམས་ཅད་དུ་ཞལ་ཐལ་ལེ་བར་བྱུང་བས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་བདག་པོའི་ཞལ་སྐྱིན་མངོན་སུམ་པར་ཡིད་ཆེས་ཤིང་སྤྲུལ་པའི་སྐུར་རྩོད་པ་མེད་པར་གྲགས། དབྱར་ཆོས་དགུན་ཆོས་ཀྱི་དུས་ཕྱོགས་རེ་ན་མར་དཔེ་འགྲིམས་ལྔ་བརྒྱ་ཙམ་རེ་དང༌། སྟོན་ཆོས་དང་དཔྱིད་ཆོས་ཀྱི་དུས་སུམ་བརྒྱ་ཙམ་ཡོད་ཅིང༌། སྤྱིར་ཁྲི་ཕྲག་ཐལ་བ་བྱུང་བས། ཆོས་རའི་གོ་ས་བདེ་དོག་ལའང་གསེར་ཞོ་རེའི་འཇལ་ལེན་བྱེད་པའི་དར་རྒྱས་བྱུང༌། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་དོན་ལ་རང་བྱན་ཚུད་པ་ཙམ་གྱི་ཆོས་སྤྱན་ཐོབ་པས་གསང་བདག་སྒྲོ་ཕུག་པའི་བཤད་སྲོལ་ཞེས་དུས་ད་ལྟའི་བར་དུ་ལྡབ་ལྡིབ་བྱེད་པ་འདི་བྱུང་ཞིང་ཉི་ཟླ་ལྟར་གྲགས་པ་ཡིན་ནོ། །དེ་ལ་ཐུགས་ཟིན་གྱི་སློབ་མ་བཅུ་གཉིས་བྱུང་སྟེ། ནག་པོ་བཞི། སྟོན་པ་བཞི། མེས་བཞི་ལས། ནག་པོ་བཞི་ནི། ལྕེ་སྟོན་རྒྱ་ནག ཟུར་ནག་འཁོར་ལོ། ཉང་ནག་མདོ་བོ། མདའ་ནག་གཙུག་ཏོར་དབང་ཕྱུག་གོ།

སྟོན་པ་བཞི་ནི། ཉེ་སྟོན་ཆོས་སེང༌། རྒྱབས་སྟོན་རྡོ་རྗེ་མགོན་པོ། ཞང་སྟོན། རྒྱ་སྟོན་བཞིའོ། །མེས་བཞི་ནི། རྩངས་པ་བྱི་སྟོན། གཡུ་སྟོན་ཧོར་པོ། སྦངས་སྟོན་ལྕགས་ཀྱུ། དབུས་པ་ཆོས་སེང་ངོ༌། །འདྲེན་ཚུལ་འདི་ཟུར་སྟོད་ལུགས་སུ་གྲགས་ལ། སྨད་ལུགས་སུ་དེ་ལས་ཐ་དད་པའང་ཡོད། ཇི་ཞིག་ན་གསང་བདག་སྒྲོ་ཕུག་པ་ཆེན་པོ་དེ་ཉིད་ཐ་མའི་མཛད་པ་སྟོན་པར་བབས་པའི་ཚེ། སྟོན་པ་བཞི་ལ་ཁྱོད་ཚོས་ཚོགས་འཁོར་གྱི་ཆ་རྐྱེན་འདྲ་ཁྱེར་ལ་ཤོག ངས་ཀྱང་སྡོགས་ཀྱི་གསུངས། སྟོན་པ་བཞིས་གསུང་བཞིན་དུ་བསྒྲུབས་པ་དང༌། སྒྲོ་ཕུག་གི་ལྟག་ལྷ་རི་གདོང་གི་རྩེར་བྱོན་ནས་ཚོགས་འཁོར་རྒྱ་ཆེན་པོ་མཛད། གསུང་གི་གསང་བ་མང་པོ་རྗེས་སུ་བསྟན་ནས། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད་ཅིག ངས་ད་རེས་ལུས་མ་སྤངས་པར་ཁྱེར་ནས་རིག་འཛིན་གྱི་ས་ལ་འགྲོ་བ་ཡིན། དེས་ཁྱེད་རྣམས་ལ་ཤུལ་དུའང་བཀྲ་ཤིས། མི་བརྒྱུད་དང་བསྟན་པ་འཕེལ་བ་གཅིག་འོང་ངོ་གསུངས་ནས། དཔལ་གྱི་མགུར་ལས་རྡོ་རྗེའི་གླུ་གཅིག་བཞེངས། ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་འཕགས་ཀྱིན་མགུར་རེ་བཞེངས་ནས་མཐར་མི་མངོན་པའི་སར་གཤེགས་པ་དང༌། སྟོན་པ་བཞི་སྙིང་ཕྱུང་བ་ལྟ་བུའི་སྡུག་བསྔལ་གྱིས་མནར་ནས་ཆོ་ངེས་བཏབ། འགྲེ་ལྡོག་བྱས། མཚན་ནས་བོས་པས་སླར་བྱ་བབས་པ་བཞིན་དུ་བྱོན། ཁྱེད་རྣམས་དེ་ལྟར་མི་བྱེད་པ་ཡིན་ཏེ། ངས་གོང་དུ་ཁ་ཏ་ནི་ལེགས་པར་བཅུག དེ་ལ་མི་ཉན་པར་ད་ངའི་མི་བརྒྱུད་ལ་བཀྲ་ཤིས་པ་བག་མི་འོང་གསུངས། དེ་ནས་ཕྱི་ལོ་དྲུག་ཅུ་རྩ་གཅིག་པ་ཤིང་ཕོ་སྟག་གི་ལོ་ལ་འོག་མིན་ཚོགས་ཆེན་འདུས་པའི་གྲོང་ཁྱེར་དུ་གཤེགས་སོ། །པུར་སྦྱོང་བའི་ཚེ་སྔགས་པ་གཞོན་མཛེས་གཅིག་གིས་རྟ་ངང་བཟང་གཅིག་ལ་དུང་གི་སྒ་རང་གུག་ངོ་མཚར་ཅན་བསྟད་པ་ཞིག་ཕུལ། དེ་འདི་ནས་བྱུང་དང་འདིར་སོང་སུས་ཀྱང་ངོ་ཤེས་པ་མ་བྱུང་བས་ལྷས་འདེགས་བསྐྱལ་བར་གྲགས། དེ་བཞིན་དུ་བཙན་དང༌། མ་མོ་དང༌། ཀླུ་རྣམས་ཀྱིས་ཀྱང་འདེགས་བསྐྱལ་ཏེ། མི་ལ་མེད་པའི་ནོར་སྣ་བཞི་བྱུང་བ་ཡིན་ནོ། །འདི་ས་སྐྱ་པ་ཀུན་དགའ་སྙིང་པོ་ལས་ལོ་བཅོ་བརྒྱད་ཀྱིས་བགྲེས་པས། དྭགས་པོ་ལྷ་རྗེ་དང༌། ཕག་མོ་གྲུ་པ། བླ་མ་ཞང༌། ཇོ་སྲས་འཛེང་སོགས་དང་ཐོག་རགས་པ་ཙམ་མཉམ་མོ། །ཡང་བི་མ་ལའི་སློབ་མ་རོང་ཆུ་ཚན་གྱི་དགེ་སློང་མ་སྤྲེ་མོ། དེའི་སློབ་མ་ལྷོ་བྲག་བྱ་ཟེའི་མར་པ་ཤེས་རབ་འོད། དེའི་སློབ་མ་ཤངས་ལྷ་བུའི་ལངས་སྟོན་དར་མ་བསོད་ནམས། དེའི་སློབ་མ་ལྷ་རྗེ་ཧོར་པོ་སྒྲོ་ཕུག་པ་ཡིན་པས། བི་མ་ལ་དང་སྒྲོ་ཕུག་པ་གཉིས་ཀྱི་བར་ལ་བླ་མ་གསུམ་ལས་མེད་དོ།།

༈ དེ་ལ་སྒྲོ་ཕུག་པའི་སློབ་མ་ལྕེ་སྟོན་རྒྱ་ནག་ནི། ཡུལ་ཉང་སྟོད་དུ་ཤིང་ཕོ་ཁྱི་ལ་འཁྲུངས། མཚན་ཉིད་ཀྱི་གྲྭ་ས་ན་ཕུ་བོ་གཉིས་སློབ་གཉེར་ལ་ཡོད་པའི་སར་རྒྱགས་སྐྱེལ་དུ་བྱོན། ཞར་ཉན་བྱས་པས་ཁོང་གཉིས་ཀྱིས་ཆེད་དུ་སྦྱངས་པ་ལས་ལྷག་པ་བྱུང༌། དེར་རྒྱ་ནག་ན་རེ། ཁྱེད་གཉིས་ཀྱིས་ལོ་གསུམ་ཉན་ཀྱང་གོ་བ་ཅི་ཡང་མི་འདུག ངས་ཉན་ན་གོ་བར་འདུག་བྱས་པས། ཕུ་བོ་གཉིས་ན་རེ། ངེད་གཉིས་ལ་དེ་ལས་མ་བྱུང༌། ཆོས་སུས་ཤེས་ཀྱང་འདྲ་ཡི་ཁྱོད་གོ་ན་ཁྱོད་རང་ཉོན། ངེད་ཀྱིས་རྒྱགས་སྐྱེལ་བྱེད་ཟེར་བས། དེར་ལྷ་རྗེ་རྒྱ་ནག་གིས་བཞུགས་ནས་ཁྱུང་པོ་གྲགས་སེ་ལ་ཕར་ཕྱིན། འབན་ལ་མངོན་པ། སྟག་པ་ཁ་ཆེ་ལ་དབུ་ཚད། འགར་བསོད་ནམས་ཡེ་ཤེས་ལའང་གཏུགས་ཏེ་ལོ་དགུར་ཉན་པས་མཁས་པའི་ཕ་རོལ་ཏུ་སོན། སུམ་ཅུ་པའི་ཚེ་གསང་བདག་སྒྲོ་ཕུག་པ་ལ་སྔགས་གསན་དུ་བྱོན་ནས་ལོ་བཅུ་གཅིག་བཞུགས་ཏེ། ལོ་གསུམ་གྱི་བར་ཇོ་སྲས་ཉང་སྟོད་པ་གསུངས་པ་ཙམ་ལས་སྤྱན་སྔར་གསུང་གླེང་ཞིབ་པ་ཙམ་མ་བྱུང༌། སྐབས་ཤིག་ན་རྒྱ་བརྩོན་སེང་དཔོན་གཡོག་དང་ལྷ་རྗེ་ཆོས་འཁོར་སྟབས་ཅིག་ཏུ་འཛོམས་པའི་ཚེ། རྒྱ་བརྩོན་དཔོན་གཡོག་གིས་རྩོད་པ་བཙུགས་པས། ལྷ་རྗེ་རྒྱ་ནག་གིས་ཁོང་རྣམས་སུན་ཕྱུང༌། ང་རྒྱལ་བཅག་པས་མཉེས་ཏེ་ཐུགས་ལ་འདོགས་པར་བྱུང་བའི་ཁར། སྲས་ཇོ་བཙུན་རྡོ་རྗེ་གྲགས་བློ་ཁ་ཕྱེ་བས་རབ་ཏུ་དགྱེས་ནས། བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་དང༌། ཁྱད་པར་གྱི་མན་ངག་ཡིག་ཆུང་དང་བཅས་པ་གནང་བས་རྗེ་ལྷ་ཁང་པ་ཟུར་ཚོ་གཞན་ལས་ཆོས་ཁ་ཚང་ཞིང་མན་ངག་ཟབ་པ་ཡིན། བཞི་བཅུ་ཐམ་པ་ལ་གཤེགས་བཙུན་མཛད། དེའི་ཕྱི་ལོ་སྒྲོ་ཕུག་པ་གཤེགས། ཉང་སྟོད་ཀྱི་རྒྱ་རྩང་སྐོར་བ་ལ་བདུད་རྩི། ཉང་སྨད་སྒྲོ་དར་སེང་ལ་རྣམ་འཇོམས་དང༌། ཕུར་པ་རྩ་བ་སོར་བཞག་ལུགས། གཞན་སྐྱི་ལུགས་ལ་སོགས་ཕུར་པ་ལུགས་ཐ་དད་པ་དང༌། དམ་པ་སྤོར་མང་ལ་རྫོགས་ཆེན་སྤོར་ལུགས། ཇོ་མོ་ཉང་མོ་ལ་རྫོགས་ཆེན་ཁམས་ལུགས་ཨ་རོའི་ཐུགས་བཅུད། དེ་བཞིན་དུ་རྫོགས་ཆེན་བྲམ་ཟེའི་སྐོར་དང་ཀེ་ཚང་མ་ལ་སོགས་ཐོས་པ་ཤིན་ཏུ་མང་བས་སྔགས་དང༌། མཚན་ཉིད། རྒྱུད་དང་སྒྲུབ་ཐབས་ཐམས་ཅད་ཀྱི་བདག་པོར་གྱུར། སྨན་སྒྲུབ་མཛད་པའི་ཚེ་སྨན་གྱི་ཕོ་བྲང་ལས་ལྷ་མོ་མངོན་སུམ་དུ་ཐོན་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཐིམ་པ་ཀུན་གྱིས་མཐོང༌། གཞན་དོན་རྒྱ་ཆེན་པོ་མཛད་ནས་ལྔ་བཅུ་རྩ་དྲུག་པ་ས་མོ་སྦྲུལ་ལ་གཤེགས་སོ།།

༈ འདིའི་དབོན་པོ་བླ་མ་ཆེན་པོ་ཡོན་ཏན་གཟུངས་ནི། མེ་ཕོ་རྟ་ལ་འཁྲུངས། བཅུ་གཅིག་ནས་སློབ་གཉེར་མཛད། ལོ་བཅུ་གསུམ་ཁུ་བོ་དང་འགྲོགས་ནས་བསྐྱེད་རྫོགས་གསུམ་གྱི་རྒྱུད་ལུང་མན་ངག་ཀུན་ལ་སློབ་གཉེར་རྫོགས། ཉི་ཤུ་རྩ་བཞི་བཞེས་པའི་ཚེ་ཁུ་བོ་རྒྱ་ནག་པ་སྐུ་གཤེགས་ནས་གདན་ས་མཛད། དབུས་པ་སྟོན་ཤཱཀ་དང༌། དབུས་པ་ཞིག་པོ་སོགས་ལས་ཐེ་ཚོམ་གྱི་དྲས་ཐག་བཅད་ནས་རང་གཞན་གྱི་དོན་མཛད་པ་ཡིན་ནོ།།

༈ དབུས་པ་སྟོན་ཤཱཀ་གམ་དམ་པ་སེ་སྦྲག་པ་ནི། གཟད་ཀྱི་གཅེར་པ་ཝང་ཐུང་བརྒྱུད་ཡིན། སྒྲོ་ཕུག་པའི་གྲྭ་སར་ཡི་གེ་འདྲིར་བྱོན་པ་ལ་དད་པ་ཐོབ་ནས་སློབ་གཉེར་བྱས། ལྷ་རྗེ་རྒྱ་ནག་གཤེགས་བཙུན་མཛད་པའི་ཕྱིར་འབྲང་དུ་གཤེགས་ནས་རྒྱུད་དང་གདམས་ངག་ཐམས་ཅད་རྫོགས། སྒོམ་སྒྲུབ་འབའ་ཞིག་བྱ་བར་བསམས་ཏེ་བྱང་རི་ལ་དགོན་པ་འཚོལ་དུ་བྱོན་པས། ཡོལ་བ་བྲག་ལ་དམ་པ་ཡོལ་ཆུང་བ་བྲག་བརྐོ་བ་དང་མཇལ། འདིར་དགོན་པ་མཛད་ལགས་སམ་བྱས་པས་ཡིན་ཟེར། འདི་མིན་པ་བྱ་ས་མི་གདའ་འམ་བྱས་པས། ཕ་ངོས་ན་སེ་བ་ཁ་སྦྲག་ཅན་གཅིག་ན་འདུག་སྟེ། དེ་བས་འདི་བཙན་པས་འདིར་བྱས་ཟེར། དེར་དམ་པ་སྟོན་ཤཱཀ་གིས་བྲག་སེ་བ་ཁ་སྦྲག་སྐྱེས་པ་དེར་བྱོན་ཙ་ན། ཆུ་མིག་འགྲམ་ནས་ཟན་རྡོག་འགའ་ཞིག་རྙེད་པས་བཟང་ལྟས་སུ་བཟུང༌། དེར་བཞུགས་ཏེ་སྒོམ་སྒྲུབ་མཛད་པས་རྟོགས་པ་ཁྱད་པར་ཅན་སྐྱེས། ལྷ་འདྲེས་བཀའ་ལ་ཉན། གདུལ་བྱ་མང་པོའི་དོན་ནུས་པ་བྱུང་སྟེ་དམ་པ་སེ་སྦྲག་པ་ཞེས་གྲགས་སོ།།

༈ དབུས་པ་ཞིག་པོ་ནི། ཡར་ཀླུངས་བྱས་པ་ཡིན། རྗེ་སྒྲོ་ཕུག་པའི་གདན་སར་ཡིག་མཁན་ཆོས་ལ་ཚུད་པ་ཞིག་སྟེ། ལྷ་རྗེ་རྒྱ་ནག་གི་ཕྱི་ལ་འབྲངས། བསྐྱེད་རྫོགས་གསུམ་ཀ་ལ་འབྱོངས་པར་བྱས། ཡུལ་དུ་ཆེ་འདོན་ལ་འགྲོ་སྙམ་ཙ་ན། དེའི་ཆ་རྐྱེན་གདུགས་དང༌། དུང་དང༌། མཆོད་ཆ་སོགས་དགོས་པར་སེམས་ནས་དེ་དག་འདོན་པའི་ཕྱིར་བལ་ཡུལ་དུ་བྱོན། ལམ་དུ་བསམ་པ་ལ་ངས་ཆོས་དེ་ཙམ་ཤེས་ཀྱང་ཉམས་སུ་བླང་རྒྱུ་ཞིག་མི་འདུག ད་ལྟ་ཤི་ན་ཅིས་ཀྱང་མི་ཕན། གདམས་ངག་ཁོ་ན་ལ་བློ་གཏད་དགོས་པར་འདུག་སྙམ་ནས་སླར་ལོག བླ་མའི་སྤྱན་སྔར་ཕྱིན་ནས་ཞུས་པས། སྙན་བརྒྱུད་རིན་པོ་ཆེའི་གདམས་ངག་གནང༌། དེ་ལ་ཉམས་ལེན་མཛད་ཅིང་བྱོན་པས། མང་ཡུལ་གུང་ཐང་དུ་བརྟོལ་ཙ་ན་རྫོགས་པ་ཆེན་པོའི་ཡེ་ཤེས་བརྗོད་དུ་མེད་པ་ཞག་བདུན་དུ་ཤར། དེར་བལ་པོ་ནས་མཆོད་ཆ་བླངས། མང་ཡུལ་གུང་ཐང་དུ་ལྡོག་ཙམ་ན་ཚད་པ་ཕྱིར་འབྲངས་ནས་བསྙུངས། ད་མི་དགའ་བ་ཨེ་ཡིན་སྙམ་ནས་བློ་ཐག་བཅད། ཀ་ཅ་རྣམས་གྲོང་དུ་བཞག རི་ལ་བྱོན་ནས་ཉམས་སུ་བླངས་པས་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་བྱུང༌། སྔར་གྱི་བསམ་པ་དེ་དག་དགོས་མེད་འབའ་ཞིག་ཏུ་ཤེས་ནས་ཆེ་འདོན་གྱི་ཀ་ཅ་ཐམས་ཅད་གང་དགར་བསྐྱུར། མཉྫི་དང་ཏིང་བདུན་ཆ་གཅིག་ཡོད་པ་དེ་མཐོང་བ་དང་བླ་མའི་དྲིན་དྲན་ཏེ། ང་ལ་དགོངས་པ་འདི་འདྲ་འཆར་བ་ཡང་བླ་མའི་ཐུགས་རྗེ་ཡིན་པས་འདི་ཙམ་ཞིག་བླ་མ་ལ་འབུལ་དགོས་སྙམ་ཁྱེར་ཕྱིན་པས། འདོད་པ་ཟད་པས་དེ་ཡང་ལམ་དུ་བསྐྱུར་འདོད་པ་བྱུང་སྟེ་ཡང་བླ་མའི་དྲིན་བསམ་སྟེ་བསྣམས་ནས་བྱོན། ལྷ་ཁང་དུ་སླེབས་ཙ་ན་བླ་མའི་དྲུང་དུ་བསྐྱུར་ནས། ཏིང་ཁྱོད་ཀྱིས་ང་ཇི་ཙམ་ཞིག་བཅིངས་གསུངས་སྐད། དེར་རི་འབའ་ཞིག་ལ་བཞུགས་ནས་ཉམས་ལེན་མཛད་པས། ཆོས་ཐམས་ཅད་བློ་ལ་འཆར་བ་དང༌། སྣང་བ་བདེན་མེད་དུ་བུན་ལོང་སོང་བས་རྦབ་ཀྱིས་མ་ཚུགས། གཡས་རུའི་བ་གོར་ཕུར་བཞུགས་པའི་ཚེ་གཟིམས་མལ་གྱི་སྟེང་དུ་ཐོག་བྱུང་ཡང་མ་གནོད། གཞན་གྱིས་ཐོག་བྱུང་ངམ་ཞུས་པས། ཐོག་གམ་དེ་བྱུང་གསུངས། མ་གནོད་དམ་ཞུས་པས། སྒྲ་གྲགས་སྟོང་དབྱེར་མེད་ཡིན། ཐོག་ལ་རང་བཞིན་ག་ལ་ཡོད་གསུངས་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས། སྒོམ་སྒྲུབ་འབའ་ཞིག་གི་ངང་ནས་མཚམས་འོག་ཏུ་གྲྭ་ས་ལོ་བཅོ་བརྒྱད་བསྐྱངས། དགུང་ལོ་བདུན་ཅུ་པ་ལ་གཤེགས་སོ། །དམ་པའི་སྐྱེས་བུ་འདི་ལ་སློབ་མ་ཞིག་པོ་བདུད་རྩི། སྟོན་པ་བླ་སྐྱབས། དབུས་པ་ཇོ་བསོད། སྙེ་སྟོན་ཉི་མ་རྡོ་རྗེ་ལ་སོགས་པ་གཞུང་ལུགས་ལ་མཁས་པ་མང་དུ་བྱུང༌། གཞན་ཡང་ལ་སྟོད་ཀྱི་མེས་སྟོན་མགོན་པོ་དང༌། དཔྱལ་ཀུན་དགའ་རྡོ་རྗེ་ལ་སོགས་པས་ཀྱང་ཞབས་ལ་གཏུགས་སོ།།

༈ ཐུགས་ཀྱི་སྲས་ཞིག་པོ་བདུད་རྩི་ནི། ཡབ་མེས་ཀྱི་རིང་ནས་མཁས་པ་དང་གྲུབ་པའི་དཔའ་བོ་བརྒྱུད་མར་བྱུང་བ་ལས་འདིའི་ཡབ་སངས་རྒྱས་དྭགས་ཆུང་སྟེ། དྭགས་པོ་རྒྱ་རས་ཀྱི་ཕྱིར་འབྲངས་པས་དྭགས་ཆུང་བར་གྲགས། དེས་ལྷོ་བྲག་ཏུ་བྱོན་ནས་ལྷོ་སྟོད་ཕུར་མོང་སྒང་བྱ་བའི་དགོན་པར་འགྲོ་དོན་མཛད་ཅིང་བཞུགས་པ་ལ། གཟད་པའི་ཡོན་བདག་རྣམས་ཀྱིས་གདན་དྲངས། གཟད་ཀྱི་ལྷ་གདོང་དགོན་པ་དང༌། འུག་སྐད་དགོན་པ་ལ་སོགས་པ་ཕུལ་ནས་བཞུགས། བུ་སློབ་མང་དུ་འཕེལ། དེ་ལ་ཇོ་མོ་ལྦང་མོ་བྱ་བ་ཞིག་ཡོད་པ་དང་གཉིས་ཀྱི་སྲས་སུ་གཟད་ཀྱི་གདོང་དགོན་པར་ཤིང་ཕོ་བྱི་བ་ལ་སྐུ་འཁྲུངས། ཞིབ་མའི་ནང་དུ་བསྙལ་བ་ལ་འཇའ་ཚོན་ཟུག དགུང་ལོ་གཉིས་ཙམ་ལོན་པའི་ཚེ་ཡབ་ལ་རྨི་ལམ་ངོ་མཚར་བ་བྱུང་ནས། ད་ང་འཆི་བར་འདུག ཤི་ནས་ཀྱང་རིག་འཛིན་གྱི་ས་ལ་འགྲོ་བར་འདུག བུ་འདིས་ཀྱང་གཞན་ལ་ཕན་ཐོགས་པར་འདུག་གསུངས་ཏེ་གཤེགས། ཞིག་པོ་རིན་པོ་ཆེ་འདི་ཆེར་སྐྱེས་པ་དང་སྙིང་རྗེ་ཤིན་ཏུ་ཆེ་བས་གོས་བཅས་པ་ཐམས་ཅད་མས་བཤོལ་ཀྱང་མ་ཉན་པར་ལམ་ཟན་པ་ཉམ་ཐག་ཡོད་པ་ལ་བྱིན། དེར་མོ་མ་རྣོན་པོ་གཅིག་ན་རེ།

ཁྱོད་ཀྱི་བུ་འདི་ཅི་འདྲ་ཞིག་འོང༌། འདི་ལ་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ཚོགས་ནས་བསྐོར་བ་བྱེད་ཅིང་མཆོད་པར་འདུག་ཟེར། སྟོན་ཀ་གཅིག་འོངས་འདོན་ཙ་ན། མོ་ན་རེ། མི་ཐམས་ཅད་འོངས་འདོན་པ་ལ་གཏོར་མ་གཏོང་གི་འདུག གླེན་པ་ཁྱོད་ཀྱང་ཆུ་གཏོར་འདྲ་ཐོངས། རང་རེ་ཡང་འོངས་འདོན་པ་ཡིན་བྱས་པས། འོངས་འདོན་སར་བྱིས་པ་དེ་སོང་ནས། གཟད་ལུང་པའི་ལྷ་འདྲེ་ཚོ། ཉང་ནག་འོལ་པོའི་ལྷ་འདྲེ་ཚོ། སྤྲང་པོ་འུ་ལུའི་རྒྱལ་ནག ད་ནང་སུའི་སར་ཡང་མ་འགྲོ་བར། རྒན་མོ་ལྦང་མོའི་འོངས་འདོན་གྱི་ཡོད་པས་འདིའི་འོངས་ལས་ཁྱེར་ཟེར་ནས། ཐོར་ཐོར་བྱས་པས། ཨ་མ་ཁྲོས་ནས་འབོད་ཀྱིན་འཕྱར་འདུག དེར་ཞིང་རེ་བཞི་བྱ་བ་ལོ་ནན་ལྟར་ལེགས་ནའང་ཁལ་བཞི་བཅུ་ལས་མི་ཐོན་པ་ཞིག་ལ། དེའི་ལོ་སྙེ་མ་ཧ་ཅང་མེད་པ་ལ་ཁལ་ལྔ་བཅུ་ཐལ་བ་བྱུང་བས་འདི་སྤྲུལ་པ་ཞིག་ཡིན་ཉེན་འདུག་ཟེར་ནས། ཞང་པོ་དམ་པ་སེ་སྦྲག་པའི་རྩར་སློབ་གཉེར་ལ་བཏང་ནས། ལོ་གསུམ་གྱི་རིང་ལ་རྫོགས་ཆེན་རོང་ལུགས། སྒང་དྲིལ། གབ་ཕྱུང་སོགས་ལེགས་པར་ཐོས། བླ་མ་གཤེགས་ཁར་མིག་མཆི་མས་འགགས་ནས་དྲན་པ་ཙམ་མ་བྱུང་གསུངས། བཅུ་དྲུག་པ་ལ་སྐྱིལ་མཁར་ལྷ་ཁང་པ་ཡོན་ཏན་གཟུངས་ཀྱི་ཞབས་ལ་གཏུགས། ལོ་མང་དུ་བཞུགས་ནས་བསྐྱེད་རྫོགས་གསུམ་ཀ་ལ་བློ་གྲོས་བྱང་བར་མཛད། ཉམས་ལེན་གྱི་གཙོ་བོ་དང་འཆད་ཉན་ཐམས་ཅད་སེམས་ཕྱོགས་ལ་མཛད་དེ་ཞལ་གྱིས་ཀྱང་སེམས་ཕྱོགས་ཁོ་ན་བསྒྲུབས་པ་ཡིན་གསུངས། ཀུན་བྱེད་རྒྱལ་པོ་དང་མདོ་བཅུ་ལ་སོགས་པ་སེམས་ཕྱོགས་ཀྱི་རྒྱུད་སྡེ་ཆེན་པོ་ཉི་ཤུ་རྩ་བཞི་གསན། རྩ་བ་སེམས་སྡེའི་སྐོར་ལ། སྐོར་ལུགས། རོང་ལུགས། ཁམས་ལུགས་ལ་སོགས་པ་བཤད་སྲོལ་མི་གཅིག་པ་བཅུ་བཞི་གསན། རང་ལུགས་ཀྱི་སྒོམ་ཡིག་ཆེན་པོ་རྣམས་ལས། རྣལ་འབྱོར་རིག་པའི་ཉི་མ། བསམ་གཏན་མིག་གི་སྒྲོན་མ། བསམ་གཏན་སྙིང་གི་ཉི་མ། གདར་ཤ་དང་གཟེར་བུ། ཞུ་ལན་ཁུང་གདབ། རྡོ་རྗེ་སེམས་དཔའི་ཞུ་ལན་སོགས་སྒོམ་ཡིག་ཕལ་མོ་ཆེ་ཐོས། སྙན་བརྒྱུད་ཀྱི་སྐོར་ལ། སྐོར་རོང་ཁམས་གསུམ་ཀའི་གདམས་པ་དང༌། བྲམ་ཟེའི་སྐོར་གྱི་སྙན་བརྒྱུད། ཀེ་ཚང་དང༌། རྫོང་འཕྲང་སྙན་བརྒྱུད། ཀློང་སྡེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཏེ། རྫོགས་ཆེན་གྱི་སྐོར་ལ་ཐོས་བསམ་གྱི་སྒྲོ་འདོགས་ལྷག་པར་ཆོད་པ་ཡིན། དགུང་ལོ་བཅུ་དྲུག་པ་ལ་བཤད་པ་མཛད་དེ་སྐོར་ལུགས་ཀྱི་སྟོང་ཐུན་གསུངས་པས་མཁས་པའི་ཐོག་ཆོད། དེར་ལྷ་རྗེ་གནུབས་སྨད་བྱ་བ་ན་རེ། དབུས་པའི་ཇོ་སྲས་ཁྱོད་ངའི་རྟ་ཁྱུང་ཕྲུག་ཁ་ཆེ་དང་འདྲ་བ་འདུག་ཟེར། ནས་ཁལ་བཅུ་གཅིག་གི་ཕོགས་བྱས་སྐད། བླ་མ་ལྷ་ཁང་པའི་དྲུང་དུ་ལོ་བཅུ་བཞི་བཞུགས། བར་སྐབས་ཀུན་ཏུ་ཞང་པོའི་གདན་ས་སེ་སྦྲག་ཏུའང་བཞུགས་ཏེ་སྒོམ་སྒྲུབ་དང་བཤད་པ་བག་རེ་མཛད། སློབ་གཉེར་ཚར་བ་དང་ཡབ་ཀྱི་སློབ་མ་བླ་འདོས་བྱ་བ་གཅིག་གིས་གདན་དྲངས་ཏེ་གཟད་དུ་བྱོན་ནས་འུག་སྐད་དགོན་པ་བཟུང༌། གཙང་དུ་སེ་སྦྲག་དང༌། དམ་པ་སེ་སྦྲག་པའི་སྒོམ་མ་རྣལ་འབྱོར་མ་ཤཱཀ་གཉེན་ལ་སོགས་པ་བཞིས་ངེད་ཀྱིས་སེ་སྦྲག་ལ་མི་ཐར་བར་འདུག་པས་རི་སྒབ་འདིར་ངལ་གསོ་ས་གཅིག་བྱེད་ཟེར་ནས་བརྩིགས་པའི་ཆོས་སྡིངས་ཀྱང་བཟུང༌། ཞང་ཚལ་པའི་སློབ་མ་གཙང་སྒོམ་ཧྲུལ་པོ་བྱ་བས་ཞིག་པོའི་སྤྱན་སྔར་བླ་མ་ཞང་གི་ལོ་རྒྱུས་བཤད་པས་དད་པར་གྱུར་ནས་གདན་དྲངས། ཆོས་འཁོར་བཙུགས། ཆོས་འབྲེལ་མ་ཞུས་ཀྱང་རྒྱུད་བྱིན་གྱིས་བརླབས་པའི་བླ་མ་ཡིན་གསུངས་ནས་མོས་གུས་དང་ཞབས་ཏོག་ཆེ་བར་མཛད། བླ་མ་ཞང་གིས་ཁྱོད་ཀྱི་དགོན་པ་འདི་ཆུ་ཤིང་འཛོམས་པ་མི་འདུག་སྟེ། འདུ་བ་ཆེ་ཞིང་འགྲོ་བ་ལ་ཕན་པ་ཞིག་འོང་བས་ཆོས་སྡིངས་སུ་ཐོགས་གསུངས།

དེར་མི་རྣམས་ན་རེ། ཆོས་ལྷ་ཁང་པ་ལ་ཉན། ཞབས་ཏོག་ཚལ་པ་ལ་བྱེད་ཟེར་བ་ལ། བླ་མ་ལྷ་ཁང་པ་དེ་ཕྲག་དོག་རྩ་བ་ནས་ཞི་བས་ནས་ཁལ་ཉི་ཤུ་ཙམ་དང་ཤ་མར་ཁ་ཡར་བསྐུར་ཏེ། ཁྱོད་བླ་མ་བཟང་པོ་གདན་དྲངས་ནས་ཆོས་འཁོར་འཛུག་པ་ལ་ངས་ཀྱང་མཐུན་བྱེད་དགོས་པ་ཡིན་ཏེ་དེ་ལས་མ་འབྱོར་གསུངས་པས། རྨོངས་པ་དག་གི་ཁ་སྨས་འཕྲོ་ཆད། ད་ང་རང་ཡང་བླ་མ་རྙིང་པ་ལ་མོས་གུས་གསར་པ་སྐྱེས་གསུངས། ཕྲིན་ལས་དུས་ལ་བབས་པས་གདུལ་བྱ་དཔག་ཏུ་མེད་པ་འདུས། འགྲོ་བའི་དོན་རྒྱ་ཆེན་པོ་མཛད། བླ་མ་ལ་ཤིན་ཏུ་གུས་པས་མཉེས་པ་གསུམ་གྱིས་གཞུང་བསྲང་ཞིང་སྐུ་མདུན་ནས་འབྱོན་ཚད་ལ་ཞབས་སྤྱི་བོར་མ་བླངས་པར་འགྲོ་མ་མྱོང་གསུངས། གསེར་གྱི་རྒྱས་འབྲིང་བསྡུས་གསུམ་ལ་སོགས་ཏེ་མདོ་རྒྱས་ཚར་བཅུ་བདུན་གྱིས་སྣ་དྲངས་པའི་ཆོས་དང་ཟང་ཟིང་གི་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་མཛད། བྱིན་རླབས་ཞུགས་པས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོངས། རྟོགས་གྲོལ་དུས་མཉམ་དུ་སོང་ནས་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་མེད་དུ་འགྲོ་ནུས་པ་དང༌། མི་མ་ཡིན་གྱིས་བསྐོར་བ་བྱེད་པ་བྱུང༌། མངོན་པར་ཤེས་པ་མངའ་བའི་ལོ་རྒྱུས་མང་དུ་ཡོད། གཟད་ཕུའི་ད་ལུང་དགོན་པར་བཞུགས་པའི་ཚེ་སྐུ་ཕ་ཝང་ལ་ཐིམ་པ་དང༌། སྲིན་པོ་རིར་གྱང་ལ་ཐོགས་མེད་དུ་གཤེགས་པ་སོགས་རྫུ་འཕྲུལ་དུ་མ་མངའ། གངས་རིའི་ཁྲོད་འདིའི་ཡུལ་དང་ཕྱོགས་ཐམས་ཅད་དུ་བྱོན་ནས་འགྲོ་བ་མང་པོ་ཐར་པའི་ལམ་ལ་བཀོད། བསྟན་པའི་བྱ་བ་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། ཞིག་པ་གསོ་བ་དང༌། གཞན་གྱིས་བཞེངས་པ་ལ་ཡོ་བྱད་གཏོང་བ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་དོན་ཉམས་སུ་བཞེས། རྒྱ་གར་ནས་བྱོན་པའི་ལོ་པཎ་མཁས་པ་ཐམས་ཅད་ཀྱི་ཞབས་ཏོག་མཛད། སྡེ་སྣོད་འཛིན་པའི་བཤེས་གཉེན་ཆེན་པོ་རྣམས་ཀྱི་ཞབས་ནས་འདེགས། རྟག་པར་འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པར་སྒོམ་སྒྲུབ་ཁོ་ན་མཛད། སེམས་ཅན་དབུལ་ཞིང་ཕོངས་པ་ཀུན་གྱི་སྦྱིན་བདག་མཛད་པས་ཐེག་པ་ཆེན་པོའི་རིགས་ལྷག་པར་སད་པ་ཡིན། རྒྱུ་དེས་རྒྱ་གར་དང་རྒྱ་ནག་དང་བལ་པོ་ལ་སོགས་པའི་སྐྱེ་བོ་སྐད་རིགས་མི་གཅིག་པ་ཀུན་ཀྱང་འདུ། མ་ག་དྷ་རྡོ་རྗེ་གདན་ལ་ཞབས་ཏོག་ལན་གསུམ། འཛམ་གླིང་གི་རྒྱན་གཅིག་ཇོ་ཤཱཀ་རྣམ་གཉིས་ལ་སྲི་ཞུ་ལན་བཞི། རྡོ་རགས་ལན་བཞི་མཛད། རྗེས་སུ་ཕྲིན་ལས་སྐྱོང་བའི་དགེ་བའི་བཤེས་གཉེན་ཡང་བགྲངས་ཀྱི་མི་ལང་བ་བྱུང་སྟེ་གངས་རིའི་ཁྲོད་འདིར་རྩོད་མེད་དུ་གྲགས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ནོ། །དེ་ལྟ་བུའི་མཛད་པ་ཕུན་སུམ་ཚོགས་པས་དངོས་དང་བརྒྱུད་ནས་གཞན་ལ་སྨན་པ་ཤ་སྟག་མཛད་དེ། ལྷ་སའི་རྡོ་རགས་ཕྱི་མ་མཛད་པའི་གཤེགས་སྐྱེམས་ཀྱི་དུས་ལས་འཕྲོ་ངན་པའི་འཁོར་ཁ་ཅིག་གིས་ཆང་འཐབ་བྱས་པས་ཐུགས་སྐྱོ་བའི་གསུང་བྱོན་ཏེ། ལྔ་བཅུ་རྩ་དྲུག་བཞེས་པ་ས་མོ་ལུག་གི་ལོར་གསང་ཕུའི་རྒྱར་གད་ལོགས་ཀྱི་དགོན་པར་སྐུ་གཤེགས། པུར་ཆབ་ལ་བཀལ་ནས་གཟད་འུག་སྐད་དགོན་པར་ཟླ་བ་བཞི་བཞུགས།

དེ་ནས་བཙན་པོ་དང་དཔོན་སྐྱ་སློབ་མའི་ཚོགས་ཀྱིས་གདན་སར་བསམས་ནས་བཞེངས་པའི་གཟད་ཐང་སྐྱའི་གཙུག་ལག་ཁང་དུ་གདན་དྲངས་པའི་ཚེ་ས་རབ་ཏུ་གཡོས་ཤིང༌། ཡོན་ཆབ་ལས་པདྨའི་སྡོང་བུ་སྐྱེ་བ་སོགས་ལྟས་ངོ་མཚར་བ་བྱུང༌། ནང་པར་པུར་སྦྱངས་པས་སྒྲ་དང༌། འོད་དང༌། འཇའ་ཚོན་དང༌། མཆོད་རྟེན་ཡིག་འབྲུ་ལ་སོགས་དཔག་ཏུ་མེད་པ་བྱོན་ཏེ་གཙུག་ལག་ཁང་དེ་ནི་ད་ལྟ་རྗེས་ཙམ་དུ་སྣང་ངོ༌། །ཞིག་པོ་ལ་སློབ་མ་ཡང་ཐུགས་སྲས་སུ་གྱུར་པ་ནི། རྟ་སྟོན་ཇོ་ཡེ། མ་ཧཱ་ལྷུན་པོ། མཁས་པ་ཇོ་ནམ། དབུས་པ་ཇོ་བསོད། བཟང་སྟོན་ཧོར་གྲགས། གཉེར་སྟོན་བླ་མ་དང་དྲུག་ལས།

༈ གཙོ་བོར་གྱུར་པ་རྟ་སྟོན་ཇོ་ཡེ་ནི། ཡབ་རྟ་སྟོན་ཇོ་འབུམ་ཞེས་བྱ་བ་གཡོ་རུ་སྟོད་ཀྱི་བདག་པོ་འཁོར་འབངས་དང་ཡུལ་གཞིས་འཛོམ་པ་ཞིག་ཡོད། དེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་གཡོག་བཞི་ཁྲིད་དེ་བྲོས། ལྷ་རྗེ་གླན་ཉ་ཚལ་བའི་ཐུགས་སྲས་གཉོས་ཆུ་བོ་རི་པའི་སྤྱན་སྔར་བྱོན། དཔོན་གཡོག་ལྔ་ཀས་སྟབས་ཅིག་ཏུ་ཆོས་སྒོར་ཞུགས། སྔགས་རྙིང་མ་སྤྱི་དང༌། ཁྱད་པར་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ལ་ཤིན་ཏུ་བྱང་ཆུབ། ཕག་མོ་གྲུ་པའི་སྤྱན་སྔར་ལམ་འབྲས་དང་ཕྱག་ཆེན། དབུར་སྟོན་བླ་མ་མཚར་སྟོན་ལས་ཕྱག་ཆེན་སྒང་ལུགས་ཀྱི་དོ་ཧ། ཟངས་རི་འབྲོ་རས་ལས་རས་ཆུང་པའི་ཆོས་སྐོར། ནང་སྟོན་མགོན་པོ་ལས་རྣམ་འཇོམས་དང་ཕུར་པ་སོགས་མདོར་ན་བླ་མ་མང་པོ་ལས་ཆོས་རིས་མེད་གསན་པ་ཡིན་ཏེ། གཉོས་ཆུ་བོ་རི་པ་དང༌། ཕག་མོ་གྲུ་པ་རྩ་བའི་བླ་མར་འཛིན། ཆུ་བོ་རི་ལ་སྒྲུབ་པ་མཛད་པས་གདུལ་བྱ་མང་དུ་འདུས། དེ་ལ་སྲས་རྟ་སྟོན་ཇོ་ཡེ་འདི་ཆུ་མོ་ལུག་ལ་བལྟམས། དེ་ནས་ལོ་བཞི་པ་ལ་གཅུང་པོ་ཇོ་བསོད་བཙས། འདི་ཆུང་ངུ་ནས་ཞིག་པོའི་དྲུང་དུ་བྱོན་པས་ཐུགས་ལ་གཏགས། ཇོ་ཡེས་ཀྱིས་ལོ་བཅུ་གཉིས་པར་བླ་མ་དམར་སྟོན་ལས་བདེ་མཆོག་དང་ཕྱག་རྡོར་བདུད་རྩི་ཐིགས་པའི་སྐོར་ཞུས། གཟུངས་རིང་ལ་བསྙེན་པ་ལོ་གཉིས་མཛད། ཡབ་དང་ལྷན་དུ་བདེ་མཆོག་གི་དབང་བརྒྱ་རྩ་བརྒྱད་ཞུས། ཁ་རག་སྟོན་སྙིང་གི་སར་སྒྱུ་འཕྲུལ་ལོ་གཉིས་ཉན། བླ་མ་རྩགས་དང་སེ་དུར་ལུང་པ་གཉིས་ལས་རྫོགས་ཆེན་སྐོར་ལུགས་གཞུང་གདམས་པ་དང་བཅས་པ་ཞུས། དགུང་ལོ་བཅུ་དྲུག་པར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་བཤད་པ་མཛད། བཅུ་དྲུག་གི་གཤམ་ན་ངམ་ཤོད་སྨད་དུ་བྱོན། ཡབ་ཀྱི་སློབ་མ་རྗེ་བཙུན་ཧགས་ལས་ཕྱག་རྒྱ་ཆེན་པོ་སྒང་ལུགས་གསན། ཟངས་རི་རྒྱ་རས་ལས་ལོ་རོ་རས་ཆུང་པའི་ཆོས་སྐོར། དགྱེས་རྡོར་མེས་ལུགས། འཇམ་དཔལ་གསང་ལྡན། བདེ་མཆོག་ལུ་ཡི་པ་དང༌། མཚོ་སྐྱེས་རྡོ་རྗེའི་སྒྲུབ་ཐབས། ལམ་འབྲས་ཞམ་ལུགས། ཞི་བྱེད་ལུགས་གསུམ་ཀ་སོགས་མདོར་ན་གསར་རྙིང་རིས་མེད་ལ་ཐོས་པ་ཤིན་ཏུ་ཆེ། རེ་ཞིག་ན་ནང་སྟོན་ཇོ་འཁྱམས་ལས་ཕུར་པ་གསན་ནས་ཆུ་བོ་རིར་སྒྲུབ་པ་མཛད། ལོ་ཉེར་ལྔ་པའི་ཚེ་ཞིག་པོའི་དྲུང་ན་བྱོན། དང་པོ་ཆོས་ཞུ་བའི་རྟོག་པ་མེད་དེ། ཆོས་ཀྱང་ང་རང་མཁས། གདམས་ངག་ཀྱང་ང་རང་ཆེ། ཁོང་སྙན་པ་དང་གྲགས་པ་ཆེ་བར་འདུག་པ་དང༌། གཅུང་པོའི་བླ་མ་ཡིན་པས་མཇལ་འཕྲད་ཀྱི་རྣམ་པ་ཞིག་བྱ་སྙམ་ནས་བྱོན་པས། ཞིག་པོ་བདུད་རྩི་འུག་སྐད་དགོན་པ་ན་བཞུགས་པ་དང་མཇལ། ཞལ་མཐོང་བ་ཙམ་གྱིས་གུས་པ་དབང་མེད་དུ་སྐྱེས། ནང་པར་ལོག་འགྲོ་ཙ་ན་སྐུ་དྲུང་དུ་འོང་ནས་ཐུགས་ཀྱིས་གཟུང་བར་ཞུ་ཞུས་པས། ཁྱོད་མོས་སམ་གསུངས། ཤིན་ཏུ་མོས་པ་ཐོབ་ཞུས་པས། འོ་ན་ལས་འཕྲོ་ཡོད་པ་ཡིན་པས་ད་ལྟ་ནས་སྡོད། འཁོར་བའི་མཚན་ཉིད་ལ་རྟག་པ་མེད་ན་ཕྱིས་ཇི་ལྟར་འོང་ཆ་མེད་གསུངས། ད་རེས་ཆ་རྐྱེན་མེད་བྱས་པས། འདིར་འོང་བ་ལ་རྒྱགས་ཕྱེ་ཁུར་ནས་འོང་བ་སུ་ཡང་མེད། ཁྱོད་གཅིག་པུ་ལ་ཆ་རྐྱེན་ཅི་འཚལ་གསུངས། དེར་ལོ་བདུན་གྱི་བར་དུ་ཞག་གཅིག་ཀྱང་མ་བྲལ་བར་བསྟེན། མཉེས་པ་གསུམ་གྱིས་སྲི་ཞུ་བྱས། ཀུན་བྱེད་རྒྱལ་པོ་མ་བུ་སུམ་སྐོར། བཤད་རྒྱུད་མདོ་བཅུ། འཁོར་བ་རྩད་གཅོད་ཀྱི་རྒྱུད་ལ་བཤད་རྒྱུད་སྡེ་བཞི། རྩ་འགྲེལ་རྒྱབ་ཆོས་མན་ངག་དང་བཅས་པ། རྩ་བ་བཅོ་བརྒྱད་ཀྱི་བཤད་སྲོལ་ལ་ཟབ་པ་གཞུང་དང༌། གབ་པ་མངོན་ཕྱུང༌། མན་ངག་སྒོམ་སྡེབས་སུ་བཤད་པ། དེའི་སྒོམ་འགྲེལ་སྙིང་གི་ཉི་མ་དྲུག ཡང་སྙིང་རིག་པའི་ཉི་མ་དྲུག སྙན་བརྒྱུད་སྒྲོ་བ་ནག་པོའི་སྐོར། སྒོམ་ཡིག་ཆེན་མོ། རིག་ཉི། མིག་སྒྲོན། གདར་ཤ་གཟེར་བུ་རྣམས་དང༌། གདམས་པ་སྙན་བརྒྱུད་སྐོར་ལ། སྐོར་ལུགས། རོང་ལུགས། ཁམས་ལུགས་ཀྱི་གདམས་ངག་ལག་ཁྲིད་དང་བཅས་པ་ལ་ནན་ཏན་ཆེ་བར་མཛད། གསུང་གི་ཆུ་རྒྱུན་ལེགས་པར་འཐུངས་པས་བྱིན་རླབས་ཅིག་ཅར་དུ་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས་པས་འཇིག་རྟེན་གྱི་སྒྲོ་སྐུར་ལ་ཉམ་མི་ང༌། ཚུལ་འཆོས་མེད་པའི་སྤྱོད་པ་སྐྱོང༌། བླ་མ་ལ་ཤིན་ཏུ་གུས། ཅི་གསུང་དང་དུ་ལེན་པས་དགོངས་པ་གཅིག་ཏུ་འདྲེས་ཏེ། བླ་མ་ཅི་མཉེས་བྱེད་པ་ཅི་བསམ་འགྲུབ་པར་གྱུར་ཅིག་གསུང་བ་ལན་གསུམ་ཐོས། སྤྱིར་བླ་མ་ཐམས་ཅད་ལ་ཞབས་ཏོག་མ་གྲུབ་པ་མེད། ཁྱད་པར་ཞིག་པོ་ལ་ཡུལ་གཞིས་ཐམས་ཅད་བཙོང་ནས་སྤོང་དག་བྱས་པའི་ཆོས་འཁོར་ལན་བཞི་བཙུགས། སྔ་ཕྱི་བསྡོམས་པས་རྟ་བཟང་པོ་ཁོ་ནའང་བདུན་ཅུ་རྩ་བཞི་ཕུལ་ཞེས་གྲགས། གདམས་པའི་གསུང་སྒྲོས་ཐམས་ཅད་ཡི་གེར་བཀོད་པས་རྗེས་འབྲང་ལ་དྲིན་ཆེ། ཆོས་ཞུ་བའི་སྤྲོས་པ་ཆོད་ནས་ནགས་ཁྲོད་དམ་རི་སུལ་གཉན་པོ་མི་སྐད་བྱ་སྐད་མི་གྲགས་པ་ཞིག་ཏུ་འདིར་སོང་དང་འདིར་ཡོད་མེད་པ་གཅིག་བྱ་སྙམ་པའི་སྙིང་སྟོབས་བསམ་གྱིས་མི་ཁྱབ་པས་དཔེ་ཆ་རྣམས་ཡིག་ཆུང་ཟིན་བྲིས་འབའ་ཞིག་ཏུ་མཛད་ཀྱང༌། བླ་མས་སློབ་དཔོན་གྱི་གདན་སའི་བྱ་བ་བཀལ་བས་གསུང་གཅོག་མ་ཕོད། འོན་ཀྱང་བླ་མའི་ཞབས་ཏོག་འབའ་ཞིག་བྱས་པས་སྒྲིབ་པ་ཚན་པོ་ཆེ་དག་པ་དང༌། ཏིང་ངེ་འཛིན་ཡང་གོང་འཕེལ་དུ་སོང་བས་རི་ཁྲོད་འགྲིམས་པ་ལས་ཆོད་ཆེ་བ་བྱུང་གསུངས། དེའི་རྒྱུ་མཚན་ཡང་ཐང་སྐྱའི་ཐུགས་རྗེ་ཆེན་པོ་བཞེངས་པའི་ཚེ་ཟུང་མཁར་དུ་ཟངས་བཞུས་ཀྱི་ལས་ཟླ་བ་བཅོ་བརྒྱད་བྱས་པས་རྟོགས་པ་ཁྱད་པར་ཅན་སྐྱེས། སློབ་དཔོན་སྤྲུལ་སྐུའི་ཆིབས་པ་ཕོ་བྲག་བཙད་པོས་ཁྱེར་བའི་ཚེ། རྡོར་ཐེས་ཕུའི་སྣང་གསལ་བྲག་ལ་ཆོས་སྐྱོང་བསྒྲུབས་པས་མགོན་པོའི་ཞལ་གཟིགས། སྟོད་ལུང་དུ་བསོད་སྙོམས་ལ་བྱོན་པའི་ཚེ་རྨི་ལམ་དུ་བླ་མ་དང་མཇལ་ནས་སྡུག་བསྔལ་རང་སངས་ལ་སོང༌། དེ་ནས་བཟུང་སྡུག་བསྔལ་རང་རྒྱུད་པ་སྐྱེ་མ་མྱོང་གསུངས། གདན་སའི་བྱ་བ་དང༌། ཞིག་པོའི་ཕྲིན་ལས་བསྒྲུབ་པའི་ཕྱིར། རྒྱལ་ཁམས་ཀུན་ཏུ་འགྲོ་དོན་རྒྱ་ཆེན་པོ་དང༌། ལྷ་སའི་ཇོ་ཤཱཀ་གཉིས་ལ་ཞབས་ཏོག་ལོ་དྲུག་མཛད་དེ། དྲུག་ཅུ་རྩ་བརྒྱད་པ་ལྕགས་ཕོ་སྟག་གི་ལོ་ཨུ་རྒྱན་པའི་འཁྲུངས་ལོ་ལ་གཤེགས་ཤིང༌། སྐུ་གདུང་དང་རིང་བསྲེལ་མང་པོ་བྱོན་ཏོ།།

༈ འདིའི་གཅུང་པོ་ཇོ་བསོད་ནི། མེ་ཁྱི་ལ་འཁྲུངས། སྐུ་ན་ཆུང་ངུ་ནས་ཞིག་པོའི་དྲུང་ན་བྱོན། ཐུགས་ལ་བཏགས་ནས་སེམས་ཕྱོགས་རྫོགས་པར་གནང༌། ཁྱོད་ཆོས་ལ་ནན་ཏན་བྱེད་པ་ཞིག་འདུག་པས་ངའི་བླ་མའི་རྩར་སོང་གསུངས་ནས། ལྷ་ཁང་པ་ཆེན་པོ་ལ་གཏད། མདོ་སྒྱུ་སེམས་གསུམ་རྫོགས་པར་ཐོབ། མཁས་པའི་ཕུལ་དུ་ཕྱིན་པ་གཅིག་བྱུང་སྟེ། སུམ་ཅུ་རྩ་གཅིག་པ་མེ་འབྲུག་ལ་མྱ་ངན་ལས་འདས་པས་ཕྲིན་ལས་ཧ་ཅང་མ་སྨིན་ཏོ།།

༈ རྟ་སྟོན་གཟི་བརྗིད་ནི། སངས་རྒྱས་དབོན་སྟོན་གྱི་སློབ་མ་ཡིན། མཁས་པ་ཆེན་པོར་གྱུར་པས་གསང་བའི་སྙིང་པོ་ལ་ཊཱི་ཀ་རྒྱས་པར་མཛད། བརྒྱུད་པ་འདིའི་ལོ་རྒྱུས་ཕལ་མོ་ཆེ་ཡང་མཛད་སྣང༌། འོན་ཀྱང་གཡུང་སྟོན་པའི་ཁོག་དབུབ་དང་ཅུང་མི་གཅིག་པར་ཡོད། འདི་ཡན་ཆད་དུ་སྒྱུ་འཕྲུལ་དང་སེམས་ཕྱོགས་མཐའ་དག་ལ་མཁས་པར་གྲགས། ཡང་གཡུང་འགྲེལ་དུ་འཕྲོས་དོན་མང་དུ་སྨོས་པའི་འགྲེལ་པ་སྤར་ཁབ་ཀྱི་བཤད་རྒྱུན་མ་ཆད་པར་འདེད་པའི་ཁུངས་འདི་ནས། གཙང་པ་བྱིན་སྟོན་དང༌། སྒོང་དྲིངས་པ་ཉེ་སྟོན་ཆོས་ཀྱི་སེང་གེ་གཉིས་ཀྱང་གསང་བདག་སྒྲོ་ཕུག་པའི་སློབ་མ་ཡིན། དེ་གཉིས་ཀས་རྩངས་ནག་འོད་འབར་ལ་གསུངས། དེས་མེས་སྟོན་མགོན་པོ། དེས་བླ་མ་སྲོང༌། དེས་པཀྵི་ཤཱཀ་འོད་དེ། འདི་ཟུར་པའི་གདུང་ཡིན། སྐྱེ་བ་སྔ་ཕྱི་ཐལ་ལེར་དྲན་པའི་ཟུར་དབང་ཆེན་འོད་པོ་ཆེ་ཞེས་གྲུབ་པའི་དབང་པོ་དེ་ལ་སྲས་མོ་ལྔ་ཡོད་དེ། སྲས་མེད་ནས་གདུང་བ་ཡོད་པའི་ཚེ། པཎ་ཆེན་ཤཱཀྱ་ཤྲཱི་ཤིང་ཕོ་བྱི་བའི་ལོ་ལ་ཁྲོ་ཕུར་གདན་དྲངས་པའི་ཕྱི་ནས་དབང་ཆེན་འོད་པོས་འུག་པ་ལུང་དུའང་སྤྱན་དྲངས། དེར་པཎ་ཆེན་གྱིས་འུག་པ་ལུང་འདི་གསང་སྔགས་ཀྱི་གནས་ཡོན་ཏན་དུ་མས་བརྒྱན་པར་འདུག བྱང་ངོས་རི་རྒྱལ་བ་རིགས་ལྔའི་རང་བཞིན་དུ་སྣང༌། བྱ་རི་དྭགས་ལ་སོགས་པ་འདི་དག་ཀྱང་འཕགས་པའི་སྤྲུལ་པར་འདུག རབས་དེ་ལ་གསང་སྔགས་ཀྱི་ཆོས་སྒྲ་སྒྲོགས་པ་རེ་འབྱུང་བས་རིང་པོ་མ་ཡིན་པར་ཁྱོད་ལ་སྲས་གཉིས་འབྱུང་བས་དེ་ལ་ངའི་མིང་ལས་གྲས་པ་ཐོགས་ཤིག བསྟན་པ་དང་འགྲོ་བ་ལ་ཕན་པར་འོང་གསུངས། དེ་ནས་དེ་བཞིན་དུ་བྱུང་བས། སྲས་ཆེ་བ་ལ་ཤཱཀྱ་མགོན་དང༌། ཆུང་བ་ལ་ཤཱཀྱ་འོད་ཅེས་བཏགས། གཅེན་འདི་ཡང་ངོ་མཚར་ཅན་བྱུང༌། གཅུང་ཤཱཀྱ་འོད་ནི་ཆུང་ངུ་ནས་མངོན་ཤེས་རྡོལ་ཐབས་སུ་སྨྲ་ཞིང༌། ཆོས་ཐམས་ཅད་བརྡའི་སྒོ་ནས་སྟོན་ཤེས་པའི་བརྟུལ་ཞུགས་ཅན་ཞིག་བྱུང༌། རྒྱ་ཁབ་གོང་པ་བླ་མར་བསྟེན་ནས་ཡབ་ཆོས་མཐའ་དག་གསན། བར་དོ་མངོན་སུམ་དུ་གཟིགས་པས་གཞན་གྱི་གནས་ལུང་བྱེད་པར་བྱོན་ནས། ཁྱོད་ཀྱི་གཤིན་པོ་གཤེད་དང་མ་ཕྲལ། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་ཆོ་ག་ལ་དོན་མེད་དོ་གསུངས་ནས་གནས་ལུང་བསྐྱར་དགོས་པ་བྱུང༌། ཉིན་གཅིག་ང་ལ་འགྱོད་པ་བྱུང་གསུངས། ཅི་ལགས་ཞུས་པས། ང་རིག་འཛིན་གྱི་ཚོགས་གྲལ་དུ་རྟག་པར་ཚུད་པ་ལ། ཕུ་བོ་ཤཱཀྱ་མགོན་ལ་ཚིག་རྩུབ་ཤོར་བས་དེའི་ནུབ་ནས་དམ་ཉམས་ཡིན་ཟེར་རིག་འཛིན་གྱི་གྲལ་དུ་མ་ཚུད་གསུངས་ནས་བཤགས་པ་མཛད། མི་ཉག་གྷ་རས་ལ་ཉེ་བ་དགྲ་རུ་ལངས་ནས་བོད་ན་མཐུ་སུ་ཆེ་དྲིས་པས། ཤཱཀྱ་འོད་པོ་ཆེ་ཟེར་བ་ཐོས་ནས་ཆ་རྐྱེན་མང་པོ་བསྐུར་ཏེ། ཟླ་བ་བརྒྱད་ཀྱི་ས་ཆ་ནས་མཐུ་ཞུ་བར་བཏང་བྱུང་བ་ལ། ང་ལ་མཐུ་མེད། ངའི་མཁར་བ་འདི་དགོས་ན་ཁྱེར་གསུངས་ནས་ཡིག་ལན་ཡང་མ་མཛད། བང་ཆེན་གྱིས་ལོ་རྒྱུས་བརྗོད་པས། གྷ་རས་ཁྲོས་ཏེ་ངའི་དངོས་པོ་བཟུང་ནས་གདམས་ངག་མི་སྟེར་བ་ཟེར། ཕྱག་མཁར་བརྡབས་པས། དེའི་ཁོང་ནས་རྡོ་རྗེ་ལེགས་པ་ལྷ་བཞིའི་སྐོར་ཐོན། ཁོ་དགའ་སྟེ་བསྒྲུབས་པས། ཕ་ཚན་མང་པོ་རྩད་ཆད། དེའི་སྡིག་སྦྱོང་དང་དགེ་རྩ་ལ་ལྷ་ཁང་དང་མཆོད་རྟེན་བཞེངས། དྲིན་ལན་དུ་འབུལ་བ་མང་པོ་ཁྱེར་ནས་མི་ཉག་གྷ་རས་ཉིད་ཀྱང་བྱོན། ཟུར་ཤཱཀྱ་འོད་དང་མཇལ། གསང་སྙིང་ལ་སོགས་པའི་ཆོས་མང་པོ་ཉམས་སུ་ལེན་ཞིང༌། གཉིས་ཀ་བསྡེབས་ནས་ལྷོ་བྲག་མཁར་ཆུར་བྱོན། མཁོ་མཐིང་ལྷ་ཁང་དང༌། སྤ་གྲོ་ལ་སོགས་པའི་གནས་སུ་སྒོམ་ཞིང་བཞུགས་ཙ་ན། མངའ་བདག་ཉང་ཡབ་སྲས་དང་མཇལ། བཀའ་བརྒྱད་བདེ་འདུས་ལ་སོགས་ཏེ་ཉང་ལུགས་ཕལ་ཆེར་ཞུས། རང་གནས་སུ་ཕེབས།

སླར་གྷ་རས་ན་རེ། བླ་མ་བཀའ་དྲིན་ཆེ། ངེད་ཧོར་ཡུལ་དུ་འགྲོ་བས་མི་གཅིག་གཏོང་བར་ཞུ། དྲིན་ལན་ཞབས་ཏོག་བྱེད་ཟེར་ནས་གཤེགས། དེའི་ཚེ་ཧོར་ཡུལ་ན་ནུ་བོ་ཨ་རེ་བྷོ་གས་རྒྱལ་ས་བཟུང་ནས་རྒྱལ་པོ་སེ་ཆེན་གན་རྒྱལ་སྲིད་མ་ཐོབ་སྟེ་དམག་འཁྲུག་གཡོ་བའི་སྐབས་སུ་ཡོད། མི་ཉག་གྷ་རས་ལ་སེ་ཆེན་གན་གྱིས། བོད་ལ་མཐུ་བྱ་བ་ཡོད་ཟེར་བས་ཁྱོད་ཀྱིས་ཤེས་སམ་དྲིས། གྷ་རས་ན་རེ། ཤེས། གསད་པ་དང༌། བསྐྲད་པ་དང༌། འགུགས་པ་གསུམ་གང་བྱ་གསུངས། དེར་སེ་ཆེན་གྱིས་ལས་ཀྱིས་ཤི་བ་དང་འགྲོགས་ན་གསད་པ་ཐེ་ཚོམ་ཆེ། འགྲོ་འདོད་པ་དང་ཐུག་ན་བསྐྲད་པ་ཡིད་གཉིས་ཟ། ངའི་སྒར་འདིར་དགྲ་བོ་ཁུག་ན་མ་གཏོགས་ཡོང་འདོད་པ་ཁོ་ལ་མེད་ངེས་ཡིན་པས་ཁུག་ཅིག་ཟེར། དེར་བླ་མ་འཕགས་པ་རིན་པོ་ཆེ་དཔང་པོར་བཞག་ནས། གྷ་རས་ཀྱི་རླུང་འཁོར་གྱི་སྦྱོར་བ་བརྩམས་པས། ནུ་བོ་ཨ་རི་བྷོ་ག་བརྟན་པ་བྲལ་ནས་བྱུང༌། ད་དུང་ཡིད་མ་ཆེས། མཚོ་འདི་དང་ཐང་འདིའི་དཀྱིལ་དུ་ཐོག་ཕོབ་ཅིག་ཟེར། གྷ་རས་ཀྱིས་དེ་དང་དེར་ཐོག་ཕབ་པས་ཡིད་ཆེས། སྔགས་པ་རྣམས་ལ་སྐྲག་པར་གྱུར་ནས་བྱ་དགའ་ཆེན་པོ་བྱས། འདི་པ་ཚལ་གྱི་སློབ་མ་གཤིན་རྗེ་ལ་ནུས་པ་ཐོབ་པ་གཅིག་ཡིན་ཟེར་ཏེ། དེ་ཡང་ཡིན་མོད། དྲག་སྔགས་ཀྱི་སྦྱོར་བ་མཐར་ཐུག་པ་ཟུར་པ་ལས་རྙེད་པ་ཡིན། དེར་པཀྵི་ཤཱཀྱ་འོད་ཀྱིས་སྟོན་པ་རཱ་ཧུ་བྱ་བ་གཅིག་མངགས་པས། གྷ་རས་དང་མཇལ། གནང་སྦྱིན་བཟང་པོ་བྱིན། མངའ་བདག་ཉང་གི་གཏེར་ཡིག་ཁ་བྱང་ན་གཙང་གི་སའི་ཆ་རྡོ་རྗེ་ཚེ་བརྟན་ན་ཚེ་ཆུའི་གཏེར་ཡོད་པར་བཤད་པ་དེ། སྟོན་པ་རཱ་ཧུ་ལ་བསྐུར་ནས་བླ་མ་ཤཱཀ་འོད་ལ་འབུལ་དུ་བཅུག དེ་དང་སྟབས་ཅིག་པར་སེ་ཆེན་གན་གྱི་ལུང༌། ཤཱཀྱ་འོད་པོ་དང༌། ཤཱཀྱ་མགོན་པོ་ཟློ་བ། རིམ་གྲོ་གང་དགོས་ཀྱིས་ལ། ཚེ་ཆུ་ཐོན་ལ་ངེད་ལ་སྐུར། དེའི་ཡོན་ཏན་འབྱུང་མོད། ཁྱེད་རྣམས་ཀྱི་སྐྱིད་སྡུག་ངས་ཤེས་པ་ཡིན། གཏོར་ཕྱེའི་བསྲེས་ལ་དངུལ་བྲེ་གཅིག་ཡོད་བྱ་བའི་གསེར་ཡིག་བྱུང༌། དེར་རིམ་གྲོ་ཆེན་པོ་བྱས། གོང་མ་ནོན་ཆེས། གསེར་ཡིག་པ་ངང་ཐུང་བས་འོ་བརྒྱལ་བ་ཙམ་བྱུང༌། སྒྱུ་འཕྲུལ་གྱི་བརྒྱུད་པ་ལ་སྒྲ་འོད་ཟེར་གསུམ་མའི་གསོལ་འདེབས་མཛད་པའི་ནུབ་མོ་གཏེར་སྒོའི་ལུང་བསྟན་གསལ་པོ་ཐོབ། དེ་ནས་ཟུར་ཤཱཀྱ་འོད། གུ་རུ་ཁྱུང་གྲགས། དཔོན་ཆེན་ཤཱཀ་བཟང༌། གསེར་ཡིག་པ་ཨ་ག་ཡ་ན་རྣམས་འཛོམ་ནས་ཁྲོམ་གཏེར་དུ་བྱས་པ་ལ། གཏེར་སྒོ་རུ་སྤུ་གྲི་རེག་ཆོད་ཀྱི་འཁོར་ལོ་འཁོར་ནས་འཛུལ་མ་ནུས། དེར་ཟུར་ཤཱཀྱ་འོད་ཀྱིས་གཟུ་དཔང་གསོལ། གཏེར་བདག་མཆོད་པས། སྤུ་གྲི་རང་མལ་དུ་བསྡད་ནས་ཐམས་ཅད་ངོ་མཚར། གཏེར་ཁུང་ནས་སོལ་བ་གཡེངས་པའི་དཀྱིལ་ན་སྦལ་པ་ཁ་མིག་དེང་དེང༌། ལག་པ་གདེངས་པ་མཐོང་བའི་མོད་ལ་རླུང་གི་འཁྲུལ་འཁོར་བྱུང་ནས་ཐམས་ཅད་ཧ་ལས། བླ་མས་རཀྴའི་ཕྲེང་བས་མནན་ནས་བདེན་པ་བརྡར་བས་རླུང་གི་འཁྲུལ་འཁོར་ཡང་ཞི། ཆུ་དར་གྱི་ཁེབས་བསལ་བས་ཟངས་ཀྱི་གྭའུ་གསུམ་སྒྲགས་ཀྱི་ནང་དུ་ཕོ་ཐོད་མོ་ཐོད་ཁ་སྦྱར་བའི་ནང་ཐོག་སྔས་པས་རེག་མ་ཐག་རྡུལ་དུ་བུན་ལོང་འགྲོ་བའི་དར་ཟབ་མང་པོས་དྲིལ་བའི་རྟ་ཕག་ཞལ་སྦྱོར། རྡོར་སེམས་ཡབ་ཡུམ། སྒྲུབ་ཐབས་ཀྱི་ཤོག་དྲིལ་བཅུ་གསུམ་གྱི་དབུས་ན་ཚེ་ཆུའི་སྣོད་མུ་མེན་གྱི་བུམ་པ་སྣག་བུམ་ཆེ་ཤོས་ཙམ་པ་བྱུང་བས་ཐམས་ཅད་ངོ་མཚར་སྐྱེས། ཕུད་བླ་མས་བཞེས་ན་དགུང་ལོ་བརྒྱ་ཐུབ་རྒྱུ་ལ། ལྗགས་ཐོག་ནས་ཐུར་མས་ཕྲི་བས་རྟེན་འབྲེལ་འཕྱུགས། དེ་ཉིད་ཚས་མང་པོས་དྲིལ་ནས་གཉིད་མི་ལོག་པའི་བརྩོན་པས་རྒྱ་ནག་ཏུ་ཁྱེར། རྒྱལ་པོ་སེ་ཆེན་གན་གྱིས་གསོལ་བས་ལོ་བརྒྱ་འཚོས་པར་གྲགས། དེའི་བྱ་དགར་དབུས་གཙང་ན་ཡོད་པའི་སྔགས་པ་ཐམས་ཅད་ཁྲལ་དམག་ལས་ཐར་དུ་བཅུག་པའི་འཇའ་ས་ལོངས། གོང་མའི་བླ་མ་རྣམས་དང་བྱས་པ་མཉམ་པའི་ཕྱིར་པཀྵིར་བཏགས། ཚེ་ཆུའི་ཡོན་དུ་སྤན་ཧོར་དུད་ཞེ་ལྔའི་ས་ཕུལ། མས་འགྲིལ་གྱི་རི་ལ་དགོན་པ་ཆེན་པོ་འདེབས་པར་བཞེད་པ་ལ། ཀླུའི་གྲོང་ཁྱེར་ཆེན་པོ་ཡོད་པས་ཀླུས་ཞུ་བ་ཕུལ། རྒྱ་རྒན་གྱི་ཐང་མཚོར་ཡོད་པས་ཚབ་ཏུ་ཕུལ་བ་ཀླུའི་ཆོ་འཕྲུལ་གྱིས་སྐམས་སུ་བཅུག་ནས་དེར་སྔགས་སྡེ་ཆེན་པོ་བཏབ། མཁར་རྡོ་རྗེ་བྲག་གི་ལྟེ་བ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་ནས་དྲུག་ཅུ་རྩ་གསུམ་པར་གཤེགས། པུར་ལ་རེག་པས་མཛེ་ནད་གསོས་པ་བྱུང་ངོ༌།།

༈ འདིའི་སློབ་མ་རྟ་ནག་བདུད་འདུལ། དེས་མདའ་ཤཱཀྱ་འཕེལ། དེ་ལས་ཟུར་བྱམས་པ་སེང་གེས་གསན་ཏེ། འདིའི་ཡབ་ཟུར་ཉི་མ་སེང་གེ་ཞེས་མེས་པོ་པཀྵིའི་སྲས་ཡིན། ཁྲོ་ཕུར་རབ་ཏུ་བྱུང༌། ཁྲོ་ལོ་བྱམས་པ་དཔལ་གྱིས་མཚན་གསོལ། ཡོན་ཏན་དུ་མ་དང་ལྡན། ཁྱད་པར་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན་པས་ཧོར་དམག་གི་དུས་མི་ཆེན་སམ་བྷ་ཏས་གསེར་མང་པོ་ཕུལ་བ་ལ། བདག་གསེར་མི་འདོད། མི་འཇིགས་པའི་སྦྱིན་པ་འཚལ་བས་ཞུ་བྱས་ནས་འགྲོ་བ་མང་པོའི་སྲོག་བསྐྱབས། ཁྲོ་ཕུའི་འབུམ་ཆེན་བརྩིགས་དུས་སུ་ཆུ་ཤིན་ཏུ་དཀོན་པ་ལ་མཐུ་རྩལ་གྱིས་ཆར་རྒྱུན་ཆེན་པོོ་ཕབ། སྟོད་ཧོར་གྱིས་ས་སྐྱའི་བསྟན་པ་ལ་ཤིན་ཏུ་འཚེ་བར་བརྩམ་དུས། གོང་མ་མཆོད་ཡོན་གྱི་ལུང་དང༌། དཔོན་ཆེན་ཀུན་གཞོན་གྱི་བཅའ་རྒྱུར་བྱུང་བ་ལྟར། དྲག་པོ་མངོན་སྤྱོད་ཀྱི་ནུས་པས་དམག་ཁྲི་ཚོ་གསུམ་གངས་དབྲག་ཏུ་སྲོག་གི་རྒྱུ་བ་བཅད་པས་ས་བསྟན་ལའང་ཕྱག་རྗེས་ལྷག་པར་ཆེ། བར་དགའ་ལྷ་ཁང་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་བསྐྲུན་པས་མཚོན། བསྟན་འགྲོའི་དོན་ལ་ཕྲིན་ལས་རླབས་ཆེ་བ་དེའི་སྲས་ཡིན།

༈ དེ་ལ་ཟུར་བྱམས་པ་སེང་གེ་འདི་ཐེག་པ་ཆེན་པོའི་རིགས་སད་པས་བྱིས་པའི་དུས་ནས་སྙིང་རྗེ་ཆེ་བ་ཞིག་ཡོད། གཞན་གྱིས་སེམས་ཅན་ལ་འཚེ་བ་བྱེད་པ་གཟིགས་ན་ཐུགས་ལ་ཁུར་ཆེན་པོ་འབྱུང༌། ཁྲོ་ཕུར་རབ་ཏུ་བྱུང་ནས་མཚན་དེ་ལྟར་ཐོགས། མཚན་ཉིད་ཀྱི་རིག་པ་དང་ཁྲོ་ཕུའི་ཆོས་ལུགས་མཁས་པར་མཁྱེན་ནས། དགུང་ལོ་བཅུ་བཞི་པ་ལ་བཤད་པ་མཛད་པས་མཁས་པའི་གྲགས་པ་ཐོབ། གཡུང་སྟོན་རྡོ་རྗེ་དཔལ་བས་ཀྱང་ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ཞེས་གསུངས། ཁྲོ་ཕུའི་ཆོས་ཁྲི་ལ་བཞུགས་ནས་གྲྭ་པ་རྣམས་ལ་མངོན་པ་གསུངས་པས་ཐོག་ཆོད། དགུང་ལོ་བཅོ་ལྔ་པ་ལ་འུག་བྱ་ལུང་དུ་མདའ་ཤཱཀྱ་འཕེལ་ལས་གསང་སྙིང་གསན་སྦྱོང་མཛད་པས་མཁས་པའི་དབང་པོར་གྱུར། བཅུ་བདུན་པ་ལ་རྒྱུད་ཀྱི་རྣམ་གཞག་མཛད་ནས་ཆོས་གཞི་བཟུང༌། བཅུ་དགུ་པ་ལ་ལྕེ་སྟོན་སྒྲུབ་པ་འབུམ་ལས་སྒྱུ་འཕྲུལ་ལམ་རིམ་དང༌། རྫོགས་ཆེན་གསན་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། ཉི་ཤུ་པ་ལ་སྟོད་ནས་རྟ་སྟོན་གཟི་བརྗིད་སྤྱན་དྲངས་ནས། སྒྱུ་འཕྲུལ་ཟུར་ལུགས་ཀྱི་ཕན་ནུས་ཟབ་གསུམ་གྱི་དབང་དང༌། དགོངས་འདུས་རྩ་ལུང་སྐོར་ཞུས། ཟུར་ལུང་པ་གྲུབ་ཐོབ་བཤེས་གཉེན་ལས་མདོ་དབང༌། སེ་ལུགས་ཀྱི་ཞི་ཁྲོ་རྒྱས་འབྲིང་བསྡུས་གསུམ་གསན། ཐར་ལོ་ཉི་མ་རྒྱལ་མཚན་ལས་སྒྲ་ཚད། ཁྲོ་ཕུའི་སློབ་དཔོན་དཔལ་མཆོག་ལས་རྡོ་རྗེ་ཕྲེང་བས་མཚོན་པའི་གསར་མ་རྒྱ་ཆེན་པོ། བསམ་སྡིངས་གྲུབ་པ་དཔལ་ལས་ལམ་འབྲས། བླ་མ་ཡོན་ཏན་མགོན་ལས་ཕྱག་རྡོར་དང་རྣམ་འཇོམས། དཔོན་དཔལ་ཆེན་མགོན་ལས་བསྟན་སྲུང་དང་སྨན་རྩིས་གཡུལ་རྒྱལ། གངས་པ་ཤཱཀ་འབུམ་ལས་གཤིན་རྗེ་དམར་ནག་དང༌། ཀློང་སྡེའི་སྐོར་ལ་སོགས་ཏེ། མདོར་ན་བླ་མ་མང་པོ་ལས་རིག་གནས་ཕྱི་ནང༌། སྡེ་སྣོད། རྒྱུད་སྡེ་མཐའ་ཡས་པ་ཞིག་གསན་ཞིང་རྩ་བ་ཆོད་པར་སྦྱངས་ནས་གཙོ་བོར་ཐུགས་དམ་འབའ་ཞིག་ལ་བཞུགས། ཡི་དམ་མང་པོས་ཞལ་གཟིགས། སྐུ་མདུན་ན་སུ་སླེབ་པ་ཡིན་ཡང་སྣང་བ་རང་སར་འགྱུར་ནས། ངེས་འབྱུང་དང་དད་པ་དང་སྙིང་རྗེ་རང་དབང་མེད་པར་སྐྱེ་བ་ཞིག་ཡོད་པར་གྲགས། ལར་སྐྱེས་བུ་དམ་པ་འདི་ལ་བོན་པོ་ཞིག་གིས་ཟས་ངན་སྦྱར་བས་དགུང་ལོ་ཉི་ཤུ་རྩ་བདུན་ལས་མ་བཞུགས་ཏེ། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་པར་དཀའ་བས་སྤྲུལ་པའི་སྐུར་ཡིད་ཆེས་སོ། །དེ་ལ་སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་ཅིང༌། སྒྱུ་འཕྲུལ་ལམ་རིམ། གསང་བའི་སྙིང་པོ། འགྲེལ་པ་སྤར་ཁབ། མདོ་དང་བཅས་པ་ཚད་དུ་རྫོགས་པའི་བཤེས་གཉེན་གཞན་ཕན་རྒྱ་ཆེར་སྤྱོད་ཅིང་གྲགས་པ་ཐོབ་པ་རང་ཡང་བཅུ་དྲུག་ཙམ་ཡོད་པ་ལས། གཙོ་བོར་གྱུར་པ་ནི་སྔ་ཚར་གྱི་ཐུ་བོ་གཡུང་སྟོན་རྡོ་རྗེ་དཔལ། ཕྱི་ཚར་གྱི་ཐུ་བོ་རྟ་ནག་སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེའོ།།

༈ གཡུང་སྟོན་པ་ནི། གདུང་རུས་གླན། ཤིང་ཕོ་སྤྲེའུའི་ལོར་སྐྱེ་བའི་མྱུ་གུ་ཚོང་དུས་སུ་བཟུང༌། སྐུ་གཞོན་ནུ་ནས་མཁྱེན་པ་ཕུན་སུམ་ཚོགས། སྤྱིར་མཚན་ཉིད་ཐམས་ཅད་མཁྱེན་ཅིང་ཁྱད་པར་མངོན་པ་ཀུན་ལས་བཏུས་ལ་མཁས། སྔགས་གསར་རྙིང་ཐམས་ཅད་ལ་བློ་མཐུ་ཤིན་ཏུ་ཆེ། ཁྱད་པར་ཀརྨ་པ་རང་བྱུང་རྡོ་རྗེའི་སྲས་ཀྱི་དམ་པར་གྱུར་ཅིང༌། ཟུར་བྱམས་པ་སེང་གེ་ལས་མདོ་སྒྱུ་སེམས་གསུམ་གྱི་མན་ངག་རྫོགས་པས་ཕྱོགས་འདི་ལ་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར། གསང་བའི་སྙིང་པོ་ལ་ཊཱི་ཀ་གསལ་བྱེད་མེ་ལོང་མཛད་དེ་བཤད་རླབས་གཞན་ལས་ཆེ། ཟུར་བྱམས་པ་སེང་གེས་གང་གངས་པ་ཤཱཀ་འབུམ་ལས་གཤེད་སྐོར་གསན་པའི་ཕྱག་ཕྱིར་འབྲངས་ནས་བསླབ། འཁྲུལ་འཁོར་ལས་སྦྱོར་སོགས་ལ་ཤིན་ཏུ་མཁས་ཤིང་མཐུ་ཆེ་བས། སླར་ཟུར་བྱམས་པ་སེང་གེའི་སྐུ་ཚེ་ལ་བར་དུ་གཅོད་པའི་ལྷ་ཁུད་བོན་པོ་ལ་གཤིན་རྗེའི་འཁོར་ལོ་བསྐོར་ནས་མི་ནོར་ཞིང་ཁང་དང་བཅས་པ་གཙང་པོ་ལ་སྦྱངས་ཏེ་རྨེག་མེད་དུ་བཏང་དུས། བླ་མའི་སྐུ་དགྲ་ཐུལ་བ་ཁོ་བོ་ཙམ། །ཞེས་པའི་ཚིགས་བཅད་ཀྱང་མཛད། སྐུ་གཞོན་དུས་གོང་མའི་ལུང་གིས་རྒྱ་ནག་ཏུ་བྱོན། སྔར་འཇིག་རྟེན་གྱི་ཁམས་ན་མ་གྲགས་པ་ཙམ་གྱིས་མདོས་གཏོར་མཛད། ཡུལ་གྲུ་འགའ་ཞིག་ལ་ཐན་པ་ཆེན་པོ་བྱུང་བས། གོང་མའི་ལུང་གིས་བསྔགས་ཏེ་ཆར་འབེབས་མཛད་པས་ནུས་པ་མངོན་སུམ་ཐོན། གོང་མ་དགྱེས་ཏེ་བྱ་དགའ་ཆེན་པོ་བྱིན་པའི་ནོམ་པ་དང་བཅས་བོད་དུ་ཕེབས། དངོས་པོ་རྣམས་ངོ་ཤེས་དང་གྲོགས་མཆེད་སུ་ལའང་མ་བྱིན་པར་ཡུམ་གྱི་དོན་དུ་བླ་མ་དང་དགེ་འདུན་ལ་ཕུལ། བུ་སྟོན་རིན་པོ་ཆེའི་ཡང་སློབ་མར་གྱུར་ནས་དུས་ཀྱི་འཁོར་ལོ་ལ་ཤིན་ཏུ་མཁས། རྒོད་སྒྲོས་ཆུའི་གྲོད་པ་དུམ་བུར་བཅད་ཀྱང་ཆུ་མི་བོ་བ་དང༌། ལྕགས་བསྲེགས་ལ་ཤ་རྗེན་གྱིས་རེག་ཀྱང་མི་འཚིག་པ། རྩིག་པ་ལ་རྡོ་དྲུག་སྦྱོར་གྱི་ཞལ་བ་བྱས་པས་རྩིག་པ་བྲག་ཆེན་ལ་འགྱུར་བ་ལ་སོགས་པའི་རྟེན་འབྲེལ་མང་པོ་མཁྱེན། གཙོ་བོར་ཀརྨ་པ་རང་བྱུང་རྡོ་རྗེའི་དབུགས་འབྱིན་ཆེན་པོས་མན་ངག་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་ལ་ཉམས་བཞེས་མཛད། རྒྱ་ཆེར་རོལ་པ་ལས་བཤད་པའི་གཏེར་ཆེན་པོ་བརྒྱད་ཐོབ་པས། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་སྤོབས་པའི་གཏེར་ཆེན་པོ་ཡོངས་སུ་གྲོལ་ནས། མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱེ་བའི་བསྟན་བཅོས་མཛད་པ་གཡག་སྡེ་པཎ་ཆེན་གྱིས་གཟིགས་པས་ཤིན་ཏུ་དད་ནས་དཔོན་སློབ་བཅོ་ལྔས་བྱོན་ཏེ་ཞབས་ལ་གཏུགས། སྐུ་ཚེའི་སྨད་ལ་ཚོགས་པ་ཆོས་ལུང་པ་ལས་བསྙེན་པར་རྫོགས། མཚན་རྡོ་རྗེ་འབུམ་ཞེས་པ་རྡོ་རྗེ་དཔལ་དུ་བསྒྱུར། མོན་སྤ་གྲོ་དང༌། ཕུང་པོ་རི་བོ་ཆེ། ར་ཏུམ་བྲག་ལ་སོགས་པར་བཞུགས་ཤིང་བཤད་པས་གཞན་ལ་ཕན་པ་རྒྱ་ཆེན་པོ་མཛད། བརྒྱད་ཅུ་རྩ་གཉིས་པ་ཤིང་མོ་སྦྲུལ་གྱི་ལོར་ཞི་བར་གཤེགས་སོ།།

༈ རྟ་ནག་སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ་ནི། སྔགས་རྙིང་མ་ལས་དངོས་གྲུབ་བརྙེས་པ་རིམ་ཅན་གྱི་སྲས་སུ་ཤིང་མོ་ལུག་གི་ལོར་རྟ་ནག་གནས་གསར་དུ་འཁྲུངས། ཟུར་བྱམས་པ་སེང་གེ་ལས་གསན་པ་རྒྱ་ཆེན་པོ་མཛད་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཆོག་ཏུ་མཁས། གླན་ཉ་ཚལ་པ་བསོད་ནམས་མགོན་པོ་ལས་སྒྱུ་འཕྲུལ་གྱི་དབང་ནོད། མཁྱེན་པ་དང་ཕྲིན་ལས་དཔག་པར་དཀའ་བ་ཡིན་ཏེ་དབེན་པ་འབའ་ཞིག་ལ་ཐུགས་གཏོད། བྱེ་མ་སེང་གེར་རྫོགས་པ་ཆེན་པོ་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད། རིག་པ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་དང་མཉམ་པ་ཉིད་དུ་སྤྱོད། ཡང་དབེན་པའི་ཟུར་ཤཱཀྱ་འབྱུང་གནས་དང༌། འུག་པ་ལུང་པའི་བླ་མ་སེང་གེ་པ་གཉིས་ཆུང་ངུའི་དུས་ནས་སྐུ་དྲུང་དུ་བཞག་ནས་ལེགས་པར་བསྐྱངས་པའི་བླ་མའི་དམ་ཚིག་ལ་གཅིག་ཏུ་གུས་ཤིང་ཟུར་བརྒྱུད་ལ་བཀའ་དྲིན་ཆེ། ཤངས་པ་ཀུན་མཁྱེན་ཞེས་གྲགས་པ་གླན་གསལ་བ་དེའང་བྱིས་པའི་དུས་ན་བླ་མ་འདིས་དབང་མང་པོ་བསྐུར་ཞིང་བྱིན་གྱིས་བརླབས་པས་མཁས་པ་ཆེན་པོར་གྱུར་པ་སོགས་བྱིན་རླབས་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་མེ་ཕོ་འབྲུག་གི་ལོ་གཤེགས་ཁར་སྲས་ལ། ང་བདེ་བ་ཅན་དུ་འགྲོ། ཁྱོད་ཀྱིས་ཀྱང་ངའི་ལོ་དང་མཉམ་པ་ཐུབ། དེ་ནས་བདེ་བ་ཅན་དུ་ཤོག་ཅེས་གསུངས་ནས་གཤེགས་སོ།།

༈ དེ་ལ་ཟུར་བརྒྱུད་དང༌། སྲས་བརྒྱུད་གཉིས་ལས། ཟུར་བརྒྱུད་ནི་ཟུར་ཧམ་ཤཱཀྱ་འབྱུང་གནས་ཏེ། འདིའི་ཡབ་ཟུར་བཟང་པོ་དཔལ་ཞེས་བྱ་བའི་རིང་ལ་གོང་མ་བུ་ཡན་ཐུ་གན་གྱི་ལུང་དང་གནང་བྱིན་བླངས། སླར་གོང་མའི་ལུང་གིས་རྒྱ་ནག་ཏུ་འབྱོན་དགོས་པ་བྱུང༌། དང་པོ་གོང་མ་རྒྱལ་པོའི་རིམ་གྲོ་པར་གྱུར་ལ་མཐུ་རྩལ་དང་ནུས་པ་ཤིན་ཏུ་ཆེ་བས་ལོ་ཉེས་ལས་སྐྱོབ་པ་དང༌། མདོས་ཟོར་ཐོག་སེར་ལ་སོགས་པས་ངོ་ལོག་ཆོམ་ནུས། ཁྱད་པར་རྒྱལ་པོའི་ཕོ་བྲང་ཏའི་ཏུའི་སྟེང་གི་ནམ་མཁའ་ལ་མི་མཐུན་པའི་མཚན་མ་སྤྲིན་ནག་པོ་སྡིག་པའི་གཟུགས་ཅན་བྱུང་བ་སུས་ཀྱང་བཤིག་མ་ནུས་པའི་ཚེ། རྒྱལ་པོའི་ལུང་གིས་སྐབས་དབྱེ་ནས་མ་མོ་འཁང་ཕབ་ཀྱི་མདོས་དར་ཁང་བཅོ་བརྒྱད་ཀྱིས་བཅིངས་པ་བཏང༌། གཏོར་འཆམས་མཛད་པས་སྤྲིན་ནག་འཐོར་བ་སོགས་མཐའ་འཁོབ་ཀྱི་ཡུལ་དུ་དམ་པའི་ཆོས་ཀྱི་ཆེ་བ་ལན་མང་དུ་བཏོན་པས་གོང་མ་དད་དེ། ཡང་དག་ལྷ་དགུའི་དབང་དང་ཚེ་དབང་ཞུས། དངུལ་གྱི་ཐམ་ཀ་དང༌། དངུལ་བྲེ་བཅུ་གསུམ། ཕོད་ཀ་ཕྱེད་ཉིས་བརྒྱ་ལྡེངས་པའི་གོས་དར་གྱི་འབུལ་བ་ཕུལ། ཕོ་བྲང་ཏའི་ཏུར་སྔགས་སྡེ་བཙུགས། དེའི་དུས་ཀྱི་ལས་བཞིའི་ཕུར་པ་ཕོ་བྲང་ན་ཡོད་པར་གྲགས། དེ་ལྟར་ཟང་ཟིང་གི་རྫས་འབྱོར་པ་ལས་རྩ་རྒྱུད་གསང་སྙིང༌། འགྲེལ་པ་སྤར་ཁབ། གསང་སྔགས་ལམ་རིམ། མན་ངག་དགུ་ལ་སོགས་པའི་སྔ་འགྱུར་གྱི་ཆོས་སྡེ་ཉི་ཤུ་རྩ་བརྒྱད་སྤར་དུ་བསྒྲུབས། སོ་སོ་ནས་སྟོང་ཕྲག་རེ་བཏབ་སྟེ་གྲྭ་པ་ལ་བཀྱེས། རྒྱུད་འབུམ་བཞེངས་པའི་ཆ་རྐྱེན་མང་པོ་བསྐུར་བ་སོགས་བསྟན་པ་ལ་ཕན་པ་རྒྱ་ཆེ། སླར་རྒྱལ་པོ་བུ་ཡན་ཐུ་རླུང་གི་ནད་ལ་ཚད་པའི་བཅོས་བྱས་ནས་གཤེགས། འདི་དུས་ས་སྐྱ་དང་ཟུར་ཚོ་རྣམས་གྲུབ་མཐའི་སྙིང་པོ་གཅིག་པས་འདྲིས་ཤིན་ཏུ་ཟབ་པ་ཡིན། རྒྱུ་དེས་ཟུར་བྱམས་པ་སེང་གེ་གཤེགས་པའི་ལོ་རྒྱུས་ས་སྐྱར་བསྐྱལ་བས། དེ་མ་ལེགས། ད་ཟུར་བཟང་པོ་དཔལ་རྒྱ་ནག་ནས་བོས་ཤིག་གསུངས། གཞན་རྣམས་ཀྱང་བགྲོས་ནས་ཉེ་གནས་འཇམ་དབྱངས་གདན་འདྲེན་དུ་བཏང༌། དེ་རྒྱ་ནག་ཏུ་བརྟོལ་བའི་ཚེ་ཚད་པའི་ནད་ཀྱིས་བསྙུན་ནས་འགྲོངས་ལ་ཁད་ཡོད་དེ། མཁའ་འགྲོ་ཆོས་སྐྱོང་གིས་བྱིན་གྱིས་བརླབས་ནས་ཅུང་དྲག་པའི་འགོ་བསྟན། དེའི་ཚེ་ཉིད་ཀྱི་གཟིགས་སྣང་ལ་རྒྱལ་པོ་བུ་ཡན་ཐུ་དང་མཇལ་ནས། ཁྱོད་བོད་དུ་བྱོན་ནས་གནང་སྦྱིན་ཇི་ལྟར་བྱིན་ཅེས་གསུངས་པ་ལ་ལན་ཞིབ་ཏུ་ཞུས་པས། ཅི་ཡང་མ་བྱིན་པར་འདུག་གསུངས་ནས་ཡལ། དེའི་ལོ་རྒྱུས་དཔོན་མོ་ཐ་བུ་ལས་ཐོས་ཏེ་ཁྱོད་མཐོང་བས་གོང་མ་དྲན་ཟེར་ནས་མཆི་མ་ཕྱུང༌། སླར་དངུལ་བྲེ་བཅུ་བྱིན། རྡོ་རྗེ་སེམས་དཔའི་སྐུ་རྒྱ་ནག་ལི་མ་དང༌། ཆོས་སྐྱོང་ལྕམ་དྲལ་གྱི་འཆམས་སྐུ་བཞེངས་པ་གདན་དྲངས་ནས་བོད་ལ་བྱོན་པའི་ཚེ་མགོན་པོས་བོད་ལ་ཞལ་གཟིགས་ནས་གོམ་པ་བདུན་འཕགས་པས་སེ་འབག་གོམ་བདུན་མར་གྲགས། བོད་དུ་བྱོན་ནས་བསྟན་པའི་བྱ་བ་ལ་རྒྱུད་འབུམ་བཞེངས། ཆོས་སྐྱོང་བྲན་དུ་འཁོལ། མ་འོངས་པ་མངོན་སུམ་དུ་ལུང་སྟོན། སླར་ཡང་གོང་མའི་ལུང་གིས་རྒྱ་ནག་ཏུ་གཤེགས་དགོས་པ་བྱུང་བའི་ཚེ། འབྱོན་པར་མི་སྤྲོ་བས། རྒྱལ་པོའི་ཕོ་ཉ་ཐེ་མུར་དར་དང༌། གྷ་རས་ལ་དངུལ་བྲེ་ལ་སོགས་པ་བྱིན་ཏེ་སློག་ཀྱང་རྒྱལ་པོའི་ཆད་པ་འོང་ཟེར་འགྲོ་མ་འདོད། དེར་རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །ཞེས་པ་ལ་སོགས་པའི་ཞལ་གདམས་མཛད་ནས་རྒྱ་ནག་ཏུ་གཤེགས། སྤྱིར་དགུང་ལོ་སུམ་ཅུ་སོ་བརྒྱད་ལས་མ་བཞུགས་པ་དེའི་སྲས་ཡིན།

༈ དེ་ལ་ཟུར་ཧམ་ཤཱཀ་འབྱུང་འདི་ཆུང་ངུ་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་ལས་འཕྲོ་སད་པས། རང་ལོ་ལྔ་པར་ཡབ་རྒྱ་ཡུལ་དུ་གཤེགས་པའི་བསུ་བ་མི་ཆེན་དང་བཅས་པའི་དབུས་རྩ་རྒྱུད་ལ་བཤད་པ་ཐོ་རེ་ལོང་མཛད་པས་ཐམས་ཅད་ཧ་ལས། དགུང་ལོ་བདུན་པ་ནས་བཤད་གྲྭ་བསྐྱངས། བླ་མ་ཀུན་སྤངས་པ་ལས་དགེ་ཚུལ་དང༌། ཆོས་རྗེ་བསོད་ནམས་གྲགས་པ་ལས་བསྙེན་པར་རྫོགས་པའི་མཚན་ཤཱཀྱ་འབྱུང་གནས་སུ་གྲགས། ཟུར་པཀྵིའི་སྲས་ཟུར་ཤཱཀྱ་སེང་གེ་ཞེས་བྱ་བ་གོ་ལུག་རྒྱལ་པོའི་ལུང་དང༌། གནང་བྱིན་གསེར་བྲེ་ཆེན་སྲང་དྲུག་ཅུ་མ་བཞི། དངུལ་དཀར་བྲེ་ཆེན་ཉི་ཤུ། གོས་ཕྱི་ནང་ཉིས་བརྒྱ་རྣམས་ཐོབ་ཅིང༌། དཔོན་མོ་ཐའུ་སོགས་པས་ཀྱང་བདོག་པ་རྒྱ་ཆེར་བྱིན་པས་ཟུར་པའི་བསྟན་སྲིད་ལ་ཕན་པ་རྒྱ་ཆེར་བཏགས་ལ། ཁྱད་པར་རྒྱལ་བ་ཟུར་པོ་ཆེའི་སྐུ་ཆོས་ཀྱི་དུམ་བུ་བཞུགས་པའི་འཇམ་དབྱངས་ཀྱི་གསེར་སྐུ་ཤིན་ཏུ་མཚར་བ་བཞེངས་ནས་དཔལ་འུག་བྱ་ལུང་གི་རྟེན་གཙོར་མངའ་གསོལ། བཤད་གྲྭ་དང་སྒོམ་གྲྭའི་ཚུགས་ཁ་ཆེན་པོ་ཟིན་པར་བྱས། བདོག་པ་ལ་འཕངས་པ་མེད་པས་བསྟན་པའི་རིམ་གྲོ་ལྷུར་ལེན། མཐོང་ན་མི་མཐུན་པ་མེད་པའི་གཟི་བྱིན་གྱིས་ཧོར་གྱི་མི་ཆེན་ཐེ་མུར་དར་ཡང་དད་པར་གྱུར་ནས་ཚེ་དབང་ཞུ་བ་ལ་སོགས་པའི་དང་བ་སྟོན་ནུས་པའི་སེམས་དཔའ་ཆེན་པོའི་ངང་ཚུལ་ལ་གནས་པ་དེ་དང༌། ས་བཟང་ལོ་ཆེན། རྒྱལ་བ་གཡུང༌། འཇམ་དབྱངས་བསམ་འགྲུབ་རྡོ་རྗེ། ས་སྐྱ་པའི་གདུང་བརྒྱུད། ཟུར་པའི་དབུ་ཆེ་བ་གྲགས་པ་ཆེ་བ་རྣམས་ཀྱིས་མཚོན་བོད་དབུས་གཙང་གི་མཁས་བཙུན་བཟང་གསུམ་ཐམས་ཅད་ལ་གཏུགས་ནས་མཚན་ཉིད་སྡེ་གསུམ། གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་གཞུང་དང་མན་ངག་ལ་ལེགས་པར་སྦྱངས། ཁྱད་པར་དུ་མངོན་རྟོགས་རྒྱན། སྤྱོད་འཇུག དུས་ཀྱི་འཁོར་ལོ། ཀུན་བྱེད་རྒྱལ་པོ། སྒྱུ་འཕྲུལ་ལམ་རིམ། གསང་བ་སྙིང་པོ། འགྲེལ་པ་སྤར་ཁབ་རྣམས་ལ་ནན་ཏན་དུ་སྦྱངས་པས་མཁས་གྲུབ་ཆེན་པོར་གྲགས། དུས་ཕྱིས་མདོ་དབང་ཟུར་ལུགས་ཀྱི་བསྟན་པའི་བདག་པོ་འདི་ཁོ་ན་ཡིན། སྒྲོལ་ཆེན་བསམ་རྡོར་ལས་མདོ་དབང་གསན་པའི་ཚེ། རྒྱ་བོད་ཀྱི་ན་བཟའ། ཐབ་ཆས། ནས་ཁལ་ལྔ་བཅུ་སོགས་ཀྱིས་སྣ་དྲངས་པའི་འབུལ་བ་བྱས་ཏེ་ལུང་ལག་ལེན་ཕྱག་བཞེས་ཐམས་ཅད་མཐའ་ཆོད་པར་མཛད། གཏད་རྒྱ་ཁོ་ནའི་དོན་དུའང་གོས་ཡུག་ཆེན་དང་གསེར་གྱི་འབུལ་བས་མཉེས་པར་མཛད། ཤཱཀྱ་ཐུབ་པ་དང༌། ཧེ་རུ་ཀ་རིགས་ལྔ་གཟིགས་སྣང་དུ་ཤིན་ཏུ་གསལ་བར་གཟིགས། འདུས་པ་མདོའི་ལྷ་ཐེམས་གཏད་རྒྱའི་འགྲེལ་པ་སོགས་མང་དུ་མཛད། མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང༌། སྒྲོལ་མ་བའི་སྲས་སངས་རྒྱས་རིན་ཆེན་དང༌། གཉལ་པ་བདེ་ལེགས་པ་ལ་སོགས་ཏེ་བསྟན་པའི་གསལ་བྱེད་དུ་གྱུར་པའི་སློབ་མ་མང་དག་བསྐྲུན་ནས་དགུང་ལོ་སུམ་ཅུ་སོ་བརྒྱད་ལ་གཤེགས། གཉལ་པ་བདེ་ལེགས་ཀྱི་ཆོག་ཁྲིད་ཀྱང་ཡོད་དོ།།

༈ ཡང་སྒྲོལ་ཆེན་པོའི་སྲས་བརྒྱུད་ལྟར་བྱས་ན། སྲས་སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དེ་ཉིད་ཡབ་ཀྱི་ལྔ་བཅུ་རྩ་དྲུག་པ་ལྕགས་ཕོ་སྟག་ལ་གནས་གསར་དུ་འཁྲུངས། མི་རྣམས་ཀྱིས་ཁྱོད་ཀྱི་སྲས་འདིས་ཕན་ནི་མི་ཐོགས། དེ་ཙམ་གྱི་གཙིགས་ཀྱིས་ཅི་བྱ་ཟེར་བས། འགྲོ་བ་ལ་ཕན་ཐོགས་པ་ཞིག་འོང་གསུངས། དགུང་ལོ་དྲུག་པ་ལ་གསང་བ་སྙིང་པོའི་རྒྱུད་ཐུགས་སུ་ཆུད། ཟུར་ཤཱཀ་འབྱུང་བའི་སྤྱན་སྔར་བྱོན། ངའི་བླ་མའི་སྲས་ཞེས་གཅེས་པར་བསྐྱངས་པས་རྒྱུད་བཟུང་བ་དེ་གཡེངས། ཡང་ལོ་བརྒྱད་ལོན་པ་ན་བསྐྱར་ཏེ་བཟུང༌། ཆོག་ཕྲིན་རྣམས་ཡབ་ཀྱིས་བསླབས་པས་ལོ་བཅུ་བཞི་པར་གཞན་ལ་དབང་བསྐུར་བའི་སློབ་དཔོན་ཕེར་བ་བྱུང༌། ཡབ་ལས་སྒྱུ་འཕྲུལ་གྱི་ཆོས་སྐོར་རྣམས་ཐུགས་སུ་ཆུད་པར་མཛད། ད་ང་རབ་ཏུ་བྱུང་ནས་མཚན་ཉིད་ཀྱང་སྦྱང༌། གསར་མའི་རྒྱུད་སྡེའང་སློབ་པ་ཡིན་ཞུས་པས། རེ་ཞིག་མི་རུང༌། གཟོད་རབ་ཏུ་བྱུང་བས་ཆོག་གསུངས། དེར་མ་གཅིག་ཞིག་བདག་གིར་བཟུང་བས་སྲས་ཁ་ཤས་འཁྲུངས། དགེ་བསྙེན་གྱི་རྟེན་ལ་བསླབ་སྦྱང་རྫོགས་པར་མཛད། སླར་ཆོས་འཁོར་སྒང་དུ་ཆིག་རྫོགས་མཛད། སྐུ་ཤིན་ཏུ་བཙུན་པར་བཞུགས། སྒྱུ་འཕྲུལ་ལ་མཁས་པར་གྱུར་པས་ལོ་བཞི་བཅུ་སྐོར་ལ་གསང་བ་སྙིང་པོ་ལ་ཊཱི་ཀ་ཆེ་བ་གཅིག་དང༌། ལམ་རྣམ་བཀོད་ལའང་རྣམ་བཤད་ཆེན་པོ་ཞིག་མཛད། དེ་བཞིན་དུ་ཕྲིན་ལས་ཤར་བ་བརྒྱད་ལས། ཁྲོ་བོ་ལ་མངོན་པར་རྟོགས་པ་རྒྱས་པ་ཞིག་མཛད་པ་དང༌། གནས་ལུང་ལའང་ཆོ་ག་རྒྱས་པ་ཞིག་མཛད། ཡབ་དང་ཐུགས་སྲས་ཐུབ་པ་རྡོ་རྗེ་སོགས་ལ་མན་ངག་མང་དུ་མཉན་ཅིང་ཉམས་སུ་བསྟར། དགུང་ལོ་བཅུ་བདུན་པ་ལ་འགོས་ལོ་ཡེ་བཟང་རྩེ་པ་རྗེས་སུ་བཟུང་སྟེ། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང༌། སྒྱུ་འཕྲུལ་གྱི་ཚེ་དབང༌། དོང་སྤྲུགས་ཀྱི་དབང༌། ཚེ་བདག་དང༌། ཡང་དག་མེ་གཅིག་གི་དབང༌། སྣ་བོ་པའི་ལུགས་ཀྱི་རྟ་མགྲིན་དང༌། ཟླ་རྒྱལ་མའི་ལུགས་ཀྱི་རྗེས་གནང༌། ཕུར་པ་ལུགས་ཀྱི་དབང་དྲག་པོའི་རྗེས་གནང་དང་བཅས་པ། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང༌། གསང་སྙིང་རྒྱུད་འགྲེལ་དང་བཅས་པའི་བཤད་པ། ལམ་རྣམ་པར་བཀོད་པའི་ཊཱི་ཀ་ཉིད་ཀྱིས་མཛད་པའི་ཐོག་ནས་བཤད་པ་རྒྱས་པ། གཞན་སྒྱུ་འཕྲུལ་གྱི་ཁོག་གཞུང་བཞི་བཅུ་ལ་སོགས་པའི་གཞུང་ཆུང་བཞི་བཅུ་ཙམ། མདོ་དགོངས་པ་འདུས་པ་དང༌། དེའི་རྩ་བའི་རྒྱུད་ཀུན་འདུས་དང༌། གནུབས་ཆེན་གྱི་མདོ་འགྲེལ་མུན་པའི་གོ་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པ་དང༌། བླ་མ་གཉིས། ཡང་དག་རྩ་བའི་ལུང་རྣམས་ཀྱང་གནང༌། སྙིང་ཐིག་སྤྲོས་བཅས་ལ་སོགས་པའི་དབང་བཞི་དང༌། མེ་ལོང་བས་མཛད་པའི་ཡི་གེའི་སྟེང་ནས་ཁྲིད་ཡིག རྫོགས་ཆེན་ཨ་རོའི་མན་ངག་ཀྱང་ཁྲིད་དུ་མཛད། དེ་བཞིན་དུ་བྱང་སེམས་ཡེ་རྒྱལ་བ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱང་གནང་སྟེ། རྒྱུ་མཚན་དེ་ལ་བརྟེན་ནས་འགོས་ལོ་ཡེ་བཟང་རྩེ་པས་རང་ཉིད་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཐར་ཐུག་དོན་དང་ལྡན་པར་སོང་བ་ཡིན་ཞེས་ངེས་པ་བརྟན་པའི་ཐ་ཚིག་ཀྱང་སྣང༌། དེ་ལྟར་ཆོས་རྗེ་སངས་རྒྱས་རིན་ཆེན་པས་བདུན་ཅུ་རྩ་གཉིས་པ་ལྕགས་མོ་གླང་གི་ལོ་ལ་དབུས་སུ་ཕེབས། གངས་པོ་རིའི་བསམ་གཏན་གླིང་དུ་དབང་གྲགས་པ་རྒྱལ་མཚན་གྱིས་ཞབས་ནས་བཏེགས། འདུས་པ་མདོ་ལ་སོགས་པའི་དབང་མང་པོ་དང༌། གསང་སྙིང་ལ་སོགས་པའི་བཤད་པ་དང་ལུང་མང་པོ་བྱིན། བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ཕག་གི་ལོ་ལ་གཙང་དུ་སྐུ་གཤེགས། ཟུར་ཆུང་པ་འཁྲུངས་ནས་དུས་འདི་ཡན་ཆད་ལ་ལོ་བཞི་བརྒྱ་དང་བཅུ་བདུན་སོང་བར་སྣང་ངོ༌།།

༈ བདག་ཉིད་ཆེན་པོ་འགོས་གཞོན་ནུ་དཔལ་ནི། ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང༌། ཡུམ་སྲིད་ཐར་སྐྱིད་གཉིས་ཀྱི་སྲས་སུ་ཆུ་སྤྲེལ་ལ་འཁྲུངས། སྤྱན་གཡས་མཁན་ཆེན་ལས་རབ་ཏུ་བྱུང༌། ཀརྨ་པ་དེ་བཞིན་གཤེགས་པ་ལས་བྱང་སྡོམ་དང་ཆོས་དྲུག་གསན། རྔོག་བྱང་ཆུབ་དཔལ་ལས་རྔོག་ཆོས་རྣམས་གསན། ཁྱད་པར་པཎ་ཆེན་བ་ན་རཏྣ་ལས་བླ་མེད་ཀྱི་རྒྱུད་སྡེ་ཕལ་མོ་ཆེའི་དབང་བསྐུར་བ་རྣམས་ཞུས། མཚན་བརྗོད་དང་དཔྱིད་ཐིག དབང་མདོར་བསྟན། དཔེ་མེད་འཚོའི་སྦྱོར་དྲུག་རྩ་འགྲེལ་རྣམས་ཞུས་ཤིང་བསྒྱུར། རྗེ་འདི་ཉིད་ཀྱིས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་དགུང་ལོ་བདུན་ཅུ་པ་ས་མོ་ཕག་གི་ལོར་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་ཚེ་དབང༌། ན་རག་དོང་སྤྲུགས། ཚེ་བདག ཡང་དག་མེ་གཅིག རྟ་མགྲིན་རྣ་བོ་པའི་ལུགས་དང་ཟླ་རྒྱལ་ལུགས། ཕུར་པ་འཁོན་ལུགས། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་སོགས་སྔ་འགྱུར་རྒྱུད་སྡེའི་དབང་བཀའ་ཐམས་ཅད་མ་ཚང་བ་མེད་པ་གསན། བཤད་པའི་བཀའ་གསང་བ་སྙིང་པོའི་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་དང༌། ལམ་རྣམ་བཀོད་ཀྱི་ཊཱི་ཀ་ཁོང་ཉིད་ཀྱིས་མཛད་པ། གཞན་ཡང་ཁོག་གཞུང་གསལ་སྒྲོན་སོགས་རྒྱ་བོད་ཀྱི་གཞུང་ཆུང་བཞི་བཅུ་སྐོར་གྱི་བཤད་ལུང་རྣམས་དང༌། མདོ་དགོངས་འདུས། དེའི་རྩ་བའི་རྒྱུད་ཀུན་འདུས་རིག་པ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་མདོ་འགྲེལ་མུན་པའི་གོ་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པ་དང་བཞི་བཅུ་པ། བླ་མ་གཉིས། ཡང་དག་རྩ་བའི་ལུང་རྣམས་གསན། སྙིང་ཐིག་ལ་རྩ་བའི་དབང་སྤྲོས་བཅས་སྤྲོས་མེད་བཞིའི་དབང་བསྐུར་བ་དང༌། གྲུབ་ཐོབ་མེ་ལོང་རྡོ་རྗེས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་ཁྲིད་དང༌། ཨ་རོའི་ལུགས་ཀྱི་རྫོགས་ཆེན་གྱི་མན་ངག་གི་ཁྲིད་ཀྱང་གསན། མདོར་ན་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་ལྟ་བུར་གྱུར་ཅིང༌། རྗེ་ཉིད་ཀྱིས་ཀྱང་གསང་སྔགས་རྙིང་མ་ཞེས་གྲགས་པའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ་ཅིང༌། ཆོས་སྤང་པའི་སྒྲིབ་པས་མ་སྦགས་ཙམ་མོ། །ཞེས་གསུངས་པའང་བོད་ཀྱི་མཁས་རློམ་ཕྱོགས་ལྷུང་ཅན་འགའ་ཞིག་ལ་དགོངས་པ་ཡིན་ཏེ། དོན་དུའང་རྗེ་འདི་ནི་གྲུབ་མཐའ་ཕྱོགས་སུ་མ་ལྷུང་བའི་གཤེས་གཉེན་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ཞིང་བསྟན་བཅོས་རྣམས་ཀྱང་ཚད་མར་གྱུར་པའི་ལེགས་བཤད་ཆེ་བ་ཡང་མངོན་སུམ་གྱིས་གྲུབ་བོ། །རྗེ་འདིས་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལ་སེམས་འགྲེལ་སྐོར་གསུམ་སོགས་ཆོས་བཀའ་དབང་ཁྲིད་མང་པོ་ཕུལ། ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པ་བསྙེན་པར་རྫོགས་པའི་མཁན་པོ་དང༌། སྒྱུ་འཕྲུལ་གཙོ་བོར་གྱུར་པའི་གསར་རྙིང་གི་རྒྱུད་སྡེ་རྒྱ་མཚོའི་དབང་བཀའ་བཤད་བཀའ། མན་ངག་གི་ཁྲིད་སོགས་བསམ་གྱིས་མི་ཁྱབ་པ་གནང༌། རྗེ་ཞྭ་དམར་པས་ཀྱང་བཀའ་དྲིན་ཆེ་བའི་བླ་མ་གཅིག་པུར་མཛད། གཞན་ཡང་བཀའ་གཏེར་གྱི་བསྟན་པ་སྒོ་དུ་མ་ནས་སྤེལ་བཞིན་པར་དགུང་ལོ་དགུ་བཅུ་ཐམ་པ་ལྕགས་གླང་ལོར་སྐུ་གཤེགས་སོ།།

༈ ཞྭ་དམར་བཞི་པ་སྤྱན་སྔ་རིན་པོ་ཆེ་ནི། ཏྲེ་ཤོད་ཁང་དམར་དུ་ཡབ་ལྡོང་དགོན་པ་སྐྱབས་དང༌། ཡུམ་དབྲ་བཟའ་བསོད་ནམས་སྒྲོལ་མའི་སྲས་སུ་ཆུ་མོ་བྱ་ལ་འཁྲུངས། ཟུར་མང་དགོན་དུ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་དང་མཇལ་ཏེ་རབ་ཏུ་བྱུང༌། མཚན་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོར་གསོལ། མཁན་པོ་གོ་ཤྲཱི་གྲགས་དཔལ་པ་དང༌། བན་སྒར་པ་ལས་ཀྱང་ཆོས་གསན། དགུང་ལོ་ཉེར་བཞི་པ་ལ་འགོས་ལོ་ཆེན་པོ་ཡེ་བཟང་རྩེ་པས་མཁན་པོ་མཛད་དེ་བསྙེན་པར་རྫོགས། དུས་ཀྱི་འཁོར་ལོ། བདེ་དགྱེས། གསང་འཇིགས་སོགས་གསར་མའི་རྒྱུད་སྡེ་རྣམས་དང༌། སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་བཀའ་དང་བཤད་པའི་བཀའ་སོགས་སྔ་ཕྱིར་གསན་པ་མཐའ་ཡས་པ་མཛད། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་གདུང་རིགས་ལོ་ཆེན་བསོད་ནམས་རྒྱ་མཚོ་ལས་ཀྱང་གསར་རྙིང་གི་ཆོས་མང་དུ་གསན། རྗ་ེའགོས་ལས་ཕུར་པའི་དབང་གསན་ཚེ་མནལ་ལམ་དུ་སློབ་དཔོན་པདྨས་ཞལ་གཟིགས་ཤིང་གདམས་པའང་བསྩལ། གསར་རྙིང་གི་ཆོས་ཚུལ་མཐའ་དག་གདུལ་བྱ་རྣམས་ལ་སྟོན་བཞིན་པའི་ངང་ནས་དགུང་ལོ་དོན་གསུམ་པ་ཤིང་བྱ་ལ་གཟུགས་སྐུ་བརྟུལ། མདོར་ན་རྗེ་འདི་ནི། གསན་པ་རྒྱ་ཆེ་ཞིང་རྣམ་པར་དག སྒྲུབ་ཐབས། རྣམ་བཤད། དཀྱིལ་ཆོག དྲིས་ལན་ལ་སོགས་པའི་བསྟན་བཅོས་ཆེས་མང་བར་མཛད་པ་ཐམས་ཅད་ཀྱང༌། ཚིག་དོན་བཟང༌། རྒྱས་བསྡུས་འཚམས། དཔྱིས་ཕྱིན། གཟུ་བོར་གནས་པས་གཞན་ལས་ཕུལ་དུ་བྱུང་བ་ཤ་སྟག་ཏུ་སྣང་ལ། དོན་དམ་ངེས་འབྱེད་དབུ་མ་ཆེན་པོའི་ལྟ་ཁྲིད་རྒྱལ་ཚབ་ཆེན་པོའི་ཆོས་ལྔ་ལ་བརྟེན་ཅིང༌། ཆོས་སྐད་མཐར་ཐུག་པ་ཕྱིར་མི་ལྡོག་པའི་གཏམ་གཙོ་བོར་བཞེད་པ་རྗེ་འདི་དང༌། ཀུན་མཁྱེན་ཆེན་པོ་ཀློང་ཆེན་པ། ཀརྨ་པ་བདུན་པ། ཀུན་མཁྱེན་དོལ་བུ་པ་ཆེན་པོ་སོགས་མཐུན་ནོ།།

༈ དེ་ཉིད་ཀྱིས་འབྲི་གུང་ཟུར་པ་རིན་ཆེན་ཕུན་ཚོགས་ལ་བསྩལ་བ་སྟེ། འདི་ནི་དབུར་སྟོད་འབྲི་གུང་སྐུ་གཉེར་སྒང་ཞེས་བྱ་བར་སྐྱུ་རའི་རིགས་སུ་སྐུ་བལྟམས། དགུང་ལོ་བརྒྱད་ཀྱི་སྟེང་དུ་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་གྲགས་པ་ལས་རབ་ཏུ་བྱུང༌། བཅུ་གསུམ་པར་རྩིས་ཐང་བསམ་གཏན་གླིང་དུ་དཀར་པོ་པས་ཁྲ་འབྲུག་གི་ཞིག་གསོས་མཛད་པའི་རབ་གནས་ལ་སྤྱན་དྲངས་པའི་ཚེ་ངོ་མཚར་བའི་ཆོ་འཕྲུལ་ཅི་ཡང་བྱུང༌། ཡངས་པ་ཅན་དང༌། ཀླུང་ཤོད། གཞོ་སྟོད་ཏི་སྒྲོ་སོགས་གནས་ཆེན་རྣམས་སུ་སྒྲུབ་པ་ལ་སྙིང་པོར་མཛད། ཏི་སྒྲོ་ལ་བཞུགས་པའི་སྐབས་ཤིག་འཕགས་ཡུལ་གྱི་གྲུབ་ཐོབ་རྡོ་རྗེ་མགོན་པོ་བྱོན་ནས་ཛ་བི་རའི་བྷུ་རླུང་གི་མན་ངག་སོགས་རྗེས་སུ་གདམས་པ་བསྩལ། མཁའ་འགྲོའི་ལུང་བསྟན་བཞིན་རྟེན་དཀར་ཆས་སུ་བསྒྱུར་ཞིང༌། ཡངས་པ་ཅན་དུ་གཏེར་གྱི་ཁ་བྱང་བབས་པ་བཞིན་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་བཅུད་དམ་ཆོས་དགོངས་པ་ཡང་ཟབ་ཤོག་སེར་རིགས་ལྔ་ཏི་སྒྲོ་ཌཱ་ཀིའི་ཚོགས་ཁང་ཆེན་མོ་ནས་སྤྱན་དྲངས། དུས་གཞན་ཞིག་ཏུ་ཟངས་མདོག་དཔལ་རིར་བྱོན་ནས་གུ་རུ་རིན་པོ་ཆེ་ཧེ་རུ་ཀའི་རྣམ་པར་མཇལ་ཏེ་ག་ཎ་ཙཀྲའི་འདུ་བར་ལོངས་སྤྱོད་ཅིང༌། རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་ཞིང་གདམས་པ་དང་རྗེས་སུ་གདམས་པ་ཐམས་ཅད་བསྩལ་ཏེ་ཧེ་རུ་ཀའི་སྐུ་སློབ་དཔོན་པདྨར་གནས་འགྱུར་བས། ཞལ་གྱི་མན་ངག་ཀྱང་མང་དུ་གནང་ནས་སླར་རང་གནས་སུ་ཕེབས། བཀའ་གཏེར་གཉིས་ཀྱི་བདག་པོར་གྱུར། མདོ་སྒྱུ་སེམས་གསུམ་ལ་བཤད་སྲོལ་ཐུན་མོང་མ་ཡིན་པ་དང༌། བཀའ་བརྒྱད་ལུགས་དགུ། སྙིང་ཐིག་ཡ་བཞི། གཏེར་ཁ་གོང་འོག་སོགས་ལ་རྩལ་དུ་བཏོན་ཅིང་འཆད་ཉན་གྱི་ཕྲིན་ལས་ཤིན་ཏུ་རྒྱ་ཆེ། མངའ་རིས་པཎ་ཆེན་རིན་པོ་ཆེའི་ཕྱག་སྲོལ་ལྟར་བཀའ་མས་ཁོག་དབུབ། གཏེར་མའི་མན་ངག་གི་ཟུར་བརྒྱན་པ་ཞིག་ཕྱག་ལེན་དུ་འདེབས་པར་མཛད་དོ།།

༈ དེས་རང་གྲོལ་ཉི་ཟླ་སངས་རྒྱས་ལ་སྒྱུ་འཕྲུལ་སྐོར་རྣམས་གསུངས། དེས་འཁོན་རིགས་སློབ་དཔོན་ཚེ་དབང་ནོར་རྒྱས་ལ་བཤད་ཅིང༌། དེས་ཁོང་ཉིད་ཀྱི་སྲས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལ་བཤད་དེ། རྗེ་འདི་ཉིད་ཡབ་སློབ་དཔོན་དེ་དང་ཡུམ་རྒྱལ་མོ་འཛོམ་གྱི་སྲས་སུ་ལྕགས་བྱ་ལོར་འཁྲུངས། ཆུང་ངུ་ནས་དམ་པའི་བག་ཆགས་སད་ཅིང་ངེས་འབྱུང་གི་ཐུགས་ཡང་དག་པ་སྐྱེས། དགུང་ལོ་བཅུ་ལོན་པའི་ཚེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལས་རབ་ཏུ་བྱུང༌། སྐྱབས་འགྲོ་སེམས་བསྐྱེད་ཐུགས་རྗེ་ཆེན་པོའི་སྒོམ་ལུང་སོགས་གསན། གཞན་ཡང་གསར་རྙིང་གི་བླ་མ་འགའ་ལས་ཅི་རིགས་པའི་ཆོས་ཚུལ་ཐམས་ཅད་གསན། སྒྲའི་རི་མོ་དང༌། སྙན་དངགས། སུམ་རྟགས། གསོ་རིགས་སོགས་ལའང་བསླབ་སྦྱོང་དཔྱིས་ཕྱིན་པར་མཛད། ཁྱད་པར་ཡབ་རྡོ་རྗེ་འཛིན་པ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོ་དང༌། དེའི་འགྲེལ་པ་གཡུང་སྟོན་གྱིས་མཛད་པ་དང༌། ཀུན་མཁྱེན་ཀློང་ཆེན་པའི་ཕྱོགས་བཅུ་མུན་སེལ་སོགས་སྒྱུ་འཕྲུལ་སྐོར་གྱི་འགྲེལ་ཊཱིཀ་རྣམས་སྦྱང་པར་མཛད་པ་ན་སྒྲོ་ཕུག་པ་ཆེན་པོའི་བག་ཆགས་སད་པས་ལམ་འདི་ཉིད་ལ་བརྟེན་པའི་མཁས་གྲུབ་འགྲན་ཟླ་མེད་པར་གྱུར། དགུང་ལོ་བཅོ་བརྒྱད་པར་གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་རིག་འཛིན་ཆེན་པོ་ཉི་ཟླ་སངས་རྒྱས་ཀྱི་དྲུང་དུ་རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་དབང་ཁྲིད་མན་ངག་དང་བཅས་པ་གསན་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་རྫོགས་པ་ཆེན་པོ་རང་རིག་ཆོས་ཀྱི་སྐུར་ངོ་འཕྲོད་ཅིང་གཏིང་སླེབས། གཞན་ཡང་བཀའ་གཏེར་གྱི་ཆོས་ཤིན་ཏུ་མང་བ་དང༌། ཁྱད་པར་དོན་ཏིག་འགྲོ་བ་ཀུན་གྲོལ། ཐེག་མཆོག་རིན་པོ་ཆེའི་མཛོད་ཀྱི་བཤད་ལུང་བཅས་གསན། མདོ་ཕྱོགས་ཀྱི་གཞུང་ལུགས་ཆེན་པོ་ཀུན་ལའང་གསན་བསམ་མཐར་ཕྱིན་པར་མཛད་ཅིང༌། ཆོས་གྲྭ་ཆེན་པོ་རྩེད་ཐང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་ལས་རྡོ་རྗེ་ཕྲེང་བ་སོགས་གསར་རྙིང་གི་ཆོས་རྒྱ་ཆེ་བ་གསན། དགུང་ལོ་སོ་བཞི་པར་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་དང༌། ཆོས་ཀྱི་རྗེ་དགེ་འདུན་རྒྱལ་མཚན་པ་མཁན་སློབ་ལས་བསྙེན་པར་རྫོགས་པའང་མཛད་ནས་མཚན་དཔལ་འབྱོར་ལྷུན་གྲུབ་ཏུ་གསོལ། དགེ་ལུགས་ཕྱོགས་ཀྱི་སྔགས་སྐོར་རྣམས་ཀྱང་གསན། གསང་ཕུ་དང་སེར་བྱེས་ཀྱི་འཆད་ཉན་སློབ་དཔོན་པའང་མཛད། རྒྱུད་གསང་བ་སྙིང་པོ་ལ་སྔར་བཤད་སྲོལ་ཆེས་དར་ཡང་ཕྱིས་ཉག་ཕྲ་བར་གྱུར་པས་རྗེ་འདི་ཉིད་མཁྱེན་པ་ཆེ་བའི་གྲགས་པས་བྲག་སྣ་ཆོས་རྗེ་ཨོ་རྒྱན་བསྟན་འཛིན་ཆེད་གཉེར་གྱིས་བྱོན་ཏེ་གཡུང་འགྲེལ་གྱི་སྟེང་ནས་ཞིབ་པར་གསན་ཅིང་ལེའུ་ལྔ་པ་ཡན་གྱི་ཟིན་བྲིས་ཀྱང་མཛད། ཁྱད་པར་ཟུར་ཆོས་དབྱིངས་རང་གྲོལ་རྗེས་སུ་བཟུང་ནས་གསང་བ་སྙིང་པོ་གཡུང་འགྲེལ་ལས་ཉིན་རེར་ཆོས་ཐུན་གཉིས་རེ་དང༌། གཞན་ཡང་སྙིང་ཐིག་གི་སྐོར་སོགས་མཐའ་ཡས་པ་གནང༌། རྗེའི་བསླབ་སྟོན་ལྟར་ཟུར་ཆེན་གྱིས་ཆོས་གྲྭ་ཆེན་པོ་རྩེད་ཐང་དུ་གྲྭ་སྐོར་གྱི་བསྟན་པའི་རྣམ་གཞག་མཛད་པས་སྔ་འགྱུར་ལ་རྒྱུད་བཤད་མེད་དེ་འོང་སྙམ་པའི་ཕྲག་དོག་ཅན་རྣམས་ཁ་རོག་སྟེ་འདུག་གོ །འདི་ཙམ་ནས་འདུ་འཛིའི་གཡེངས་པ་སྤངས་ཏེ་ཡུལ་དེ་ཝི་ཀོ་ཊིའམ་ཕ་ཝང་ཁའི་ནགས་ཁྲོད་དུ་དབེན་པ་བརྟེན་ཅིང་བཞུགས། ཕྱག་ན་པདྨ་ལྔ་པ་ཆེན་པོས་ཀྱང་ཞབས་ལ་གཏུགས་ཏེ། གསར་རྙིང་གི་དབང་ལུང་ཁྲིད་མན་ངག་གི་སྐོར་མཐའ་ཡས་པ་གསན། བླ་ཆེན་འགའ་ཞིག་གིས་ལྟར་གྲུབ་མཐའ་གཙང་མ་ཡིན་རྒྱུ་བའི་མཚན་ཉིད་པ་སྐམ་པོའི་རིགས་ཀྱི་ཤན་མ་ཤོར་བ་དང༌། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་ཟིན་པའི་རྗེས་དེ་འདྲའི་རིགས་ལ་ཟེར་བ་ཡིན། དེ་ནས་དགུང་གྲངས་དོན་དྲུག་ལ་རྗེ་ལྔ་པ་ཆེན་པོས་ཞབས་བརྟན་གྱི་གསོལ་འདེབས་མཛད་པས་ད་སྟེ་ཡུན་རིང་ཨེ་སྡོད་མི་ཤེས་ཞེས་ཞལ་གྱིས་མ་བཞེས་ནས་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ་འགྲོ་དགོས་པ་ཞེས་གསུངས་ཤིང༌། མེ་གླང་ཟླ་བ་བརྒྱད་པའི་ཚེས་བཅུ་གཅིག་ལ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། རྗེ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཀྱང་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་སྤྱི་ཁྱབ་ཏུ་ངོ་སྤྲོད་པའི་ཁྲིད་ཡིག་དང༌། དབུ་མའི་ལྟ་ཁྲིད་དང༌། ཐ་སྙད་རིག་པའི་སྐོར་ཡང་མང་པོ་ཡོད་དོ།།

༈ རྗེ་དེའི་ཐུགས་ཀྱི་སྲས་ནི་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ཡིན་ཏེ། འདི་ཉིད་ཟུར་གྱི་རིག་འཛིན་བརྒྱུད་པའི་གདུང་རབས་མ་ཆད་པ་ལས་ཡབ་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛའི་རྣམ་འཕྲུལ་ཟུར་ཆེན་གཞོན་ནུ་དོན་གྲུབ་དང༌། ཡུམ་མཁའ་འགྲོའི་རིགས་ལས་མཚན་ལྡན་ཡིད་འཛིན་གཉིས་ཀྱི་སྲས་སུ་ཤིང་འབྲུག་ལོར་སྐུ་བལྟམས། དྲུང་པ་དཀོན་མཆོག་རིན་ཆེན་པའི་སྐུ་སྐྱེར་ངོས་འཛིན་མཛད། རིམ་གྱིས་ཡི་གེ་བྲི་ཀློག་དང་འཕགས་ཡུལ་གྱི་ཡིག་རིགས་རྣམས་ཀྱང་དཀའ་ཚེགས་ལ་མ་ལྟོས་པར་ཐུགས་སུ་ཆུད། ཡབ་ལས་ཉེར་མཁོའི་སྒྲུབ་སྐོར་རྣམས་ཀྱང་བསླབ། དགུང་ལོ་དགུ་པར་བྱང་པ་རིག་འཛིན་ངག་གི་དབང་པོ་མཇལ་ཞིང༌། ཞལ་ནས་སྐུ་སྐྱེ་བས་སྔ་འགྱུར་གྱི་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་ཞེས་ལུང་བསྟན། ལྷ་རིས་དང་རྩིས་སྐོར་རྣམས་དང་དྲག་སྔགས་ཀྱི་སྐོར་འགའ་ཞིག་ཀྱང་མཁྱེན་པར་མཛད་ཅིང༌། དགུང་ལོ་བཅུ་གཉིས་ཙམ་ནས་སྣང་གསལ་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པའི་ཞབས་སུ་བཅར་ཏེ་བཀའ་བརྒྱད་བདེར་འདུས་སྐོར་དང༌། མཁའ་འགྲོ་སྙིང་ཐིག་བཀའ་གཏེར་གཉིས། བླ་མ་ནོར་བུ་རྒྱ་མཚོ། ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་སོགས་ཀྱི་དབང་ལུང་དང་ཉམས་ཁྲིད་མཐར་ཕྱིན་པ་གསན། ཞི་ཁྲོའི་དབང་བསྐུར་བའི་གསང་མཚན་ཆོས་དབྱིངས་རང་གྲོལ་དུ་ཕོག གཞན་ཡང་ཅི་རིགས་པའི་གཏེར་ཆོས་རྣམས་ཀྱང་གསན། ཕྱག་ཆེན་ལྔ་ལྡན་དང་གཅོད་ཁྲིད་སོགས་སྐུ་ཉམས་སུ་བསྟར། ཟིང་པ་སྟག་མགོར་ལོ་གསུམ་ཕྱོགས་གསུམ་མཛད་ཅིང་གཙོ་བོར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཀ་དག་དང་ལྷུན་གྲུབ་གནད་དུ་བསྣུན་པས་ཆོས་ཐམས་ཅད་ཀྱི་རྫུན་ཕུགས་རྡིབ། རང་རིག་གདོད་མའི་མགོན་པོའི་རང་ཞལ་མངོན་དུ་གྱུར་པའི་རྟོགས་པ་བརྙེས་ཤིང་འོད་གསལ་དུ་ལོངས་སྐུའི་ཞིང་ཁམས་ཉུལ་བའི་རྩལ་འབྱོངས་པར་གྱུར། དགུང་ལོ་བཅུ་བདུན་པ་ལ་རྡོ་རྗེ་འཆང་ཕ་ཝང་ཁ་པ་དཔལ་འབྱོར་མཚན་ཅན་གྱི་དྲུང་དུ་བྱོན་ཏེ་བླ་མ་སྐུ་འདས་ཀྱི་བར་ལ་རིམ་གྲོ་པ་མཛད་ཅིང་མཉེས་པ་གསུམ་གྱིས་བསྟེན།

བླ་མས་ཀྱང་ཐུགས་དགྱེས་པས་རྗེས་སུ་བསྐྱངས་ནས་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བུམ་པ་གང་བྱོའི་ཚུལ་གྱིས་གནང༌། གཙོ་བོར་དཔལ་གསང་བ་སྙིང་པོའི་རྒྱུད་རྩ་བ་དང༌། འགྲེལ་བ་སྤར་ཁབ། བོད་འགྲེལ་གཡུང་ཊཱིཀ་རྣམས་སྦྱར་བའི་གསུང་བཤད་མཛད་པ་ཉིན་རེ་རྩེ་བཞག་ཐུན་གཉིས་རེ་བསྩལ། ཟིན་དཀའ་སེ་བ་ལ་རེག་ཟིན་རྒྱབ་ཨེ་ཆོག་ཞུས་པས། རྒྱང་ཙམ་མ་སོང་བར་ཟིན་བྲིས་བྱས་ན་འཇག་ཆེན་པོ་མི་ཡོང་བས་རེ་ཞིག་ནས་ངེད་ཀྱིས་ཚོད་བྱེད་གསུངས། གཟིམ་ཆུང་ཐོག་ཁར་སྐྱོར་སྦྱང་གནང་ནས་ཤོག་བུ་སུམ་ཅུ་ཙམ་སོང་ནས་རྗེའི་བཀའ་བཞིན་ཟིན་བྲིས་ཀྱང་མཛད་པས་ལེའུ་ལྔ་པ་ཡན་ཆད་སོང༌། དེ་མན་ཆད་ཀྱི་ཟིན་བྲིས་འཕྲོ་ཅན་དུ་ལུས། ཆུ་ཁྱི་དགུང་ལོ་ཉི་ཤུ་བཞེས་པར་སླར་ཡང་དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་བར་དུ་བསྒྲུབས་པར་མཛད། སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་སོགས་ལ་གཟིགས་རྟོག་དང༌། འདུས་པའི་འགྲེལ་པ་སྒྲོན་གསལ་ལ་བཞི་སྦྲགས་ཀྱི་བཤད་པ། རིམ་ལྔ་གསལ་སྒྲོན། བདེ་མཆོག་སྦས་དོན་ཀུན་གསལ། ནོར་བཟང་གི་དུས་འཁོར་སྤྱི་དོན་སོགས་དང༌། གསང་འདུས་བསྐྱེད་རྫོགས་སོགས་ཀྱི་བཤད་པ་ཞུས་ཤིང་ཐུགས་ལ་ངེས་པར་མཛད། ཤིང་བྱི་ལོར་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་དང་དུ་དགུན་ཆོས་ཆེན་པོའི་ཐོག་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་པ་མཛད་པས་སྟོན་ཆེན་ཚིག་ལ་རྟོན་པ་རྣམས་ཀྱི་སྤོབས་པ་བཅོམས་ཤིང༌། སྙིང་པོའི་བསྟན་པ་ལ་བྱ་བ་ཆེར་མཛད་པས་གཟུ་བོར་གནས་པ་རྣམས་བསྔགས་པ་བརྗོད་ཅིང་བྱང་པ་རིག་འཛིན་ཆེན་པོས་ཀྱང་ལེགས་དར་དཔྱངས། རྗེ་ཕ་ཝང་ཁ་པ་ལས་ཀྱང་ཀློང་གསལ་སྙིང་ཐིག་གི་དབང་ལུང་མན་ངག་རྣམས་ཞིབ་པར་གསན་ཞིང་བསྒོམས་པས་ཉམས་རྟོགས་ཀྱི་བོགས་སྔར་ལས་ཀྱང་ཆེར་འཁྲུངས། བྷཻ་ར་བའི་འཁྲུལ་འཁོར་སོགས་གསར་མའི་ཕྱོགས་ཀྱི་དྲག་སྔགས་ཀྱང་མང་དུ་གསན། དགེ་འབྲི་གཉིས་འགྲས་ཆེ་ཞིང་འབྲི་གུང་ཟུར་པ་རཏྣའི་ཞབས་སོགས་ཀྱིས་རཱ་ཧུ་ལའི་ལས་སྦྱོར་མཛད་པས་དགའ་ལྡན་ཁྲི་པ་མང་པོ་སྟེང་གྲིབ་ཀྱིས་གཤེགས། རྗེ་འདིས་དཀོན་མཆོག་ཆོས་འཕེལ་ཁྱབ་འཇུག་གི་འཇིགས་པ་ལས་གྲོལ་བའི་སྲུང་འཁོར་ཡང་མཛད། ཀཿཐོག་པ་སྟག་བླ་པདྨ་མ་ཏི་ལྷ་སར་བྱོན་ནས་སྙིང་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་སོགས་གསན་ཅིང་ཁོང་གིས་ལྷོ་བྲག་གསུང་སྤྲུལ་ལའང་དེའི་བཤད་ལུང་ཕུལ་བ་སོགས་ཆོས་རྒྱུན་དེ་ཀ་མ་ཆད་པར་བྱུང་བ་འདིའོ། །ཚུར་ཀཿཐོག་པ་ལས་དགོངས་འདུས་པོ་ཏིའི་ལུང་དབང་རྒྱུད་དགུ་བཅངས་ཐབས་བཅས་པ་དང༌། ལས་བྱང་མེ་ཏོག་ཕྲེང་མཛེས་སོགས་ཀྱང་གསན། ལྷག་པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་པའི་ར་ས་ཡ་ནའི་སྒྲུབ་པ་མཛད། འདི་སྐབས་ཙམ་ནས་རྒྱལ་མཆོག་ལྔ་པ་ཆེན་པོས་བླ་མར་བཀུར་ཏེ་ཟིལ་གནོན་སོགས་ཆོས་བཀའ་རྣམས་གསན་ཞིང་དྲག་སྔགས་ཀྱི་སྐོར་སོགས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ཀྱི་ལུང་ཕྱག་ཁྲིད་ཐམས་ཅད་ཕུལ་བ་ཐུགས་ཉམས་སུ་བསྟར། ཀར་གཙང་མཆོད་ཡོན་གྱིས་དགེ་ལུགས་སྤྱི་དང་བྱེ་བྲག་དགའ་ལྡན་ཕོ་བྲང་པ་ལ་སྡང་ཟུག་ཆེ་བས་ཙི་ཀུམ་པར་སྡེ་གཟར་གྱི་སྐབས་སུ་ལས་སྦྱོར་མཐའ་ཡས་མཛད་པས། རྒྱལ་དབང་ལྔ་པའི་ཕྲིན་ལས་དུས་བབས་དང་རྗེ་འདི་ཉིད་ཀྱི་བྱིན་རླབས་ལྷག་པར་མྱུར་བས་དགའ་ལྡན་ཕོ་བྲང་གི་ལུང་ལས་བོད་ཁམས་ཡོངས་ལ་ཁྱབ་པ་འདི་བྱུང༌། སྣུམ་ཟད་གྲོང་པའི་རྐང་འཐུང་འཁྲིགས་པའི་ཀློང༌། །ཁེ་ཉེན་གཤེར་གྱིས་དོན་ཆེན་འགྲུབ་པའི་ཞུགས། །འབར་མིན་ས་བབས་ལས་ཀྱི་རྟ་གདོང་མེས། །ཀར་གཙང་སྲིད་སྡེའི་ཆུ་བོ་སྐེམ་དེ་མཚར། །ཞེས་ལྔ་པ་ཆེན་པོས་དགེ་ཕྱོགས་རྣམས་ཀྱིས་མངོན་སྤྱོད་ཀྱི་ནུས་པ་མངོན་དུ་མ་གྱུར་པར་འོས་མེད་ཀྱི་རྗེ་འདི་པས་བསྟན་པ་སྤྱི་ལ་སྨན་ཡོན་ཆེན་པོར་གྱུར་པའི་ཆེད་དུ་བརྗོད་པར་མཛད་དོ།།

གཞན་ཡང་ཕུར་པ་ལུགས་གསུམ་དང༌། བཀའ་བརྒྱད་ལུགས་གསུམ། རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་སོགས་ཀྱི་ཉམས་ཁྲིད་རྣམས་གསན་པ་ཐུགས་ཉམས་སུ་བསྟར་བས་རྫོགས་པ་ཆེན་པོའི་ཉམས་མྱོང་མ་འཁྲུལ་པ་ཐུགས་རྒྱུད་ལ་འཁྲུངས་ཤིང་འཁོར་འདས་རེ་དོགས་དང་བྲལ་བའི་གདིངས་འཁྲུངས་སོ་ཞེས་ཞལ་གྱིས་བཞེས། གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་དང་ཡང་ཆོས་ཀྱི་དགའ་སྟོན་སྟོབ་རེས་མཛད། བྱང་པ་རིག་འཛིན་ངག་གི་དབང་པོའི་སྤྲུལ་པའི་སྐུར་སྔ་འགྱུར་བསྟན་པའི་ཉི་མ་རིག་འཛིན་པདྨ་ཕྲིན་ལས་ངོས་འཛིན་པར་མཛད་ཅིང༌། ཐུབ་བསྟན་རྡོ་རྗེ་བྲག་གི་གདན་སར་བཀོད་ནས་བཀའ་གཏེར་གྱི་ཆོས་མཐའ་དག་བསྩལ་ཅིང་བསྟན་པའི་བདག་པོར་མངའ་གསོལ། སྐུ་ཚེའི་མཐར་འགྲོ་མགོན་སྐྱེ་མེད་ཞང་གི་གདན་ས་གུང་ཐང་དུ་བཞུགས། དར་ལྡིང་རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ་སྙིང་པོའི་རྒྱུད་ཀྱི་བཤད་པ་གནང༌། ཚུར་ཡང་བཀའ་བརྒྱད་སོགས་དབང་ལུང་མང་དུ་གསན་པ་དང༌། རྒྱ་བོད་ཧོར་གསུམ་གྱི་བླ་མ་སྐྱེ་སྤྲུལ་སོགས་ཆོས་དོན་གཉེར་རྣམས་ལ་བཀའ་གཏེར་གསར་རྙིང་གི་རྣམ་པར་གྲོལ་བའི་ལམ་གྱི་དངོས་པོ་ཅི་རིགས་པས་སྐྱོང་བར་མཛད་ནས། དགུང་གྲངས་རེ་དྲུག་ལོན་པ་ས་བྱ་ལོར་ངོ་མཚར་བའི་ལྟས་དང་བཅས་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་སོ། །རྗེ་འདི་ཉིད་ལ་ཐུགས་སྲས་སློབ་མའི་ཚོགས་བགྲང་གིས་མི་ལང་བར་བཞུགས་ཀྱང༌། གཙོ་བོར་གྱུར་པ་ནི་རྒྱལ་མཆོག་ལྔ་པ་ཆེན་པོ་སྟེ། ཞིང་ཁམས་གཞན་དུ་གཤེགས་པའི་ཚེ་ཡང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་གསུངས་ཤིང་རྣམ་ཐར་རྒྱལ་བ་མཆོག་གི་ཞལ་གསུང་མར། ལེགས་བྱས་འདིའི་མཐུས་རིག་རྩལ་ཀུན་ཏུ་བཟང༌། །མངོན་སུམ་རང་ངོ་འཕྲོད་མིན་དེ་སྲིད་དུ། །སྐྱེ་བར་མགོན་པོ་ཁྱོད་ཀྱིས་དགེ་བའི་བཤེས། །མཛད་ནས་འབྲལ་བ་མེད་པར་རྗེས་འཛིན་ཤོག །ཅེས་གསུངས་པས་ཀྱང་མཚོན་པར་ནུས་སོ། །འདིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་གཉོས་སྟོན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ་གསང་བ་སྙིང་པོའི་བཤད་རྒྱུན་སྤར་ཁབ་དང་གཡུང་ཊཱིཀ་གཉིས་ཀའི་སྟེང་ནས་བསྩལ་ཅིང༌། དེ་ལས་བཻ་རོ་དང་གཡུ་སྒྲའི་ཐུགས་བསྐྱེད་དུས་སུ་སྨིན་པ་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ་སྐུ་མཆེད་ཀྱི་བཀའ་དྲིན་ལས་དེང་སང་གི་བར་དུ་རྒྱུན་མ་ཆད་པར་བྱུང་བ་ཡིན་ནོ།།

༈ ཡང་སྒྲོ་ཕུག་པ་ཆེན་པོའི་སློབ་བརྒྱུད་འཕྱོང་རྒྱས་རྒྱ་སྨན་པ་སངས་རྒྱས་གྲགས་ཞེས་བྱ་བ་ནི། རུས་གཉའ་ཡུལ་རྒྱ་སྨན་སྟག་རྩེ་པར་འཁྲུངས། གཞོན་ནུའི་དུས་ཛམ་བྷ་ལ་བསྒྲུབས་པར་ཞིང་ཆུང་ཞིག་ཡོད་པ་དེའང་ཆུས་ཁྱེར། བྱ་བྲལ་ལ་བྱོན་པས་སྤུ་གུ་དོར་ཕྱུག་པོ་མཛེས་ཁྱེར་བ་ཞིག་གི་རོ་ཁུར་མི་མ་བྱུང་བར་འདུག སྙིང་རྗེ་དྲག་པོ་སྐྱེས་ཏེ་རྟོག་མེད་མཛད་ནས་རོ་ལས་བྱས་པས་མལ་འགྲམ་ནས་གསེར་མང་པོ་བྱུང༌། དེ་ཛམ་བྷ་ལས་དངོས་གྲུབ་བྱིན་པར་འདུག སླར་ལོག་སྟེ་གྲ་ཕྱི་ཁང་དམར་དུ་ཁྱུང་པོ་ཁྲོ་བོར་ཐུག ཁོང་ཡང་དག་བསྒྲུབ་པའི་ཕྱག་ཕྱིར་སྒྲུབ་པ་མཛད་པས་ཡང་དག་མར་མེ་དགུ་པས་ཞལ་གཟིགས། དེ་ནས་གཙང་དུ་བྱོན། གསང་བདག་སྒྲོ་ཕུག་པའི་སློབ་མ་བྱ་ཆེན་པོའི་དབོན་པོ་ཞིག་ལ་མདོ་དང་སྒྱུ་འཕྲུལ་ལ་སོགས་པའི་གསན་པ་མཛད། དེར་ཕྱུག་པོ་ཞིག་གིས་ནས་ཁལ་བརྒྱ་ཐམ་པ་ཕུལ། ཆ་རྐྱེན་གྱི་མི་ཐོགས་པར་བྱུང་བས་སྒྲོ་ཕུག་པའི་སློབ་མ་ཉང་ནག་མདོ་པོ། དེའི་སློབ་མ་ལྷ་རྗེ་མདའ་སེང་གེ་ལས་སྒྱུ་འཕྲུལ་ཉན། མཁས་པ་ཆེན་པོར་གྱུར་ནས་རང་ཡུལ་དུ་རྡོ་ཐོགས་ཐེལ་བཏབ། གཉལ་བ་ཞིག་པོའི་སློབ་མ་རྒྱ་འཆིངས་རུ་པས་ཀྱང་རྡོ་ཐོག་པའི་ཞབས་ལ་གཏུགས་ཏེ་ཐོས་པ་མང་དུ་མཛད། ཁྱད་པར་དུ་འདི་ལ་སློབ་མ་མཁས་ཤིང་གྲུབ་པའི་དཔའ་བོ་སྐྱི་ཆོས་ཀྱི་སེང་གེ་བྱ་བ་ཞིག་བྱུང༌། དེས་གོང་མ་སེ་ཆེན་གྱི་སྤྱན་སྔར་བྱོན་པས། རྒྱལ་པོས་ནུས་པ་བརྟག་པའི་ཕྱིར་ཐུབ་ཆོད་མཛད་དེ་མཆོད་རྟེན་གྱི་ནང་དུ་བཅུག་ནས་སྒོ་བརྩིགས་ཏེ་ལོ་གཅིག་བཞག ལོ་དུས་ན་ཕྱེས་ཏེ་བལྟས་པས། རྡོ་རྗེ་ཕུར་པའི་སྐུར་གྱུར་འདུག་པས་ངོ་མཚར་ཆེན་པོ་སྐྱེས། རྡོ་ཐོག་པ་ལ་དར་རིང་ཆེན་མོ་ལ་སོགས་པའི་དངོས་པོ་ཚན་ཆེར་གནང༌། འཇའ་སས་བཅད་པའི་དགོན་གཞིས་ཀྱང་མང་དུ་ཡོད་དེ་དར་རྒྱས་ཤིན་ཏུ་ཆེ་བ་བྱུང༌། ད་ལྟ་ནི་མིང་དུ་གྲགས་པའི་རྗེས་ཤུལ་ཙམ་སྟེ་བསྟན་པའི་འཕེལ་འགྲིབ་འདི་ཡང་སྐྱོ་བ་བསྐུལ་བའི་རང་བཞིན་ནོ།།

༈ སྐྱི་ཆོས་ཀྱི་སེང་གེའི་སློབ་མ་ནི་སྨན་ལུང་པ་ཤཱཀྱ་འོད་དེ། འདི་ནི་འཕྱོང་པོ་ཁ་རུའི་ཉང་སྟོན་ཆེན་པོར་སྲས་ལྔ་བྱུང་བ་ཡར་ཀླུང་སྤྲུལ་སྐུ་མཆེད་ལྔར་གྲགས་པའི་ཆེ་ཤོས་ཡིན། ཡུལ་ཡར་ཀླུང་དགོན་པ་སྨན་ལུང་ཡིན་པས་དེ་སྐད་དུ་གྲགས། ཚིགས་གཉིས་པ་ཆོས་ལྡན་པའི་གདན་ས་ད་ལྟ་ཆོས་ལྡན་ཞེས་པའི་དགོན་རོལ་འདི་ཀ་ཡིན། མཚན་དངོས་མགོན་པོ་རྡོ་རྗེ་ཞེས་བྱ་སྟེ་གྲུབ་པ་ཤིན་ཏུ་བརྙེས་པས་གྱང་ལ་སྐུ་རྒྱབ་གཏད་པའི་རྗེས་ཐིམ་གྱིས་སོང་བ་ད་ལྟའང་ཡོད། སྔར་འདིར་ཆོས་གྲྭ་ཆེན་པོ་ཆགས་པར་སྣང་སྟེ་རྒྱུད་འབུམ་གྱི་རས་མའང་ཤིན་ཏུ་མང་བར་མཐོང༌། སྨན་བསྒྲུབ་མཛད་པས་ཡུལ་འདིར་སྡིག་པ་དང་གྲོག་སྦུར་ཡང་དཀོན་པ་ཡིན་ཞེས་ཐོས། སྲུང་མ་ཤིན་ཏུ་ནུས་པ་ཆེ་བས་ད་ལྟ་དགོན་ཤུལ་ཡང་བསྲུང་བར་སྣང་སྟེ། ལྷ་འདྲེ་རྣམས་དམ་ཚིག་ལ་ཤིན་ཏུ་གནས་པ་ཞིག་གོ །ཚིགས་འོག་མ་གསུམ་ལ་སྐལ་ལྡན་པ། དུར་ཁྲོད་པ། དབང་རྒྱལ་བ་ཞེས་གྲགས། དེ་ལས་འདིར་ཚིགས་དང་པོ་སྨན་ལུང་པ་ཤཱཀྱ་འོད་ཀྱིས་སྐྱི་ཆོས་ཀྱི་སེང་གེ་ལས་མདོ་སྒྱུ་འཕྲུལ་རྣམས་ལེགས་པར་བསླབ། ཕྱིས་གླན་ཤཱཀྱ་འོད་པོའི་སྲས་གླན་མཁས་པ་བསོད་ནམས་རྒྱལ་ལའང་གསན་ནས། གསང་བ་སྙིང་པོའི་ཁོག་དབུབ་དང༌། ཊཱི་ཀ་རྒྱུད་དོན་རྣམ་ངེས་ལ་སོགས་ཡིག་ཆ་མང་དུ་མཛད། འདིའི་སློབ་མ་དྭགས་པོའི་སངས་རྒྱས་གོང་ལ་བ་ཡིན། དེ་ལ་དྭགས་པོ་ཉིད་དུ་སློབ་མ་བླ་མ་གཉེན་ལ་སོགས་པ་མང་དུ་ཐོན་ཞིང༌། གཙོ་བོར་གོ་འཇོ་བདག་པོའི་བླ་མར་གྱུར་ནས་ཁམས་སུ་ཤིན་ཏུ་དར་བར་གྱུར་ཏོ། །ཡང་སྨན་ལུང་པ་ལ་དབོན་ཤཱཀྱ་འབུམ་པས་གསང་བ་སྙིང་པོའི་བཤད་པ་མཁས་པར་བསླབ། དེ་ལ་མཁས་གྲུབ་ཆོས་དཔལ་ཡབ་སྲས་གཉིས་ཀྱིས་ཀྱང་གསང་སྙིང་གི་བཤད་པ་ལེགས་པར་ནོད། སྨན་ལུང་པའི་རྒྱུད་པ་དེ་དག་ནི་གཏེར་ཁ་གོང་འོག་ལའང་གནས་དུས་དེར་ཆོས་ཀྱི་བདག་པོར་གྱུར་པ་ཞིག་གོ།

༈ སྐྱི་ཆོས་ཀྱི་སེང་གེའི་གདན་ས་པ་རྒྱ་ཡེ་ཤེས་མགོན་པོས་ཀྱང་སྐྱི་དང་གླན་ཆོས་རྒྱལ་གཉིས་ཀ་ལ་གཏུགས་ནས་མདོ་དང་སྒྱུ་འཕྲུལ་མཁས་པར་མཁྱེན། དེའི་དབོན་པོ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་གཞོན་ནུའི་དུས་གསང་ཕུར་བྱོན་ནས་ཚད་མ་རྣམ་ངེས་མཁས་པར་སྦྱངས། དེ་ནས་ཕུང་པོ་རྒྱ་ཡེ་ཤེས་མགོན་པོ་ལས་མདོ་དང་སྒྱུ་འཕྲུལ་ལེགས་པར་བསླབས་ནས། འགྲེལ་པ་སྤར་ཁབ་གཞུང་དུ་བྱས་པའི་ཊཱི་ཀ་དང༌། དབང་གི་ཆོ་ག་ལ་སོགས་པ་མཛད། དེས་རང་གི་དབོན་པོ་བླ་མ་ཚུལ་རྒྱལ་བ་ལ་གསུངས། དེ་ལ་རི་གདོང་པ་ཤེས་རབ་རྒྱལ་མཚན་གྱིས་གསན། འདིས་དྭགས་པོར་སྐུ་རབས་དཔོན་གཡོག་དང་སྔགས་པ་རྣམས་ལ་བཤད་པས་རེ་ཞིག་ན་དྭགས་པོའི་ཕྱོགས་ནའང་དར་བར་ཡོད་ཟེར། ཤེས་རྒྱལ་གྱི་སློབ་མ་ཞང་མཁར་བ་བསོད་ནམས་བཟང་པོ། དེའི་སློབ་མ་སློབ་དཔོན་བཀྲ་ཤིས་རྒྱ་མཚོ། འདི་ལས་རྡོ་རྗེ་རྒྱལ་མཚན་པའི་སྙིང་ཊཱིིཀ་གི་ཐོག་ནས་བཤད་ལུང་དང༌། ཕུར་པ་ལྷ་ནག་ལ་སོགས་པ་འགོས་གཞོན་ནུའི་ཞབས་ཀྱིས་གསན་ཏོ།།

༈ ཡང་ཁམས་ལུགས་སུ་གྲགས་པ་ནི། གསང་བ་སྙིང་པོའི་འགྲེལ་པ་སློབ་དཔོན་ཉི་འོད་སེང་གེས་མཛད་པ་བཻ་རོ་ཙ་ནས་ཁམས་འོ་རྡུ་བྱམས་ཆེན་གྱི་གཙུག་ལག་ཁང་དུ་བསྒྱུར་ནས་བཤད་པའང་མཛད། ཁྱད་པར་ཕྱོགས་དེར་སྔ་འགྱུར་གྱི་བསྟན་པ་ཡོངས་སུ་གྲགས་པར་བྱུང་བའི་ཐོག་མ་ལྟ་བུ་ནི་ཀཿཐོག་པ་ཡིན་ཞིང༌། དེ་ལ་ཀཿཐོག་པ་དམ་པ་བདེ་བར་གཤེགས་པའམ། བླ་མ་ཤར་པ་སྤོབས་པ་མཐའ་ཡས་སམ་ཤེས་རབ་སེང་གེ་ཞེས་གྲགས་པ་ནི། མདོ་ཁམས་བུ་འབོར་སྒང་དུ་གཏོགས་པ་འབྲི་ཆུའི་འགྲམ་དུ་རྗེ་ཕག་མོ་གྲུ་པ་དང་ཡུམ་མཆེད་དུ་གྱུར་པ་སྟེ། གདུང་རུས་སྒ་ཡབ་གཙང་པ་དཔལ་གྲགས་དང་ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟག་གི་ལོར་འཁྲུངས། འདི་རྗེ་ཕག་གྲུ་ལོ་བཅུ་གསུམ་པའི་ཆུ་སྟག་དེ་ཡིན། བཅུ་བདུན་ལ་དབུས་སུ་བྱོན། འཕན་ཡུལ་དུ་བླ་མ་བྱང་ཆུབ་སེང་གེ་ལས་རབ་ཏུ་བྱུང༌། མཚན་ཤེས་རབ་སེང་གེར་གསོལ། ནགས་ཀྱི་མཁན་ཆེན་ལས་སྨད་འདུལ་གྱི་རྒྱུན་ལས་བསྙེན་པར་རྫོགས་ཤིང་འདུལ་ཕྱོགས་ལ་མཁས་པར་སྦྱངས། ཟུར་སྒྲོ་ཕུག་པ་ཆེན་པོའི་ཐུགས་སྲས་འཛམ་སྟོན་འགྲོ་བའི་མགོན་པོ་བྱ་བ་ལས། སྒྱུ་འཕྲུལ་གསང་སྙིང་གི་སྐོར་དང་སེམས་ཕྱོགས་སོགས་གསན་པས་དེ་དང་དེ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན། རྗེ་སྒྲོ་ཕུག་པ་དང་ཀཿཐོག་པའི་བར་ལ་བླ་མ་གཅིག་བཞུགས་པ་དེ་ཡིན། ལྔ་པ་ཆེན་པོའི་གསན་ཡིག་ཏུ་ཀཿཐོག་པ་རང་གིས་སྒྲོ་ཕུག་པ་ལ་ཐུག་པར་གསུངས། རྭ་ལོའི་སློབ་མ་ཀམ་ལོ་ཙཱ་ལས་བདེ་མཆོག་རྒྱུད་ཆེན་བཅུ་སོགས་དང༌། ཅོག་རོ་ལོ་ཙཱ་ལས་ཕག་མོ་ཕྱི་མ་དང་སྡོམ་འབྱུང༌། ཀམ་ཆོས་ཀྱི་ཡེ་ཤེས་ལས་དགྱེས་པ་རྡོ་རྗེའི་སྐོར། འགོས་ལོ་ཙཱའི་སློབ་མ་ལྡོང་སྟོན་རྡོ་རྗེ་སྙིང་པོ་དང་བོ་དྷི་ཞང་སྟོན་ལས་འདུས་པ། དེ་གཉིས་ཀའི་སློབ་མ་ལ་སྟོད་དཔལ་གྱི་དབང་ཕྱུག་ལས་སྒྲོན་གསལ་གྱི་བཤད་པ་དང་གཤེད་སྐོར། རྗེ་དུས་མཁྱེན་ལས་འཁོར་ལོ་བདེ་མཆོག་གི་དབང་སྐུར་གྱི་རིམ་པ་དང༌། ཕྱག་རྒྱ་ཆེན་པོ། ནཱ་རོ་ཆོས་དྲུག་གི་མན་ངག་ལ་སོགས་པ་རྣམས་གསན། རྗེ་དབུ་སེའི་ཐུགས་ཀྱི་སྲས་མཆོག་ཏུ་མཛད་ཅིང་མདོ་སྔགས་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པ་སྔ་ཕྱིར་བོད་ལྗོངས་སུ་འགྱུར་བ་ཙམ་ལ་གསན་བསམ་མ་མཛད་པ་མེད་པ་ལྟ་བུ་དང༌། འཛམ་སྟོན་རིན་པོ་ཆེས། ཁྱོད་ཀམ་པོའི་གནས་སུ་སོང་ནས་སྒྲུབ་པ་ལ་གཞོལ་ན་ཕུང་པོ་འོད་དུ་དེངས་པ་གཅིག་འོང༌། ཀཿཐོག་ཏུ་སོང་ན་བསྟན་པ་མཐར་རྒྱས་པ་གཅིག་འོངས་ཏེ་མཆི་གསུངས་པས། བསྟན་པ་ཁོ་ན་ཐུགས་ལ་བཅངས་ཏེ་ཀཿཐོག་ཅེས་པའི་ས་ཆ་འཚོལ་ནས་བྱོན་པ་ཞིག་ལ་ཐོག་མར་ཀ་ཐིལ་དུ་སླེབས། དེར་ཕྱུགས་འཚོ་བའི་བྱིས་པ་རྣམས་ལ་ཀཿཐོག་གང་དུ་ཡོད་དྲིས་པས་ཕུ་ཡ་ཀི་ཡིན་ཟེར། དེར་ཕྱུགས་རྣམས་གདུལ་བྱའི་རྟེན་འབྲེལ་དང༌། རྫི་བུ་རྣམས་སློབ་མའི་རྟེན་འབྲེལ་དུ་དགོངས། དེ་ནས་ས་ཡུལ་ཡི་གེ་ཀ་འདྲ་བའི་ཐོག་ཏུ་ས་མོ་ཡོས་ཀྱི་ལོར་དགོན་པ་འདེབས་པའི་གཙུག་ལག་ཁང་བཞེངས་པ་ན། བོན་གྱི་ཐ་ཚིག་ལ་གནས་པའི་རྡོ་གཉན་རྨན་བུས་གཟུགས་དངོས་སུ་བསྟན་ནས་སྒོ་སྣ་ཚོགས་ཀྱིས་བར་ཆད་བརྩམས་པ་ལ། རྗེ་དཔོན་སློབ་གསུམ་གྱི་རྗེས་འདེད་དུ་ཕྱིན་པ་ན་ཕ་ཝང་ཞིག་ལ་ཐིམ། དེ་ཆོས་རྗེ་གཙང་སྟོན་གྱིས་ཆོས་གོས་ཀྱིས་བཅིངས་ནས་ཁྲིད། དམ་པས་ཕྱག་ལྕག་གིས་བྲབ་ནས་དེེད། ལུང་པའི་ཤོད་ཀྱི་ཆུ་ཁར་བསྐྱལ་བ་དེང་སང་མངོན་སུམ་གྱི་ཡུལ་དུ་གྱུར་པ་དང༌། བོན་པོ་བརྒྱད་ཀྱིས་ངན་སྔགས་བསྒྲུབས་པ་དཔལ་ལྷ་མོས་སྒྲུབ་ཁང་གི་བྲག་བརྡིབས་ནས་སླེབ་པ་དེའི་སྟེང་དམ་པའི་ཕྱག་གིས་རྒྱ་གྲམ་བྲིས་པས་ཕ་ཝང་བརྒྱད་སླེབ་བྱ་བ་ཡིན། དེ་ལ་སོགས་པ་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་དང་བཅས་ཆོས་གཞི་བཏབ་ནས་བཞུགས། ཤར་ཨ་མདོའི་ཡུལ་ཚུན་ཆད་ནས། ལྷོ་ཚ་བ་རོང་དང་གློ་མོན་ཚུན་གྱི་སློབ་མ་རྣམས་འདུས་པ་ལ་གཙོ་བོར་རྫོགས་པ་ཆེན་པོ་དང༌། སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་པའི་བཀའ་དང་དབང་བཀའ་སྒྲུབ་པ་སོགས་རྒྱ་བོད་ཀྱི་འགྲེལ་པ་གཞུང་ཆེ་ཆུང་ཐམས་ཅད་ལ་དཔལ་ལྡན་ཟུར་པའི་བཀའ་སྲོལ་གྱི་རྒྱུན་དང༌། མདོ་དགོངས་པ་འདུས་པ་ལ་སོགས་རྩལ་དུ་བཏོན་ནས་གསུངས། གཞན་ཡང་འཇམ་དཔལ་སྒྱུ་དྲྭ་སོགས་དང༌། མདོ་ཕྱོགས་སུའང་རྒྱལ་བ་བྱམས་པའི་གཞུང་ཆེན་པོ་རྣམས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ཤིན་ཏུ་མང་བར་བཤད་ཅིང༌། མདོར་ན་མདོ་ཁམས་ཀྱི་ལྗོངས་སུ་གསང་སྔགས་ཀྱི་བསྟན་པ་གཞིར་བཞེངས་སུ་མཛད་དེ། མཐར་གྱི་དགུང་ལོ་དོན་གཅིག་པ་ཆུ་ཕོ་བྱི་བའི་ཐ་སྐར་ཅན་གྱི་ཟླ་བར་གཟུགས་སྐུ་བརྟུལ་བའི་ཚུལ་བསྟན་ཏོ།།

སྤྱིར་སྐྱེས་བུ་ཆེན་པོ་འདི་ཉིད་ལ་འཕགས་པ་འཇམ་པའི་དབྱངས་ནི་དུས་ཐམས་ཅད་དུ་མི་ལབ་པ་བཞིན་བཞུགས་ཤིང་མཛད་པ་ཐམས་ཅད་ལུང་སྟོན་པ་ཞིག་ཡོད་ལ། སངས་རྒྱས་མི་བསྐྱོད་པ་དང༌། བདེ་བ་ཅན་དང༌། སྨན་གྱི་བླ་མའི་ཞིང་ཁམས་སོགས་ནི་རྟག་པར་གཟིགས། སྒྱུ་འཕྲུལ་ཞི་ཁྲོ་དང༌། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་དང༌། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རྣམས་ཀྱང་ནམ་བཞེད་ལ་གཟིགས་ཤིང༌། དེ་བཞིན་གཤེགས་པ་རིགས་ལྔ་སོགས་ལས་ཆོས་གསན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་ཀྱི་གཏམ་མཛད་པ་དང༌། སྐྱེ་བ་འདི་ཉིད་ཀྱི་འོག་ཏུ་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་སྙིང་པོ་ཞེས་བྱ་བའི་ཚུལ་གྱིས་བཞུགས་ཤིང་ས་བརྒྱད་པའི་མངོན་རྟོགས་བརྙེས་པ་དང༌། མ་འོངས་པ་ན་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་བདེ་བར་གཤེགས་པ་ཚེ་དཔག་ཏུ་མེད་པར་འགྱུར་བའི་ལུང་བསྟན་བརྙེས་པ་ཡིན་ནོ།།

༈ དེ་ཉིད་ཀྱི་རྒྱལ་ཚབ་གཙང་སྟོན་པ་ནི། བུ་འབོར་སྒང་གི་བྱེ་བྲག་གཙང་གཞལ་ཞེས་པའི་ཡུལ་དུ་མེ་ཕོ་རྟའི་ལོར་སྐུ་བལྟམས། དགུང་ལོ་བཅུ་བདུན་པར་བླ་མ་བདེ་བར་གཤེགས་པ་མཇལ་ནས་ཆོས་གསན། དཔོན་སློབ་ལྷན་ཅིག་པར་མི་ཉག་ཏུ་བྱོན། དེར་མན་ངག་ཐམས་ཅད་གནང༌། ཉི་ཤུ་རྩ་གཅིག་པར་འབྲི་ཏི་ར་མདོའི་དགོན་དུ་བྱོན་ནས་བཞུགས། ཉེར་གསུམ་པ་ལ་ཀཿཐོག་ཏུ་བྱོན་ནས་བསྒོམས་པས། དུས་སྐབས་ཤིག་ན་བླ་མ་བདེ་བར་གཤེགས་པའི་ཉམས་སྣང་ལ་ལུང་མདོ་ཆེན་པོ་ཞིག་ཆུས་གང་བའི་ནང་དུ་འོད་ཆེན་པོ་བལྟར་མི་བཟོད་པ་ཞིག་འདུག་པ་ལ་ཅི་ཡིན་གསུངས་པར་སྐྱེས་བུ་ཆེན་པོ་ཁྱེད་ཀྱི་སློབ་མ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་པའི་གདན་ཡིན་ཟེར་བ་བྱུང༌། དེ་ཁྱོད་ཡིན་གསུངས། དེ་ཙམ་ན་དཔལ་ཧེ་རུ་ཀ་དང་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྣམས་གཟིགས། དཔལ་ལྷ་མོ་དང་ནག་པོ་ཡང་དུས་རྟག་ཏུ་གཟིགས། ལོ་ཙཱ་བ་ཡེ་ཤེས་མཆོག་དང༌། རྒྱ་གར་ཕྱག་ན་ལ་སོགས་པའི་སྔོན་གནས་རྗེས་སུ་དྲན། དགུང་ལོ་ང་དྲུག་པ་ལ་ཀཿཐོག་གི་གདན་སར་ཕེབས། མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་བླ་མའི་བཀའ་སྲོལ་བཞིན་བསྐྱངས། འདི་སྐབས་སུ་སེམས་དཔའ་ཆེན་པོ་སྤོམ་བྲག་པས་ཀཿཐོག་གི་གཙང་སྟོན་པ་དེ་སྙན་པ་ཤིན་ཏུ་ཆེ་བས་ཅི་འདྲ་ཞིག་ཡིན་ནམ་དགོངས་པ་བཏང་བས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་འོད་སྔོན་པོའི་གཞལ་ཡས་ཁང་ཆེན་པོ་ཞིག་གི་ནང་ན་ལོངས་སྤྱོད་རྫོགས་པའི་ལྷ་ཚོགས་མང་པོ་བཞུགས་པ་གསལ་བ་དང༌། རིན་པོ་ཆེ་གཙང་སྟོན་པ་བཞུགས་པའི་ཐད་ནས་འཇའ་འོད་ཁ་དོག་སྣ་ཚོགས་པའི་ཕུང་པོ་བསམ་གྱིས་མི་ཁྱབ་པ་གཟིགས་པས། འདི་སངས་རྒྱས་ཡིན་པར་འདུག་དགོངས་ནས་དེ་ནུབ་ཚོགས་མཆོད་ཅིག་མཛད་པས་གསང་སྔགས་རྙིང་མའི་ཧེ་རུ་ཀ་མང་པོ་ཞལ་གཟིགས། མནལ་ལམ་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་ཆེན་པོ་དཔག་པར་དཀའ་བ་ཞིག་གི་ངོས་སུ་སྨན་སྣ་ཚོགས་སྐྱེས་པ་ལ་མི་མང་པོ་སྨན་ཐུ་ཞིང་འདུག རི་དེའི་རྩེ་མོ་ན་འོད་སྔོན་པོའི་གཞལ་ཡས་ཁང་ཆེན་པོ་ཞིག་གི་དབུས་སུ་བླ་མ་ཀཿཐོག་པ་འོད་ཀྱི་རང་བཞིན་དུ་བཞུགས་འདུག དུང་དཀར་ཆེན་པོ་འབུད་མི་མེད་པར་རང་གྲག་ཏུ་གྲགས་པ་ལས། དུང་དཔག་ཏུ་མེད་པ་འཕྲོས་ཏེ་ཐམས་ཅད་ཀྱང་རང་གྲགས་སུ་ཕྱོགས་ཐམས་ཅད་ཁྱབ་པར་ཏི་རི་རི་འགྲོ་བ་གཟིགས། ཁོང་གི་སྙན་པ་ཕྱོགས་མེད་དུ་འགྲོ་བར་འདུག་གསུངས། ཕྱིས་སུ་ཀཿཐོག་ཏུ་བྱོན་ནས་རིན་པོ་ཆེ་གཙང་སྟོན་ལས་སྒྱུ་འཕྲུལ་གྱི་དབང་བསྐུར་ཞུས་པས་མཁྱེན་པའི་ཡེ་ཤེས་ཕྱོགས་མེད་དུ་སད། ཀཿཐོག་པ་ཐུགས་དམ་རྫོགས་པ་ཆེན་པོ་ལ་མཉམ་པར་བཞག་པའི་ཚེ་ནམ་མཁའ་ལྟར་ཅི་ཡང་མི་སྣང་བ་དང༌། ནུབ་གསུམ་ལ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་གཟིགས་པ་སོགས་དག་སྣང་བསམ་གྱིས་མི་ཁྱབ་པ་ཤར། ཡང་ལན་གཅིག་མི་བསྐྱོད་པའི་ཞིང་ཁམས་གཟིགས་པ་ཞིག་ལ་འཁོར་གྱི་སེམས་དཔའ་རྣམས་ཀྱིས་ཆོས་རྗེ་འདི་ལ་བྱང་ཆུབ་སེམས་དཔའ་ནོར་བུའི་སྙིང་པོ་ཞེས་པའི་སྒྲ་ཏི་རི་རི་སྒྲོགས་ཤིང་སྐུ་སྐྱེ་བ་འདིའི་འོག་ཏུ་བདེ་བ་ཅན་དུ་དེ་ལྟར་འགྱུར་བ་ཡིན་གསུངས། ཡང་ཞིང་ཁམས་དེ་ཉིད་ལན་གཅིག་གཟིགས་པར་སྟོན་པ་མི་བསྐྱོད་པས་རིགས་ཀྱི་བུ་ནོར་བུའི་སྙིང་པོ་ཁྱོད་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའང་གསན། དགུང་ལོ་དགུ་བཅུ་བཞེས་པ་མེ་ཕོ་བྱི་བའི་ལོར་གཟུགས་སྐུའི་བཀོད་པ་བསྡུས་སོ།།

༈ དེ་ཉིད་ཀྱི་རྒྱལ་ཚབ་བྱམས་པ་འབུམ་ནི། འཕགས་ཡུལ་གྲུབ་ཆེན་ཛ་ལན་དྷ་རི་པའི་ཐུགས་སྲས་སྤྱོད་འཆང་དབང་པོ་ཡིན་ཏེ། རྗེ་བཙུན་མི་ཏྲ་ཛོ་ཀིས་སློབ་མ་སོ་མ་ཛོ་ཀི་ལ། ཁྱོད་བོད་དུ་འགྲོ་ན་ཡུལ་ཀཿཐོག་བྱ་བར་སློབ་དཔོན་ཤཱནྟ་དེ་བ་དང་སློབ་དཔོན་བཛྲ་པཱ་ཎི་བོད་ལ་སྐྱེ་བ་བཞེས་ནས་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་ལ། དེའི་གདན་སར་སློབ་དཔོན་ཀ་ཧ་ན་པ་ཆེན་པོ་དེར་སྐྱེ་བ་བཞེས་ནས་གདུལ་བྱའི་དོན་མཛད་དེ་ད་ལྟའང་བཞུགས་སོ། །ཞེས་གསུངས་པ་དང༌། གཞན་ཡང་རྒྱ་གར་གྱི་རྒྱལ་པོའི་སྲས་དང༌། བྲམ་ཟེའི་རིགས་ཀྱི་དགེ་སློང་སོགས་སུ་སྐྱེ་བ་བཞེས་ནས་བསྟན་པ་ལ་བྱ་བ་མཛད། དེའི་འོག་ཏུ་རྗེ་བྱམས་པ་ཆེན་པོར་སྐུ་སྐྱེ་བ་བཞེས་པ་ཡིན་ཏེ་ས་ཕག་ལོར་འཁྲུངས། དམ་པ་རིན་པོ་ཆེ་དང་ཆོས་ཀྱི་རྗེ་གཉིས་ཅར་ལས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་གསན་བསམ་བསྒོམ་གསུམ་མཛད་དེ་མཐར་ཕྱིན་པ་ནི་ཆོས་ཀྱི་རྗེ་ལས་མཛད། ཆོས་ཀྱི་རྗེ་སྐུ་མ་བཞུགས་པའི་འོག་ཏུ་དགུང་ལོ་ཞེ་བརྒྱད་པ་ལ་གདན་སར་བཞུགས་ཤིང་སྒྱུ་འཕྲུལ་དང༌། རྫོགས་ཆེན་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་དགའ་སྟོན་སྤེལ། ཀརྨ་པ་ཆེན་པོ་འབྲི་རྒྱལ་དམ་པ་ཆོས་ཕྱུག་ཏུ་སྐུ་འཁྲུངས་པ་བྱང་སེམས་སྤོམ་བྲག་པ་དང་ཤ་འབམ་དུ་ཐོག་མར་མཇལ་བ་ཞིག་ལ་ཁོང་གི་བཀའ་བཞིན་ཀཿཐོག་ཏུ་ཕེབས་ནས། བྱམས་པ་རིན་པོ་ཆེས་མཁན་པོ་དང༌། སྤྱན་སྔ་མང་ཕུ་བ་བསོད་ནམས་འབུམ་པས་ལས་སློབ་མཛད་དེ། ཀརྨ་པ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ནས་ཐུབ་པའི་རྒྱལ་ཚབ་ཏུ་མངའ་གསོལ། མཚན་ཆོས་ཀྱི་བླ་མར་གསོལ་ཞིང་སྒྱུ་འཕྲུལ་དང་རྫོགས་ཆེན་གྱི་དབང་དང་གདམས་པའང་གསན། དགུང་གྲངས་དོན་བཞིའི་བར་བསྟན་པ་དང་འགྲོ་བའི་དོན་མཛད་ནས་ཆུ་བྱི་ལོར་གཟུགས་སྐུའི་བཀོད་པ་བསྡུས།

༈ དེ་ཉིད་ཀྱི་རྒྱལ་ཚབ་སྤྱན་སྔ་བ་ཆེན་པོ་བསོད་ནམས་འབུམ་པ་ཆུ་ལུག་ལ་འཁྲུངས། དགུང་ལོ་སུམ་ཅུ་བཞེས་པ་གདན་སར་བཞུགས། མདོ་དང་སྒྱུ་འཕྲུལ་རྫོགས་ཆེན་གཙོ་བོར་བཏོན་ཅིང་བསྟན་པ་བསྐྱངས། རེ་གཅིག་པ་ལ་གཤེགས། དེ་ཉིད་ཀྱི་རྒྱལ་ཚབ་དབུ་འོད་ཡེ་ཤེས་འབུམ་ཤིང་ཕོ་སྟག་ལ་སྐུ་འཁྲུངས། ཉེར་དགུ་ལ་གདན་སར་བཞུགས། མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར་ཞིང༌། དུས་སྐབས་དེར་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་དང་འཕགས་པ་རིན་པོ་ཆེ་ཁུ་དབོན་ཧོར་རྒྱལ་པོས་གདན་དྲངས་ཏེ་ཕེབས། ལམ་བར་འཛིང་དུ་རྣམ་རྒྱལ་ལྷ་ཁང་བཞེངས། ཀཿཐོག་པའང་དེེར་ཕེབས། ས་སྐྱ་པ་བཞུགས་པའི་ཕྱོགས་ཐམས་ཅད་དངུལ་གྱི་ས་གཞི་དངོས་འཛིན་གྱི་རང་བཞིན་དུ་གྱུར། ཅིག་ཤོས་ཀྱི་ཕྱོགས་སུ་དེ་དག་གིས་དབེན་པར་གྱུར་པ་ན། དེར་ལྷ་ཁང་ལ་གསར་རྙིང་གཉིས་རབ་གནས་དུས་གཅིག་མཛད་རྒྱུར། ཀཿཐོག་པའི་ཞལ་ནས་རབ་གནས་ཀྱི་ཐོག་མའི་བགེགས་སྐྲོད་དེ་ངེད་རྙིང་མ་བས་བྱེད། ཡེ་ཤེས་པ་བཞུགས་པ་སོགས་རབ་གནས་དངོས་གཞི་དེ་ཁྱེད་གསར་མ་བས་མཛད་པར་ཞུ་གསུངས། དེར་ཀཿཐོག་པས་བགེགས་སྐྲོད་པའི་ཏིང་ངེ་འཛིན་ལ་ཞུགས་པས་ལྷ་ཁང་ཕྱི་ནང་བསྒྱུར། ས་སྐྱ་པས་ཡེ་ཤེས་པ་དབབ་པས་སླར་རྣལ་དུ་གནས་པར་མཛད་པའི་ངོ་མཚར་བསྟན། ཀཿཐོག་པས་འཕགས་པ་རིན་པོ་ཆེ་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བ་མཛད་ཅིང་ཧོར་ཡུལ་དུ་ཐེག སླར་ཆོས་ཀྱི་རྗེ་ཧོར་ཡུལ་དུ་གཟུགས་སྐུ་བསྡུས། འཕགས་པས་བོད་དུ་ཕྱིར་བྱོན་སྐབས་སྐྱེས་སུ་མཆོད་རྟེན་ལི་མ་ཐོག་ཚད་གསུམ་པ་དང་ཏིང་ཆེན་པོ་བདུན་ཚར་སོགས་ཀཿཐོག་ཏུ་དབུལ་བར་མཛད་པ་ད་ལྟའང་ཡོད། རྗེ་དབུ་འོད་པའི་རྒྱལ་ཚབ་བྱང་ཆུབ་དཔལ་བ་དགུང་ལོ་ཞེ་བཞི་པར་གདན་སར་བྱོན། འདིའི་དུས་སུ་བར་ཁྲོད་དང༌། སྤང་ཁྲོད། དམ་ཕུག་རྣམས་སུ་ཕུང་པོ་འོད་སྐུར་དེངས་པ་མང་དུ་བྱུང༌། ལྷ་ཁང་བཞེངས་སྐབས་སུ་ལས་བྱེད་རྣམས་ཀྱིས་ཕྱུགས་ལུག་མང་པོ་བསད་ནས་ཤ་པགས་སོ་སོར་ཕྲལ་བ་ལ། དྲུང་ནས་སེ་གོལ་ཞིག་གཏོགས་པར་མཛད་པས་ཐམས་ཅད་ཅོ་དིར་གྱིས་མཁའ་སྤྱོད་དུ་སོང་བར་གྲགས། དགུང་ལོ་རེ་བཞི་པ་ལ་གཞན་དོན་དུ་གཤེགས། དེའི་རྒྱལ་ཚབ་བསོད་ནམས་བཟང་པོ་དགུང་ལོ་ང་གསུམ་པ་ལ་གདན་སར་ཕེབས། གཞི་སྒྱུ་འཕྲུལ་དང་རྫོགས་ཆེན་གྱིས་བཟུང་ཞིང་འདི་སྐབས་ཙམ་ནས་ཉང་རལ་དང་ཆོས་དབང་སོགས་གཏེར་ཆོས་སྔོན་མ་རྣམས་ཅུང་ཟད་རེ་དར་བར་བྱུང༌། རེ་གསུམ་པ་ལ་གཞན་དོན་དུ་གཤེགས། རྒྱལ་ཚབ་ཀུན་དགའ་འབུམ་པས་སྔོན་བཞིན་དུ་བསྟན་པ་བསྐྱངས། དེ་ནས་དབང་ཕྱུག་དཔལ་བ་དགུང་གྲངས་སོ་བརྒྱད་པར་གདན་ས་མཛད་ཅིང་འདི་སྐབས་བཤད་པ་བག་ཙམ་རེ་ལས་སྒྲུབ་པ་ཁོ་ན་གཙོ་བོར་མཛད་ཅིང་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལས། དུས་གཞན་ཞིག་ཏུ་འཇང་རྒྱལ་པོས་དམག་དཔུང་ཆེན་པོ་བྱུང་བར་ཉེ་གནས་ཀྱིས་དམག་བྱུང་བས་ཅི་ཙུག་དྲག་ཞུས་པར། ཁོང་ཉིད་ཀྱི་ཐོག་ཏུ་རྩམ་པ་མང་པོ་བླུགས་ཤིག་གསུངས། དེ་བཞིན་དུ་བྱས་པས་ཁ་བ་ཆེན་པོ་བབས་ནས་དམག་རྣམས་ཕྱིར་ལོག སླར་ཞབས་སུ་བཏུད་དེ་གསེར་གྱི་ཐུབ་པའི་སྐུ་དང༌། བ་སོ་ལས་བཅོས་པའི་གན་དྷོ་ལའི་བཀོད་པ། ད་ལྟའི་གཙུག་ལག་གི་རྩེའི་གཉྫི་ར་ཆེ་བ་འདི་རྣམས་ཕུལ། དེ་ཉིད་དགུང་གྲངས་ང་གསུམ་པ་ལ་གཟུགས་སྐུ་བསྡུས། རྒྱལ་ཚབ་བློ་གྲོས་འབུམ་པས་ཞེ་གསུམ་པ་ལ་གདན་ས་མཛད། འདིའི་སློབ་མ་ཆུ་གསོར་ནམ་མཁའ་འབུམ་སོགས་གྲུབ་བརྙེས་མང་པོ་བྱུང༌། ཟུར་འུག་པ་ལུང་དང་གསང་སྔགས་གླིང་རྣམས་ལ་བར་སྐབས་སུ་བསྟན་པ་ཉག་ཕྲ་བར་གྱུར་པ་ལ་མདོ་དང་སྒྱུ་འཕྲུལ་སོགས་དར་བར་མཛད་ཅིང་དབུས་གཙང་ཁམས་གསུམ་དུ་བསྟན་པ་ལ་ཕྱག་རྗེས་ཆེ། རེ་ལྔ་པར་གཞན་དོན་དུ་གཤེགས། རྒྱལ་ཚབ་བློ་གྲོས་སེང་གེ་དགུང་ལོ་སོ་དྲུག་པར་གདན་ས་མཛད། བཀའ་མ་སྔ་དར་རྣམས་ཀྱིས་གཞི་བཟུང་ནས་གཏེར་མའི་སྐོར་ཡང་འདི་སྐབས་ནས་དར་རྒྱས་སུ་མཛད་པ་ཡིན། དྲུག་ཅུ་པ་ལ་གཤེགས། རྒྱལ་ཚབ་བྱང་ཆུབ་བློ་གྲོས་ཀྱིས་ཀྱང་སྔོན་གྱི་རྒྱུན་དེ་ཀ་དང༌། ཁྱད་པར་སྒྱུ་འཕྲུལ་སྡེ་བཞི་དང་ལམ་རྣམ་བཀོད་ལའང་བཤད་པ་མཛད། རི་རྩིབས་དང་བར་ཁྲོད་སོགས་སུ་སྤོང་བ་བསམ་གཏན་གྱི་སྡེའང་ཤིན་ཏུ་རྒྱས། དེ་ཉིད་ཀྱི་རྒྱལ་ཚབ་བྱང་ཆུབ་སེང་གེ་དང༌། བྱང་ཆུབ་རྒྱལ་མཚན་གཉིས་ཀྱིས་ཀྱང་བཀའ་གཏེར་འཆད་ཉན་སྒོམ་གསུམ་ཤིན་ཏུ་རྒྱས་པར་མཛད། བྱང་ཆུབ་རྒྱལ་མཚན་གྱི་སློབ་མ་བུ་འབོར་མཁས་གྲུབ་ཛྙཱ་ན་ཀེ་ཏུ་ནི་གཉགས་ལོ་ཡེ་ཤེས་གཞོན་ནུའི་རྣམ་འཕྲུལ་དུ་ལུང་གིས་བསྟན་ཅིང་མདོ་སྔགས་སྤྱིའི་ལམ་རིམ་ཐམས་ཅད་ལ་མཁས། ཁྱད་པར་མཁས་གྲུབ་ཆེན་པོ་བྲའོ་ཆོས་འབུམ་ལས་འདུས་པ་མདོ་དང་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བཤད་པ་སྒྲུབ་ཐབས་སོགས་མ་ལུས་པར་གསན། བླ་མ་དེ་ལས་རྨོག་སྟོན་རྡོ་རྗེ་དཔལ་བཟང་གིས་འདུས་པ་མདོ་ཞུས་ཤིང༌། དེ་ལས་སེམས་དཔའ་ཆེན་པོ་དར་ལུང་པ་རྡོ་རྗེ་རྣམ་རྒྱལ་གྱིས་ཞུས། རྒྱུན་དེ་ལས་འདུས་པ་ཁམས་ལུགས་སུ་གྲགས་པ་དབུས་སུ་བབས་པ་ཡིན་ཏེ་སླར་འཆད་དོ།།

མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་གསང་བ་སྙིང་པོ་རྩ་འགྲེལ་རྣམས་དང༌། མདོ་དགོངས་འདུས། རྫོགས་ཆེན་སེམས་ཀློང་མན་ངག་སྡེ་གསུམ་སོ་སོའི་བཀའ་སྲོལ་གྱི་རྩ་བ་རྣམས་སླར་ཡང་ཉི་མ་ལྟར་གསལ་བར་མཛད་ཅིང་བཤད་སྒྲུབ་ཀྱིས་བསྟན་པ་ཁྱབ་གདལ་དུ་སྤེལ། ཞི་ཁྲོ་དང་ཕུར་པ་བཀའ་མའི་འགྲེལ་པ། གསང་བ་སྙིང་པོ་ལ་འགྲེལ་པ། ས་བཅད། བསྡུས་དོན། ལམ་རྣམ་བཀོད་ལ་ཊཱི་ཀ་དང་མཆན་བུ། སྤར་ཁབ་དང་ཐུགས་ཐིག་ལ་མཆན་འགྲེལ། དམ་ཚིག་གསལ་བཀྲ་ལ་འགྲེལ་པ་གསལ་བའི་མེ་ལོང༌། ཞི་ཁྲོའི་ཕྱག་རྒྱ་བཅིངས་ཐབས་ཀྱི་ཡི་གེ དམ་པ་རིན་པོ་ཆེའི་ཐེག་པ་སྤྱི་བཅིང་གི་འགྲེལ་པ། ཚོགས་ཀྱི་འཁོར་ལོའི་རྣམ་བཤད་སོགས་བསྟན་བཅོས་ཤིན་ཏུ་མང་བར་མཛད། རྗེ་དེ་ཉིད་ཀྱི་སློབ་མ་ཁ་བ་དཀར་པོ་བ་ནམ་མཁའ་རྒྱ་མཚོ། ཀུན་དགའ་ཟླ་བ། ཕྱོགས་མེད་བྱང་སེམས། ལབ་སྟོན་ནམ་མཁའ་རིན་ཆེན་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་ཁོ་ནའང་མང་དུ་བྱོན་པ་ལས། ཁ་བ་དཀར་པོ་བས་གསང་སྙིང་སྤྱི་དོན་དང༌། ས་བཅད། བསྡུས་དོན། ལམ་རྣམ་བཀོད་ལ་ཊཱི་ཀ་སོགས་མཛད། མཁས་གྲུབ་ཆེན་པོ་ཉིད་སྐུ་ཚེའི་མཐར་འཕགས་མཚོ་རི་ཁྲོད་དུ་སྒྲུབ་པ་ཁོ་ན་ལ་གཞོལ་ཞིང་བཞུགས། བུ་འབོར་དང་ཁ་བ་དཀར་པོ། འཇང་ཡན་ཆད་ཀྱི་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་ཁྱོད་དྲུག་ཅུ་རེ་བཞིའི་དུས་འདི་ནས་ཚེ་འཕོས་ཏེ་བྱང་གི་ཕྱོགས་སུ་འགྲོ་དོན་རྒྱ་ཆེར་མཛད། དེ་ནས་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བདེ་བའི་མྱུ་གུས་སངས་རྒྱས་ཀྱི་ཞིང་སྦྱངས་ཤིང་དག་པའི་བསྐལ་པ་ཡོན་ཏན་བཀོད་པར་བདེ་བའི་སྙིང་པོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པའང་ཐོབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཞལ་གཟིགས་ཤིང་ཐུན་མོང་གི་སྤྱོད་ཡུལ་དུའང་བླ་གོས་ཉི་ཟེར་ལ་བཀལ་བ་སོགས་མཁས་པ་དང་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་བོ། །འདི་ཡན་ཆད་ཀཿཐོག་བླ་རབས་བཅུ་གསུམ་ཞེས་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཟམ་མ་ཆད་དུ་བྱོན་ཅིང༌། སྔ་འགྱུར་གྱི་བསྟན་པ་བཤད་སྒྲུབ་གཉིས་ལྡན་གྱིས་བསྐྱངས་པ་ཡིན་ནོ།།

ཡང་དམ་པ་བདེ་གཤེགས་ཀྱི་སློབ་མ་རོང་པོ་ཐོས་ཆོག་རྣམ་གསུམ་ཞེས། ཤེས་རབ་རྒྱལ་མཚན་དང༌། ཤེས་རབ་དཔལ་བ། ཤེས་རབ་རྡོ་རྗེ་གསུམ་སྟེ། དབང་རྣོན་ཅིག་ཅར་གྱི་གདུལ་བྱ་ཇི་བཞིན་པར་ངེས་ཤིང༌། དམ་པ་རིན་པོ་ཆེའི་ཆོས་གསུངས་པའི་སྒྲ་ཐོས་པ་ཙམ་གྱིས་ཆོས་ཐམས་ཅད་ཀྱི་གཏིང་སླེབས་པའི་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། ཁོང་གསུམ་གྱིས་ཤར་རྒྱལ་མོ་རོང་དུ་བསྟན་པ་སྤེལ་བ་ལས་ད་ལྟའི་བར་བསྟན་པ་རིན་པོ་ཆེ་མ་ཉམས་ཤིང་འདི་ཀ་བྱུང་བ་ཡིན་ནོ། །ཡང་ཀཿདམ་པའི་སློབ་མའི་མཆོག་ལུང་བསྟན་བུ་བཞིར་གྲགས་པ་ལས། འབྲུ་ཚ་སྒང་པས་བུམ་རོང་བཞག་གསུམ་ཁ་བ་དཀར་པོ་ཡན་ཆད་དུ་དགོན་གནས་བརྒྱ་རྩ་བརྒྱད་བཏབ་པར་གྲགས་ཤིང་བསྟན་པ་ཁྱབ་གདལ་དུ་སྤེལ་བའི་ཕྱག་རྗེས་ཆེ། ཙ་སྡེ་སྤྱན་སྔ་ནམ་མཁའ་རྡོ་རྗེས་གོ་འཇོ་ཙ་སྡེ་དགོན་པ་འདེབས་པར་མཛད། ཁོང་གི་སློབ་མ་དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར་སོགས་ལས་སྒྱུ་འཕྲུལ་དང་རྫོགས་ཆེན་གྱི་སྐོར་རྣམས་དབུས་སུ་བབས་པས་ཁམས་ལུགས་ཞེས་པ་དེ་བྱུང༌། རྨོག་སྟོན་འཇམ་དཔལ་སེང་གེས་འབྲི་རྒྱུད་དུ་དགོན་པ་མཛད་ཅིང་བསྟན་འགྲོའི་དོན་རླབས་པོ་ཆེ་བསྒྲུབས། ཁོང་ལས་གྲུབ་ཐོབ་རྨོག་རབས་བཅུ་གསུམ་དུ་གྲགས་པའི་རྒྱུད་རྣམས་བྱུང༌། གྲུབ་ཐོབ་མ་ཎི་རིན་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྩ་བའི་ཆོས་ཀྱི་བདག་པོར་ངོས་བཟུང་ཞིང༌། ཁོང་ཉིད་ཀྱི་སྲས་མོ་ཀུན་གྲོལ་འབུམ་དང་ལྷན་ཅིག་ཀཿཐོག་ཏུ་སྔགས་ཀྱི་ལུང་བསྟན་མཛད་ཀྱང་མ་ཎི་རིན་ཆེན་རབ་བྱུང་གི་བརྟུལ་ཞུགས་ལས་མ་འདས་པས་རྟེན་འབྲེལ་ཅུང་ཟད་འཕྱུགས། འོན་ཀྱང་གོང་མ་རྣམ་གསུམ་གྱི་གདུང་འབུམ་སོགས་ཀྱི་ཞབས་ཏོག་མཛད་པའི་ལས་ཟིན་མ་ཐག་དེ་ཉིད་དུ་བླ་གོས་ཀྱིས་གཤོག་པ་ལྟར་མཛད་ནས་ནམ་མཁའ་ལ་བྱ་བཞིན་འཕུར་ནས་ཕར་ཀིའི་རི་རྩེར་བབ། དེར་ཞབས་རྗེས་ཀྱང་ཡོད། དེ་ནས་རག་ཅོག་ཏུ་བཞུགས་ཤིང་རིང་པོར་མ་ཐོགས་པར་སྐུ་འོད་ཕུང་དུ་ཡལ་ལོ། །བླ་རབས་བཅུ་གསུམ་གྱི་རྗེས་སུ་དྲུང་རབས་བཅུ་གསུམ་བྱོན་ནས་རིམ་གྱིས་བཀའ་གཏེར་གྱི་བསྟན་པ་བསྐྱངས་ཤིང༌། སྨོས་མ་ཐག་པའི་བླ་རབས་རྣམས་ཀྱི་དུས་དགེ་འདུན་ཁྲི་ཕྲག་བཅོ་བརྒྱད་དུ་ལོངས་པའི་བསྟན་པ་དར་རྒྱས་བྱུང་ཞིང་རྒྱུ་མཚན་ཉིད་ཀྱི་བཤད་གྲྭ་དང་འཆད་ཉན་ཡང་ཡོད་པར་སྣང་ལ། སློབ་གྲྭ་དང་བསྒོམ་གྲྭ་སོགས་སོ་སོར་བྱུང༌། མདོར་ན་ཤར་རྒྱལ་མོ་རོང༌། ལྷོ་ཚ་བ་རོང༌། མོན་དང༌། ནུབ་ཀོང་པོ་སོགས་དང་དབུས་གཙང་མན་ཆད་དུ་སྔ་འགྱུར་གྱི་བསྟན་པ་བཤད་སྒྲུབ་གཉིས་ཀའི་ཕྱོགས་ནས་ཁྱབ་ཆེ་བས། དབུས་གཙང་དུ་བར་སྐབས་སུ་མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་སོགས་ཀྱི་བསྟན་པ་ཉག་ཕྲ་བར་གྱུར་པའང་འདི་གའི་རྒྱུན་གྱིས་གསོས་ཤིང་དེང་སང་གི་བར་དུ་དབང་གི་ཆུ་བོ་དང༌། བཤད་པའི་སྲོལ། མན་ངག་གི་རྒྱུན། ལུང་གི་བརྒྱུད་པ་རྣམས་མ་ཆད་པར་ཡོད་པ་འདི་ཀ་ཡིན་ནོ། །དེའང་འདུས་པ་མདོ་དང་སྒྱུ་འཕྲུལ་གཉིས་ཀྱི་དབང་ལུང་མན་ངག་བརྒྱུད་པའི་ཆུ་བོ་བབ་ལུགས་ཕྱོགས་གཅིག་ནི། དམ་གཙང་བྱམས་གསུམ་ནས། ཙ་སྡེ་སྤྱན་སྔ་བ་ནམ་མཁའ་རྡོ་རྗེ། དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར། རྗེ་བཙུན་དཔལ་འབར་བ་ནམ་མཁའ་རྡོ་རྗེ། སྟོན་པ་མགོན་རྒྱལ། ཡང་ཁྲོད་ཚུལ་ཁྲིམས་རྒྱལ་མཚན། བྲའོ་ཆོས་ཀྱི་འབུམ་པ། བུ་འབོར་བ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན། བཞག་བླ་མཁས་གྲུབ་ཡེ་ཤེས་འབུམ་པ། དེ་ལས་མོན་ཀཿཐོག་པ་བསོད་ནམས་རྒྱལ་མཚན། ཀཿཐོག་པ་རྣམ་གྲོལ་བཟང་པོ། ཀཿཐོག་པ་ཆོས་ཀྱི་སེང་གེ ལྷ་བྲོ་བ་ཆོས་ཀྱི་དབང་པོ་ནས་རིམ་པར། རྗེ་སྨན་ལུང་པ་བློ་མཆོག་རྡོ་རྗེ་ནས་དེང་སང་གི་བར་དུ་རྒྱུན་མ་ཆད་པར་བྱུང་བ་ཡིན་ནོ།།

ཡང་མདོ་དབང་ཁམས་ལུགས་ཞེས་པ་ནི། བར་སྐབས་དེར་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེས། ཟུར་ཡང་དབེན་པ་ཤཱཀྱ་འབྱུང་གནས་ལྕམ་སྲིང་གཉིས་ལ་གནང་བ་ལས། ཟུར་མོ་དགེ་འདུན་འབུམ་ལ་བརྒྱུད་པ་སྟེ། ཟུར་མོ་འདི་དོན་ལ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་མོད། རྣམ་པ་གཞོན་དུས་ནས་འཁོར་བའི་སྐྱོན་དང་བྲལ་བས་སྐུ་བཙུན། བསྐྱེད་རྫོགས་གསུམ་ཀ་ལ་སྦྱངས་པས་མཐར་སོན། གནས་ལུགས་རྟོགས་ཤིང་ཏིང་འཛིན་སྒོ་དུ་མ་ལ་དབང་འབྱོར་པས་མཁས་ཤིང་གྲུབ་པ་མོ་ཆེན་མོར་གྱུར་ཏེ་ཉང་སྨད་རྩེ་རྒྱལ་གྱི་སྒོམ་ཁང་དུ་བཞུགས་ནས་འགྲོ་བའི་དོན་མཛད། དེས་ཡང་དབེན་གསང་སྔགས་གླིང་པ་ཟུར་སྟོན་ཤཱཀྱ་བཤེས་གཉེན་ལ་དབང་བསྐུར། དེས་ཀཿཐོག་གི་མཁས་གྲུབ་བྲའོ་ཆོས་འབུམ་ལ། དེས་བཤེས་གཉེན་དཀོན་མཆོག་བཟང་པོ་ལ། དེས་ཀཿཐོག་པ་རྨོག་སྟོན་རྡོ་རྗེ་དཔལ་བཟང་པོ་ལ་དབང་བསྐུར། འདིས་གླེན་ལུགས་ཀྱི་དབང་ཆོག་དུམ་དུམ་ཁྲིགས་ཁྲིགས་ཉིད་གཞིར་བྱས་པ་ལ་འགོས་རྩི་ལུང་པའི་ཕྱག་བཞེས་གྲོ་སྟོན་དཔལ་ལྡན་གྲགས་ཀྱི་ཆོག་ཁྲིགས་ཀྱིས་ཀྱང་བརྒྱན། སྒྱུ་འཕྲུལ་ཞི་ཁྲོ་དང་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་སྒོས་བཀའ་ཡང་སྦྱར་ཏེ་དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་མཛད། མཛད་པ་པོ་འཆི་མེད་ཀྱི་ས་བརྙེས་པའི་རིག་འཛིན་གྲུབ་པར་གྲགས་ཤིང་སྐྱེས་མཆོག་དམ་པ་ཡིན་ངེས་སུ་མ་ཟད། བསྐུལ་བ་པོའང་བཤེས་གཉེན་འགྲན་ཟླ་དང་བྲལ་བ་མང་པོས་མཛད་པས་འགངས་ཆེ་ཞིང༌། སྒྲུབ་རྫས་ཐུན་མོང་བཅོ་ལྔའི་དབང་གཉལ་བའི་ཆོག་ཁྲིགས་སུ་ཆད་པ་འདིར་འབྱུང་བ་དང༌། སྒྱུ་འཕྲུལ་ཞི་བའི་ཟབ་དབང་གསུམ་གྱི་བཀའ་དབུས་གཙང་དུ་བར་སྐབས་སུ་ཆད་པ་ཀཿཐོག་ལུགས་འདིར་བཞུགས་པས་སོས་ཤིང༌། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་རྒྱུན་འདིས་བཟུང་བས་བསྟན་རྒྱུན་ལ་ཕན་པ་ཆེན་པོའི་སྒོར་གྱུར་པ་ཡིན་ནོ། །རྨོག་སྟོན་གྱིས་བྱང་སེམས་དར་ལུང་པ་རྡོ་རྗེ་རྣམ་རྒྱལ་ལ། དེས་ཁྱུང་ཚང་པ་འཁྲུལ་ཞིག་བློ་གྲོས་དཔལ་ལྡན་ལ། དེས་དཔང་སྟོན་ཀརྨ་གུ་རུ་ལ། དེས་སྔགས་འཆང་ཀུན་བཟང་དཔལ་འབྱོར་ལ། དེས་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ། དེས་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལ་དབང་བསྐུར་ཞིང༌། དེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་ལ་ཁམས་ལུགས་བརྒྱུད་པའི་ཆུ་བོ་བབས་པ་ཡིན་ནོ།།

ཡང་རོག་ཤེས་རབ་འོད་ལས་ཀྱང་མདོ་སྒྱུའི་བཤད་བཀའ་ཤིན་ཏུ་དར་བར་བྱུང་སྟེ། ཤེས་རབ་འོད་འདིས་དང་པོར་རོག་སྟོན་བཙན་པོ་ལས་སོ་ལུགས་ཀྱི་མདོ་དང་སྒྱུ་འཕྲུལ་དང་སེམས་ཕྱོགས་གསན། ལྷབ་དྲེས་མ་གོང་པ་ལས་མདོ་དང་སྒྱུ་འཕྲུལ་སྐྱོ་ལུགས། ལྷབ་ཀྱིས་ཟུར་ཆོས་པ་སློབ་དཔོན་ཡམ་ཆོས་དངོས་གྲུབ་ལས་མདོ་དང༌། སྒྱུ་འཕྲུལ་ཟུར་ལུགས། ཡང་སྒྲོ་ཕུག་པའི་སློབ་མ་གནུབས་སྟོན། དེས་ཁ་རག་སྙིང་པོ། དེས་ཡམ་ཤུད། ཡང་ཁ་རག་སྙིང་པོས་སྲས་པདྨ་འབར། དེས་རོག་ཤེས་རབ། ཡང་སོ་དར་མ་སེང་གེ་ལ་སྒྱུ་འཕྲུལ་མཆན་མང་ཞེས་སྔར་མཆན་བུས་ཊཱི་ཀ་འཆད་པའི་སྲོལ་ཡོད་པ་དེ་གསན། ཡང་ཆུ་བར་གྱི་གླན་ཤཱཀྱ་བཟང་པོ་ལས་བརྒྱུད་པ་དང༌། ལྷ་རྗེ་ཉ་རི་བའི་སློབ་མ་ཉང་ནག་མདོ་པ་ལས་བརྒྱུད་པ་སྟེ། མདོར་ན་བླ་མ་འདིས་ལུགས་ཐ་དད་པ་མང་པོ་གསན་ཅིང༌། སྒྱུ་འཕྲུལ་གཞི་ལམ་འབྲས་གསུམ་གྱི་སྟོང་ཐུན་དང༌། ལམ་རྣམ་བཀོད་ཀྱི་ཊཱི་ཀ་བརྩམས། དེས་སྙེ་མདོ་ཐམས་ཅད་གཟིགས་པ་ཞེས་གྲགས་པར་བཤད་ཅིང༌། དེས་ཀྱང་སྙིང་ཊཱིཀ་དང༌། ལམ་རྣམ་བཀོད་ལ་མཆན་བུ་ཞིབ་པར་མཛད། རོག་གི་གདུང་བརྒྱུད་རྣམས་ལའང་དབང་དང་རྒྱུད་ཀྱི་བཤད་པ་ཤིན་ཏུ་དར་བ་བྱུང་ངོ༌། །དེ་བཞིན་དུ་གཙང་སྟོན་མང་དཀར་དུ་ཡ་སྟོད་ཟུར་པ་ཞེས་གྲགས་པ་རིམ་པར་བྱུང་ནས་བཤད་སྒྲུབ་ལེགས་པར་མཛད། དེས་ལ་སྟོད་ལྷོ་བྱང་ཐམས་ཅད་དུའང་མེ་མཆེད་པ་བཞིན་གྱུར་པས། བྱང་དུ་མེ་སྟོན་འབྱུང་གནས་འོད་ཅེས་པ་དང༌། སྣར་སྟོན་སེང་གེ་འོད་ཅེས་པ་དང༌། བྱ་ཏ་ར་ལ་མོ་པ་ཡོན་ཏན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡང་ཐོ་རེ་ལོང་ཡོད་ལ། གཞན་ཡང་དན་ཕག་ཏུ་སྒྱུ་འཕྲུལ་གྱི་བཤད་པ་རིམ་པར་བྱུང་བས་རྒྱལ་བ་ཀློང་ཆེན་པས་དེར་གསན་པར་མཛད་དོ།།

༈ གངས་རིའི་ཁྲོད་ན་ཕུལ་དུ་བྱུང་བའི་པཎྜི་ཏ་ཆེན་པོར་གྲགས་པ་རོང་པ་ཆོས་ཀྱི་བཟང་པོ་ནི། རོང་བན་དཔལ་གྱི་རིན་པོ་ཆེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་བྱ་བ་དེས་རྒྱུའི་དུས་ཀྱི་མངོན་བྱང་ལྔའི་ཆོ་ག་བྱས་པ་ལས། ཕྱོགས་ཀྱི་གླང་པོའི་ཤེས་རབ། དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙནྡྲ་གོ་མིའི་བརྗོད་པ། ཆོས་ཀྱི་གྲགས་པའི་བརྒལ་བརྟག སློབ་དཔོན་དཔའ་བོའི་རྩོམ་པ་སྟེ། ཕུན་སུམ་ཚོགས་པ་ལྔའི་ངོ་བོར་བྱང་ཆུབ་པའི་སྐྱེ་བའི་མྱུ་གུ་གཙང་སྨད་རུ་ལག་གི་སའི་ཆ་སྣར་ལུང་རོང་དུ་བཟུང༌། དེ་ནི་བསྟན་པ་སྔ་དར་གྱི་ཞབས་སུ་སློབ་དཔོན་སྨྲ໏་ཏི་ཛྙཱ་ན་ཀིརྟི་ཞེས་བྱ་བའི་པཎྜི་ཏ་གཅིག་བྱོན་ནས་མདོ་ཁམས་ཀྱི་སའི་ཆར་རྒྱུད་འགའ་ཞིག་གི་འགྱུར་ཡང་བཅོས། ཐ་ག་ནའི་མཚན་བརྗོད་ཀྱི་འགྲེལ་པ་ལ་སོགས་པ་གསང་སྔགས་ཀྱི་འགྲེལ་པ་དང༌། འཇམ་དཔལ་གསང་ལྡན་ལ་སོགས་པའི་སྒྲུབ་ཐབས་མང་པོ་བསྒྱུར། སྒྲའི་བསྟན་བཅོས་འགའ་ཞིག་ཀྱང་མཛད་ནས་མྱ་ངན་ལས་འདས་པ་གང་གི་དེ་མ་ཐག་པའི་སྐུའི་སྐྱེ་བ་ཡིན་པར་གྲགས། བཀའ་འགྱུར་མདོ་མང་གི་ལུང་རྒྱུན་ལ་སྨྲ໏་ཏི་དང་བྲེང་ཆགས་སུ་འདྲེན་པ་ནི་དཔྱད་གཞིར་འདུག ཡང་ཨ་ཙ་ར་ཕྲ་ལ་རིང་མོ་ཞེས་བྱ་བའི་པཎྜི་ཏ་གཅིག་ཁམས་སུ་བྱོན། གསང་བ་འདུས་པའི་རྒྱ་ཆེར་འགྲེལ་པ་ལ་སོགས་བསྒྱུར་བཤད་མཛད་ནས་འདས་པོ་དེ་ཉིད་ཀྱི་སྐྱེ་བ་ཡིན་པར་ཡང་གྲགས། སྐུ་གཞོན་ནུ་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེན་པོ་མངའ་བས་ཉང་སྨད་དུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་པ་མཛད། ཡབ་ཀྱིས་རྒྱགས་སྐྱེལ་དུ་བྱོན་པས། མཆེད་གྲོགས་དག་ན་རེ། ཁྱེད་ཀྱི་བུ་འདི་བློ་དྲེད། ཐོ་ཅོ་ཆེ་བས་ངེད་ཅག་ཀྱང་སུན་པར་བྱེད་ན་ད་རེས་འཁྲིད་པར་འཐད་ཅེས་ཟེར། ཡབ་ཀྱིས་སློབ་དཔོན་ལ་ཁོང་རྣམས་དེ་སྐད་མཆིད་ན་འཁྲིད་པར་བྱའམ་ཞུས་པས། འགར་སྟོན་ཆེན་པོས། དེ་སྐད་མ་ཟེར། ཆོས་ཐམས་ཅད་ཁོས་གོ་ནས་ཡོད་པ་ཡིན་གསུངས་སྐད། ལོ་བཅུ་གཅིག་པ་ལ་མཚན་ཉིད་གསན། ཆོས་དབར་ལ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱི་གསུང་ཚད་ཤར་རེ་འོང་བས། ཆོས་ཐམས་ཅད་ཚར་རེ་གསན་པ་ཁ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་གྲགས། བཅུ་གསུམ་ལོན་པའི་ཚེ་གསན་པ་རྫོགས་པ་དང་འདྲ་བར་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པ་བྱུང༌། ཉིད་ཀྱི་ཞལ་ནས་ཀྱང༌། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ཚར་རེ་ལས་མ་དགོས་སོ་གསུངས་སྐད། སྐྱེས་བུ་ཆེན་པོ་འདི་ནི་ཤེས་རབ་མྱུར་ལ་ཟབ་པ། རྒྱ་ཆེ་ལ་དྲི་མ་དང་བྲལ་བའི་སྤོབས་པ་མཆོག་ཏུ་དགེ་བས་མདོ་རྒྱུད་བསྟན་བཅོས་ལ་སོགས་པའི་རྒྱ་གཞུང་བརླིང་པོ་སྔར་མ་གཟིགས་པ་མཐའ་དག་ཚར་རེ་རེའམ། གཉིས་ཚུན་ཆད་གཟིགས་པས་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐམས་ཅད་ཐུགས་ལ་ཟིན་ཅིང་མི་བརྗེད་པའི་གཟུངས་ཐོབ་པར་གྲགས་པས། ཐོག་མ་ཉིད་ནས་ཧ་ཅང་མ་འབད་པར་སཾ་སྐྲ໏་ཏ་དང༌། སྐད་རིགས་ཀྱི་བྱེ་བྲག་གཞན་མང་པོ་ལའང་མ་རྨོངས་ཤིང༌། ཕྱི་ནང་གི་རིག་པའི་གནས་དང༌། གཙུག་ལག་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་ཚེར་མ་རྣོ་བས། བོད་ཀྱི་སྐད་ཉིད་ལའང་འདི་ནི་དོན་འདི་ཙམ་ལ་འཇུག་གོ་ཞེས་སྟོན་པའི་ཁྱད་པར་ཕྲ་མོ་ལའང་གཞན་ལས་ཆེས་ལྷག ཚད་མའི་རིག་བྱེད་ཀྱི་བསྟན་བཅོས་དང༌། དོན་དུ་འགྱུར་བའི་ཚིགས་བཅད་དང༌། སྙན་དངགས་ལ་སོགས་པའང་དབྱུག་པ་ཅན་གྱི་གཞུང་ཁོ་ན་ལ་མ་ལྟོས་པར་རིག་པ་དེ་སྟོན་པའི་གཞུང་ལུགས་རྒྱ་ཆེན་པོ་མང་པོའི་དོན་མཁྱེན། བྱིས་པའི་དུས་ཨ་ཙ་ར་འདུག་ཚད་ལ་དགྱེས་ཤིང་དེ་དག་དང་བརྡ་འཕྲོད་པས་བི་བརྟའི་པུ་ཏི་ལ་བརྟགས་པ་ཙམ་གྱིས་མཁྱེན་པ་ལ་ཚེགས་མ་བྱུང༌། ཐ་ན་དུད་འགྲོའི་བརྡ་དང་སྐད་ཀྱི་རིམ་པའང་མཁྱེན་པར་གྲགས། སྨྲ་སྒོ་ལ་སོགས་པའི་འགྲེལ་པ་དང་བསྟན་བཅོས་ཀྱང་མང་དུ་མཛད། བློ་གྲོས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་སྤྱིར་ཆོས་ལ་མོས་པའི་མི་རྣམས་དང༌། ཆོས་ཀྱི་གང་ཟག་དང༌། ཁྱད་པར་རྡོ་རྗེ་ཐེག་པ་ལ་ཞུགས་ཤིང་གསང་སྔགས་ཀྱི་ལས་དང་དངོས་གྲུབ་བསྒྲུབ་པར་འདོད་པ་དག་ལ་ཕན་གདགས་པའི་དགོངས་པ་ཟབ་མོ་མངའ་བས། ཕྱིན་ཅི་མ་ལོག་པའི་གདམས་པས་ནན་ཏན་ཏུ་འདོམས་ཤིང་ཕན་ཐོགས་པར་མཛད།

མངོན་པར་ཤེས་པའི་ཆ་དང་ལྡན་ཞིང་སེམས་ཅན་འདུལ་བའི་དུས་དང་གནས་སྐབས་མཁྱེན་པས་འགྲོ་བ་ཕལ་པ་བློ་བསྒྱུར་ཞིང༌། ཆོས་ལ་གནས་པ་རྣམས་དེའི་འགལ་ཟླར་གྱུར་པ་ལས་ལྡོག་པའི་ཕྱིར། འབྱར་ཞིང་འགྲིག་པའི་བསྟན་བཅོས་ཞལ་སྒོའི་ཆུ་སྐྱེས་ལས་ཕྱུང་སྟེ་ཕན་འདོགས་པ་ལ་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་བའི་ཐ་མལ་པ་དག་ལ་སེར་སྣ་སྤངས་ནས་བདོག་པ་གཏོང་བ་དང༌། ལོག་སྒྲུབ་བཟོད་པས་སྙིང་རྗེའི་ཡུལ་དུ་མཛད་ནས་ཞི་བདེ་ལ་འགོད། སྡོམ་པའི་གནས་དང་ཐུགས་དམ་ལ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད། དམ་པའི་ཆོས་རྩོམ་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་ལ་སོགས་པའི་རྟོག་དཔྱོད་ཀྱི་སྒྲོ་འདོགས་མི་དགོས་པར་ཆོས་ཀྱི་ཚིག་དོན་ལ་ཐོགས་རྡུགས་མེད་པར་འཇུག་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ཞིང༌། བསྟན་བཅོས་རྣམས་ཀྱང་དོན་བཟང་པོ། ཚིག་འབྲུ་བཟང་པོ། བརྗོད་པ་མ་འདྲེས་པ་ཤ་སྟག་འབྱུང་བས། སྟོན་པ་དྲང་སྲོང་ཆེན་པོའི་གསུང་གི་གསང་བ་དང་རྗེས་སུ་མཐུན་པའི་ཕྱིར་གཞན་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་མི་ནུས་ཤིང༌། དེས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་སློབ་པའི་རྒྱུད་དུ་བྱུང་བའི་གང་ཟག་ལུང་མ་ཐོབ་ཀྱང་ཡི་གེ་ལས་བྱུང་བ་བཞིན་སྦྱར་བ་ལས་བྱིན་རླབས་མ་བྱུང་བ་མེད་ཅེས་གྲགས།

ཇོ་བོ་ཨ་ཏི་ཤ་དང་བདག་ཉིད་ཆེན་པོ་འདི་མཇལ་བའི་ཚེ། ཇོ་བོའི་ཞལ་ནས་རྒྱ་གར་གྱི་ཨ་ཙརྱ་ནག་པོ་སྤྱོད་པ་དེ་ཉིད་ཚེ་འཕོས་པ་ཇོ་བོ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་གཏམ་བྱ་བ་ག་ལ་ཐུབ་ཅེས་རྩོད་མེད་དུ་གྲགས་པར་གསུངས། སྤྱིར་གཏམ་དུའང༌། འདུལ་བ་ཚུར་སྟོན་དབྱིག་གེ་མཁས། །ཆོག་སྒྲིགས་བཟངས་ཀྱི་ཡེ་གྲགས་མཁས། །སྒྲ་དང་ཚད་མ་རོང་པ་མཁས། །ཐམས་ཅད་འཛོམ་པ་ཨ་ཕ་རང༌། །ཆོས་གྲགས་རང་ཟེར་སྐད། སྤྱིར་བླ་མ་མང་པོ་ལས་མདོ་སྔགས་སོ་སོའི་བརྒྱུད་པ་བྲེང་ཆགས་མཐུད་པ་ཙམ་ཡོད་མོད་ཀྱི། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས། སློབ་དཔོན་ཆེན་པོ་པདྨའི་གདམས་པ་རྣམས་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག དོམ་ཨ་ཙ་ར་དཔལ་མེ་ཏོག སྒྲ་རྡོ་རྗེ་གཞོན་ནུ། ཞང་ཞང་ཡོན་ཏན་གྲགས། རོང་བན་ཡོན་ཏན། རོང་བན་ཚུལ་ཁྲིམས་རིན་པོ་ཆེའི་བར་དུ་བརྒྱུད་ནས་དེ་ལས་ཉིད་ཀྱིས་གསན། བཻ་རོ་ཙ་ནའི་མན་ངག་རྣམས། བཻ་རོས་གཡུ་སྒྲ། དེས་བླ་ཆེན་དགོངས་པ་རབ་གསལ། དེས་གྲུམ་ཤིང་གླག་ཅན། དེས་གནུབས་དཔའ་བརྟན། དེས་ཟི་བོན་སྟོན། དེས་ཀུན་མཁྱེན་རོང་ཟོམ་ལ་བཤད་དེ་སེམས་སྡེའི་བརྒྱུད་པ་གཅིག་གོ །ཡང་ཀློང་ཐང་སྒྲོལ་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་གྲུབ་པའི་སྐྱེས་བུ་ཞིག་བྱུང་སྟེ། དེ་ལ་རྒྱ་གར་བདུན་བརྒྱུད་དང༌། རྒྱའི་སློབ་དཔོན་བདུན་བརྒྱུད་ཀྱི་གདམས་པ་མངའ་ཞིང༌། དེས་ཅོག་རོ་ཟངས་དཀར་མཛོད་ཁུར་དང༌། ཡ་ཟི་བོན་སྟོན། དེས་ཉིད་ལའོ། །འདི་ལ་རྫོགས་ཆེན་ཁམས་ལུགས་ཞེས་ཟེར། ཡང་བི་མ་ལས་ཉང་ཏིང་འཛིན་བཟང་པོ་ལ་གསུངས་པ་དང༌། བི་མ་ལས་རྨ་རིན་ཆེན་མཆོག་དང༌། གཉགས་ཛྙཱ་ན་ཀུ་མཱ་ར་ལ་གསུངས་པའི་མན་ངག་ཀྱང༌། གཉིས་ཀས་ཁུ་བྱང་ཆུབ་འོད། ཁྱུང་པོ་དབྱིག་འོད་ལ་བརྒྱུད་ནས་རིམ་གྱིས་རོང་ཟོམ་ལ་མངའ་བས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་འགྲན་ཟླ་སྤངས་པ་ཞིག་སྟེ་འདི་ཉིད་ལའང་བསྟན་པའི་ཆུ་འགོ་གཅིག་གནས་སོ། །གསང་སྙིང་འགྲེལ་པ་རོང་ལུགས་ཀྱི་མགོར། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །ཞེས་ཡོད་པས་དཀོན་ཅོག་འགྲེལ་ཞེས་མིང་དུ་ཐོགས་ལ། ཀུན་མཁྱེན་ཆེན་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་ཐེག་རྒྱལ་གྱི་ལུགས་སུ་བཀྲལ་ཞིང་ཞལ་གསལ། ཀུན་མཁྱེན་རོང་པའི་འགྲེལ་པ་འདི་དབྱིངས་ཆེ་བར་བཀྲལ་བས་སྒྲོམ་ཆེ་ཞིང་ཁ་དམ་པར་སྣང་སྟེ། བོད་འགྲེལ་གྱི་གཙོ་བོ་འདི་གཉིས་ཡིན་པར་ཤེས་ན་བློ་གྲོས་ལ་ནུས་པ་ཆེན་པོ་སྟེར་བ་ཡིན་ནོ།།

དེའང་སྐུ་གཞོན་ནུའི་ཚེ་མདོ་སྟོན་སེང་གེ་བྱ་བ་ལས་སྔ་འགྱུར་གསན་པའི་ཚེ། རེ་ཞིག་ན་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་གྱིན་འདུག་པ་རྨིས། དེ་སློབ་དཔོན་ལ་བརྗོད་པས། ཤིན་ཏུ་ངོ་མཚར་ཆེ། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན། ཁྱེད་ཀྱིས་འགྲེལ་པ་རེ་གྱིས་གསུངས་སྐད། དེར་བླ་མའི་དགོངས་པ་རྫོགས་པར་བྱ་བའི་ཕྱིར་བསླབ་པ་རིན་པོ་ཆེ་གསུམ་ལ་བརྟེན་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་པ་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པ་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག མཉམ་སྦྱོར་གྱི་འགྲེལ་པ། དེ་བཞིན་དུ་ངན་སོང་སྦྱོང་རྒྱུད། འཇིགས་བྱེད་ལ་སོགས་པའི་འགྲེལ་པ་དང་མན་ངག་མང་པོ། དེ་དག་གི་ནང་ནས་ཀྱང་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་བསྟན་བཅོས་ལ་སོགས་པ་གཞུང་གཏིང་ཟབ་ལ་གོ་དོན་སློང་ཆེ་བ་བརྗོད་ཀྱིས་མི་ལང་བ་དང༌། མདོར་ན་མདོ་སྡེ་དང༌། རྒྱུད་སྡེ་དང༌། བསྟན་བཅོས་ཀྱི་བྱེ་བྲག་ལ་ཐུགས་སུ་མི་ཆུད་པ་བྱ་བ་ཤེས་བྱ་ལ་སྲིད་པར་མ་གྱུར་པས་ཐམས་ཅད་མཁྱེན་པའི་གནས་ལ་རང་གིར་མཛད་དེ། ཐ་ན་འཇིག་རྟེན་པའི་ཞིང་ལས་དང༌། ཕྱུགས་སྐྱོང་བ་དང༌། དཀར་ཤེ་ཇི་ལྟར་བསྒྲུབ་པ་ཚུན་ཆད་ཀྱི་བསྟན་བཅོས་ཀྱང་མཛད་པས། དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་ཐམས་ཅད་ཀྱིས་དང་པོར་བརྩད་པའི་བྱ་བ་ལ་ལྷགས་པ་ལའང༌། སླར་སྤོབས་པའི་འཁྲི་ཤིང་ཉམ་ཉེས་པར་བྱས་ནས་ང་རྒྱལ་གྱི་གདེངས་ཀ་ལ་བརྐྱང་ནུལ་བྱ་བའི་སྐབས་བྱུང་བ་ཡིན་ཏེ། འདི་ལྟར་ཤབ་ཀྱི་ཡང་ཁྱེད་བླ་མ། མར་པ་དོ་པ། འུ་ཡུག་པ་མདའ་སྟོན། མདོའི་ཁྱུང་པོ་ཧཱུྃ་སྙིང༌། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ༌། སྤང་ཀ་དར་ཆུང༌། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ལ་སོགས་པའི་མཁས་པ་ཐམས་ཅད་ཀྱིས། བོད་དུ་སྐྱེས་པའི་གང་ཟག་གིས་བསྟན་བཅོས་འདི་ཙམ་རྩོམ་པ་ཞེས་དཔྱས་གདགས་སུན་འབྱིན་པའི་རིགས་པ་བསམས་ཏེ་སྐྱེས་བུ་ཆེན་པོ་དེའི་གམ་དུ་སོང་སོང་བ་ན། ལུང་གི་འཐད་པ་དང༌། རིགས་པས་དཔྱད་བཟོད་པ་དང༌། གཏན་ཚིགས་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང༌། སྒྲ་སྐྱོན་དང༌། དོན་སྐྱོན་ལ་སོགས་འགལ་ཟླའི་ཕྱོགས་ཐམས་ཅད་རྣམ་པར་སྤངས་པའི་མཁྱེན་རབ་ཀྱི་སྤོབས་པས་ཚར་བཅད། བསྟན་བཅོས་རེ་མཐོང་ཞིང་དེའི་དོན་ལ་རོ་མྱངས་པས་ཐམས་ཅད་ངོ་མཚར་སྐྱེས་ནས་བསྟི་སྟངས་དང་བླ་མར་མཛད་པ་ཤ་སྟག་ཡིན་ཞེས་གྲགས།

དེ་སྐད་དུ་གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་ཐོས་པ་མང་པོའི་གཟུངས་འཛིན་པ་དེ་ཉིད་ཀྱིས་ཀྱང་དང་པོར་དཔྱས་གདགས། བར་དུ་བླ་མ་རོང་པས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པོ་ཏི་གཟིགས་པས་གུས་པ་ཆེན་པོ་སྐྱེས། ཐ་མར་ཟང་ཟིང་མང་པོས་བསྙེན་བཀུར་ཏེ་མི་འཆབ་པར་བྱས་ནས་རྗེས་སུ་གཟུང་བར་གསོལ་བ་བཏབ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན། གསང་རྒྱུད་ཀྱི་སྐབས་ན་མར་པ་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ལ་རྒྱ་དཔེ་ཡོད་པར་གྱུར་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་ལ། གོ་རུབ་ལོ་ཙཱ་བས་དེ་བློ་ལ་བཟུང་སྟེ་ཇོ་བོ་ཀྲ໏ཤྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་ནས་དེ་ལ་མཉན་པས། རོང་པ་པཎྜི་ཏའི་གསུང་བཞིན་བྱུང་ནས་ཤིན་ཏུ་མོས་པ་ཐོབ་པར་གྱུར་ཏེ། ཀྲ໏ཤྞ་པ་ལས་བྱུང་བའི་རྒྱ་དཔེ་གཅིག་རོང་པ་ཉིད་ལ་ཕུལ་ནས་སླར་ཡང་གསན་སྐད། དེ་བཞིན་དུ་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང༌། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་ཀྱང་ཞབས་ལ་བཏུད། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝརྨ་དང༌། མཉྫུ་ཤྲཱི་ཛྙཱ་ན་དང༌། ཨུ་པ་ཡ་ཤྲཱི་མི་ཏྲ་དང༌། བུདྡྷ་ཨཱ་ཀ་ར་བྷ་དྲ་དང༌། དེ་བཱ་ག་ར་ཙནྟྲ་དང༌། པ་ར་མེ་ཤྭ་དང༌། ཨ་མོ་གྷ་བཛྲ་ལ་སོགས་པ་པཎྜི་ཏ་མང་པོ་བསྟེན་ནས། དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང༌། གཤིན་རྗེ་དགྲ་ནག་གི་རྒྱུད་དང༌། འཇམ་དཔལ་གསང་ལྡན་དང༌། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་དཔེར་འོས། རྒྱ་གར་གྱི་པཎྜི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཆོས་མང་པོ་རྩོམས་ལ་འགྲོ་བ་མང་པོ་སྐྱོབས་ཤིག ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་རྩོམ་པ་ཡིན་ན། ཁྱོད་ཅིའི་ཕྱིར་མི་བརྩམ་ཞེས་གསུངས་སྐད། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་གཅོམ་བསྐྱུངས་ཤིང་ཁེངས་པ་སྙོལ་བ་ལྷུར་མཛད། གྲུབ་པའི་རྣམ་ཐར་ལ་གཞལ་ན། བྲག་ཆེན་གཟར་པོ་མེ་ལོང་ལྟ་བུའི་ངོས་ལའང་རྫུ་འཕྲུལ་གྱི་སྤྱོད་པས་གཤེགས་པ་དང༌། བྲག་ལ་ཕུར་པ་འདེབས་པ་དང༌། ནམ་མཁའ་ལ་འཕུར་བ་དང༌། བོད་ཀྱི་ལྷ་འདྲེ་ཕལ་མོ་ཆེའི་གནས་དང་སྤྱོད་པ་ཐུགས་སུ་ཆུད་པའི་མངོན་པར་མཁྱེན་པ་མངའ་བ་སོགས་མང༌། དེ་ལྟར་སྤྲུལ་པའི་སྐུར་རྩོད་པ་མེད་པའི་པཎྜི་ཏ་ཆེན་པོ་དེ་ལ་གནས་སྐབས་དེ་ཙམ་ན་བྱོན་པའི་མཁས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་སྤྱི་བོས་བཏུད་པར་གྱུར་ལ། དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས་ཏེ་སྐུ་ལ་སྙུན་པ་མེད་པའི་ངང་ནས་གཤེགས་པར་གྲགས། བོད་གངས་ཅན་གྱི་རྒྱུད་འདིརའདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོས་ཀྱང་བསྔགས་ཤིང་ཡོངས་སུ་གྲགས་པའོ། །རྗེས་སུ་སློབ་པ་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས། དང་པོ་ནི།

སྲས་གཟི་བརྗིད་འབར། འབུམ་འབར་གཉིས་ལས་སྲས་བརྒྱུད་ཡུན་རིང་པོའི་བར་བྱུང་བ་ཀུན་ཀྱང་རྡོ་རྗེ་ཕུར་པ་ལས་དངོས་སྒྲུབ་བརྙེས་པ་ཤ་སྟག་ཡིན། སློབ་བརྒྱུད་ནི། གོ་རུབ་ལོ་ཙཱ་བ་དང༌། མར་པ་དོ་པ། འགོས་ལ་སོགས་པའི་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་ལ་སོགས་ཏེ་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་གཅིག་ཞ་མའི་མིང་པོ་རྗེ་འཁུར་བུ་པ་ལ་སོགས་སྒོམ་ཆེན་རྣལ་འབྱོར་གྱི་དབང་པོ་བརྒྱ་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང༌། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་པ་ལྔ་བརྒྱ་ལ་སོགས་པ་བྱུང་ངོ༌།།

༈ དེ་ལྟར་སྔོན་རབས་པ་རྣམས་ཀྱི་ཡི་དམ་གྱི་གཙོ་བོ་ཡང་ཕུར་ཁོ་ནས་བཟུང་བ་ཡིན་པས་ཡང་དག་གི་སྐོར་དེས་ཤེས་ལ། རྡོ་རྗེ་ཕུར་པ་ཇི་ལྟར་དར་བའི་ཚུལ་ནི། ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་ཝའི་ཞབས་ལས་བརྒྱུད་དེ། ཕུར་པ་རྒྱལ་པོ་ལུགས་དང༌། ཇོ་མོ་ལུགས་དང༌། ལྕམ་ལུགས་དང༌། ཡང་སྣ་ནམ་མམ་རོང་ལུགས་དང༌། ལྷ་ནག་དང༌། ལྷ་ཁྲ་སྟེ་སྐུ་མདོག་ལས་གྲགས་པ་སོགས་རྣམ་གྲངས་ཐ་དད་པ་མང་མོད། དེ་དག་ཀྱང་ངོ་བོ་གཅིག་ལ་མན་ངག་གི་ལྡོག་ཆ་དང༌། བཀའ་བབས་ཀྱི་ཁྱད་པར་ལས་དེ་དང་དེར་གྲགས་པའོ།།

དེ་ལ་དང་པོ་ནི། བསམ་ཡས་འབྱོངས་ནས་སློབ་དཔོན་ཆེན་པོས་བཙད་པོ་ཁྲི་སྲོང་ལྡེའུ་བཙན་དང༌། ཇོ་མོ་མཁར་ཆེན་བཟའ་དང༌། སྤྱན་འདྲེན་པ་མི་གསུམ་ལ་གནང་བས་དེ་སྐད་དུ་གྲགས།

ཇོ་མོ་ལུགས་ནི། སློབ་དཔོན་གཤེགས་ཁར་ཉུང་ལ་འདུས་པ་ཕུར་པ་རྩ་བའི་དུམ་བུ་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དམོད་པ་ལམ་ཁྱེར་བཅུད་དུ་དྲིལ་བ་ཇོ་མོ་མཁར་ཆེན་བཟའ་ལ་གསུངས། དེས་ལྷོ་ཕྱོགས་མོན་ཁ་སྣ་རིངས་སེང་གེ་རྫོང་གི་བྲག་ཕུག་ཏུ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པས་ཞག་ཉེར་གཅིག་ན་ཕུར་བུ་ཐམས་ཅད་བཞད་ཅིང༌། འོད་འཕྲོ་བ་དང༌། འཕར་གཡོ་བྱེད་པ་བྱུང་བ་དང༌། དེར་ཇོ་མོའི་དགོངས་པ་ལ། ཕུར་པ་གྲུབ་ན་གདབ་ལས་བྱ། །ཟེར་བ་ཡིན་ཏེ་དངོས་ལ་གདབ་པའི་ཡུལ་དུ་གྱུར་པ་ནི་མེད། འོན་ཀྱང་ཕ་མེས་ཀྱི་ཟ་འདྲེ་ལ་གདབ་བོ་སྙམ་དུ་དགོངས་ནས་བསྙེན་ཕུར་དྲིལ་བས། ཕུར་པ་ནམ་མཁའ་ལ་དེང་ངེ་སོང༌། ཕ་ཡུལ་གྱི་ཁང་ལྟག་ན་ཕ་མེས་ཀྱི་ཟ་འདྲེར་གྱུར་པ་ཞིག་གནས་པའི་རྟེན་སྐྱེེར་པའི་ཕུང་པོའི་སྟེང་དུ་བབས་ནས། སྐྱེར་ཕུང་ཚིག ཟ་འདྲེ་མཉམ་པ་ཉིད་ཀྱི་ཀློང་དུ་བསྒྲལ། སླར་ཕུར་པ་དེ་ཇོ་མོའི་དབོན་བརྒྱུད་རྣམས་ཀྱིས་བཅངས། གདེངས་པ་ཙམ་གྱིས་ཆོག་པ་བྱུང་བས། མཁར་ཆེན་བཟའ་འདྲེ་འདུལ་གྱི་བརྒྱུད་པར་གྲགས། ཇོ་མོས་རང་གི་མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་བཤད་ནས་རིམ་པར་དར་རོ།།

ལྕམ་ལུགས་སུ་གྲགས་པ་ནི། ཅོག་རོ་བཟས་སློབ་དཔོན་དངོས་ལ་ཐུག་ཀྱང༌། དབང་བླ་མ་ལ་མ་ཞུས་ཡི་དམ་ལ་ཞུས་པས་ཡི་དམ་སློབ་དཔོན་གྱི་ཐུགས་ཀར་བསྡུས་ཏེ་དབང་སྐལ་ཆད། སླར་ཇོ་མོ་མཚོ་རྒྱལ་ལ་རྗེས་སུ་གནང་ནས་ཇོ་མོས་ཅོག་རོ་བཟའ་ལ་གདམས་པ་ལས་བརྒྱུད་པའོ།།

ཡང་སྣ་ནམ་ལུགས་སུ་གྲགས་པ་ནི། རོང་ཟོམ་ཆེན་པོ་ལས་བརྒྱུད་པའི་ལུགས་ཁོ་ན་སྟེ་བརྒྱུད་པ་སྔར་བཤད་མ་ཐག་པས་ཤེས་ལ། འདིར་ཁ་ཅིག་ཏུ་རོང་ཟོམ་ཆེན་པོའི་མེས་པོ་རོང་བན་ཡོན་ཏན་རིན་ཆེན་ནམ་དཔལ་གྱི་རིན་ཆེན་དེས་སློབ་དཔོན་དངོས་ལ་ཐུག དགུང་ལོ་སུམ་བརྒྱ་འཚོ་ཞེས་ཟེར། དེས་སྲས་རོང་པ་པཎྜི་ཏའི་ཡབ་རིན་ཆེན་ཚུལ་ཁྲིམས་ཀྱིས་ཀྱང་ལོ་ཕྱེད་ཉིས་བརྒྱར་བཞུགས་པ་ལས་བརྒྱུད་པས་རོང་ལུགས་ཞེས་བཤད་པ་ཡིན་པར་ཤེས་སོ།།

ཕུར་པ་ལྷ་ནག་ཏུ་གྲགས་པ་ནི། ཨོ་རྒྱན་ཡབ་ཡུམ་ནས་འབྲེ་ཨ་ཙ་ར་ས་ལེ། ལང་ལབ་བྱང་ཆུབ་རྡོ་རྗེ་ནས་རིམ་པར། ཡར་འབྲོག་པ་གུ་རུབ་ཡང་དག་ཅེས་བྱ་བས་ཕུར་པ་མྱ་ངན་ལས་འདས་པའི་རྒྱུད་ལ་བརྟེན་ནས་ལྷ་ཐམས་ཅད་ནག་པོར་མཛད་པས་དེར་གྲགས། འདི་ལ་ཨ་ཙ་ར་ས་ལེ་བྱས་ན་ལང་ལབ་ཀྱི་བར་དང་དེ་གཉིས་ཕྱི་ཐག་རིང་བས་བརྒྱུད་པ་ལྟག་མི་འཕྲོད། འབྲེ་ཨ་ཙ་ར་ནུ་རུ་ཞེས་བྱ་བས་ཚེའི་གྲུབ་པ་ཐོབ་པ་ཡིན་ཞེས་ཟེར་བའང་འདུག་སྟེ། མིང་གི་ཁྱད་པར་དུ་བྱས་ཀྱང་འགལ་བ་ནི་ཆུང་མོད། འོན་ཀྱང་བླ་མ་འཕགས་པ་རིན་པོ་ཆེ་ལ་སྨད་ལས་སྒྲོལ་དབང་གི་རྒྱུན་མ་རྙེད་ནས། སྤྲང་པོ་ལ་འདུག་ཀྱང་ཞུའོ་ཞེས་བཙལ་བས། མཚོ་རྒྱལ་གྱི་དངོས་སློབ་ཨ་ཙ་ར་ནུ་རུ་བྱ་བ་ཚེའི་རིག་འཛིན་ཐོབ་པ་ཞིག་བསིལ་བའི་ཚལ་ལ་སོགས་པའི་གནས་ངེས་མེད་དུ་རྒྱུ་བ་ལ་ཡོད་ཟེར་བ་ཐོས། དེར་གློ་བོ་ལོ་ཙཱ་བ་ལ་གསེར་མང་པོ་བསྐུར་ནས་སྒྲོལ་དབང་གི་རྒྱུན་ཐོབ་པ་ཡིན་ཞེས་ཟེར་རོ།།

ཕུར་པ་ས་ལུགས་སུ་གྲགས་པ་ནི། སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་སློབ་མ་འཁོན་ཀླུའི་དབང་པོ་ལས་རིམ་པར་བརྒྱུད་དེ། ཆོས་དང་རིགས་བརྒྱུད་གཉིས་ཀ་ཟམ་མ་ཆད་པ་ས་སྐྱ་པ་རྣམས་ལ་གྲགས་པས་དེ་སྐད་དུ་གྲགས་པའོ། །ཡང་ཕུར་པ་གསང་བའི་རྒྱུད་ལ་བརྟེན་པ་ཕུན་སུམ་ཚོགས་པ་དང༌། གསང་བའི་རྒྱུད་དྲུག་དང༌། ཀཱི་ལ་ཡ་ཏནྟྲ་བཅུ་གཉིས་ནས་བསྡུས་པ་གཤམ་སྔོན་ཅན་གྱི་སྐོར་གཉགས་ལས་བརྒྱུད་ཚུལ་སྔར་བཤད་ཟིན་ཏོ། །དེ་ལྟ་བུའི་ཡི་དམ་ལས་མངོན་རྟགས་བརྙེས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བས་ཐམས་ཅད་བསྙད་པར་མི་ནུས་ལ། ཁྱད་པར་དུ་གྱུར་པ་ལང་ལབ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་དེ་གཞོན་ནུ་ནས་ཕ་མ་དང་བྲལ། ཕ་ཚན་རྣམས་ཀྱིས་རྗེ་བཙུན་མི་ལ་ལ་ཇི་ལྟར་བྱས་པ་བཞིན་དུ་ཤིན་ཏུ་ཉམ་ཐག་པར་གྱུར་པས། འབྲེ་ཨ་ཙ་རས་ཐུགས་ཀྱིས་མ་བཟོད་ནས་ཕུར་པའི་མན་ངག་ལས་གནད་དུ་ཟབ་པའི་སྐོར་བྱིན་ཏེ་སྒྲུབ་པ་བྱས་ནས་ཕ་སྤུན་རྣམས་རྩད་བཅད། དེ་ལ་གྲགས་པ་ཆེན་པོ་འཕེལ་ནའང་སྔོན་གྱི་སྦྱིན་འབྲས་དབུལ་བས་འཁོར་རེའི་ལུག་རྫི་བྱེད་ཅིང་ཡོད་ཙ་ན། དགེ་བཤེས་རྭ་ལོ་ཙཱ་བ་དེ་མངའ་ཐང་དང་འབྱོར་པ་ཤིན་ཏུ་རྒྱས། བོད་ཀྱི་བླ་དཔོན་ཆེ་རྒུས་དབང་མེད་དུ་འདུད་དགོས་པ་ཡིན། དེ་ལྟར་མ་བགྱིས་ན་ཁོང་གིས་གཤིན་རྗེའི་དྲག་སྔགས་ཀྱིས་སྒྲོལ་བར་གྲགས། དེ་ལ་དུམ་པ་རྒྱ་ཞང་ཁྲོམ་གྱིས་གཤིན་རྗེའི་སྐོར་རྫའི་ཟོམ་གང་གཏེར་ནས་ཕྱུང་སྟེ། ཚེ་བདག་སྡིག་པ་སྙིང་འཛིངས་ཕྱེད་ཙམ་ལས་མ་བཤུས་པ་རྣམས་རྭ་ལོའི་སྔུན་དུ་སོན་པས། རང་ཉིད་ཀྱི་གཤེད་སྐོར་ལ་ལྷན་ཐབས་སུ་སྦྱར་ནས་དེ་ལ་རྒྱ་གར་གྱི་ཁུངས་དང་འགྱུར་བཅོས་བྱས། དེ་བཞིན་དུ་བུམ་ཐང་གི་གཏེར་ཁ་མང་པོའི་ཁྲོད་ནས་ཀྱང་མཐུ་གཏད་སེར་གསུམ། རྣམ་སྲས། ཛམ་བྷ་ལ། ཚོགས་བདག་ལ་སོགས་པ་མན་ངག་ཟབ་རྒུ་ཕྱུངས་པས་གསར་འགྱུར་གྱི་གཤིན་རྗེ་ལས་མཐའ་མང་ལ་མྱུར་བར་སོང༌། མར་པའི་སྲས་དར་མ་མདོ་སྡེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་གསུམ་དང༌། གཉན་ལོ་ཙཱ་བ་སོགས་རང་མཉམ་གྱི་ལོ་ཙཱ་བ་བཅུ་གསུམ་བསྒྲལ་བའི་སྔགས་མཁན་དེ། འཁོར་རེའི་སར་ཆོས་འཁོར་ལ་བྱོན་པ་ན་ལང་ལབ་ཀྱིས་ཕྱག་མ་བཙལ། མི་བླུན་པོ་གཅིག་ཡིན་པར་འདུག་དགོངས་པ་ལ། སླར་ལང་ལབ་ཀྱི་མཚན་ཉིད་ཐོས་ནས། འོ་ན་ཁོ་ལ་དོ་ནུབ་ཀྱི་ཚེ་ལས་མེད་ཀྱི་སྒུགས་ཟེར། དྲག་ཤུལ་གྱི་ལས་བརྩམས་པས། དགུག་འདྲེན་གྱི་བདེན་བདར་དང་པོའི་ཚེ་ཁོང་དཔོན་སློབ་ལ་རྩང་ཕུར་གྱི་ཆར་ཕབས་ནས་ཐ་ཕྱིའི་གྲྭ་པ་རྣམས་སྨས། བར་པ་ལ་ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་ཟ་གསོད་དང་བཅས་པའི་ལྕགས་ཕུར་གྱི་ཆར་བབས། ཐ་མའི་ཚེ་མེ་དཔུང་དང་འུར་སྒྲས་གང་སྟེ་ནམ་མཁའ་ལ་བལྟས་པས། ལྕགས་བསྲེགས་ལྟ་བུའི་རྡོ་རྗེ་གཞོན་ནུ་རི་དོ་ཆད་ཙམ་པ་རྭ་ལོའི་ཐོག་ཏུ་རྔམས་འཆའ་འཆའ་ལྟར་འདུག་པས་སྐྲག་པར་གྱུར་ཏེ། བཟོད་གསོལ་བྱས། ཕྱག་དང་འབུལ་བས་བསྙེན་བཀུར། གཤིན་རྗེ་མཁན་པོ་ཕུར་པ་ལ་རྡུགས་ཟེར་བ་དེ་ནས་བྱུང༌། ཕུར་པའི་སྟོད་ལས་ལ་དངོས་གྲུབ་བརྙེས་པ་མང་དུ་བྱུང་སྟེ། སྨད་ལས་ལ་རྩལ་ཤུགས་ཐོན་པ་འདི་ལས་མ་བྱུང་བར་གྲགས། དེ་ལ་སློབ་མའི་གཙོ་བོར་གྱུར་པ་སྣ་ནམ་ཤེས་རབ་ཚུལ་ཁྲིམས། མོང་དགུའི་སྐྱི་གྱང་སྒྱེལ། རང་གི་སྐྲང་ཕུར་བུ་མགོ འུ་ཡུག་རོལ་པོའི་ཉང་ནག་གོ །དེ་ལ་སྐྱི་གྱང་སྒྱེལ་ལམ་སྐྱི་བན་བྱང་ཆུབ་རིན་ཆེན་བྱ་བ་ཁང་ཞིང་དང་ནོར་རྣམས་ཕ་སྤུན་གྱིས་ཕྲོགས། སྐྱོ་བ་ཤིན་ཏུ་འཕེལ་ཏེ་ལང་ལབ་ལ་ཕུར་པ་ཞུས་པས། ཟླ་བ་དགུར་ལྷ་བསྙེན་གྱིས། དེ་ནས་བསེ་ལྕགས་ཤེལ་གསུམ་ལ་ཟླ་བ་གཉིས་སྒྲུབས་ཤིག དོན་འགྲུབ་བོ་གསུངས། དེ་ལྟར་བྱས་པས་ནུས་པ་ཚད་དུ་ཕྱིན། གྱང་གི་དྲུང་ན་མི་མང་པོ་ཉི་མ་འདེ་ཞིང་འདུག་པ་ལ་བལྟས་པས། ཐམས་ཅད་དགྲ་རུ་མ་གྱུར་པ་མི་འདུག་ནས། ཕུར་པ་གྱང་ལ་བསྡིགས་པས་གྱང་འགྱེལ། ཐམས་ཅད་ཕྱི་མའི་ལམ་དུ་བཀོད་པས་སྐྱི་གྱང་སྒྱེལ་དུ་གྲགས་པས་མཚོན་ནུས་པ་ཅན་ཤ་སྟག་བྱུང་སྟེ་ཡི་གེར་བྲིར་མི་ལང༌། ལར་ཕུར་པ་འདི་ནུས་པ་མཆོག་ཏུ་ཆེ་བར་གྲགས་པས། སློབ་དཔོན་ཆེན་པོས་ཙན་དན་གྱི་ནགས་ལ་མེ་ཤོར་བ་ལ་གདེངས་པས་ནགས་སོར་ཆུད། བི་མ་ལས་གངྒཱ་གྱེན་དུ་འཕྱུར་བ་ལ་གདེངས་པས་གངྒཱ་ཡན་མན་དུ་ཆད། བལ་པོ་ཤཱི་ལ་མཉྫུས་བྲག་མཁར་གོང་ཅན་ལ་གདེངས་པས་བྲག་རི་དུམ་བུར་ཉིལ། ཇོ་མོ་མཁར་ཆེན་བཟས་སྤྱང་ཀིའི་རྗེས་ས་ལ་བཏབ་པས་སྤྱང་གི་རྦབ་ལ་འདྲིལ། མེ་ནུ་རྒྱལ་བའི་སྙིང་པོས་བྱ་རོག་གིས་ཕྲེང་བ་ཁྱེར་བ་ལ་བསྡིགས་པས་བྱ་རོག་ཐང་ལ་ལྷུང༌། ལོ་དཔལ་གྱི་བློ་གྲོས་ཀྱིས་དམག་གི་སྦྲ་ཁྱིམ་ལ་ཐེབས་པས་མོན་དམག་ཆམ་ལ་ཕེབས། དེ་ལ་སོགས་ཏེ་དགྲ་བགེགས་གཉིས་ལ་ཐེབས་པས་ཆོ་འཕྲུལ་སྟོབས་པོ་ཆེ་གང་གིས་ཀྱང་བརྫི་བར་མ་ནུས། ནང་དུ་ཉོན་མོངས་དུག་ལྔ་ལ་ཐེབས་པས་མཆོག་གི་དངོས་གྲུབ་ཐོབ་པ་དཔག་ཏུ་མེད་པ་བྱུང་ངོ༌།།

ཡང་གཏེར་མའི་ཕྱོགས་ནས་ཤིན་ཏུ་མངོན་རྟགས་གསལ་བ་སློབ་དཔོན་ཆེན་པོས་བཙན་པོ་ལ་དབང་རྒྱུད་གདམས་པ་དང་བཅས་གནང་ནས། རྟ་མགྲིན་ཡང་གསང་གི་ཆོས་སྐོར་དང་ལྷན་ཅིག་ཡེར་པ་སེ་བ་ལུང་གི་བྲག་ལ་གཏེར་དུ་གཏམས་པ། གྲུབ་པའི་དབང་ཕྱུག་འདར་ཕྱ་རུ་བས་ཇོ་མོ་ནགས་རྒྱལ་གྱི་ཕུག་པ་གོང་མར་སྒྲུབ་པ་མཛད་པས་སློབ་དཔོན་ཆེན་པོ་དང་དངོས་སུ་མཇལ། ཡེར་པ་ཟླ་བ་ཕུག་ཏུ་སྒྲུབས་ཤིག་གསུངས་པས་དེ་བཞིན་དུ་མཛད། དེར་ནང་རེ་བཞིན་སློབ་དཔོན་ཆེན་པོ་ཉི་ཟེར་ལ་ཆིབས་ནས་ཕེབས་ཏེ་ཆོས་གསུངས། ནུབ་རེ་བཞིན་སྲིན་པོ་འདུལ་དུ་འགྲོ་ཞེས་ཉི་ཟེར་ལ་བཅིབས་ཏེ་བཞུད། དེའི་ཚེ་ཡེར་པའི་སེ་བ་ལུང་ནས་མཚན་མ་རྫས་ཀྱི་ཕུར་པ་གཏེར་ནས་ཕྱུང༌། ལྷ་སའི་ཚོང་དུས་སུ་ཕེབས་པ་ན་རླུང་འཚུབ་ཆེན་པོས་ཁྲོམ་འཐོར་བ་བྱུང༌། དེ་ནས་གཙང་དུ་བྱོན་ཙ་ན་ས་པཎ་སྐྱིད་གྲོང་དུ་འབྱོན་པ་དང་གནས་ཁང་གཅིག་ཏུ་འཛོམ། འདར་ཕྱར་ཞལ་འཆོས་པས་ༀ་བཛྲ་ཀྱི་ལི་ཀྱི་ལ་ཡ་ཞེས་བགྲངས་པས། ས་པཎ་གྱིས་དེ་མ་དག བཛྲ་ཀཱི་ལི་ཀཱི་ལ་ཡ་ཟེར་བ་ཡིན་གསུངས། དེར་འདར་ཕྱར་ཐུགས་ཡུས་ནས། སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས་བྲག་ལ་ཕུར་པ་ཐམ་ཐམ་བརྒྱབ་པས་འཇིམ་པ་ལ་བྱས་པ་བཞིན་སོང༌། སླར་ཕུར་པ་ཚུར་ལ་གཅུས་གྱིན་འཐེན་པས་དབལ་ནས་ཅུང་ཟད་གས། དེར་ས་པཎ་གྱིས་གྲུབ་ཐོབ་ཏུ་ཤེས་ནས། ང་མུ་སྟེགས་པ་དང་རྩོད་དུ་འགྲོ་བས་དེའི་རིམ་གྲོར་འབྱོན་དགོས་གསུངས། རུང་གསུངས་ནས་ལྷན་ཅིག་ཏུ་བྱོན། སྐྱིད་གྲོང་དུ་ཕེབས་པ་ན། རྒྱ་གར་གྱི་ལུགས་བཞིན་བསྟན་པ་གང་རྒྱལ་བའི་རུ་མཚོན་དུ་བཙུགས། ས་པཎ་དང་འཕྲོག་བྱེད་དགའ་བོ་གཉིས་ཉི་མ་བཅུ་གསུམ་གྱི་བར་རྩོད་པའི་གཡུལ་ངོ་ལ་ཞུགས་པས། མཐར་ས་པཎ་རྩོད་པ་ལས་རྒྱལ་ཡང༌། གྲུབ་རྟགས་འགྲན་ཟེར་འཕྲོག་བྱེད་དགའ་བོ་ནང་པའི་བསྟན་པ་ལ་འཇུག་ཏུ་མ་ཉན། དེར་མུ་སྟེགས་དེས་རལ་པ་རྒྱབ་ཏུ་བསྐྱུར། ལག་པ་གཤོག་པ་ལྟར་བྱས་ཏེ་ནམ་མཁའ་ལ་འཕུར་བས། ས་པཎ་གྱིས་རིགས་སྔགས་ཀྱི་མཐུ་ལས་གཞན་གྱིས་མི་ཐུལ་བར་གཟིགས་ཏེ་བཛྲ་ཀྱི་ལི་ཀྱི་ལ་རྒྱུག་ཤོག་ཅེས་འདར་ཕྱར་བོས། དེར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་མུ་སྟེགས་ཀྱི་གྲིབ་མའི་སྙིང་གར། ༀ་བཛྲ་ཀྱི་ལི་ཀྱི་ལ་ཡ་ཧཱུྃ་ཕཊ། ཅེས་ཕུར་པ་བཏབ་པས། མུ་སྟེགས་པ་བྱ་ལ་རྡོ་བཏགས་པ་བཞིན་དུ་ས་ལ་ལྷུངས། དེ་ནས་ས་པཎ་གྱིས་རྩོད་པ་ལས་རྒྱལ་བའི་དཔའ་རྟགས་སུ་འཕྲོག་བྱེད་དགའ་བོ་རབ་ཏུ་མ་བྱུང་བར་ཁྲིད་བྱོན་པ་ན། སློབ་དཔོན་ཆེན་པོས་བོད་ལ་མུ་སྟེགས་བསྲུང་བར་བཀའ་བསྒོས་པས་བརྟན་མ་བཅུ་གཉིས་ཀྱི་ཆད་པས་བཅད་དེ་སྐྱིད་གྲོང་དང་བོད་ཀྱི་སོ་མཚམས་སུ་མུ་སྟེགས་དེ་ཁ་ནས་ཁྲག་སྐྱུགས་ཏེ་སྔ་མའི་ལམ་དུ་བཏང༌། ལར་ཕྱི་རོལ་པའི་གྲུབ་མཐའ་འཛིན་པ་ཙམ་བོད་ལ་བལྟར་མི་མངོན་པར་ལྷགས་སྲིད་ཀྱི། སངས་རྒྱས་ཀྱི་བསྟན་པ་ལ་དངོས་ཀྱི་རྒོལ་བ་བྱེད་ནུས་པའི་བློ་སྟོབས་ཅན་མི་འོང་བ་ཡིན། འདིས་མུས་སྲད་དུ་བྱོན་ནས་གཙུག་ལག་ཁང་གི་རྟེན་གཙོར་ཕུར་པ་འདི་བཞག སླར་རིམ་གྱིས་གྱར་ནས་ད་ལྟ་སེ་ར་ཕུར་མཇལ་ཞེས་ཟེར་བའི་རྒྱུན་ཅན་འདི་བྱུང་ངོ་།།

ཡང་བསྐྱེད་རྫོགས་གསུམ་ཀའི་བསྟན་པ་ལ་བྱ་བ་བླ་ལྷག་ཏུ་མཛད་པའི་དམ་པ་འགའ་ཞིག་མདོ་དབང་ཆེན་མོའི་བརྒྱུད་རིམ་གྱི་ལམ་དུ་བཞུགས་པ་ནི། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ནས་ཟུར་ཧཾ་ལྕམ་སྲིང་གཉིས་ལས་སོ་སོར་བརྒྱུད་པ་དང༌། སྲས་ཀྱི་རྒྱུན་ལས་བརྒྱུད་པ་སྟེ་གསུམ་བྱུང་བ་ལས། དང་པོ་ཟུར་ཧཾ་ལས་བརྒྱུད་པ་ནི།

ཟུར་ཧཾ་དེ་ཉིད་ལ་གདན་ས་ཡང་དབེན་དུ་ཉི་སྦུག་པ་ལང་གྲོ་ཚེ་དབང་རྒྱལ་པོས་གསན་ཏེ། དེ་ལས་ཆུ་བར་ཉི་སྦུག་པ་བརྒྱུད་འཛིན་ལེགས་པ་དཔལ་བཟང་གིས་གསན། དེ་ལས་མངའ་རི་དབུ་རྩེ་བ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་གསན། དེས་ཡོས་ཀྱི་ལོ་ལ་མངའ་རིས་གློ་བོ་མ་ཐང་དུ་སྲས་པཎ་ཆེན་སྐུ་མཆེད་ལ་དབང་བསྐུར་ཏེ། གཉིས་ཀ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར་ཅིང༌། ཁྱད་པར་གཅུང་རིག་འཛིན་ལེགས་ལྡན་རྗེས་མདོ་དབང་གསན་དུས་དགུང་ལོ་བརྒྱད་པ་ཡིན། སྤྱིར་བརྒྱ་དང་བཅུ་གསུམ་བཞུགས་ནས་བཤད་སྒྲུབ་ཀྱི་ཕྲིན་ལས་རླབས་པོ་ཆེས་བསྟན་འགྲོའི་དོན་མཛད། དེ་ལ་འཇམ་དབྱངས་མཁྱེན་བརྩེ་ཁུ་དབོན་གྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་གཉུག་གི་རྒྱལ་ཁང་དུ་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གཏད་རྒྱ་དང་བཅས་གནང་བའི་དུས་སྐྱི་སྟོན་ཚེ་རིང་དབང་པོས་ཀྱང་གསན་ཅིང༌། དེས་གཙང་བསམ་འགྲུབ་རྩེའི་དཔལ་དཀར་དུ་མདོ་དབང་གཏད་རྒྱ་དང་བཅས་གནང་བའི་ཚེ་བླ་ཆེན་བྲེས་གཤོངས་པ་གཉགས་སྟོན་ཆོས་རྒྱལ་རྡོ་རྗེ་ཆུང་ངུ་ཞིག་ཡབ་མང་ར་བ་པདྨ་བདུད་འདུལ་གྱིས་ཁྲིད་དེ་རྫོགས་པར་གསན། ཕྱིས་གོང་ར་ལྷུན་གྲུབ་སྡིངས་སུ་ལོ་ཆེན་གཞན་ཕན་རྡོ་རྗེ་དང༌། གཙང་ཐེག་མཆོག་གླིང་དུ་འདུས་པ་དང་ལྷན་ཅིག་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ་བཟང་པོ་ལའང་གསན་ཅིང༌། འདིས་ནི་མངའ་རིས་འོད་གསལ་མཆོག གོང་ར་ལོ་ཆེན། ལྷ་བཙུན་ནམ་མཁའ་འཇིགས་མེད་གསུམ་རྩ་བའི་བླ་མར་འཁུར་ཞིང༌། དེ་སོགས་བླ་མ་དམ་པ་མང་པོ་བསྟེན་ནས་གསན་པ་རྒྱ་ཆེ། རྟེན་ཚངས་སྤྱོད་གྲུབ་པའི་དབང་ཕྱུག་ཆེན་པོའོ། །དེས་རོང་སྨུའི་ཤམ་བྷ་ར་རུ་སྐུ་མཚམས་དམ་པོར་བཅད་དེ་ཡང་ཏིག་ནག་པོའི་ཁྲིད་མཛད་པའི་ཟོལ་གྱིས་གསང་ཁུག་ཏུ་སྨན་ལུང་པ་ཆེན་པོ་ཉང་སྟོན་བློ་མཆོག་རྡོ་རྗེ་ཉིད་ལ་ཆིག་བརྒྱུད་དུ་མདོ་དབང་གཏད་རྒྱ་དང་བཅས་པ་གནང༌། དེའི་གོང་དུ་ལོ་ཆེན་གཞན་ཕན་རྡོ་རྗེ་ལའང་སྒྲུབ་ཆེན་དང་འབྲེལ་བར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གསན་ཅིང་རྩ་བའི་བླ་མ་མཆོག་ཏུ་འཛིན། སྤྱིར་མདོ་སྔགས་རིག་གནས་དང་བཅས་པ་མཁྱེན་ཅིང༌། ཁྱད་པར་ཆོས་དབང་གི་གཏེར་ཆོས་ལ་མཁས། རྒྱལ་མཆོག་ལྔ་པ་ཆེན་པོས་ཏི་ཤྲིར་བཀུར་བ་སོགས་མཁས་གྲུབ་མང་པོའི་གཙུག་རྒྱན་ནོ།།

༈ དེས་སྔ་འགྱུར་བསྟན་པའི་མངའ་བདག་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུར་མདོ་དབང་གཏད་རྒྱ་མན་ངག་ཕྱག་བཞེས་དང་བཅས་པ་མཐའ་རྒྱས་སུ་བསྩལ་ཞིང༌། དམ་པ་འདི་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་རིག་འཛིན་རྗེའི་སྐྱེ་བ་སྤྲུལ་པའི་སྐུ་སྟེ། མོན་མཁར་རྣམ་སྲས་གླིང་དུ་བྱ་ནག་གི་རིགས་ལས་སྡེ་པ་ཀརྨ་ཕུན་ཚོགས་དབང་པོའི་སྲས་སུ་ལྕགས་མོ་སྦྲུལ་གྱི་ལོ་ལ་འཁྲུངས། བྱང་པ་རིག་འཛིན་ངག་གི་དབང་པོའི་སྔོན་རབས་གསལ་བར་སད་པས་དགུང་ལོ་དྲུག་པ་ལ་གོང་མའི་གདན་སར་སྤྱན་དྲངས། བྲི་ཀློག་དང་ཕྲིན་སྒྲུབ་ནས་བཟུང༌། གཞུང་ལུགས་ཀྱི་ཐུགས་སྦྱོང་བར་ཚེགས་མེད་པར་མཁྱེན། ཀུན་མཁྱེན་རྒྱལ་མཆོག་ལྔ་པ་ཆེན་པོར་གཙུག་ཕུད་ཕུལ་ཏེ། མཚན་ཀུན་བཟང་པདྨ་ཕྲིན་ལས་སུ་བསྩལ། ཕྱིས་དེ་ཉིད་ཀྱི་ཞབས་དྲུང་དུ་བསྙེན་པར་རྫོགས་ཤིང་ཟབ་ཆོས་མང་དུ་གསན། གཞན་ཡང་ཟུར་ཆེན་ཆོས་དབྱིངས་རང་གྲོལ། མགོན་པོ་བསོད་ནམས་མཆོག་ལྡན་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས། གསར་རྙིང་གི་དབང་ཁྲིད་བཤད་ལུང་མན་ངག་སོགས་ཆོས་བཀའ་མཐའ་ཡས་པ་ཞིག་ངོམས་པ་མེད་པར་གསན་ཅིང༌། བསམ་བྱུང་གིས་གཏན་ལ་ཕབས་པས་ཐོགས་པ་མེད་པའི་མཁྱེན་རབ་རྒྱས། སྒྲགས་ཡང་རྫོང༌། ཆུ་བོ་རི། གདན་ས་རྡོ་རྗེ་བྲག་ལ་སོགས་པར་སྒོམ་པའི་ཤེས་རབ་ཀྱིས་ཉམས་སུ་བཞེས་པས་བསྐྱེད་རིམ་ལ་བརྟན་པ་ཐོབ། རྫོགས་རིམ་གྱི་ཡེ་ཤེས་ལ་དབང་འབྱོར་བས་མཁས་གྲུབ་ཆེན་པོར་གྱུར་ཏེ། མཁྱེན་བརྩེ་ནུས་པའི་ཕྲིན་ལས་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོ་ལས་ནམ་ཡང་མི་གཡེལ་ཞིང༌། ཁྱད་པར་ཀུན་མཁྱེན་རྒྱལ་བ་ལྔ་པ་མཆོག་གི་ལུང་གིས་བསྐུལ་ཏེ་འདུས་པ་མདོའི་དབང་ཆོག་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བའི་བཀའ་རྩོམ་དང༌། མདོ་དབང་ཡང་ཚར་མང་དུ་མཛད་པ་སོགས་ཀྱིས་མདོའི་བསྟན་པ་ལ་ཕན་པ་ཆེན་པོར་གྱུར། དགུང་གྲངས་བདུན་ཅུ་དོན་བདུན་གྱི་བར་དེ་སྙེད་དུ་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ཅིང་བཀའ་རྩོམ་ཀྱང་བཀའ་གཏེར་གཉིས་ཀའི་ཕྱོགས་སུ་བསྟན་པའི་སྨན་ཡོན་ཆེན་པོར་འགྱུར་བ་པོད་བཅུ་གསུམ་ཙམ་བཞུགས་སོ།།

གཉིས་པ་ཟུར་མའི་བརྒྱུད་པ་ནི། ཁམས་ལུགས་ཏེ་ཀཿཐོག་གི་སྐབས་སུ་བཤད་ཟིན། གསུམ་པ་སྲས་བརྒྱུད་ནི། སྒྲོལ་ཆེན་གྱི་སྲས་སངས་རྒྱས་རིན་ཆེན་གྱིས། ཞང་སྟོན་ནམ་མཁའ་རྡོ་རྗེ་ལ་བརྒྱུད་དེ། འདི་ནི་སྒྲོལ་མ་པ་ཡབ་སྲས་གཉིས་ཀའི་བསླབ་རྫོགས་ཀྱི་སློབ་མ་མཁས་པ་ཞིག་སྟེ། འཇམ་དབྱངས་བསམ་གྲུབ་རྡོ་རྗེ་གཤེགས་པའི་མཆོད་འབུལ་ལ་བུ་ཆེན་གྱི་མཆོག་ཏུ་གྱུར་པའི་བླ་མ་རྣམས་ཀྱིས་དབུ་མཛད་པའི་ཆོག་གྲྭ་བཅུ་བཞི་ཙམ་བསྒྲུབས་པའི་བུ་ཆེན་འདྲེན་དུས་བླ་མ་ཟུར་ཆེན་པ་དང༌། བླ་མ་གནམ་སྡིངས་པ་དང༌། ཞེས་རྣམ་ཐར་དུ་བགྲངས་པ་དེ་ཡིན། ཁྱད་པར་མདོ་དབང་གཏད་རྒྱ་བཤད་པ་གདམས་ངག་དང་བཅས་པ་སྲས་སངས་རྒྱས་རིན་ཆེན་ལས་བདེ་ཆེན་སྒྲོལ་མ་རུ་གསན། རྒྱུད་ལུང་མན་ངག་སྒྲུབ་སྡེ་དང་བཅས་པ་ཐམས་ཅད་ལ་མཁས། རྟ་ནག་གནམ་སྡིངས་ཀྱི་སྒྲུབ་ཁང་དུ་ཉམས་ལེན་ལ་གཙོ་བོར་བསྒྲིལ་བས་རླུང་སེམས་ལ་བརྟན་པ་ཐོབ། བསྐྱེད་རྫོགས་ཀྱི་དགོངས་པ་མངོན་དུ་གྱུར། ཕྲིན་ལས་བཞི་ལ་དབང་འབྱོར་བས་གདུལ་བྱའི་དོན་མཛད་དོ། །དེས་མཁས་གྲུབ་ཤ་མི་རྡོ་རྗེ་རྒྱལ་མཚན་ལ་གནམ་སྡིངས་དཔལ་གྱི་སྒྲུབ་ཁང་དུ་དབང་བསྐུར་ཞིང་བཤད་པ་གདམས་ངག་དང་བཅས་པ་གནང༌། དབེན་གནས་བདེ་ཆེན་དུ་སྒྲུབ་པ་ལ་བཞུགས་པས་བསྐྱེད་རིམ་ལ་བརྟན་པ་ཐོབ་སྟེ་ལས་བཞི་ཐོགས་མེད་དུ་གྲུབ། རྫོགས་རིམ་གྱི་ཉམས་རྟོགས་མཐར་ཕྱིན། བཤད་སྒྲུབ་གཉིས་ཀའི་ཕྱོགས་ནས་བསྟན་པའི་དོན་མཛད་དོ།།

༈ དེས་རིག་འཛིན་གཡུ་འབྲུག་རྡོ་རྗེ་ལ་བདེ་ཆེན་གྱི་སྒྲུབ་གནས་སུ་འདུས་པ་མདོའི་དབང་གཏད་རྒྱ་དང་བཅས་རྫོགས་པར་བསྐུར་ཞིང༌། བཤད་པ་དང་གདམས་ངག་ཀྱང་བསྩལ། འོན་དང་རྡོ་སོགས་དབུས་རིའི་དབེན་གནས་རྣམས་དང་གཙོ་བོར་གཡས་རུ་རྟ་ནག་གི་ལ་རྒུ་རྔོས་དགོན་དུ་ཉམས་ལེན་ཆིག་སྒྲིལ་གྱིས་བཞུགས་པས་བླ་མ་སྒྲུབ་ཆེན་པ་ཞེས་ཀྱང་མཚན་དུ་གྲགས། ཉམས་རྟོགས་མཐར་ཕྱིན་པ་བརྙེས། བྱིན་རླབས་མཛད་པ་ཙམ་གྱིས་ནད་གདོན་ལས་གྲོལ་བ་སོགས་མཐུ་སྟོབས་ནུས་པའི་རྩལ་ཐོན། དགུང་ལོ་ཡང་ཤིན་ཏུ་སྨིན་པར་བཞུགས་ཏེ་དབེན་པར་ཉམས་ལེན་དང་སྦྲགས་ནས་ཐར་འདོད་ཀྱི་གདུལ་བྱ་སྐལ་ལྡན་རྣམས་སྨིན་གྲོལ་ལ་འགོད་པར་མཛད་དོ།།

༈ དེས་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པ་མཁས་གྲུབ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གཏད་རྒྱ་བཤད་པ་གདམས་ངག་ཕྱག་བཞེས་དང་བཅས་པ་བསྩལ། འདི་ནི་གཙང་གཡས་རུའི་ཐག་གདོང་ཁར་དུ་ལྡོང་གི་རིགས་སུ་འཁྲུངས། ཆུང་ངུ་ནས་ཐ་སྙད་ཀྱི་རིག་པ་རྣམས་ཚེགས་མེད་པར་མཁྱེན་ཅིང༌། ཁྱད་པར་གསོ་རིག་ལ་མཁས། གཞོན་ནུའི་དུས་སྡེ་པ་གདོང་ཁར་བའི་ཞབས་ཕྱིར་བཞུགས་པས་མཚན་གདོང་ཁར་འཚོ་བྱེད་དུ་གྲགས། དར་ལ་བབས་པ་ན་རིགས་སད་དེ་རབ་ཏུ་བྱུང་ནས། བླ་ཆེན་རྡོ་རྗེ་འཆང་གྲགས་པ་རིན་ཆེན། ཡོངས་འཛིན་ངག་དབང་གྲགས་པ། པད་གླིང་ཐུགས་སྲས་ཟླ་བ་རྒྱལ་མཚན། གཏེར་སྟོན་ཞིག་པོ་གླིང་པ། སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེེགས་པ་རྡོ་རྗེ་སེང་གེ་སོགས་མཁས་གྲུབ་ཀྱི་བླ་མ་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ། ཆོས་ཀྱི་སྒོ་མཐའ་ཡས་པ་ཞིག་ངོམས་པ་མེད་པར་གསན། དེ་ཡང་གསན་ལོ་ཙམ་དུ་མ་བཞག་པར་སྒྲོ་འདོགས་ཆོད་པར་མཛད་ནས། འདུ་འཛི་དང་གཡེང་བས་མི་འཕྲོག་པར་ཉམས་བཞེས་ལ་འབད་པས་ཐོས་བསམ་སྒོམ་གསུམ་ལ་གཅིག་ཅར་དུ་གྲུབ། དེའི་མཐུས་ཉམས་རྟོགས་དང་མཁྱེན་རབ་ཀྱི་ཀློང་ནང་ནས་རྡོལ་ཏེ། མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་ཆོས་གང་ལའང་ཐོགས་པ་མེད་པའི་མཁྱེན་རབ་རྒྱས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། རྩ་རླུང་ཐིག་ལེའི་འགྲོས་དབུ་མར་ཐིམ། རྨི་ལམ་སྦྱང་སྤེལ་སྤྲུལ་སྒྱུར་ལ་དབང་འབྱོར་བས་དག་པའི་ཞིང་བགྲོད་ནས་སངས་རྒྱས་དང་བྱང་སེམས་མང་པོའི་ཞལ་མཇལ་ཞིང་ལུང་བསྟན་ཐོབ། ནུས་པས་བོད་ཕུང་བྱེད་ཀྱི་འབྱུང་པོ་དང་མཐའ་དམག་གདུག་པ་ཅན་རྣམས་ཚར་གཅོད་པ་དང༌། བསྲུང་ཞིང་བཟློག་པའི་རྟགས་འཕྲལ་དུ་ཐོན་པས་སྙན་གྲགས་ཀྱིས་ཀུན་ཏུ་ཁྱབ། སྐུ་ཚེའི་སྨད་ལ་ཉང་སྨད་སྐྱིད་སྦུག་ཏུ་བཞུགས་ནས་འོད་གསལ་རྡོ་རྗེ་སྙིང་པོའི་དགོངས་པ་ལས་མ་གཡོས་བཞིན་དུ་དབང་བཀའ་བཤད་ལུང་ཟབ་ཁྲིད་སོགས་གདུལ་བྱའི་དབང་པོ་དང་འཚམས་པའི་ཆོས་འཆད་སྤེལ་རྒྱུན་ཆགས་སུ་མཛད་པས་སོ་སོའི་རེ་བ་སྐོང་ཞིང༌། རྣམ་བཤད་སྒྲུབ་ཡིག་ཆོག་ཕྲིན་ཕྱག་བཞེས་ཆོས་འབྱུང་རྩོད་ལན་སོགས་ཀྱི་རྩོམ་པ་དང༌། གསེར་པོད་ཀྱི་རྒྱུད་བཅུ་བདུན། བི་མ་སྙིང་ཐིག བདེ་འདུས་སོགས་ཀྱིས་མཚོན་བཀའ་གཏེར་གྱི་གླེགས་བམ་དུ་མ་བཞེངས་པ་ལ་སོགས་ཏེ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་སྔ་འགྱུར་གྱི་བསྟན་པ་གསལ་ཞིང་རྒྱས་པར་མཛད། འདིས་འཆི་བ་བརྟགས་བསླུའི་ཡི་གེ་དེ་དགུང་ལོ་བདུན་ཅུ་དོན་གསུམ་པ་ལ་མཛད་པར་གསལ་བས་སྐུ་ཚེ་ཡང་རིང་པོར་བཞུགས་པར་མངོན་ནོ།།

༈ དེས་གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ་ལ་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གཏད་རྒྱ་བཤད་པ་གདམས་ངག་ཕྱག་བཞེས་དང་བཅས་པ་གནང་ཞིང༌། དམ་པ་འདི་ནི་གནུབས་ཁྲོ་ཕུ་པའི་རིགས་རྟོགས་ལྡན་ཆོས་ཉིད་རང་གྲོལ་གྱི་ཡང་ཚ་ལོ་ཆེན་ངག་གི་དབང་པོའི་གཅུང་དབོན་ཆེན་ཞེས་པའི་སྲས་སུ་ཤིང་ཕོ་རྟའི་ལོ་ལ་འབྲས་ཡུལ་བཀྲ་ཤིས་གླིང་དུ་འཁྲུངས། བྱིས་པའི་དུས་ཐུགས་རྒོད་ཅིང་བརྟུལ་ཞུགས་ཆེ་བས་སུ་ལའང་མི་འཇིགས་པའི་སྤོབས་པ་མཐོ། ཆུང་ངུ་ནས་ཆགས་བྲལ་གྱི་རྟེན་ལ་འདུན་པ་ལྟར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་དྲུང་དུ་དགུང་ལོ་བཅུ་གཉིས་པ་ལ་དགེ་ཚུལ་དང༌། ཉེར་གཅིག་པ་ལ་བསྙེན་རྫོགས་བཞེས་ནས་སྐུ་བཙུན་པའི་མཆོག་ཏུ་གྱུར། རང་གི་ཁུ་བོ་ལོ་ཆེན་ཞྭ་དམར་བས་རིག་གནས་ཀྱི་སློབ་དཔོན་དུ་སྤྱན་དྲངས་པའི་ཕྱག་ཕྱིར་འབྲངས་ཏེ། སྒྲ་ཀ་ལཱ་པ། སྙན་ངག་མེ་ལོང༌། སྡེབ་སྦྱོར། སྐར་རྩིས། རྒྱ་བོད་ཀྱི་ཡིག་སྣ་སོགས་བརྡ་སྤྲོད་ཡན་ལག་དང་བཅས་པ་མཁས་པར་སྦྱངས། ཆོས་རྗེ་ཉིད་དང་རིན་པོ་ཆེ་སྨྲ་སེང་སོགས་ལས་མཚན་ཉིད་ཀྱི་གཞུང་ཅི་རིགས་པའང་སློབ་པར་མཛད་ཅིང་ཆོས་གསུངས་པ་རྣམས་ཀྱང་ཞར་ཆོས་སུ་གསན། ཁྱད་པར་རང་གི་ཁུ་བོ་ལོ་ཆེན་ངག་གི་དབང་པོ། མཁས་གྲུབ་བློ་གྲོས་རྒྱལ་མཚན། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། སྙི་ཕུ་བ་རིག་འཛིན་སྙིང་པོ། རྩེ་ལེ་པདྨ་ལེགས་གྲུབ། ཀཿཐོག་པ་པདྨ་བློ་གྲོས། ཡོན་དོ་པ་བཀྲ་ཤིས་ལྷུན་གྲུབ་སོགས་སྐྱེས་ཆེན་མང་པོ་བསྟེན་ནས། སྔ་འགྱུར་བཀའ་གཏེར་གྱི་ཆོས་དཔག་ཏུ་མེད་པ་གསན་ཅིང་སྒྲོ་འདོགས་ཆོད་པར་སྦྱངས། བསྐྱེད་རྫོགས་ཀྱི་སྒོམ་སྒྲུབ་ལ་བརྩོན་པར་མཛད་པས་ཉམས་རྟོགས་མཐར་ཕྱིན། འཇིག་རྟེན་ཆོས་བརྒྱད་ཀྱི་འདུ་འཛིས་མ་གོས་པར་རྗེས་སུ་འབྲང་བ་ཐམས་ཅད་ཀྱང་དམ་པའི་ཆོས་ལ་ངང་གིས་སྤྱོད། རྙིང་མ་རྒྱུད་འབུམ་ཚར་གསུམ་བཞེངས་པའི་དང་པོ་གཉིས་བསྟན་རྒྱུན་ལ་དགོངས་ནས་ཁམས་དང་ཀོང་ཡུལ་དུ་སྐྱེལ་བར་མཛད་པས་མཚོན་འགྲོ་དོན་ནུས་པ་ལ་ཕྱག་དཔེ་སོགས་ཕྱག་ན་གང་ཡོད་བསྩལ་ཞིང་མེད་ནའང་སྒྲུབ་པའི་རྒྱུའི་དངོས་པོ་ལྷུག་པར་གཏོང༌། རྙིང་རྒྱུད་ཀྱི་ལུང་རྒྱུན་ཡང་རྗེ་འདི་ལས་ཁམས་དབུས་སུ་ཁྱབ་པས་བསྟན་པ་ལ་སྐུ་དྲིན་ཆེ། མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཕྲིན་རྒྱུན་མི་འཆད་པས་གདུལ་བྱའི་རེ་བ་རྫོགས་པར་མཛད་ཅིང༌། ཆོས་ཉན་པ་རྣམས་ལ་འཚོ་བས་ཀྱང་རྟག་ཏུ་སྐྱོང༌། མདོར་ན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་མཐོ་ཞིང༌། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་ངང་ནས། དགུང་ལོ་རེ་གཅིག་བཞེས་པ་དགུང་ཀེག་གི་ཐོག་ཏུ་ཞི་བའི་དབྱིངས་སུ་གཤེགས་སོ།།

༈ དེས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཡང་སྲིད་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ་བརྒྱུད་དེ། འདི་ནི་ཡབ་མྱོས་སྟོན་མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན་གྱི་སྲས་སུ་ལྕགས་མོ་ཕག་གི་ལོ་ལ་ཆག་བྱང་ཆུབ་གླིང་དུ་འཁྲུངས། དགུང་ལོ་ལྔ་ནས་བྲི་ཀློག་གཉིས་ཀ་བྱང་བར་མཁྱེན། བརྒྱད་ལ་ཡབ་རྗེའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་གསན། མཚན་ཨོ་རྒྱན་ཚེ་འཕེལ་དུ་གསོལ། དེ་ནས་བརྩམས་ཏེ་ཕྲིན་སྒྲུབ་ཕྱག་ལེན་གྱི་སྐོར་མཁྱེན་ནས་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་དང༌། སྒྲ་རྩིས་སོགས་ཐ་སྙད་ལའང་སྦྱངས་པས་བློ་གྲོས་ཀྱི་མཐུ་ཐོབ། ཁྱད་པར་ཡབ་རྗེ་ལས་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་སོགས་བཀའ་གཏེར་གྱི་དབང་ཁྲིད་བཤད་ལུང་དུ་མ་གསན་ཅིང་བསམ་སྒོམ་གྱིས་གཏན་ལ་ཕབ། སྐྱེས་ཆེན་གཙུག་ལག་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་མཚན་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོར་བསྩལ། གསུང་ཆོས་ཀྱང་ཅི་རིགས་པ་གསན། གཞན་ཡང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ལོ་ཆེན་གཞན་ཕན་རྡོ་རྗེ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། རྫོགས་ཆེན་པ་འབྲུག་སྒྲ་བཟང་པོ། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཟུར་ཆོས་དབྱིངས་རང་གྲོལ། འཁྲུལ་ཞིག་ནོར་བུ་ཆོས་བརྟན་སོགས་རྙིང་མ་དང༌། རྒྱལ་ཚབ་གྲགས་པ་མཆོག་དབྱངས། མགོན་པོ་བསོད་ནམས་མཆོག་ལྡན་སོགས་གསར་མ་སྟེ། གསར་རྙིང་གི་བླ་མ་དམ་པ་སུམ་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་ངོམས་པ་མེད་པར་གསན་ཅིང༌། བྱེ་བྲག་འདུས་པ་མདོའི་དབང་ནི་དགུང་ལོ་བརྒྱད་པ་ལ་སྔགས་འཆང་ཀུན་བཟང་དཔལ་འབྱོར་བྱང་ཆུབ་གླིང་དུ་སྤྱན་དྲངས་ཏེ་ཡབ་རྗེ་དང་ལྷན་དུ་ཟུར་ལུགས་དང་ཁམས་ལུགས་གཉིས་ཀ་གསན། ཉེར་གཅིག་པ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་ལས་ཁམས་ལུགས་ཀྱི་ཡི་གེའི་སྟེང་ནས་གསན། ཉི་ཤུ་རྩ་དགུ་པ་ས་ཡོས་ཧོར་ཟླ་བཞི་པ་ལ་གོང་ར་ལྷུན་གྲུབ་སྡིངས་སུ་མ་ཧཱ་ལོ་ཙཱ་བ་གཞན་ཕན་རྡོ་རྗེའི་དྲུང་དུ་འདུས་པ་མདོའི་རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་ཐམས་ཅད་རྡུལ་ཚོན་གྱིས་བཞེངས་པར། གཉལ་པ་བདེ་ལེགས་པའི་ཡི་གེའི་སྟེང་ནས་ཆུ་བོ་བཞིའི་དབང་གཏད་རྒྱ་སྒོམ་རིམ་མན་ངག་དང་བཅས་པ་སྒྲུབ་ཆེན་གྱི་ལས་རིམ་དང་འབྲེལ་བར་ཞག་བཅུ་བདུན་གྱི་ཁོངས་སུ་རྫོགས་པར་གསན། གོང་ལོ་དེ་ཉིད་སྐལ་ལྡན་ལ་ཆོས་སྦྱིན་ལྷག་པར་བསྩལ་བ་ལས། འམ་བུ་ཆོས་མི་འཚོང་གསུངས་ནས་སུའི་ཡང་ཆོས་ཡོན་མི་བཞེས་པར་ཕྱིར་སློག་པར་མཛད་ནའང༌། རྗེ་འདིས་དབང་བུམ་གྲྭ་ཚར་དགུ་ཕུལ་བ་མཉེས་མཉེས་ཀྱིས་བདག་གིར་མཛད་ཅེས་གྲགས་ཏེ། དབང་གི་ཆུ་བོའི་སྣོད་དུ་གཟིགས་ཤིང་བསྟན་པ་སྤེལ་བའི་རྟེན་འབྲེལ་སྒྲིག་བྱེད་ཀྱི་བརྡ་ཐབས་བསྟན་པར་མངོན། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ཡིན་ལུགས་སུ་བཅད་ནས། དབེན་པའི་གནས་དུ་མར་སྙིང་པོའི་ལམ་སྲོལ་ཇི་བཞིན་པ་ཐུགས་ཉམས་སུ་བཞེས་པས། མ་དག་པའི་སྣང་བ་འགོག་ནུས་པའི་བསྐྱེད་རིམ་གྱི་གསལ་སྣང་ལ་རེག་མཐོང་གི་མཚན་མ་ཐོབ་སྟེ་ཕྲིན་ལས་གང་བརྩམས་ཐོགས་མེད་དུ་གྲུབ། རྫོགས་རིམ་ཀ་དག་གཞི་རྫོགས་འཕོ་འགྱུར་མེད་པའི་གནས་ལུགས་ཇི་ལྟ་བ་ཉིད་རྟོགས་པས་འཁོར་འདས་བདེན་འཛིན་གྱི་འཁྲི་བ་ཆད། སྣང་སྲིད་ལྷུན་གྲུབ་འོད་གསལ་གྱི་ཀློང་དུ་དེངས་པས་ཡི་དམ་གྱི་ལྷ་དུ་མའི་གཟིགས་སྣང་ཤར་ཞིང་ལུང་བསྟན་ཐོབ། རང་དོན་ཡིད་བྱེད་ཀྱི་འཛིན་པ་ཞིག་པས་གཞན་ཕན་མཁའ་ཁྱབ་ཀྱི་ཐུགས་རྗེ་རྩོལ་མེད་ཤུགས་འབྱུང་གི་སྒོ་ནས། ཐར་པ་དོན་གཉེར་གྱི་སྐལ་ལྡན་མཆོག་དམན་མང་པོར་བཤད་སྒྲུབ་ཀྱི་ཆོས་འཁོར་རྒྱུན་ཆགས་སུ་བསྐོར་བས་བསྟན་འགྲོའི་ཕན་བདེ་རྒྱས་པར་མཛད་ཅིང༌། ཁྱད་པར་སྐུ་གསུང་ཐུགས་ཀྱི་སྲས་མཆོག་གཏེར་ཆེན་འགྱུར་མེད་རྡོ་རྗེ་ལ་ཟབ་རྒྱས་ཀྱི་ཆོས་ཐམས་ཅད་ཚང་སྤྲུགས་སུ་བསྩལ་ཏེ་རྒྱལ་ཚབ་ཏུ་མངའ་དབང་བསྐུར་ནས། དགུང་ལོ་ང་གཉིས་པ་ཆུ་སྟག་དབོ་ཟླའི་ཉེར་གཉིས་ལ་དབུ་གཙུག་ཕྱུར་བུར་འཕར་བ་ལས་ཟླ་བའི་ཟིལ་པ་སྐྱ་ཆིལ་ལེ་བ་དང་སྤོས་དུད་ལྟ་བུའི་རླངས་པ་འཕྲོ་བཞིན་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ།།

༈ དེས་ལོ་ཆེན་ཆོས་རྒྱལ་བསྟན་འཛིན་རྗེས་སུ་བཟུང་སྟེ། འདི་ནི་ཨེ་འདམ་སྔོན་པོ་གྲོང་སྨད་དུ་ལྕགས་ལུག་ལ་འཁྲུངས། སྐུ་ཚེ་སྔ་མའི་བག་ཆགས་གསལ་བས་གྲྭ་རིགས་རྣམས་ཀྱིས་བདག་སྤྲད་དེ་དྭགས་སྟོད་གླིང་སོགས་གོང་མའི་དགོན་པ་རྣམས་སུ་སྤྱན་དྲངས། འབྲི་ཀློག་དང་ཆོག་ཕྲིན་རྣམས་ཚེགས་མེད་པར་ཐུགས་སུ་ཆུད་ནས། འཕྱོང་རྒྱས་དཔལ་རི་གྲྭ་ཚང་དུ་ཐུགས་གཉེར་ལ་བྱོན། གདན་ས་བ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་ཞིང༌། མཚན་ཆོས་རྒྱལ་བསྟན་འཛིན་དུ་གསོལ། དབང་ལུང་ཡང་ཅི་རིགས་པ་གསན། དགོངས་འདུས་ལ་སོགས་པའི་ཆོ་གའི་ཚིག་འཛིན་དང༌། དེ་དག་གི་བྲི་ཐིག་བཅའ་དབྱངས་སོགས་ནས་བརྩམས་ཏེ། ཀུན་མཁྱེན་ཆེན་པོའི་བསྟན་བཅོས་སེམས་ཉིད་ངལ་གསོ་རྩ་འགྲེལ་རྣམས་ལ་སྦྱངས། དེར་གནུབས་སྟོན་གྲགས་པ་དབང་པོ་ལས་ཡང་བཟློག་དང་ལོཀྟྲི་སོགས་དྲག་སྔགས་ཀྱི་ལག་ལེན་དང་རྩིས་དཀར་ནག་ཀྱང་བསླབ། དགུང་ལོ་བཅོ་བརྒྱད་པ་ས་ཕོ་བྱི་བའི་ལོར་གྲྭ་སའི་དགེ་བསྐོས་མཛད་པས་ནོན་ཆེ་བའི་དཔེར་འཇོག་པ་བྱུང་ཞིང༌། ལོ་དེའི་ནང་དུ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་འཕྱོང་རྒྱས་དཔལ་རིར་སྤྱན་དྲངས་ཏེ། སྤྲུལ་པའི་སྐུ་མཆོག་ཕྲིན་ལས་རྣམ་རྒྱལ་གྱིས་དབུས་གྲྭ་ཚང་ཡོངས་ལ་འདུས་པ་མདོའི་དབང་བསྐུར་གདམས་ངག་གཏད་རྒྱ་དང་བཅས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྒྲུབ་ཆེན་དང་འབྲེལ་བར་ཟུར་ལུགས་དང༌། ཞར་བྱུང་དཔོན་སློབ་ཉུང་འདུས་ལ་རས་བྲིས་ཀྱི་སྟེང་ནས་ཁམས་ལུགས་གཉིས་སྩལ་བའི་ཚེ་ལྷན་ཅིག་ཏུ་གསན་ཅིང༌། ཕྱིས་སུའང་གནས་དུས་ཅི་རིགས་པར་བཀའ་བརྒྱད་བདེ་འདུས། དགོངས་འདུས། བི་མ་སྙིང་ཐིག ཞིག་གླིང་གི་གཏེར་ཆོས་སོགས་མང་དུ་གསན། གཞན་ཡང་ལྷ་བཙུན་ནམ་མཁའ་འཇིགས་མེད། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་སོགས་མཁས་གྲུབ་ཀྱི་བླ་མ་དམ་པ་མང་དུ་བསྟེན་ནས་བཀའ་གཏེར་གྱི་དབང་ལུང་ཁྲིད་བཀའ་དུ་མ་དང༌། རྒྱ་རི་དཔོན་སའི་ལུང་གིས་བསྐུལ་བས་གོང་རར་ཐེགས་ཏེ་ཉང་སྟོན་བློ་མཆོག་རྡོ་རྗེ་ལས། སྒྲ་ཀ་ལཱ་པ་དང༌། སྙན་ངག སྡེབ་སྦྱོར་སོགས་བརྡ་སྤྲོད་ཡན་ལག་དང་བཅས་པ་གསན་ཏེ་མཁྱེན་པར་མཛད། དེ་ལྟར་གསན་པ་རྫོགས་རྗེས་ཨེ་མཐོང་སྨན་དང་མཚོ་མེད་སྟེང་དུའང་ཅི་རིགས་བཞུགས་ཤིང༌། གཙོ་བོར་དྭགས་སྟོད་གླིང་གི་དགོན་པར་སྟན་འཇགས་ཏེ་སྦས་ཚུལ་གྱིས་བསྙེན་སྒྲུབ་ལ་བརྩོན་པར་མཛད་པས་ཉམས་རྟོགས་བཟང་པོ་འཁྲུངས། སྲུང་མ་ལས་ལ་ཁོལ་བའི་མཐུ་རྟགས་ནར་མར་འོང་བས་ཡུལ་དེ་དག་གི་གྲོང་པ་རྣམས་ཀྱང་བླ་མ་གླིང་པའི་བཀའ་དང་འགལ་ན་ཆོས་སྐྱོང་གི་བཀའ་ཆད་འོང་ཞེས་འཇིགས་པར་བྱེད། ཁྱད་པར་དགུང་ལོ་སོ་གཉིས་པ་ཆུ་སྟག་ལོར་དར་གླིང་དུ་ཕེབས་ཏེ་གཏེར་ཆེན་འགྱུར་མེད་རྡོ་རྗེ་ལས་པད་གླིང་གི་ཆོས་བཀའ་འགའ་ཞིག་གསན། དེ་དུས་ཡབ་རྗེ་ནས་གསན་པའི་མདོའི་དབང་རྒྱུན་ཕྱག་བཞེས་དང་བཅས་པ་རྣམ་པར་དག་པ་འདུག་པར་མཁྱེན་ཏེ། ཕྱིས་གདན་སར་སྤྱན་འདྲེན་གནང་བ་ལྟར་བྱོན་ནས་གཏེར་ཆེན་རིན་པོ་ཆེ་ལ་མདོའི་དབང་འབུལ་བར་མཛད་པས་སྔ་འགྱུར་གྱི་བསྟན་པ་ལ་ཕན་པ་བླ་ན་མེད་པར་གྱུར། དགུང་ལོ་དོན་བརྒྱད་པ་ས་བྱི་ཧོར་ཟླ་བཞི་པ་ལ་དྭགས་སྟོད་གླིང་གི་དགོན་པར་སྐུ་གཤེགས་སོ། །དེའང་བཀའ་མའི་ཕྱོགས་སུ་ཟུར་མེས་དབོན་གསུམ་ལས་སློབ་མའི་རྣམ་གྲངས་ཇི་ལྟར་མཆེད་པ་ཤར་གྱིས་བཏབ་པ་དང༌། དེ་དག་ལས་མཆེད་པའང་གྲངས་མེད་པས་གང་གི་རིང་ལ་དར་རྒྱས་སུ་མཛད་པ་གསང་བདག་སྒྲོ་ཕུག་པ་ཆེན་པོ་དེ་གངས་རིའི་ཁྲོད་ན་གསང་བའི་བདག་པོ་སྔགས་ཀྱི་བསྟན་པ་སྤེལ་བའི་སླད་དུ་བྱོན་ཏོ་ཞེས་གྲགས་པ་དོན་དང་ལྡན་པ་ཉིད་དོ།།

༈ དུས་ཕྱིས་ནི་སྙིགས་མའི་རྒུད་པ་སྟོབས་སུ་གྱུར་པས་སྔ་འགྱུར་གྱི་བསྟན་པ་བགས་ཀྱིས་ཉག་ཕྲ་བ་སྟོན་གྱི་ཆུ་བྲན་བཞིན་བལྟར་མི་མངོན་པའི་གནས་སྐབས་སུ། གངས་ཅན་པ་རྣམས་ཀྱི་གཙུག་རྒྱན་སློབ་དཔོན་ཆེན་པོ་དང༌། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོའི་ཐུགས་བསྐྱེད་ཕྲག་པར་ཁྱེར་བས། ཕྱོགས་མཐའ་དག་ནས་གདམས་པའི་ཆུ་རྒྱུན་ཕྲ་མོ་ཐམས་ཅད་བསྡུས་ཏེ་བསྟན་པའི་ཆུ་གཏེར་ཆེན་པོ་འཛད་མེད་དུ་བསྐྱིལ་བས་མདོ་སྒྱུ་སེམས་གསུམ་གྱི་རིང་ལུགས་མི་ནུབ་པའི་རྒྱལ་མཚན་ཆེན་པོ་གསར་དུ་སློང་བར་བྱེད་པ་པོ་ནི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་དང༌། ལོ་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་དཔལ་ཡབ་སྲས་སློབ་མའི་ཚོགས་དང་བཅས་པ་སྟེ། གཏེར་ཆེན་མཆོག་གི་རྣམ་ཐར་མདོ་ཙམ་འོག་ཏུ་འཆད་པར་འགྱུར་ལ།

བསྟན་པའི་ཉི་མ་ལོ་ཆེན་དྷརྨ་ཤྲཱི་ནི། གཏེར་ཆེན་རིན་པོ་ཆེའི་གཅུང་དུ་ཤིང་ཕོ་རྟའི་ལོ་ལ་སྐུ་འཁྲུངས། རྗེ་གཏེར་ཆེན་བླ་མའི་དྲུང་ནས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ནོད་ཅིང་མཚན་བསྟན་འཛིན་འཇམ་དབྱངས་དབང་པོར་གསོལ། དགུང་གྲངས་བཅོ་ལྔ་པ་ལ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་སྟེ། མཚན་ངག་དབང་ཆོས་དཔལ་ཞེས་དགེ་ཚུལ་གྱི་སྡོམ་པ་དང༌། དགུང་གྲངས་ཉི་ཤུ་པར་སླར་ཡང་མཁན་པོ་དེ་ཉིད་ལས་བསྙེན་པར་རྫོགས། ཕྱིས་སུ་གོང་མའི་ལུང་གིས་བསྐུལ་བ་བཞིན་ཁ་རབ་ཞལ་སྔ་ནས་དཀོན་མཆོག་བསྟན་འཛིན་ལས་སླར་ཡང་སྔ་འགྱུར་སྨད་འདུལ་གྱི་སྡོམ་རྒྱུན་རྣམ་པར་དག་པ་བཞེས། རྗེ་གཏེར་ཆེན་བླ་མ་ལས་བཀའ་སྲོལ་གསུམ་གྱི་བྱང་སྡོམ་ཐུགས་བསྐྱེད་དང༌། སྔར་དགུང་གྲངས་བཅུ་གཉིས་པར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རིག་འཛིན་ཐུགས་ཐིག་གི་དབང་གསན་པས་ཐུགས་རྒྱུད་སྨིན་པར་མཛད་ཅིང༌། རྗེས་སུ་ཐོབ་པའི་སོ་བྱང་གི་སྡོམ་པ་གཉིས་པོ་དེ་ཡང་སྔ་མའི་སྔགས་ཀྱི་ཚུལ་ཁྲིམས་ལས་ཕྱེ་བའི་དེ་དང་དེའི་སྡོམ་པའི་ངོ་བོར་སྐྱེས་པས་ཐུགས་རྒྱུད་ལེགས་པར་བསྡམས། ཡི་གེ་འབྲི་ཀློག་དང་ཆོག་ཕྲིན་རྣམས་བྱང་ཆུབ་པར་མཛད། དགུང་གྲངས་བཅུ་དྲུག་པར་གུང་ཐང་པཎ་ཆེན་བཤེས་གཉེན་རྣམ་རྒྱལ་ལས་སྒྲ་ཀ་ལཱ་པ་དང་སྡེབ་སྦྱོར་ཡོངས་རྫོགས་ཀྱི་བཤད་པ། ལཉྪ་དང་ཝརྟུ་ལ་སོགས་ཡིག་རིགས་རྣམས་དང་སུམ་རྟགས་ཀྱི་བཤད་པ་སོགས་བརྡ་སྤྲོད་ཡན་ལག་དང་བཅས་པ། ལྡུམ་པ་དོན་གྲུབ་དབང་རྒྱལ་གྱི་དྲུང་ནས་རྩིས་དཀར་ནག་དབྱངས་འཆར་སོགས། སྟག་ལུང་སྒྲ་པ་ལས་ས་ར་སྭསྟིའི་རི་མོ་དང༌། ཙནྡྲ་པའི་ཡི་གེ་བསྡུ་བ་དང་ཏིང་མཐའ་སོགས་ཀྱི་བཤད་པ་དང་སྡེབ་སྦྱོར་ཡང་པའི་བྱ་བ། གཏེར་ཆེན་བླ་མ་ལས་སྙན་ངག་མེ་ལོང་གི་བཤད་པ་དང༌། སྔ་འགྱུར་རང་ལུགས་ཀྱི་གར་ཐིག་དབྱངས་གསུམ་རྣམས་ཀྱང་དཔྱིས་ཕྱིན་པར་གསན། གཅེན་རྒྱལ་སྲས་བསྟན་པའི་ཉི་མ་ལས་འདུལ་བའི་ལག་ལེན་དང་བརྡ་ཆད་ལ་མཁས་པར་མཛད། སེམས་ཉིད་ངལ་གསོ་དང་འདུལ་བ་ལུང་རིགས་གཏེར་མཛོད་ལ་སོགས་གཞུང་ཕལ་ཆེར་བཟུང་བ་ཙམ་གྱིས་གོ་དོན་ཐོགས་མེད་དུ་ཤར། དགེ་བའི་བཤེས་གཉེན་སངས་རྒྱས་ཆོས་དར་ལས་འདུལ་མངོན་ཕར་ཕྱིན་རྣམས་ཀྱི་བཤད་པ། གུང་ཐང་པཎ་ཆེན་ལས་དབུ་མའི་སྟོང་ཐུན་དང་འདུལ་བ་སུམ་བརྒྱ་པའི་བཤད་པ། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་ལས་ཟབ་མོ་ནང་དོན་གྱི་བཤད་པ་རྣམས་དང༌། རྗེ་བླ་མའི་དྲུང་ནས་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང༌། ཟུར་པ་ཡབ་སྲས། རོང་ཟོམ་ཆེན་པོ་རྣམས་ཀྱི་གསུང་རབ་མང་དུ་ཐོས་པས་རྒྱུད་གྲོལ་ཏེ་ཐོས་བསམ་གང་བྱས་ཁ་ཕྱིར་བལྟས་སུ་མ་སོང་བར་རྒྱུད་ཐོག་ཏུ་དྲིལ་ཐུབ་པའི་བཀའ་དྲིན་ཐོབ་པ་ཡིན་གསུངས། ཁྱད་པར་གཏེར་ཆེན་བླ་མ་ལས་གསང་བ་སྙིང་པོའི་འགྲེལ་པ་སྤར་ཁབ་དང་གཡུང་ཊཱིཀ་སྦྱར་བའི་གསུང་བཤད་གསན་པས་རྒྱུད་དངོས་སྦས་ཀྱི་དོན་ཐམས་ཅད་གཏིང་སླེབས་ཤིང༌། སྔ་འགྱུར་མདོ་སྒྱུ་སེམས་གསུམ་སོགས་རྒྱུད་སྡེ་དང་སྒྲུབ་སྡེའི་དབང་བཀའ་བཤད་ལུང་མན་ངག་གི་བཀའ་བཞུགས་སོ་ཅོག་དང་གཏེར་མའི་སྐོར་ལ་གཏེར་ཁ་གོང་འོག་གི་གཙོས་གཏེར་སྟོན་གྲགས་ཆེ་བ་ཕལ་མོའི་ཆེའི་གཏེར་ཆོས་ཀྱི་དབང་ལུང་མན་ངག་ཇི་སྙེད་པ་དང༌། དེ་དག་གི་རྩ་བར་གྱུར་པ་རྙིང་མ་རྒྱུད་འབུམ་གྱི་ལུང་ཡོངས་རྫོགས་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན། གཞན་ཡང་རིག་འཛིན་པདྨ་ཕྲིན་ལས་ལས་དུས་འཁོར་ཡོངས་རྫོགས་ཀྱི་དབང་དང་སྒྱུ་འཕྲུལ་ཞི་ཁྲོའི་དབང་གིས་མཚོན་གསར་རྙིང་རིས་བྲལ་གྱི་ཡོངས་འཛིན་བཅུ་ཕྲག་གཉིས་ལས་སོ་སོའི་བཀའ་སྲོལ་ཐ་དད་པའི་ཆོས་ཚུལ་རྒྱ་མཚོ་ཙམ་ལ་གསན་བསམ་བསྒོམ་པ་མཛད་པའི་ཚུལ་སྨོས་ཀྱིས་མི་ལང་ཞིང༌། བསྟན་པ་ལ་དགོངས་པའི་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་དགེ་སློང་བཞི་བརྒྱ་དང་ཞེ་བདུན། དགེ་ཚུལ་ཆིག་སྟོང་ཉིས་བརྒྱ་གོ་བརྒྱད། དགུང་གྲངས་ཞེ་བརྒྱད་ནས་བཟུང་དྲུག་ཅུ་རེ་བཞིའི་བར་དབྱར་དགུན་གཉིས་སུ་སྐལ་བ་མཆོག་དང་ལྡན་པའི་བློ་གསལ་རིག་པ་འཛིན་པའི་དགེ་འདུན་དྲུག་ཅུ་སྐོར་རེ་ལ་གསང་བ་སྙིང་པོའི་རྒྱུད་ཀྱི་ཆོས་འཁོར་ཆག་མེད་དུ་བསྐོར། སྡོམ་གསུམ་རྣམ་ངེས། ཕར་ཕྱིན། འདུལ་བ་སོགས་གཞུང་ཆེན་མང་པོར་ཡང་བཤད་པ་མཛད། སྒྱུ་འཕྲུལ་ཞི་ཁྲོའི་དབང་ཁོ་ནའང་ཚར་བརྒྱད། མདོ་དབང་ཚར་གསུམ། དོང་སྤྲུགས་ཚར་ལྔ་ལ་སོགས་པས་མཚོན་བཀའ་གཏེར་གསར་རྙིང་གི་དབང་ལུང་སྨིན་ཁྲིད་གང་གསན་ཐམས་ཅད་ལན་གྲངས་གསུམ་བཞི་རེ་མ་འཆད་པ་མེད་པ་ལྟ་བུ་དང༌། ཁྱད་པར་དཔལ་ལྡན་ས་སྐྱ་པ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་ལ་གཏེར་གསར་གྱིི་དབང་ལུང་ཡོངས་རྫོགས་དང༌། ཐུགས་རྗེ་ཆེན་པོའི་སྨིན་ཁྲིད། ཕུར་པ་སྤུ་གྲིའི་དབང་སོགས་ཆོས་བཀའ་ཤིན་ཏུ་མང་བ་གནང༌། དགུང་གྲངས་ང་དགུ་པ་ཆུ་འབྲུག་ལོར་མདོ་ཁམས་ཆབ་མདོར་སྤྱན་དྲངས་པ་བཞིན་ཕེབས་ཏེ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ། ཞི་བ་བཟང་པོ། ངག་དབང་སྤྲུལ་སྐུ་བཅས་ལ་གཏེར་གསར་སྐོར་ཡོངས་རྫོགས། བླ་མ་གསང་འདུས། ཉང་གཏེར་དྲག་དམར། ཕུར་པ་སྤུ་གྲི། ན་རཀ་དོང་སྤྲུགས། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་སོགས་གསར་རྙིང་རིས་མེད་ཀྱི་དབང་ལུང་མན་ངག་གི་བདུད་རྩི་མང་པོས་ཐུགས་རྒྱུད་སྨིན་ཅིང་གྲོལ་བར་མཛད། སྒྲ་སྙན་སྡེབ་སྦྱོར་སོགས་ཐ་སྙད་རིགས་པ་རྣམས་ཀྱང་དོན་གཉེར་སོ་སོའི་བློ་དང་འཚམ་པར་ཚར་ལྔ་དྲུག་རེ་མ་འཆད་པར་མེད་པ་སོགས། མདོར་ན་དམ་པ་འདི་ཉིད་ཀྱི་སྐུ་ཚེ་རིལ་པོར་མཁས་ཚུལ་གསུམ་གྱིས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པའི་ངང་ནས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་ཏེ་འཕགས་པའི་ས་ཆེན་པོ་ལ་གནས་པར་ནི་རྩོད་པ་མེད་ལ། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་མདོ་དང་སྒྱུ་འཕྲུལ་གྱི་དགོངས་དོན་འགྲེལ་པའི་ཤིང་རྟ་ཆེན་པོ་སྔ་ན་མེད་པའི་ཡིག་ཆ་རྣམས་ཀྱིས་ཐོག་དྲངས། ཐ་སྙད་རིགས་ལམ་ཡན་གྱི་བསྟན་བཅོས་ལེགས་བཤད་ཕུན་སུམ་ཚོགས་པའི་གཏེར་ཆེན་པོར་མངོན་སུམ་དུ་གྱུར་པའི་བཀའ་འབུམ་པུསྟི་ཀ་བཅོ་བརྒྱད་དུ་ལོངས་པ་བཞུགས། གསུང་ལས་བྱོན་པའི་སྲས་ཀྱང་སྐབས་དེའི་བསྟན་འཛིན་གྱི་སྐྱེས་ཆེན་ཕལ་མོའི་ཆེས་ཞབས་ལ་མ་བཏུད་པ་མེད་པ་ལྟ་བུ་དང༌། གཞན་ཡང་ལུང་རིགས་སྨྲ་བའི་མཁས་པ་དང༌། ཉམས་མྱོང་ལྡན་པའི་གྲུབ་པ་ཅན་སོགས་ཞལ་སློབ་ཀྱི་ཚོགས་ནི་བགྲངས་ཀྱིས་མི་ལང་བ་ཉིད་དོ།།

དེ་ལྟར་ན་སྔ་འགྱུར་བཀའ་མའི་ཆོས་སྡེ་སྤྱི་དང་ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་བཤད་བཀའ་གདམས་ངག་ལག་ཁྲིད་དང་བཅས་པའི་བཀའ་རྣམས་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ་ལ་བབས་ཏེ། དེས་རང་གི་གཅུང་གཡུ་སྒྲའི་རྣམ་འཕྲུལ་ལོ་ཆེན་དྷརྨ་ཤྲཱི་ལ་བསྩལ། དེས་བ་ིམའི་རྣམ་འཕྲུལ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ལ། དེས་ལོ་ཆེན་ཡང་སྲིད་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལ། འདི་ཡབ་སྲས་གཉིས་ལས་ཁམས་ཕྱོགས་ཀཿདཔལ་ཞེ་རྫོགས་སོགས་ནས་བཟུང་ཤར་རྒྱལ་མོ་རོང་དང་ཨ་མདོ་མགོ་ལོག་གི་ཡུལ་གྲུའི་བར་བརྒྱུད་པའི་ཆུ་བོ་མང་དུ་གྱེས་ཤིང༌། དེ་རྣམས་སུ་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པ་ད་ལྟའི་བར་དུ་གནས་བཞིན་པ་ཡིན་ལ། བརྒྱུད་པའི་རྣམ་གྲངས་ནི་རེ་རེ་བཞིན་སྨོས་ཀྱིས་མི་ལང་བས། འདིར་གཙོ་ཆེ་བ་གཅིག་ལ་མཚོན་ན། མཁན་ཆེན་ཨཽ་ཌཱི་ཡ་ནས། ཕྲིན་ལས་ལྷུན་གྲུབ་ཀྱི་རྣམ་རོལ་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་ལ། དེས་གཏེར་ཆེན་རྣམ་འཕྲུལ་ཁྲི་པདྨ་དབང་རྒྱལ་ལ། དེས་གཡུ་སྒྲའི་རྣམ་འཕྲུལ་ཁྲི་སངས་རྒྱས་ཀུན་དགའ་ལ་བསྩལ་ཏེ། གཏེར་ཆེན་ནས་འདི་བར་མྱོས་རིགས་རྡོ་རྗེ་འཛིན་པའི་གདུང་བརྒྱུད་བར་མ་ཆད་པ་ཡིན། དེས་མདོ་ཁམས་གྱང་མཁར་སྤྲུལ་སྐུ་མཁས་བཙུན་གྲུབ་པའི་ཁྱུ་མཆོག་མདོ་སྔགས་བསྟན་འཛིན་ནོར་བུ་ལ། དེས་གསང་བདག་ལག་ན་རྡོ་རྗེའི་སྤྲུལ་པའི་སྐུ་འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར་རམ་འཇམ་དཔལ་བདེ་བའི་ཉི་མ་ལ། དེ་ཉིད་ཀྱི་ཞལ་སྔ་ནས་ཁོ་བོ་ཅག་རྗེས་སུ་བཟུང་སྟེ་གཏད་རྒྱའི་དབུགས་དབྱུང་ཐོབ་པ་ཡིན་ནོ།།

ཡང་རྫོགས་ཆེན་སེམས་ཀློང་སྐོར་དང་མན་ངག་སྙིང་ཐིག་ཆེན་མོ་སྒོས་ཀྱི་བརྒྱུད་པ་ལྟར་ན། རིག་འཛིན་གཏེར་བདག་གླིང་པ་ནས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང༌། མཚོ་རྒྱལ་རྣམ་འཕྲུལ་རྗེ་བཙུན་མི་འགྱུར་དཔལ་སྒྲོན། དེ་གཉིས་ཀས་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། དེས་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། དེས་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། དེས་པཎ་ཆེན་བི་མ་ལ་དང་མངའ་བདག་ཆོས་རྒྱལ་ཟུང་དུ་འཇུག་པའི་རྣམ་རོལ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་དམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་ལང་གྲོའི་རྣམ་རོལ་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་དང༌། བཻ་རོའི་སྒྱུ་འཕྲུལ་ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། འཁོར་ལོའི་མགོན་པོ་དེ་གཉིས་ཀའི་ཞལ་སྔ་ནས་བདག་ལ་སྨིན་གྲོལ་མན་ངག་ཚང་སྤྲུགས་སུ་བསྩལ་ཏེ་དོན་བརྒྱུད་དགོངས་པ་འཕོ་བའི་བྱིན་རླབས་ཀྱི་བཀའ་དྲིན་ཐོབ་བོ།།

ཡང་རྒྱུད་འབུམ་ཡོངས་རྫོགས་ཀྱི་ལུང་གི་བརྒྱུད་རིམ་ལ་མཚོན་ན། འོག་ཏུ་སྨོས་པ་ལྟར་གཏེར་ཆེན་རཏྣ་གླིང་པ་ལ་གསང་རྒྱུད་མ་ལུས་པའི་བཀའི་ཆུ་བོ་འདུས་ཏེ། རང་གི་གདུང་སྲས་ཚེ་དབང་གྲགས་པ་ཞེས་དགུང་ལོ་བརྒྱ་དང་བཅུ་བཞུགས་པ་དེ་ལ་གནང༌། དེས་རང་གི་གཅུང་ངག་དབང་གྲགས་པ་ལ། དེས་སྲས་ངག་དབང་ནོར་བུ་ལ། དེས་བི་མའི་རྣམ་འཕྲུལ་ནོར་བུ་ཡོངས་གྲགས་ལ། དེས་རྒྱལ་སྲས་ནོར་བུ་དབང་རྒྱལ་ལ། དེས་པད་གླིང་གསུང་སྤྲུལ་གསུམ་པ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་ལ། དེས་བོན་ལུང་པ་གར་དབང་ཚུལ་ཁྲིམས་རྒྱལ་མཚན་ལ། དེས་པད་གླིང་ཐུགས་སྲས་ཟླ་བ་རྒྱལ་མཚན་གྱི་སྐུ་ཕྲེང་བཞི་པ་བསྟན་འཛིན་འགྱུར་མེད་རྡོ་རྗེ་དང༌། སྨིན་གླིང་རིག་འཛིན་གཏེར་བདག་གླིང་པ་གཉིས་ལ། སྔ་མས་གསུང་སྤྲུལ་བཞི་པ་ངག་དབང་ཀུན་བཟང་རྡོ་རྗེ་ལ། དེས་ཐུགས་སྲས་ལྔ་པ་འགྱུར་མེད་མཆོག་གྲུབ་དཔལ་འབར་ལ། དེས་རྡོ་རྗེ་འཛིན་པ་པདྨ་དོན་གྲུབ་གྲགས་པ་ལ། དེས་གསུང་སྤྲུལ་དྲུག་པ་ཀུན་བཟང་བསྟན་པའི་རྒྱལ་མཚན་ལ། དེས་རྦ་ཁ་ཀུན་བཟང་རིག་འཛིན་རྡོ་རྗེ་ལ། དེས་གསུང་སྤྲུལ་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ་ལ། དེས་རྦ་ཁ་རིག་འཛིན་ཁམས་གསུམ་ཡོངས་གྲོལ་ལ། དེས་རྡོ་རྗེ་འཛིན་པ་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ་ལ། དེས་ཀུན་སྤངས་རྣལ་འབྱོར་གྱི་དབང་ཕྱུག་དགེ་འདུན་རྒྱ་མཚོ་ལ། དེས་ཁོ་བོ་ཅག་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་དོ།།

ཡང་རིག་འཛིན་གཏེར་བདག་གླིང་པ་ནས་བརྒྱུད་པའི་རྒྱུན་ཀྱང་འཇམ་མགོན་བློ་གྲོས་མཐའ་ཡས་ལས་རྒྱ་ཆེར་འཕེལ་བར་འགྱུར་ཏོ། །དེས་ན་འདིར་ཇི་སྐད་སྨོས་པ་ལྟར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་རྣལ་མ་ད་ལྟའི་བར་མ་ཉམས་པར་གནས་བཞིན་དུ། ཐུའུ་བཀྭན་གྱི་གྲུབ་མཐའ་ཤེལ་དཀར་མེ་ལོང་དུ་འདི་ལྟར། མདོ་སྒྱུ་སེམས་གསུམ་སོགས་ཆོས་ཀྱི་སྙིང་པོ་རྣམས་ནི་ཀ་དག་གདོད་མའི་ཀློང་དུ་ཐིམ་ནས་རིང་ཞིག་ལོན་པས། ད་ལྟའི་རྙིང་མ་བ་རྣམས་ལས་བྱང་གྱེར་བ་དང༌། ཚོགས་འཁོར་གྱི་ཡོ་ལང་དང༌། མནན་སྲེག་འཕང་གསུམ་སོགས་ལས་སྦྱོར་གྱི་གཟུགས་བརྙན་ལ་སྙིང་པོར་བྱེད་པ་ཙམ་མོ། །ཞེས་སྣང་བ་ནི་མ་བརྟགས་པའི་གཏམ་ཤིན་ཏུ་མི་བདེན་པ་ཞིག་སྟེ། ཐུའུ་བཀྭན་ལྟ་བུའི་ཚད་ཐུབ་ཀྱི་མཁས་པ་ཆེན་པོ་ཞིག་གིས་མ་དག་པའི་ལོ་རྒྱུས་ཡེ་འཆད་པར་མི་སྲིད་པའི་ཕྱིར། ཚིག་འདི་ནི་ཕྱིས་སུ་བླུན་པོ་ཕྱོགས་ཁྱེར་ཅན་ཞིག་གིས་བསླད་བཅུག་པར་གདོན་མི་ཟའོ་སྙམ་དུ་སེམས་སོ། །དེ་ལྟ་ན་སྔར་སྨོས་པ་བཞིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ནི་སྔ་འགྱུར་བསྟན་པའི་ཆུ་འགོ་གཅིག་ཏུ་གྱུར་པ་ཡིན་ལ། ཕྱིས་ནས་རིག་འཛིན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོ་གཉིས་ཀྱི་ཕྲིན་ལས་རྒྱས་ཤིང༌། འོན་ཀྱང་བཀའ་མ་རྣམས་བར་སྐབས་སུ་རིམ་གྱིས་ཉག་ཕྲ་བ་ལྟ་བུར་གྱུར་མོད། བདུད་འདུལ་ཡང་སྲིད་ཀློང་གསལ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱིས་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཞབས་ལ་ཟིན་པ་ནས་སླར་ཡང་བཀའ་མའི་བསྟན་པ་རྨང་ནས་གསོས་པར་གྱུར་ལ། དེ་ཉིད་ཀྱི་ཡང་སྤྲུལ་དྲི་མེད་ཞིང་སྐྱོང་མགོན་པོ་སོགས་གདན་ས་སྐྱོང་བའི་སྐྱེས་ཆེན་རིམ་ཅན་དང༌། ནམ་སྙིང་རྣམ་རོལ་རིག་འཛིན་ཚེ་དབང་ནོར་བུ། གཉགས་ཆེན་རྣམ་འཕྲུལ་མཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་སོགས་ནས་བཟུང༌། ཕྱི་མའི་དུས་འདིར་སི་ཏུ་ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ་དང༌། བི་མའི་ཡང་སྤྲུལ་མཁན་ཆེན་རིག་འཛིན་ངག་དབང་དཔལ་བཟང་གི་བར་དུ་བྱོན་པའི་འགྲོ་འདུལ་སྐྱེས་མཆོག་མཁས་ཤིང་གྲུབ་པའི་རྣམ་ཐར་དང་འཁོར་ལོ་གསུམ་གྱི་ཕྲིན་ལས་ལ་སུས་ཀྱང་འགྲན་པར་མི་བཟོད་པའི་ངོ་མཚར་རྨད་དུ་བྱུང་བ་རྣམས་ཀྱིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ཉིན་མོའི་སྣང་བ་བཞིན་གསལ་བར་མཛད།

གཞན་ཡང་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ཞེས་སློབ་དཔོན་ཀུ་ཀུ་རཱ་ཛ་དང་བི་མ་ལ་ཟུང་དུ་འཇུག་པའི་རྣམ་འཕྲུལ་དུ་ཡོངས་སུ་གྲགས་ཤིང་མཁས་བཙུན་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དེ་ལ། རྒྱལ་མཆོག་ལྔ་པ་ཆེན་པོས་ཕྱི་མཐའ་གཟིགས་པའི་ལུང་གིས་བསྐུལ་བར་མཛད་པ་བཞིན་མདོ་ཁམས་སུ་བྱོན་ཏེ་རུ་དམ་སྐྱིད་ཁྲམ་ལུང་པར་སྒྲུབ་སྡེ་བསམ་གཏན་ཆོས་གླིང་ཕྱག་བཏབ་པ་སྔ་འགྱུར་བསྟན་པའི་རྩ་ལག་གཅིག་ཏུ་གྱུར། སྐུ་ཕྲེང་རིམ་པར་བྱོན་པ་རྣམས་དང༌། ཐུགས་སྲས་གཏེར་ཆེན་ཉི་མ་གྲགས་པ། དཔོན་སློབ་ནམ་མཁའ་འོད་གསལ། ཞེ་ཆེན་རབ་འབྱམས་བསྟན་པའི་རྒྱལ་མཚན་སོགས་ཕྲིན་ལས་ནམ་མཁའ་དང་མཉམ་པའི་བསྟན་འཛིན་སྐྱེས་མཆོག་གསེར་རིའི་ཕྲེང་བ་ལྟ་བུ་བྱུང་ཞིང༌། ལྷག་པར་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་དུས་མཉམ་དུ་སྨིན་གླིང་གཏེར་ཆེན་རྣམ་རོལ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མདོ་སྔགས་གཞུང་ལུགས་མང་པོའི་བཤད་སྒྲུབ་དང༌། ཁྱད་པར་སྔ་འགྱུར་བཀའ་མའི་ཕྱོགས་ལ་ཐུགས་རྩོལ་ཆེན་པོས་དཔེ་དང་དབང་ལུང་མན་ངག་གི་རྒྱུན་བཙལ་ཞིང་རྒྱ་ཆེར་སྤེལ། མདོ་སྒྱུ་སོགས་ཀྱི་ཆོག་ཁྲིགས་གླེགས་བམ་བཅུ་ཕྲག་སྤར་དུ་བཀོད་པས་བསྟན་རྒྱུན་ལ་བཀའ་དྲིན་དང་ཕྱག་རྗེས་བསམ་གྱིས་མི་ཁྱབ། དེ་དང་མཚུངས་པར་ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱི་རྣམ་འཕྲུལ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་ཆོས་སྡེ་བཏབ་པ་ནས་སྤྲུལ་པའི་ཟློས་གར་རིམ་ཅན་དང་ཐུགས་སྲས་བསྟན་འཛིན་སྐྱེས་ཆེན་མཁས་གྲུབ་ཀྱི་ཚང་ཆེན་པོ་བརྡོལ་ཏེ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྒྱ་ཆེར་འཕེལ། ཕྱིས་སུ་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང༌། གཏེར་ཆེན་མཆོག་གྱུར་གླིང་པ་ལྷན་རྒྱས་པའི་ཞལ་སྔ་ནས་ཐུགས་བསྐྱེད་སད་པར་མཛད་པ་བཞིན་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་གྱིས་གདན་ས་ཉིད་དུ་སྔ་འགྱུར་བཀའ་མའི་དབང་ལུང་གི་རྒྱུན་དེང་སང་ཡོད་དོ་ཅོག་གི་དཀྱིལ་འཁོར་ཆེན་པོ་ཉེར་བདུན་གྱི་སྒྲུབ་མཆོད་ལོ་བསྟར་རྒྱུན་འཛུག་དང༌། དར་ཐང་མདོ་སྔགས་བཤད་སྒྲུབ་གླིང་གསར་དུ་བཏབ་པ་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་ཕུལ་དུ་བྱུང་ཞིང༌། ལྷག་པར་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མའི་ཐུགས་བསྐྱེད་སྨོན་ལམ་གཞན་དྲིང་དུ་མི་འཇོག་པའི་མཐུ་ལས་བཀའ་མའི་ཆོས་མཛོད་གཞུང་པོད་ཡོངས་རྫོགས་གླེགས་བམ་ཉི་ཤུར་ལོངས་པ་སྤར་དུ་བསྐྲུན་པར་མཛད་པའི་དཔེ་རྒྱུན་ཉིད་ཁོ་བོ་རང་གི་བསོད་ནམས་ཀྱི་སྐལ་པར་སོན་པ་ལ་བརྟེན་ནས། ད་ལྟ་བོད་ཁམས་ཀླ་ཀློའི་རྩུབ་འགྱུར་བསྐལ་ངན་དུས་ཀྱི་ཁུག་པ་མི་བཟད་པར་བདོ་བའི་སྐབས་འདིར་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་བའི་སྔ་འགྱུར་བཀའ་མའི་བསྟན་པའི་མེ་རོ་ཕྱོགས་འདིར་མཆེད་དེ་བསྟན་སྲོག་མི་ནུབ་པའི་བཙས་སུ་སྨིན་པར་གྱུར་པ་འདི་ཁོ་ནའི་ངོ་མཚར་བཀའ་དྲིན་གྱི་ཕུང་པོ་ནམ་ཡང་གཞལ་བའི་ཡུལ་ལས་འདས་པར་གྱུར་ཏོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་ལས། རྒྱ་ཆེ་བ་རིང་བརྒྱུད་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་བབ་ཚུལ་བཤད་པའི་སྐབས་ཏེ་ལྔ་པའོ།། །།

ལེའུ་དྲུག་པ་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་བཤད་པ།

ད་ནི་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བརྗོད་པར་བྱ་སྟེ། དེའང་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང༌། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང༌། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང༌། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཞེས་པས་གཏེར་གྱི་ངོ་བོའམ་རང་བཞིན་བསྟན་ཅིང༌། དེ་བཞིན་དུ་འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཀྱི་གཏེར་རི་དང༌། རི་སུལ་དང༌། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོངས་པར་འགྱུར་རོ། །ཞེས་པས་ཀྱང་གཏེར་ཆོས། གཏེར་གནས། འདོན་པ་པོའི་གང་ཟག་བཅས་ལེགས་པར་བསྟན། བསམ་པ་ཕུན་སུམ་ཚོགས་པ་ལ་ནི་གལ་ཏེ་སངས་རྒྱས་མི་བཞུགས་ཀྱང་ནམ་མཁའི་དཀྱིལ་དང་རྩིག་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ༌། །ཞེས་པས་གནམ་ཆོས་སོགས་ཀྱང་བསྟན་པ་དང༌། གཞན་ཡང་ཡོངས་སུ་གྲགས་པའི་མདོ་རྒྱུད་ཅི་རིགས་པ་ལས་གཏེར་གྱི་ངོ་བོ། ངེས་ཚིག རྣམ་གྲངས། དགོས་པ་སོགས་ཡང་ནས་ཡང་དུ་བསྟན་པ་ནི་འཕགས་བོད་གཉིས་སུ་གྲགས་པ་ལས། བོད་ཡུལ་ལྟ་བུའི་གང་ཟག་རེ་རེས་གསར་དུ་བཅོས་པ་མིན་ཞིང༌། གཏེར་དུ་སྦེད་པའི་དགོས་པའང༌། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང༌། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦོས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །དེས་དོན་དཀྲུག་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་དང༌། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས།

ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང་༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང་༔ གདམས་པ་སྣ་རེས་གང་ཟག་གྲོལ་བ་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཅེས་སོགས་གཏེར་ཁ་གཞན་ལས་ཀྱང་མཐའ་ཡས་པ་འབྱུང་བ་ལྟར། སྙིགས་མའི་དུས་སུ་བཀའ་མ་རྣམས་ཚོང་དུས་ཀྱི་འོ་མ་བཞིན་དབང་དང་གདམས་ངག་གི་བཀའ་འཆལ་ཞིང༌། བརྒྱུད་པ་མང་པོས་བར་དུ་ཆོད་པས་དམ་ཚིག་གི་སེལ་དང་འདྲེས་ཁྱེར་གྱི་བསླད་ཞུགས་པ་མང་བས་བྱིན་རླབས་ཀྱི་བབས་སོ་ཉམས་པར་འགྱུར་བ་ཡིན་ལ། གཏེར་དུ་བཞུགས་པ་རྣམས་ནི་གཏེར་སྟོན་སྤྲུལ་སྐུ་དེ་ཉིད་ཨོ་རྒྱན་ཆེན་པོ་དངོས་ཀྱིས་རྗེས་སུ་བཟུང་སྟེ་སྨིན་གྲོལ་དབང་དང་གདམས་པ་མ་ལུས་པའི་བཀའ་གཏད་ཐོབ་ཅིང་ཟབ་ཆོས་མཁའ་འགྲོའི་ཁ་རླངས་མ་ཡལ་བར་སྤྱན་དྲངས་པས་ན་ཉེ་བརྒྱུད་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བའོ།།

དེའང་གཏེར་གྱི་ཕྱོགས་འདིར་དགོངས་བརྡའ་སྙན་བརྒྱུད་ཀྱི་སྟེང་དུ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་པའི་ཕྱིར་བརྒྱུད་པ་དྲུག་ལྡན་དུ་གྲགས་པ་སྟེ། དགོངས་བརྡ་སྙན་བརྒྱུད་གསུམ་གོང་དུ་སྨོས་པ་ལྟར་ལ། སྨོན་ལམ་དབང་བསྐུར་ནི་གཏེར་ཁ་དེ་ཉིད་ལ་དབང་བའི་གང་ཟག་དེས་ཐོན་པར་ཤོག་ཅེས་བདེན་ཚིག་སྨོན་ལམ་གྱི་རྒྱས་བཏབ་པར་མཛད་པ་དང༌། བཀའ་བབས་ལུང་བསྟན་ནི་གཏེར་འབྱིན་སྐྱེས་བུ་དེ་ལ་མཚོན་བྱ་དོན་གྱི་ཡེ་ཤེས་དགོངས་པའི་མཐིལ་གཏད་ནས་འབྱུང་འགྱུར་གྱི་ལུང་བསྟན་དང་བཅས་དབུགས་དབྱུང་བ་ལ་བྱ། མཁའ་འགྲོ་གཏད་རྒྱ་ནི་མཚོན་བྱེད་བརྡའི་ཡི་གེ་ཚིག་བརྒྱུད་དུ་བཀོད་ནས་རྡོ་རྗེའི་བྲག གཡང་ཞག་གི་མཚོ། མི་འགྱུར་བའི་སྒྲོམ་ལ་སོགས་པར་གཏེར་བདག་སོ་སོ་ལ་གཉེར་བྱང་གཏད་ནས་མི་སྣང་བར་རྒྱས་བཏབ་པ་ཉིད་སླར་ལུང་བསྟན་དུས་ལ་བབས། སྨོན་ལམ་གྱི་མཐུ་སྨིན། ལས་ཀྱི་འཕྲོ་སད། གཏེར་བདག་གིས་བསྐུལ་མ་བྱས། ཁ་བྱང་ཡོད་པ་དང་མེད་པ་ཇི་སྙེད་པའི་ཟབ་གཏེར་གྱི་སྒྲོམ་བུ་ཇི་བཞིན་པ་གཏེར་སྟོན་ཉིད་ཀྱི་ཕྱག་ཏུ་སོན་པ་རྣམས་སོ། །ཁྱད་པར་གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་མཁའ་འགྲོ་བརྡའི་ཡི་གེས་བཅིངས་པ་སྟེ། དེ་ནི་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས་ན། ཨོ་རྒྱན་ཆེན་པོའི་བཀའ་རྟགས་ཕྱག་རྒྱའི་རི་མོ་དངོས་ལ་ཐུག་པས་གང་ཟག་ཕལ་པའི་བརྒྱུད་པས་བར་དུ་མ་ཆོད་ཅིང་ཁུངས་བཙུན་པ་དང༌། བརྡ་མ་བཅོས། ཚིག་མ་འཁྲུལ། དོན་མ་ནོར་བར་མཁའ་འགྲོ་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བ་དང༌། སྐལ་བ་དང་མི་ལྡན་པའི་གང་ཟག་བློ་ཇི་ལྟར་སྒྲིན་ཀྱང་དམུས་ལོང་གིས་གླང་ཆེན་དཔྱད་པ་ལྟར་ཕྱོགས་ཙམ་ཡང་བརྟག་མི་བཟོད་པས་གཏེར་འབྱིན་སྐྱེས་བུ་ཉིད་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་པ་ཡིན་ནོ། །དེའང་བོད་ཀྱི་ཡུལ་འདིར་བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་ཟབ་མོ་གཏེར་གྱི་ཕྲིན་ལས་ཀྱིས་གདུལ་བྱ་མཐའ་ཡས་པ་གདུལ་བར་མཛད་པ་པོ་ནི་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཏེ། མྱང་འདས་ཀྱི་མདོ་ལས།

ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་དང་གཉིས་ཙམ་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །ང་བས་ལྷག་པའི་སྐྱེས་བུ་འབྱུང༌། །ཞེས་ལུང་བསྟན་པ་ལྟར། སློབ་དཔོན་ཆེན་པོ་འདི་ཉིད་ལམ་རིམ་བགྲོད་ཀྱི་གང་ཟག་གམ་ས་ལ་གནས་པའི་འཕགས་པ་ཙམ་མ་ཡིན་པར། མི་དང་མི་མ་ཡིན་གདུལ་དཀའ་བ་རྣམས་ཐབས་སྣ་ཚོགས་པས་འདུལ་བའི་སླད་དུ་སངས་རྒྱས་འོད་དཔག་མེད་དང་མཉམ་མེད་ཤཱཀྱའི་རྒྱལ་པོ་སོགས་སྤྲུལ་བའི་སྐུར་བསྟན་པ་ཡིན་པས་དེའི་རྣམ་པར་ཐར་པ་འཕགས་ཆེན་རྣམས་ཀྱིས་ཀྱང་ཆ་ཙམ་བརྗོད་པར་མི་ནུས་མོད། མདོ་ཙམ་གོང་དུ་སྨོས་པ་ལྟར་ལ། ཁྱད་པར་ཕྲིན་ལས་ཀྱི་ཆེ་བ་མ་འོངས་པའི་གདུལ་བྱ་དང་བསྟན་པའི་བཙས་སུ་དགོངས་ནས་རྒྱ་བལ་བོད་ཡུལ་རྣམས་སུ་ཆོས་ནོར་སྨན་རྩིས་རྟེན་དང་དམ་རྫས་ལ་སོགས་པ་གཏེར་ཁ་བགྲང་གིས་མི་ལང་བ་ཞིག་སྦས་པར་མཛད་པ་ལས། གཙོ་བོར་གངས་ཅན་འདིར་གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ལ་མཁས་པས་ཆོས་སྒོ་སྤྱི་དང་ཁྱད་པར་ཡོ་ག་རྣམ་པ་གསུམ་དང་འབྲེལ་བའི་རྒྱུད་ལུང་མན་ངག་ལས་ཚོགས་མཐའ་ཡས་པར་གསུངས། དེ་ཐམས་ཅད་གསང་བའི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་བཟུངས་ནས་བཀའི་བསྡུ་བར་མཛད། ཤོག་སེར་རིགས་ལྔར་མཁའ་འགྲོ་བརྡའི་ཡི་གེར་བཀོད། གཏེར་སྣོད་སྣ་ཚོགས་པར་འབྱུང་བས་མི་འཇིག་པའི་རྒྱས་བསྡམས། གཏེར་གནས་སོ་སོར་གུ་རུ་ཡབ་ཡུམ་ཁོ་ན་དང་རྗེ་འབངས་ལྷན་ཅིག་པ་བཅས་ཀྱིས་སྦས་ཏེ་གཏེར་སྲུང་ལ་གཉེར་དུ་གཏད། ཁྱད་པར་གུ་རུ་རྔ་ཡབ་གླིང་དུ་གཤེགས་པའི་རྗེས་སུ་མཚོ་རྒྱལ་ཉིད་མི་ལོ་བརྒྱ་ལྷག་ཙམ་བཞུགས་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་ནས་གཏེར་ཞབས་བསྡམས། གཞན་ཡང་པཎ་ཆེན་བི་མ་ལ་མི་ཏྲ། ཆོས་རྒྱལ་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན། གནུབས་སངས་རྒྱས་ཡེ་ཤེས་དང་ནམ་མཁའི་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར་དང་སྣ་ནམ་རྡོ་རྗེ་བདུད་འཇོམས། ཉང་བན་ཏིང་འཛིན་བཟང་པོ་སོགས་ཀྱིས་ཀྱང་ཟབ་གཏེར་མང་དུ་སྦས་པ་རྣམས། ཕྱིས་འདུལ་བའི་དུས་སོན་པའི་ཚེ་མ་འོངས་པར་གཏེར་ལ་སྤྱོད་ཅིང་འགྲོ་དོན་འབྱུང་བར་བྱིན་གྱིས་བརླབས་ཏེ་ལུང་བསྟན་སྨོན་ལམ་ཐེབས་པའི་རྗེ་འབངས་སྐལ་ལྡན་རྣམས་ཀྱི་སྐྱེ་བ་དང་སྤྲུལ་བའི་སྒྱུ་འཕྲུལ་རིགས་དང་སྤྱོད་པ་མ་ངེས་པ་རིམ་པར་བྱོན་ནས་བསྟན་འགྲོའི་དོན་མཛད་པ་རྣམས་ནི་གཙོ་བོར་ས་གཏེར་གྱི་བྱོན་ཚུལ་ལོ།།

ཡང་ཟབ་མོ་དག་སྣང་དང་དགོངས་པའི་གཏེར་གྱི་བྱུང་ཚུལ་ནི། དེའང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པར། ལུས་ཅན་རྣམས་ཀྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པ་ཐོས་པར་ཤོག །ཅེས་པ་ལྟ་བུའི་སྨོན་ལམ་གྱི་མཐུ་བཙན་པ་དང༌། དེ་དག་ལ་ཆོས་ཀྱི་ཕོངས་པའི་རྒྱུ་མེད་པའི་ཕྱིར་འབྱུང་བའི་སྒྲ་དང་རི་དྭགས་ལྟ་བུ་ལས་ཀྱང་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པར་གསན་ཅིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཞལ་བསྟན་ཅིང་ཆོས་གསུང་བར་བཤད་དེ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི། འཇིག་རྟེན་གྱི་ཁམས་གཞན་དུ་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །ཞེས་གསུངས་ཤིང༌། ཁྱད་པར་དུ་འཕགས་ཆེན་རྣམས་ཀྱི་གཟིགས་ངོར་དག་པའི་སྣང་བ་འབའ་ཞིག་ལས་མ་དག་པའི་སྣང་བ་མ་མཆིས་པས། དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་དག་དང་ཆོས་ཀྱི་བགྲོ་བ་རྨད་དུ་བྱུང་བ་དུ་མ་རྒྱུན་ཆགས་སུ་མཛད་པ་ལས་ཟབ་མོའི་གདམས་པ་མཐའ་ཡས་པ་བྱུང་བ་དག སྐལ་བ་དང་ལྡན་པ་རྣམས་ལ་སྤེལ་བར་འོས་པ་རྣམས་གང་ཟག་སོ་སོའི་མོས་བློར་འཚམས་པའི་དག་སྣང་གི་ཆོས་སྡེ་ཇི་སྙེད་པ་ཀུན་གྱི་སྤྱོད་ཡུལ་དུ་སྣང་བར་མཛད་པ་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་དང༌། བོད་ཡུལ་གྱི་གསར་རྙིང་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དང་གཏེར་སྟོན་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ལས་བྱུང་བ་ལྟར་དང༌། དེ་བཞིན་དུ་དགོངས་གཏེར་དུ་གྲགས་པ་རྣམས་ཀྱང༌། མདོ་ལས། འཇམ་དཔལ་འབྱུང་བ་བཞི་ནི་ནམ་མཁའི་གཏེར་ནས་འབྱུང་གི དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་ལོངས་སྤྱོད་པ་ཤེས་པར་བྱོས་ཤིག ཅེས་གསུངས་པ་དང་རྗེས་སུ་མཐུན་པར་འཕགས་པའི་གང་ཟག་རྣམས་ལ་དགོངས་པའི་ཀློང་ནས་ཆོས་ཀྱི་གཏེར་ཁ་བརྡོལ་དུ་ཡོད་པར་གསུངས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ནི་རང་གི་ཡིད་ཀྱིས་འདོད་པ་ཉིད་ལས་གདམས་ངག་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ༌། །ཞེས་དང༌། གཞན་ཡང་མདོ་ལས། དོན་ལ་ངེས་པའི་གདིང་རྙེད་ན། །སེམས་ལས་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་སོགས་གསུངས་པ་བཞིན་འཕགས་བལ་བོད་ལྗོངས་ཀུན་ཏུ་མཁས་གྲུབ་ཆེན་པོ་རྣམས་ཀྱི་ཟབ་མོ་དགོངས་པའི་གདམས་ཟབ་མཐའ་ཡས་པ་ཞིག་ད་ལྟའི་བར་དུ་འབྱུང་བཞིན་པ་དང༌། མདོར་ན་ཆོས་ནོར་དམ་རྫས་ལ་སོགས་པའི་སྒོ་འཕར་ཅི་དགར་འབྱེད་ཅིང་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྨད་དུ་བྱུང་བས་དུས་ངན་གྱི་ཐ་མར་དམ་པའི་ཆོས་འཛིན་ཅིང་འདུལ་མདོའི་བསྟན་པ་མི་བཞུགས་པའི་གནས་སུའང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཁོལ་བུ་ཁོལ་བུར་མི་ནུབ་དར་ཞིང་རྒྱས་ཏེ་འགྲོ་བ་གདུལ་དཀའ་བ་མཐའ་དག་སྒྲོལ་བའི་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་ཆགས་པ་ཉིད་དེ། གུ་རུའི་གསུང་ལས། སྙིགས་མའི་དུས་སུ་བསྟན་མཐའ་གཏེར་གྱིས་སྐྱོང་༔ ཞེས་ཇི་སྲིད་རྣམ་འདྲེན་ལྔ་པའི་བསྟན་པ་མ་ཤར་གྱི་བར་དུ་ཟབ་མོ་གཏེར་གྱི་ཕྲིན་ལས་ནམ་ཡང་མི་ནུབ་པར་གསུངས་སོ།།

དེ་ལྟར་སྤྱིར་བཤད་ནས། བྱེ་བྲག་གཏེར་འབྱིན་རིག་འཛིན་གྲུབ་པའི་ཚོགས་རྣམས་ཇི་ལྟར་བྱོན་པའི་ཚུལ་ནི་པདྨ་བཀའི་ཐང་ཡིག་རྣམས་ལས་དུས་རྟགས་བཅས་གཏེར་སྟོན་རགས་རིམ་ལུང་བསྟན་པ་དང༌། དེར་མི་གསལ་ཡང་ཚད་མར་ཡོངས་སུ་གྲགས་པ་ཅི་རིགས་པར་བྱོན་པ་བཅས་ཀྱི་རྣམ་པར་ཐར་པ་རྒྱས་པ་འདིར་སྤྲོ་བར་མ་ནུས་པས་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་སྔ་ཕྱི་སོགས་ལས་ཤེས་པར་བྱ་ཞིང༌། གཏེར་གྱི་བཀའ་བབ་གྲུབ་མཆོག་འགའ་ཞིག་གི་ལོ་རྒྱུས་གོང་གི་བརྒྱུད་ཚུལ་སོ་སོའི་གསེབ་ཚགས་སུའང་ཅི་རིགས་པར་སོང་ལ། འདིར་བཀའ་གཏེར་གཉིས་ཀའི་ཕྱོགས་ནས་སྔ་འགྱུར་སྤྱིའི་བསྟན་པའི་ཤིང་རྟ་ཆེན་པོར་གྲུབ་པ་གཙོ་ཆེ་བ་འགའ་ཞིག་གི་ལོ་རྒྱུས་ས་བོན་ཙམ་བརྗོད་ན།

༈ གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་སངས་རྒྱས་བླ་མ་ནི། རྒྱས་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་དང་པོ་སྟེ། ལོ་ཆེན་རིན་ཆེན་བཟང་པོའི་སྐུ་ཚེའི་སྟོད་ཙམ་ལ་ལ་སྟོད་མཚོ་བར་དུ་འཁྲུངས། རྟེན་སྔགས་བཙུན་ཅོ་བྲེག་གི་རྣམ་པར་བཞུགས། མངའ་རིས་གློ་བོ་དགེ་སྐར་གྱི་གཙུག་ལག་ཁང་གི་ཀ་ཞུ་ནས་བླ་རྫོགས་ཐུགས་གསུམ། དེ་དང་ཉེ་བའི་བྲག་རྟ་མགྲིན་མགུལ་ནས་རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་བརྟན་གཟིགས། ཐང་བར། ཁོག་གླང་བྲག་སོགས་ནས་རྟ་མགྲིན་དྲེགས་པ་ཟིལ་གནོན། རྒྱ་ནག་ནས་འགྱུར་བའི་མདོ་ལུགས་ཀྱི་ཆོ་ག་མང་པོ་དང༌། ཁ་བསྒྱུར་སོགས་བཏོན། དབུས་གཙང་རྣམས་སུའང་བྱོན་ཅིང་འགྲོ་དོན་མཐར་ཕྱིན། དགུང་གྲངས་བརྒྱད་ཅུ་སྐོར་བཞུགས། འདིའི་གཏེར་ཕུར་ཙཱ་རི་མཚོ་དཀར་དུ་བཞུགས་པ་ཕྱིས་ཆོས་རྗེ་གླིང་པས་ཀྱང་མཇལ་བར་གསུངས། གཏེར་སྟོན་དེ་ཉིད་ཀྱི་གདུང་བརྒྱུད་ལ་སྟོད་ཕྱོགས་སུ་ཕྱིས་ཀྱི་བར་དུ་ཡོད་ལ། གཏེར་སྟོན་སངས་རྒྱས་འབར་ཞེས་པ་དེའང་གདུང་བརྒྱུད་འདི་ལས་འཁྲུངས་པར་སྣང༌། དུས་ཐོག་ཆེས་སྔས་པས་ཕྱིས་ནས་མདོ་ཕྲན་རེའི་ལུང་རྒྱུན་ཙམ་མ་གཏོགས་དབང་ལུང་དང་དཔེ་རྒྱུན་མི་བཞུགས་ནའང༌། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་ཡབ་སྲས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་དང་ཐུགས་རྗེ་ལ་འབྲི་བཀོལ་མེད་པས་སྙིགས་མའི་མཐའ་འདིར་བོད་འབངས་ལ་ལྷག་པར་དགོངས་པའི་ཚུལ་གྱིས། བི་མ་ལ་དང༌། མངའ་བདག་མེས་དབོན་རྣམས་ཀྱི་ཐུགས་རྗེའི་སྒྱུ་འཕྲུལ་འགོག་པ་མེད་པར་ཤར་བ་ཟབ་གཏེར་རྒྱ་མཚོའི་ཤིང་རྟ་གཅིག་པུ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་བདུན་གྱི་བདག་པོར་དབུགས་དབྱུང་ཞིང་གཏེར་སྟོན་བརྒྱ་རྩའི་ཟབ་གཏེར་མཐའ་དག་དངོས་དང་བརྒྱུད་པའི་སྒོ་ནས་ཕྱག་ཏུ་བབས་པར་རྡོ་རྗེའི་ལུང་གིས་ཡང་ནས་ཡང་དུ་སྐབས་ཕྱེ་བའི་བདེན་དོན་མངོན་དུ་གྱུར་པ་ལ། སྤྲུལ་བའི་གཏེར་ཆེན་འདི་ཉིད་ཀྱི་ཟབ་གཏེར་གྱི་སྙིང་པོ་རྩ་གསུམ་དྲིལ་སྒྲུབ་ཞུ་ལན་ཉེར་གཅིག་པའི་ཤོག་སེར་ཕྱག་ཏུ་བབས་ནའང་གཏེར་གཞུང་རྩ་བ་གཏན་ལ་འབེབས་པ་མ་བྱུང་རུང༌། གཞུང་གི་དགོངས་པ་དང་མཐུན་པར་ཕྲིན་ལས་དང་གཏོར་དབང་ཆོག་བསྒྲིགས་སུ་མཛད་ཅིང་སྤེལ་བ་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སོ།།

༈ ཤུད་བུ་དཔལ་གྱི་སེང་གེ་དང་ལོ་ཆེན་བཻ་རོ་ཟུང་དུ་འཇུག་པའི་རྣམ་འཕྲུལ་གྲྭ་པ་མངོན་ཤེས་ནི། རབ་བྱུང་དང་པོ་མ་ཤར་བའི་སྔོན་གྱི་ཆུ་ཕོ་བྱི་བའི་ལོ་ལ་གཡོ་རུ་གྲའི་སྐྱིད་དུ་ཞེས་པར་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་གདུང་བརྒྱུད་དུ་འཁྲུངས། སྐུ་གཞོན་ནུ་ནས་དམ་པའི་ཆོས་ཀྱི་རིགས་སད་པས་བསམ་ཡས་ཀྱི་ཆོས་གྲྭར་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང༌། ཡུལ་གྲྭ་ཡིན་པས་གྲྭ་པ། མངོན་པ་ལ་མཁྱེན་པ་རྒྱས་པས་མངོན་ཤེས། རབ་ཏུ་བྱུང་བའི་མཚན་དབང་ཕྱུག་འབར་དུ་གྲགས། དབུ་རྩེ་སྒོ་སྟེང་ནས་ཛམ་དམར་གསང་སྒྲུབ་དང་གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་རྒྱུད་སྒྲུབ་ཐབས་དང་བཅས་པ་སྤྱན་དྲངས། ཁྱད་པར་ཞང་བློན་གྱིས་ལུང་བསྟན་ལྟར་བསམ་ཡས་དབུ་རྩེའི་བར་ཁང་ཀ་བ་བུམ་པ་ཅན་ནས་ལོ་ཆེན་བཻ་རོས་བསྒྱུར་བའི་གསོ་བ་རིག་པ་དཔལ་ལྡན་རྒྱུད་བཞིའི་བླ་དཔེ་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ཆུ་ཚོད་གསུམ་སོང་བའི་དུས་སུ་སྤྱན་དྲངས་ཤིང་དཔེ་བཤུས་པའི་ཕྱི་མོ་རང་གནས་སུ་བཞུགས། བུ་དཔེ་ལོ་སྐོར་གཅིག་གསང༌། ཕྱིས་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དར་མ་གྲགས་ལ་གནང་བ་གངས་རིའི་ཁྲོད་ཀྱི་སྨན་པའི་རྒྱལ་པོ་གཉིས་པ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་བཀའ་བབས་ཏེ་ཕྲིན་ལས་བསྐྱངས་པ་འདི་གཅིག་པུའི་ཕྲིན་ལས་དང་ངོ་མཚར་ཡང་བསམ་གྱིས་མི་ཁྱབ། ཛམ་བྷ་ལ་བསྒྲུབས་པས་དངོས་གྲུབ་གསེར་གྱི་བདོག་པ་སྩལ་བ་ལ་གཞི་མཛད་དེ་གྲ་ནང་གི་མདར་དཔལ་གྲ་ཐང་གི་ཆོས་གྲྭ་ཆེན་པོ་བཏབ་པས་མཚོན་གནས་གཞི་མང་དུ་བཞེངས། དེ་རྣམས་དང་བསམ་ཡས་ཀྱི་ཆོས་གྲྭའི་བདག་པོའང་མཛད་པས་དགེ་བའི་བཤེས་གཉེན་ཆེན་པོར་གནང༌། གོང་གི་གནོད་སྦྱིན་གཉིས་ཀྱི་དབང་ལུང་གི་རྒྱུན་ཅི་རིགས་པ་དང་གསོ་དཔྱད་རྒྱུད་བཞིའི་བཤད་ལུང་གི་བརྒྱུད་པ་བར་མ་ཆད་པར་བཞུགས་སོ།།

༈ གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་གྲགས་པའི་དང་པོ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་ཉང་རལ་ཉི་མ་འོད་ཟེར་ནི། ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཛེད་ས་སེར་དགོན་ཞེས་པར་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང༌། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་གི་ལོར་སྐུ་བལྟམས། སྐུ་ཆུང་ངུ་ནས་ཡ་མཚན་པའི་རྟགས་མཐའ་ཡས། དགུང་ལོ་བརྒྱད་པར་བཅོམ་ལྡན་འདས་ཤཱཀྱའི་དབང་པོ། ཐུགས་རྗེ་ཆེན་པོ། གུ་རུ་རིན་པོ་ཆེ་སོགས་མཇལ་བའི་དག་སྣང་མང་པོ་ཤར་ཞིང་ཟླ་བ་གཅིག་ཏུ་ཉམས་འུར། ཁྱད་པར་ནུབ་གཅིག་གུ་རུ་རིན་པོ་ཆེ་རྟ་དཀར་ལ་ཆིབས་ཤིང་མཁའ་འགྲོ་སྡེ་བཞིས་ཆིབས་ཀྱི་ཞབས་བཏེགས་པ་ཞིག་མཇལ་ཏེ་བུམ་པའི་བདུད་རྩིས་དབང་བཞི་བསྐུར་བས། གནམ་རལ་བའམ། ས་གཡོ་བའམ། རི་འགུལ་བ་ལྟ་བུའི་ཉམས་གསུམ་ཤར་བ་ལ་བརྟེན་སྤྱོད་པ་སྣ་ཚོགས་མཛད་པས་མི་ཀུན་གྱིས་སྨྱོན་པར་འཛིན་པ་བྱུང༌། ཡབ་ལས་རྟ་མགྲིན་གྱི་དབང་གསན་ཅིང་འཛེད་ཕུ་གངས་རར་བསྒྲུབས་པས་ལྷའི་ཞལ་གཟིགས། ཟངས་ཀྱི་ཕུར་པས་རྟ་སྐད་འཚེར། བྲག་ལ་ཕྱག་ཞབས་ཀྱི་རྗེས་བཞག མཁའ་འགྲོས་ལུང་བསྟན་པ་ལྟར་སྨྲ་བོ་ཅོག་གི་བྲག་རྩར་ཕེབས་པས་ཡེ་ཤེས་ཀྱི་མཁའ་འགྲོས་མཚན་ཉི་མ་འོད་ཟེར་དུ་གསོལ་བ་ལྟར་ཕྱིན་ཆད་དེ་ལྟར་དུ་གྲགས། གུ་རུ་རིན་པོ་ཆེ་རྣལ་འབྱོར་པ་དབང་ཕྱུག་རྡོ་རྗེ་བྱ་བར་སྤྲུལ་ནས་ཁ་བྱང་གནད་ཡིག་རྣམས་གནང་ཞིང་བསླབ་བྱ་མཛད་པ་དང༌། གྲྭ་པ་མངོན་ཤེས་དང༌། ར་ཤག་གཏེར་སྟོན་གྱི་ཁ་བྱང་ཡང་བྱང་བཅས་ཕྱག་ཏུ་སོན་པ་ལྟར། གཏེར་གནས་བྲག་སྲིན་མོ་སྤར་རྗེས་ཀྱི་རྩ་བར་ཕེབས། དེར་ཞག་བཞུགས་མཛད་པའི་ཕྱིར་ཉིན་མཚོ་རྒྱལ་གྱི་སྤྲུལ་པ་བུད་མེད་གཅིག་གིས་དྲེའུ་དཀར་པོ་ལ་རྒྱའི་སྒྲོམ་གཉིས་བཀལ་ཏེ་བྱུང་བའི་ནང་ནས་སྟག་སྒྲོམ་གཅིག་བཏོན་ཏེ་ཕུལ། གཏེར་སྒོ་ཡང་རྙེད་ནས་ཟངས་སྒྲོམ། རྫ་བུམ། སྐུ་རྟེན། དམ་རྫས། ནོར་སྣ་སོགས་མང་དུ་སྤྱན་དྲངས་པའི་ཟངས་སྒྲོམ་ལས་ཐུགས་རྗེ་ཆེན་པོ་དང་གུ་རུ་ཞི་དྲག རྫ་བུམ་ལས་མགོན་པོ་དང་ངན་སྔགས་ཀྱི་སྐོར། སྟག་སྒྲོམ་ལས་མཁའ་འགྲོའི་ཆོས་སྐོར་མང་པོ་བྱོན། དེ་རྗེས་ཚོང་པ་ཞིག་གི་ལག་ནས་ལྷའི་མཛུབ་མོ་ཆག་པ་ཞིག་ཕྱག་ཏུ་སོན་པའི་ནང་ནས་ཁ་བྱང་བྱུང་བ་ལྟར། མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ལས་གཏེར་སྒྲོམ་སྨུག་པོ་དང་སྐྱ་བོ་གཉིས་བཏོན་པའི་སྒྲོམ་སྨུག་པོ་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལུང་མན་ངག་དང་བཅས་པའི་ཆོས་ཚན་བརྒྱ་དང་སུམ་ཅུར་བཀོད་པ་བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་གི་ཕྱག་བྲིས་ཆོས་རྒྱལ་རང་གི་ཕྱག་དཔེར་བྲིས་པ་དང༌། སྒྲོམ་སྐྱའི་ནང་ནས་རྟ་མགྲིན་གྱི་སྐུ་གསུང་ཐུགས་རྟེན་དམ་རྫས་སོགས་མང་པོ་བྱོན།

གཞན་ཡང་བསམ་ཡས་མཆིམས་ཕུ། གནམ་སྐས་ཅན་གྱི་སྲིན་བྱ་བྲག དབེན་གནས་བྲག་རི་ལྷ་ཁང་ལ་སོགས་པ་ནས་ཀྱང་གཏེར་ཁ་མང་པོ་སྤྱན་དྲངས། ཡབ་ཉང་སྟོན་ཆེན་པོ། རྒྱ་སྨྱོན་པ་དོན་ལྡན། ཞིག་པོ་ཉི་མ་སེང་གེ མལ་ཀ་བ་ཅན་པ། སྟོན་པ་ཁ་ཆེ་སོགས་བླ་མ་མང་དུ་བསྟེན་ནས་སྔགས་དང་མཚན་ཉིད་ཀྱི་གསན་པ་རྒྱ་ཆེར་མཛད། བླ་མ་སྐུ་གསུམ་འདུས་པའི་སྒྲུབ་པ་ལོ་གསུམ་མཛད་པས་སློབ་དཔོན་པདྨ་དངོས་སུ་མཇལ་ཞིང་གསུང་གི་གནང་བ་མང་པོ་ཐོབ། མུ་ཏིག་ཤེལ་གྱི་སྤ་གོང་དུ་བླ་མའི་ཐུགས་སྒྲུབ་ཉམས་བཞེས་མཛད་སྐབས་མཚོ་རྒྱལ་དངོས་སུ་བྱོན་ནས་མཁའ་འགྲོའི་ཞུས་ལན་བརྒྱ་རྩའི་དཔེ་གནང༌། དུར་ཁྲོད་བསིལ་བའི་ཚལ་དུ་ཁྲིད་ནས་སློབ་དཔོན་རིན་པོ་ཆེ་བཀའ་བབས་རིག་འཛིན་བརྒྱད་དང་བཅས་པས་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་དབང་སོ་སོར་བསྐུར་ཞིང་རྒྱུད་དང་མན་ངག་རྫོགས་པར་མཛད། མཚོ་རྒྱལ་གྱི་རྣམ་འཕྲུལ་ཇོ་འབུམ་མ་ཁབ་ཏུ་བཞེས་པ་ལ་སྲས་འགྲོ་མགོན་ནམ་མཁའ་འོད་ཟེར་དང༌། སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ནམ་མཁའ་དཔལ་བ་གཉིས་འཁྲུངས། གྲུབ་ཐོབ་དངོས་གྲུབ་ཕེབས་པ་ལ་བཀའ་བརྒྱད་ཀྱི་གཏེར་ཁ་ཡོད་ཚུལ་ཞུས་པས། ཁོང་ལ་དེ་དང་འབྲེལ་བའི་རྫོང་འཕྲང་བཀའ་མ་ཡོད་ཚུལ་གསུངས་པས། དེའང་གསན་ནས་བཀའ་གཏེར་ཆུ་བོ་གཅིག་འདྲེས་མཛད། གྲུབ་ཐོབ་པས་ལྷ་ས་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཤོག་དྲིལ་ལྔ་བཏོན་པའང་བདག་པོ་ཁྱེད་རང་ཡིན་གསུངས་ནས་གནང༌། སྨན་སྒྲུབ་མཛད་སྐབས་སྨན་གྱི་ལྷ་མོས་ཨ་རུ་ར་རློན་པ་ལོ་མ་དང་བཅས་པ་དངོས་སུ་ཕུལ། སྐྱིལ་ཀྲུང་མ་ཞིག་པར་ནམ་མཁར་བྱོན་པ་དང༌། ཞབས་ས་ལ་མ་རེག་པ་སོགས་རྫུ་འཕྲུལ་མཐའ་ཡས་པ་བསྟན། སྒོམ་སྒྲུབ་དང་འཆད་སྤེལ་ཟུང་དུ་འབྲེལ་བས་སྐུ་ཚེ་འཁྱོངས་པར་མཛད། ཕྱིས་ཕྲིན་ལས་ནམ་མཁའ་དང་མཉམ་པར་སོང་བས་བསྟན་པ་ལ་ཕྱག་རྗེས་བསམ་གྱིས་མི་ཁྱབ། དགུང་ལོ་རེ་དགུ་པ་ཆུ་ཕོ་བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་མཚན་རྒྱ་ཆེན་པོ་དང་ཁྱད་པར་ཐུགས་ཀ་ནས་ཧྲཱིཿཡིག་དཀར་པོ་ཞིག་བདེ་བ་ཅན་དུ་གཤེགས་པར་བསྟན་ཏེ་སྐུའི་བཀོད་པ་བསྡུས། སླར་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་གཅིག་ཅར་དུ་འབྱུང་བར་ལུང་བསྟན། ཆགས་ལོ་ཙཱ་བས་གདུང་བཞུས་པས་མེ་སྦར་མ་ནུས། སླར་ཞུགས་རང་འབར་དུ་གྱུར་ཏེ་གདུང་ཁང་ན་ཁྱེའུ་གཞོན་ནུ་མཁའ་འགྲོའི་འཁོར་དང་བཅས་པས་ཧ་རི་ནི་སའི་སྒྲ་སྒྲོགས་པ་སོགས་ཀུན་གྱིས་མཐོང་བའི་རྟགས་མཚན་མང་པོ་དང་རྟེན་རིང་བསྲེལ་ཁྱད་པར་ཅན་མང་དུ་བྱོན། སྐུ་འདད་ཀྱི་དགོངས་རྫོགས་དངོས་གཞིར་པཎ་ཆེན་ཤཱཀྱ་ཤྲཱི་འཁོར་བཅས་གདན་དྲངས། གསེར་གྱི་འབུལ་བ་རྒྱ་ཆེན་པོས་ཐུགས་མཉེས་པར་མཛད། སྲས་ཀྱིས་རབ་བྱུང་བསྒྲུབ་པར་དགོངས་ནས་ཞུས་པས། ཁྱེད་ཡབ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོར་འདུག་པས་ཁོ་བོས་བྱང་ཆུབ་སེམས་དཔའི་གདུང་རྒྱུན་གཅོད་མི་ནུས། རྟེན་འདི་ཀས་འགྲོ་དོན་ཆེ་གསུངས་ནས་མ་གནང༌། ཆོས་དང་གང་ཟག་གཉིས་ཀར་བསྔགས་བརྗོད་རྒྱ་ཆེན་པོ་སྩལ་བས། སྔོན་ནས་རྩོད་བྲལ་ཚད་ཐུབ་ཀྱི་གཏེར་སྟོན་ཆེན་པོར་ཡོངས་སུ་གྲགས་པར་མ་ཟད། གསར་མའི་ཕྱོགས་རྣམས་ཀྱིས་ཀྱང་ལོག་རྟོག་གི་དྲི་མ་སངས་ཏེ་གངས་ཅན་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པར་གྱུར་ཏོ། །སློབ་མའི་གཙོ་བོ་སྲས་འགྲོ་མགོན་ནམ་མཁའ་དཔལ་བ་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་གཏད་པའི་བསྟན་པའི་བདག་པོ་ཡིན་ཞིང་སྤྱན་རས་གཟིགས་ཀྱི་སྤྲུལ་པར་ལུང་བསྟན། རྫུ་འཕྲུལ་ཤིན་ཏུ་ཆེ་བས་དགོངས་རྫོགས་སུ་དམིགས་ནས་ཤམ་པོའི་མདུན་གྱི་རྡོ་རྣམས་ནམ་མཁའ་ལ་ལུག་ཁྱུ་བཞིན་དུ་དེད། གཞན་གྱི་སྣང་ངོར་གང་ནས་བྱུང་ཆ་མེད་པར་ལྷ་ས་སྐྱིད་ཆུའི་འགྲམ་དུ་རྡོ་སྐྱ་ཆག་གེ་ཆགས་པ་ལ་ཇོ་བོའི་ཆུ་རགས་མཛད། སྔར་རྡོ་རྣམས་རིགས་མ་ནོར་བར་ཡོད་ཟེར། བལ་རིས་ཀྱི་ཐང་ཀ་ཐོག་ཚད་མ་བརྒྱ་དང་བརྒྱད་ཀྱང་བཞེངས། མཐུ་རྩལ་དང་ནུས་པ་ཤིན་ཏུ་ཆེ་ཞིང་ཆོས་སྐྱོང་བྲན་དུ་ཁོལ་བས་ཐོག་སེར་ལ་སོགས་པས་སྐུ་དགྲར་གྱུར་པ་དག་ཟླ་དུས་ལ་མི་ལྟོས་པར་ཉི་མའི་སྔ་ཕྱི་ལ་བཙན་ཐབས་སུ་བརླག་པར་མཛད་པ་སོགས་ཀྱི་ལོ་རྒྱུས་དུ་མ་ཡོད། ཐུགས་རྗེ་བསམ་གྱིས་མི་ཁྱབ་པས་གུ་རུ་ཆོས་དབང་སོགས་སྤྲུལ་པའི་སྐུའི་སློབ་མ་ཡང་མང་དུ་བྱུང༌། འདིའི་སྲས་མངའ་བདག་བློ་ལྡན་འཇམ་དཔལ་གྱི་སྤྲུལ་པ་དང༌། དེའི་སྲས་མངའ་བདག་བདུད་འདུལ་ཕྱག་རྡོར་གྱི་སྤྲུལ་པ་སྟེ། ལུང་ནས་བསྔགས་པའི་རིགས་གསུམ་སྤྲུལ་པའི་སྐུ་ནས་རིམ་པར་བྱོན་པའི་སྲས་བརྒྱུད་དང༌། གཉོས་གྲགས་རྒྱལ། ཞིག་པོ་བདུད་རྩི། སྨན་ལུང་པ་མི་བསྐྱོད་རྡོ་རྗེ་སོགས་བཀའ་བབས་ཀྱི་བུ་ལྔ་གཙོ་བོར་གྱུར་པའི་སློབ་བརྒྱུད་ཀྱིས་བོད་ཡུལ་མཐའ་དབུས་ཀུན་ཏུ་ཆོས་ཀྱི་ཕྲིན་ལས་ད་ལྟའི་བར་ཁྱབ་བརྡལ་དུ་འཕེལ་ལོ།།

༈ གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པ་ལས་གཉིས་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་མངའ་བདག་ཉང་རིན་པོ་ཆེ་ནས་འབྲས་བུའི་མཐར་སོན་ཏེ་མ་ཆགས་པདྨ་ཅན་དུ་སངས་རྒྱས་པའི་གསུང་གི་རྣམ་འཕྲུལ་དུ་བསྟན་པ་སྟེ། དེའང་བསྟན་པ་སྔ་དར་གྱི་ཚེ་བོན་གཉའ་རིངས་བྱ་བས་བཙན་པོ་ཁྲི་སྲོང་ལ་ཐོག་ཕབ་སྟེ་བཀྲོང་བར་ཁས་བླངས་པ་ན། སློབ་དཔོན་པདྨ་དང༌། བི་མ་ལ། བཻ་རོ་གསུམ་ཀའི་སློབ་མར་གྱུར་པ་སྤང་རྗེ་བཙན་ཁྲམ་བྱ་བའི་སྔགས་པ་ནུས་པ་ཅན་ཞིག་གིས། བོན་པོས་ཐོག་མདའ་ལྔ་དུས་གཅིག་ལ་ཕབ་པ་སྡིགས་མཛུབ་ཀྱིས་བླངས་ཏེ་བོན་པོའི་གྲོང་ལ་རང་གཤེད་དུ་བཏང་ནས་བརླག་པར་བྱས། བཙན་པོས་དེ་ལ་བྱ་དགའ་ཆེན་པོ་མཛད། དེ་ལ་སྲས་སྤང་རིག་འཛིན་སྙིང་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་ཡང་འདུལ་གྱི་ལྷ་ཁང་བཞིའི་མཆོད་གཉེར་མཛད། ལོ་སྐོར་རེ་ལ་མཆོད་པ་ལ་འབྱོན་པ་ལས་མཁོ་མཐིང་དུ་བྱོན་པའི་ཚེ་ལ་ཡག་རྫ་བར་གྱི་དཔོན་ཆེན་སྤྲད་པས་ནོར་གཞིས་མང་དུ་ཕུལ། ཚེ་སྔ་མའི་ཡུལ་ཡིན་གསུངས་ནས་བདག་གིར་མཛད། དེའི་སྲས་ཀུན་མཁྱེན་ཤེས་རབ་རྒྱལ་པོ་ནས་མཁྱེན་ལྡན་ནུས་པ་ཅན་བར་མ་ཆད་དུ་བྱུང་བའི་སྤང་སྟོན་གྲུབ་པའི་སྙིང་པོ་ཞེས་བྱ་བ་དེས་བླ་མ་སངས་རྒྱས་སྙི་སྒོམ་ལ་བདག་ཚངས་པར་སྤྱོད་པར་ཞུས་པས། དགེ་སློང་གི་སྡེ་བརྒྱད་ལས་བྱང་ཆུབ་སེམས་དཔའ་གཅིག་འགྲོ་དོན་ཆེ་བས་བྱང་ཆུབ་སེམས་དཔའི་གདུང་མ་བཅད་གསུངས། དེ་ཁྱིམ་ན་བཞུགས་པའི་ཚེ་མཁའ་འགྲོ་གར་གྱི་དབང་མོ་ལ་ཇོ་མོ་གྱིས་ཤིག་ཟེར་བའི་ལུང་བསྟན་བྱུང༌། སླར་ནམ་མཁའ་ལ་གྱ་གྱུར་འགྲོ་བའི་གྲུབ་ཐོབ་ཀྱི་བརྒྱུད་པ་དཀར་བཟའ་མགོན་སྐྱིད་ཡིན་པར་ཤེས་ནས་བདག་གིར་བཟུང་བ་ལས། ཡབ་ཀྱིས་འབྲི་གུང་སྐྱོབ་པ་ལ་ཕུར་པ་རྩ་དུམ་ཉན་པའི་ཚེ། ཁྱོད་ཀྱི་བུ་ཐ་ཆུང་གཅིག་ལ་ཆོས་སློབས་ཤིག དེས་ཕྲིན་ལས་འབྱུང་ངོ་གསུངས། ཞང་རིན་པོ་ཆེས་ཀྱང་དགེ་བཤེས་ལྷོ་ཆུང་པ་ཁྱོད་ཀྱི་བུ་ངས་བྱའམ། ཀུ་རེ་ཡིན་ཁྱོད་ལ་ང་འདྲ་བའི་བུ་གཅིག་འོང་གསུངས་པ་ལ་སོགས་ལུང་བསྟན་མང་པོ་ཐོབ། ལྷུམས་སུ་ཞུགས་པའི་ཚེ་ཉི་ཟླ་ཁ་སྦྱོར་སྤྱི་བོར་ཐིམ་པ་དང༌། ལྷུམས་ནས་སྐྱེ་མེད་ཀྱི་ཡི་གེ་ཨ་སྒྲ་ཡང་ཡང་སྒྲོག་པ་དང༌། མདའ་དར་གཏད་དེ་ཚིགས་སུ་བཅད་པ་སོགས་རྟགས་ཁྱད་པར་ཅན་བྱུང༌། རབ་བྱུང་གསུམ་པའི་ཆུ་ཕོ་སྤྲེའུའི་ལོ་དཔྱིད་རའི་ཚེས་བཅོ་ལྔའི་ཉི་ཤར་ལ་སྐུ་བལྟམས། མཚན་བརྗོད་གསེར་མ་ཞིག་བྲི་ཞིང་ཡོད་པའི་ཚིག་མཚམས་ལ་རྟེན་འབྲེལ་བརྟགས་པས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །བྱ་བ་དང་ཐུག་ནས་མཚན་དེར་བཏགས། མིག་མཐོང་མཁན་དག་གིས་ཀྱང་ལྷ་འདྲེས་མཆོད་པར་འདུག་ཅེས་ཟེར། དགུང་ལོ་བཞི་པ་ནས་ཡབ་ལས་བྲི་ཀློག་བསླབ། སྨྲ་སྒོ་མཚོན་ཆ། རིག་ཀླག་སྡེ་ལྔ། བི་བརྟ་ཆེན་མོ་སོགས་སྒྲའི་བསྟན་བཅོས་བཅུ་གསུམ། སྐྱེ་བོ་གསོ་ཐིག་སོགས་ལུགས་ཀྱི་བསྟན་བཅོས་བཅུ། ནག་རྩིས་དང༌། སྨན་དཔྱད་བཀའ་གཏེར། རྒྱལ་རབས་སྡེ་བདུན། སྡེ་བརྒྱུད་ཆེན་པོའི་སྒྲུང་འབུམ་སོགས་གླུ་གར་གྱི་བསྟན་བཅོས་བརྒྱ་དང་བཞི། བོན་གྱི་གཞུང་ཆེན་བདུན་ཅུ་དོན་ལྔ། མདོས་གཞུང་ཆེན་པོ་བརྒྱ་ཕྲག གསང་སྔགས་ཕྱི་ནང་གི་ཐིག་རྩ་མང་པོ། ཕུར་པའི་སྐོར་པོད་ཆེན་བཞི་ལ་སོགས་པ་ཐོས་པ་མང་པོ་མཛད། བཅུ་པ་ལ་གསར་མའི་ཕྱག་རྡོར་ལུགས་དྲུག་གསན་ཏེ་བསྒྲུབས་པས་བུམ་ཆུ་ཁོལ། གཤིན་རྗེ་གཤེད་དང་ཕུར་པ་ལ་བསྙེན་པ་ཚད་བསྐྱལ། བཅུ་གཅིག་པ་ལ་སྒྱུ་འཕྲུལ་གྱི་དབང་རྒྱུད་མན་ངག་ཐམས་ཅད་རྫོགས། བཅུ་གཉིས་པ་ལ་ཀ་ཀ་ནི་གྲྭ་ལྔ། སྒྲུབ་ཐབས་བརྒྱ་རྩ་སོགས་མཁྱེན་པར་མཛད་ཅིང་ཡིག་བརྒྱའི་བསྒྲུབ་པ་མཛད། བཅུ་གསུམ་པ་ལ་ཡང་དག་དང་མ་གཤིན། ཐུགས་རྗེ་ཆེན་པོ་ལུགས་གཉིས་དང་རྟ་མགྲིན་ལ་སོགས་གསར་རྙིང་མང་པོ་གསན་ཅིང་བསྒྲུབས། བཅུ་གསུམ་པའི་དུས་ཉམས་སྣང་ལ་ཇོ་མོ་སྒྲོལ་མས་ཤེལ་མཁར་གཅིག་གི་རྩེར་ཁྲིད་པས་རྡོ་རྗེ་སེམས་དཔའ་དང་མཇལ།

དེ་ན་མཁའ་འགྲོ་མ་གདོང་པ་བཞི་པ་གཅིག་འདུག་པའི་མདུན་ཞལ་དཀར་པོ་ནས། སངས་རྒྱས་བསྟན་པ་ཁྱོད་ཀྱིས་བཟུང༌། །གཡས་ཞལ་སེར་པོ་ནས། དམ་ཆོས་དར་བ་ཁྱོད་ཀྱིས་གྱིས། །རྒྱབ་ཞལ་དམར་པོ་ནས། དགེ་འདུན་དབུ་འཕང་ཁྱོད་ཀྱིས་བསྟོད། །གཡོན་ཞལ་སྔོན་པོ་ནས། དུས་ངན་གདུལ་དཀའ་ཁྱོད་ཀྱིས་ཐུལ། །ཟེར་ནས་མདའ་དཀར་པོ་སྒྲོ་ལྔ་པ་གཅིག་གཏད། དགུང་ལོ་བཅུ་བཞི་པར་ཏི་སེ་གྲོ་གྱང་གསར་བ་ལས། ཚད་མ་དང༌། མངོན་པ་ཀུན་བཏུས། སྤྱོད་འཇུག དགྱེས་རྡོར་ལ་སོགས་པའི་གཞུང་ཆེན་པོ་དང༌། ཕྱག་རྫོགས་ཞི་བྱེད་ཆོས་དྲུག་ལ་སོགས་པའི་མན་ངག་གསན། མཐའ་སྐོར་བ་ལས་དབུ་མ་བདེན་ཆུང༌། མཚུར་སྟོན་ཡབ་སྲས་ལས་ཨ་ཏིའི་སྐོར་སོགས་མདོ་སྔགས་གསར་རྙིང་གི་བཤད་སྒྲུབ། ཡབ་ལས་ཞི་བྱེད། ཕྱག་རྫོགས། གཅོད་ཡུལ། གདམས་ངག་ངོ་སྤྲད། བསྟན་སྲུང་དྲག་སྔགས་མཐའ་དག་གསན་ཅིང་ཉམས་འོག་ཏུ་ཆུད་པར་མཛད། བཅུ་བདུན་པ་ལ་མངའ་བདག་འགྲོ་མགོན་དང་མཇལ་ཏེ་ཉང་རིན་པོ་ཆེ་ཉི་མ་འོད་ཟེར་གྱི་གཏེར་ཆོས་མཐའ་ཡས་པའི་བདག་པོར་གྱུར། བཅོ་བརྒྱད་པའི་ཚེ་ས་པཎ་ལས་གནས་གཞི་སྒང་པོར་སེམས་བསྐྱེད་པ་དང༌། གྱང་གསར་དུ་ཆོས་འབྲེལ། ལྷ་ལུང་གི་མཆོད་རྟེན་རྩར་རབ་གནས་ཐོབ། དེ་ནུབ་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་མེ་ཏོག་ཨུ་དུམ་ཝ་ར་འཚོལ་དུ་ཕྱིན་པས། ཨུཏྤལ་སྔོན་པོའི་སྟེང་ནས་འཕགས་པ་འཇམ་དཔལ་གྱིས། ཛྙཱ་ན་ཀཱ་ཡ་དྷརྨ་དྷཱ་ཏུ། ཆོས་ཀྱི་དབང་ཕྱུག་ང་ཡིན་ནོ། །ང་ནི་ཁྱོད་ཀྱིས་སེམས་རྟོག་གོ །སེམས་རྟོག་ནི་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པའོ། །ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པའི་དོན་ནི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གོ །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཁྱོད་ལ་བཤད་ཟིན་གྱི་དེའི་དོན་ལ་དཔྱོད་ཅིག ཅེས་གསུངས་པའི་མོད་ལ་མནལ་སད་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད། གྲྭ་པ་མངོན་ཤེས་ཀྱིས་བསམ་ཡས་ནས་བཏོན་པའི་ཤོག་སེར་ཁ་བྱང་ཞིག་རིམ་པར་བརྒྱུད་པ་དགུང་ལོ་བཅུ་གསུམ་པའི་ཚེ་ཕྱག་ཏུ་བྱུང༌། བར་དེར་ཁ་བྱང་དེ་ལ་བརྟེན་ནས་བླུན་པོ་གཟུ་ལུམ་ཅན་མང་པོས་གཏེར་འདོན་པར་བརྩམས་པས་ལ་ལ་ཤི ལ་ལ་ཐོག་སེར་གྱིས་བྱེར་དགོས་པ་བྱུང༌། ཁ་བྱང་དེ་ནང་དུ་བཞག་ན་ཆོ་འཕྲུལ་གྱི་མི་ཚུགས། ལམ་འཕྲང་དང༌། བཞི་མདོ་དང༌། ཆུའི་དཀྱིལ་དང༌། ས་འོག་ལ་སོགས་པར་བསྐྱུར་ཀྱང་འབྱུང་བའི་གནོད་པས་མི་ཤིགས། བཟུང་དུའང་མ་བཏུབ་པས་བརླག་ཤོག་སེར་པོ་ཞེས་མིང་ཐོགས། ཡབ་ན་རེ། ཐམས་ཅད་བརླག་པའི་བརླག་ཤོག་སེར་པོ་དེས་ཅི་ཞིག་བྱ། ཁྱོད་འཆི་བ་ཉོ་བ་ཨེ་ཡིན་གསུངས་ནས་ཕྲོགས་ཏེ་ཕྱོགས་གཞན་དུ་སྦས། དེ་སླར་དགུང་ལོ་ཉེར་གཉིས་པ་འདིར་བརྐུས་ནས་རྟོགས་ལྡན་གཅོད་ཡུལ་བ་ཞིག་དང་འགྲོགས། དེ་ལ་བརྟེན་ནས་ལ་ཡག་ཉིན་གྱི་ལུང་པ་གནམ་སྐས་ཅན་ནས་ཡང་བྱང་བླངས། གཏེར་སྲུང་ཀླུ་བདུད་མགོ་དགུ་དང༌། ཡེ་ཤེས་མཁའ་འགྲོ་ཡུམ་གྱི་ཆ་བྱད་ཅན་གཉིས་ཀྱིས་ལྡེའུ་མིག་གཏད། ཀེའུ་ཚང་གི་སྒོ་ཕྱེས་པས་གཏེར་བཅུད་བྱ་རྒོད་ཁྱུང་ཙམ་པ་ཞིག་བྱུང་བ་ལ་ཞོན་ནས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་འཇའ་འོད་འཁྱིལ་པའི་གུར་ཁང་དུ་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཏེ་རིག་པའི་རྩལ་དབང་ཐོབ་ཅིང་བདུད་རྩིའི་བུམ་པ་གནང༌། སླར་གཏེར་བྱང་ལྟར་སྒོ་ཕྱེས་པས་ཁྲོ་ཆུའི་ཀླུ་བདུད་མགོ་དགུ་པ་གཟུགས་ཁྲུ་གང་པ་གཅིག་དང༌། ཟངས་ཀྱི་གྭའུ་གཉིས་སྤྱན་དྲངས་པའི་ཀླུ་གཟུགས་ཀྱི་ནང་ནས་གདམས་ངག་སྐོར་བཞི། གྭའུའི་ནང་ནས་མན་ངག་བརྒྱ་རྩ་བརྒྱད་བྱོན། འདིས་ཐོག་དྲངས་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཐུགས་གཏེར་དང་བཅུ་དགུ་བཞེས་པའི་སྡོམ་ནི།

གནམ་སྐས་ཅན་དང་༼གཅིག༽བྲག་དམར་༼གཉིས༽རྟ་མགྲིན་ཞབས། །༼གསུམ༽མོན་ཁ་སྟེང་དང་༼བཞི༽རྟ་མགྲིན་༼ལྔ༽དབེན་རྩའི་སྒོ། །༼དྲུག༽མཁོ་ཡི་གཤིན་དམར་༼བདུན༽རྟ་མགྲིན་༼བརྒྱད་༽སྒྲོམ་ཆོས་ལ། །༼དགུ་༽སྲས་མཁར་༼བཅུ་༽སྐྱ་བོ་ཕུག་རིང་༼བཅུ་གཅིག་༽ཕྱག་མཐེབ་མ། །༼བཅུ་གཉིས་༽བསམ་ཡས་ཨཱརྱ་༼བཅུ་གསུམ་༽ལྕགས་ཕུར་༼བཅུ་བཞི་༽མོན་བུམ་ཐང༌། །༼བཅོ་ལྔ་༽རྩིས་ཀྱི་ལྷ་ཁང་༼བཅུ་དྲུག་༽རོང་བྲག་༼བཅུ་བདུན་༽ཧ་བོ་གངས། །༼བཅོ་བརྒྱད་༽རང་གབ་དོན་གྱི་གཏེར་༼བཅུ་དགུ་༽དང་བཅས་པ་སྟེ། །ལས་འཕྲོའི་དབང་གིས་ཆོས་དབང་བདག་དང་མཇལ། །ཞེས་གསུངས་པ་ལྟར་རོ། །དེ་དག་ཀྱང་སྐལ་ལྡན་གྱི་སྐྱེ་བོའི་སྔུན་ན་ངོ་མཚར་ཆེན་པོའི་སྣང་བ་དང་འགྲོགས་ནས་བླངས་པ་དང༌། ཕལ་ཆེར་གཏེར་བདག་ལ་ཐ་ཚིག་བསྒྲགས། གཞན་ལས་དང་སྐལ་བར་ལྡན་པ་མངག་གཞུག་ཏུ་བྱས་ནས་རྩོད་པ་མེད་པར་ཕྱུངས་པ་འབའ་ཞིག་གོ །དེ་ཡབ་ཀྱིས་གསན་ནས་ཁྱོད་ཀྱིས་གཏེར་ཐོན་ཟེར་བ་ཅི་ཞིག་རང་ཐོན་ཁྱེར་ཤོག་གསུངས། ཟངས་སྒྲོམ་གཏད་པ་ན་དཀར་ཆག་ཀློག་དང་གསུངས། བཀླགས་པས་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་གཅིག་ཤེས་ཀུན་གྲོལ་འམ་དེ་ཀློག་དང་གསུངས། རྒྱུད་ཀྱི་འགོ་ནས་བཀླགས་པས། ད་གོ་གོ་དེས་ཆོག ཁྱོད་ལ་སྔར་གྲོས་སྣ་མ་ཐུང་བ་བཏབ་པ་ཡིན། ཕྱིས་གྱོད་ཁ་བསྣན་ཀྱང་ཚིག་རོ་ལས་མི་ཡོང༌། ད་གཏེར་དེས་འཕུང་འཚེངས་གང་ཡིན་ཀྱང་ཟིན། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བཀའ་རྩོད་མེད་དུ་འདུག ཟབ་ཀྱང་གཏེར་གྱི་ཆོས་ལ་ད་ང་རེ་མ་དགོས། ངའི་འདུན་མ་ལོ་བཞི་བཅུའི་བར་དུ་རུ་བཞིའི་བླ་མ་མཁས་གྲུབ་ཐམས་ཅད་ཀྱི་དགོངས་པ་བླངས། སྤྲོས་པ་ཆོད། འཁོར་འདས་ཀྱི་གཞི་རྩ་སེམས་ཉིད་གཅིག་པུ་འདིའི་སྟེང་དུ་ལ་བཟླས་ཟིན། ད་ཁྱོད་ངའི་ཁ་ལ་ཉན་པར་སོང་ན་བླ་རྫོགས་ཐུགས་གསུམ་འདིའི་མགོ་ཅི་ཐོན་གྱིས། དེ་མིན་པའི་མཐུ་ངན་སྔགས། སྒྱོགས་དང་དཔག་ཆེན། ཐན་དང་ཆོ་འཕྲུལ། བཟོ་སྣ་ཀྱག་ཀྱོག་རྣམས་ཆོས་འདི་མགོ་མ་ཐོན་བར་ཁའི་ཟུར་ལའང་མ་འདོན། ཤེས་ཤེས་མང་ལ་མཐར་ཐོན་མེད་པ་འདི་མཐར་སྤྲང་པོར་འགྲོ་བ་ཡིན། སྤྱིར་གཏེར་ཆོས་ལ་ང་གནག་པ་ག་ལ་ཡིན། སངས་རྒྱས་ཀྱིས་མདོ་རྒྱུད་ཀུན་ནས་གཏེར་ལུང་གསུངས། རིག་འཛིན་གོང་མའི་ཕྱག་ལེན་ཡིན་ཏེ། སྔར་ཡང་གཏེར་སྟོན་བློ་ཆུང་རེས་ཆོས་ལ་དག་མ་ཐོན་པར། གཞོག་ཁྱེར་དང་ངོ་སོ་བྱས་ནས་འགྲོ་དོན་རླབས་པོ་ཆེ་མ་གྲུབ། རྒྱ་ཞང་ཁྲོམ་གྱིས་ངན་སྔགས་སྔོན་ལ་སྤེལ་བས། འགྲོ་དོན་གྱ་རྡུགས། ཀུ་ཚ་སྨན་པས་སྨན་དཔྱད་བྱས་པས་ཆོས་ཀྱི་འགྲོ་དོན་གཡེལ། ར་ཤག་གཏེར་སྟོན་གྱིས་མདོས་ཆོག་བྱས་པས་ཕྱིས་མདོས་མཁན་དུ་སོང༌། བོན་པོ་དྲག་རྩལ་གྱིས་སྔོན་ལ་པེ་ཧར་བསྒྲུབས་པས་མཐུ་མཁན་ལས་མ་བྱུང༌། དེ་འདྲ་ལ་ཟད་པ་མེད། རྒྱལ་བ་གོང་མས་གཞན་དོན་ལ་དམིགས་ཀྱང་གཏེར་སྟོན་ཚོས་རྩ་བའི་ཆོས་ཀྱི་གཞུང་མ་བསྲངས་པར་ཕྲིན་ལས་ཁ་ཁྱེར་དུ་བཏང་བས་གོ་མ་ཆོད་དུ་སོང༌། ཆོས་བྱས་ན་ཆོས་སྐྱོང་ཞོར་ལ་ཡོང༌། མཐུ་ཡང་མ་བསྒྲུབས་པར་འོང་བ་ཡིན། དེ་ཆོས་སྐྱོང་རང་གི་དམ་བཅའ་ཡིན་པས་སོ།།

བློ་ཙབ་ཙུབ་མ་མང་བར་བླ་རྫོགས་ཐུགས་གསུམ་གྱི་ཉམས་ལེན་ལ་འབུངས་ཤིག མངའ་བདག་ཉང་ཡབ་སྲས་མིས་འཁུར་བ་འདི་ཁོས་ཐུགས་རྗེ་ཆེན་པོ་བསྒྲུབས་པས་བྱུང་བ་ཡིན། གཏེར་སྟོན་གྱ་མ་རྡུགས་ཙམ་དེ་ཁོ་ཡིན། ངས་ལོ་དྲུག་གོང་ནས་འགྲོ་བྱས་པའི་དུས་ཚོད་དེ་ད་ཟླ་བ་གཉིས་ཙམ་ནས་སླེབ་ཡོང༌། མི་ཚོས་གཏེར་རྫུན་ཡིན་ཟེར་ཡོང་སྟེ་རྟོག་པ་དེ་མི་དགོས། ང་ཡན་ཆོད་ཀྱི་སྤང་མི་རབས་བཅུ་གསུམ་སོང་སྟེ་ནང་གི་གྲུབ་རྟགས་མ་བྱུང་བ་མེད། ང་ཡང་ཞན་ཤོས་མིན་ཙམ་འོང་གསུངས་སྐད། དེར་མངའ་བདག་འགྲོ་མགོན་གྱིས་གཏེར་གྱི་ཉམས་ང་ཆེ་གསུངས་ནས་གཟིགས་པས་མཆོག་ཏུ་མཉེས། ལུང་བསྟན་ལས་ཧོར་དམག་འབྱུང་ཚུལ་ཡོད་པ་སློབ་དཔོན་མཐའ་སྐོར་བས་མཐོང་ནས། ཧོར་ད་ལྟ་ཡུལ་ན་མེད་པ་ལ་ཟེར་སྐུར་པ་བཏབ་པས། ཐུགས་ཆད་ནས་གདམས་པ་སླར་སྦ་བར་སེམས་པ་ན། བུ་མོ་གཉིས་ཀྱིས་རྟ་དཀར་གཤོག་པ་ཅན་ལ་བསྐྱོན་ནས་རྔ་ཡབ་དཔལ་རིར་ཁྲིད། ཨོ་རྒྱན་ཆེན་པོས་གསང་བ་ཡོངས་རྫོགས་ཀྱི་དབང་རྫོགས་པར་བསྐུར་ནས།

ལམ་གྱི་ལམ་མཆོག་གཞན་དོན་ཡིན། །འདི་ལ་སྒྱིད་ལུགས་སུས་སྐྱེས་པ། །དེ་ཡིས་བྱང་ཆུབ་ལམ་ཐག་རིང༌། །ཞེས་སོགས་ཞལ་གདམས་བསླབ་བྱས་དབུགས་ཕྱུང༌། གནས་འདིར་མ་ཞེན་ཅིག ཞེན་ན་སྐྱེ་བ་འཕོ་བའི་ཉེན་ཡོད་གསུངས་པའི་མོད་ལ་འོད་ཕུབ་ལྟ་བུས་བཏེགས་ཏེ་སྐད་ཅིག་ལ་སླེབས། ཤིང་ཕོ་བྱི་བའི་ལོར་ཧོར་དོར་རྟ་ནག་པོའི་དམག་གིས་སླེབས་པས་མ་འོངས་པ་མངོན་སུམ་དུ་གཏན་ལ་ཕེབས། སློབ་མའི་དམ་པ་བལ་ཡུལ་ཡམ་བུ་བ་བྷ་རོ་གཙུག་འཛིན་ཞེས་བྱ་བ་ཞིག་ཡོད་དེ། དེ་ཉིད་བོད་དུ་གསེར་འཚོལ་བའི་ཕྱིར་འོངས་པ་ལ་མཁའ་འགྲོས་ལུང་བསྟན་ཏེ་གུ་རུ་ཉིད་དང་མཇལ། ཞག་བདུན་གྱི་བར་དུ་ཨོ་རྒྱན་དངོས་སུ་མཐོང༌། གསུང་ཐོས་པ་ཙམ་གྱིས་རྟོགས་པ་ཤར། ནུབ་གཅིག་དབང་མཛད་པའི་ཚེ་ཁྱོད་ཀྱིས་ང་ཅིར་མཐོང་གསུངས། ཡི་དམ་དངོས་སུ་མཐོང་ཞུས་པས། འོ་ན་ཚོགས་གཏོར་གཞན་ན་འབུལ་ས་མེད་གསུངས་ནས་གནའ་བའི་ཤ་བུབ་ཕྱེད་ལ་སོགས་པའི་ཚོགས་རྫས་རྣམས་སྐད་ཅིག་གིས་བཞེས། ཡང་ང་ཅིར་མཐོང་གསུངས། སངས་རྒྱས་དངོས་སུ་གདའ་ལགས་ཞུས་པས། འོ་ན་དབང་བསྐུར་བྱའོ་གསུངས་ནས། མཆོད་རྫས་བསྡུས། དཀྱིལ་འཁོར་བཤིགས། ཤུལ་དུ་བྲོ་བརྡུངས། བླང་དོར་མེད་པའི་སྤྱོད་པ་དང༌། རྡོ་རྗེའི་དམ་ཚིག་ཆེན་པོའི་གནས་ལ་སྐྲག་པར་མི་འགྱུར་བའི་ལས་ཅན་གྱི་སློབ་མའི་ཁམས་དང་བསམ་པ་མཁྱེན་ནས། རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཆེན་པོ་ནས་རྣམ་པར་སྣང་མཛད་དྲི་ཆེན་ལྷ་རྣམས་ཀྱི་སྒོ་ནས་ཕྱུང་སྟེ་དབང་བསྐུར་བས། བྷ་རོ་ལ་ལུས་སྦྲུལ་ཤུན་དོར་བ་ལྟ་བུའི་ཉམས་ཤར། དེ་བཞིན་དུ་རྡོ་རྗེ་གསང་བའི་མྱུར་ལམ་ནས་དྲི་ཆུ་དོན་ཡོད་གྲུབ་པ་ལྕེ་ཐོག་ཏུ་བླུད་པས་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཐོད་རྒལ་དུ་འབར། སྙིང་གར་ཕྱག་མཛུབ་བཙུགས་ནས། ང་བྱ་བ་འདི་ངོས་ཟུང་ཞིག་གསུངས་པས། ཡུལ་གྱི་འཛིན་པ་བུན་ལོང་ངེར་ཞིག ང་མཐོང་དོན་ལ་མ་ཡེངས་ཤིག །དེ་ལ་སྒོམ་རྒྱུ་སྤུ་ཙམ་མེད། །གསུངས་པས་རྫོགས་ཆེན་བྱ་བྲལ་རིས་མེད་ཀྱི་རྟོགས་པ་ལྷག་གེར་ཤར། ངེས་ཤེས་ཁྱད་པར་ཅན་སྐྱེས་ནས། ད་ནི་དུས་གསུམ་གྱི་སངས་རྒྱས་བྱོན་ཀྱང་དབང་ཞུ་སྙམ་པ་མི་གདའ། རྒྱ་གར་དུ་འགྲོ་བའི་སྤྲོས་པ་ཡང་ཆོད་ཞུས་པས། འཁོར་བར་མི་འཁྱམས་པའི་སངས་རྒྱས་བྱུང་ན་མུ་སྟེགས་པ་ཡིན། ཁྱོད་རྒྱ་གར་དུ་སོང་ལ་བླ་མ་རྙེད་ན་བླ་མ་འཚོལ། སློབ་མ་རྙེད་ན་སློབ་མ་འཚོལ་ཞེས་གསུངས། ཞལ་ཏ་འདི་དོན་ཤིན་ཏུ་བཟང་པོར་སྣང༌། ལར་བལ་པོ་བྷ་རོ་འདི་ཉིད་ལས་སད་པའི་གང་ཟག་དད་པ་ཤིན་ཏུ་ཆེ་བས་གུ་རུའི་སྟ་ཟུར་ལ་ཁྲོ་བོའི་སྤྱན་མངའ་བ་དང༌། མཁའ་འགྲོ་དང་ཆོས་བགྲོ་བ་སོགས་སྣང་བ་དག་པ་འབའ་ཞིག་ཏུ་མཐོང༌། ལན་ཅིག་མངོན་སྤྱོད་འདི་དག་ལ་རྟགས་ཐོན་པ་མཆིས་སམ་ཞུས་པས། ལག་ལེན་དོན་ཐོག་ཏུ་ཕེབས་ཏེ་མ་ཎི་འདྲེན་ནས་དེ་སྒྲུབ་མ་ཁོམ་གསུངས། དེར་བལ་པོས་སྒྲོལ་བའི་ནུས་པ་སྟོན་པར་ཞུས་པས། རི་བོང་ཞིག་ཉེ་བའི་སར་འགྲོ་བ་ལ། ས་ལ་རི་བོང་གི་གཟུགས་གཅིག་བྲིས། ཁབ་ལ་སྔགས་ལན་བདུན་བགྲངས་ཏེ་གཟུགས་བརྙན་ལ་བཏབ་པས་རི་བོང་ཐུར་ལ་རིལ་ལི་ལི་འདྲིལ། ད་སྒྲིབ་པ་སྦྱང་དགོས་ལོངས་ཤོག་གསུངས་ནས་བཏགས་གྲོལ་བཏགས་ཏེ་ཚོགས་གཏོར་དང་བསྔོ་བས་རྗེས་སུ་བཟུང༌། དེ་འདྲ་བ་མི་ལ་བྱུང་ན་འཇིགས་ཞུས་པས། མི་དང་འཕྱི་བ་འདྲ་གསུངས་ནས་འཕྱི་བའི་གཟུགས་བརྙན་ལ་སྔར་བཞིན་མཛད་པས་འཕྱི་ཁུང་ནས་རོ་བྱུང༌། བྱས་ན་འདི་འདྲ་བ་འོང་སྟེ་སེམས་ཅན་ལ་གནོད་པས་སུ་ལའང་མི་སྟེར། དགྲ་ལའང་འཚང་རྒྱ་བའི་མཐུ་ལས་གཞན་མི་བྱེད། འདི་པ་དུད་འགྲོར་སོང་བས་གནས་སྤར་བ་ཡིན། གཞན་མི་ལུས་ཐོབ་པ་ནི་ཤིན་ཏུ་དཀའ། སྲོག་བཅད་པའི་སྡིག་པ་ནི་མཐའ་ཡས། གཅིག་ཤི་བས་མི་ཆོག དེའི་ཉེ་འཁོར་ཐམས་ཅད་སྡུག་བསྔལ་བ་ཡིན། དགྲ་ལའང་མཐུ་མི་བྱེད་ཀྱི་སྟེང་དུ་སླར་ལ་སྙིང་རྗེ་བསྐྱེད་དགོས་པ་ཡིན་གསུངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་ཕྱོགས་ལྷག་པར་དང་དུ་བཞེས། རང་དོན་མཐུ་དང་མངོན་སྤྱོད་མི་མཛད་པའི་དམ་བཅའ་ཤིན་ཏུ་བརྟན་པ་ཡིན་ཏེ། ཐུགས་རྗེ་ཡུལ་ལ་འཇུག་པའི་ཆ་ནས་ངན་སོང་གསུམ་ཡང་ཐུགས་རྗེས་བསྒྲལ་ཞེས་པ་གུ་རུ་ཆེན་པོ་འདིས་མངོན་དུ་མཛད་ནས། ལས་ཀྱི་ལུས་དུག་ལྔའི་ཕུང་པོ་ཅན་དེ་བསད། རྣམ་པར་ཤེས་པ་ཆོས་ཉིད་ཀྱི་ཀློང་དུ་གསོས་ནས་འཁོར་བ་མཐའ་ཅན་དུ་མཛད་པས་བསད་གསོའི་ནང་ནས་ཀྱང་ངོ་མཚར་ཆེ་བ་གཅིག་ཡིན། བལ་པོ་བྷ་རོ་ལྡོག་ཁར་གསེར་ཞོ་དྲུག་ཅུ་ཐམ་པ་ཕུལ་ནས་རྒྱ་བལ་དུ་ལྡོག་པ་ལ་བར་ཆད་མེད་པའང་ཞུ་བྱས་པས། གསེར་དེ་ཉིད་ཕྱེ་དང་བསྲེས་ནས་སྦྱིན་སྲེག་མཛད། སེར་སྣའི་མདུད་པ་རྩ་བ་ནས་གྲོལ། ལར་འདི་དཀོན་མཆོག་ཡོད་པར་ཡིད་ཆེས་པར་སྟོན་པའི་མཛད་པ་ངོ་མཚར་ཅན་ཡིན་ཏེ། གཏོང་བ་ལ་གོམས་པ་རྣམས་ཀྱིས་ཀྱང་དཀོན་མཆོག་ལ་དམིགས་ནས་རྫས་དངོས་མེད་དུ་གཏོང་བ་ལ་རྣམ་པའི་ཆ་ནས་ཡིད་གཉིས་ཡོད་པ་ལྟར་མི་སྟོན་ཡང༌། དོན་དངོས་པོར་སྣང་བའི་དགེ་བའི་ཕྱོགས་ལ་དགའ་བར་བྱེད་པ་འདི་ཀ་ཅུང་བློ་ལ་འཕྲིགས་ཆགས་པ་ཡིན་ནོ།།

དེར་བྷ་རོ་ལ་སྦྱིན་སྲེག་གི་ཐལ་བའང་འཕང་སེམས་མ་བྱེད་པར་ཆུ་ལ་སྦྱོང༌། ལམ་དུ་ཟས་སྟེར་བ་གཅིག་འོང༌། དེ་བདག་གིར་གྱིས་ཤིག་གསུངས་པ་ལྟར་བྱས་པས་བུ་མོ་གཅིག་གིས་ཉུང་མ་ཞིག་བྱིན། དེ་གུ་རུ་ལ་ཕུལ་བས་རས་ཁོབ་ལ་ཚོས་ཤིག་གསུངས། སླར་བྷ་རོ་རྒྱ་གར་དུ་འགྲོ་བ་ལ་སྐྱེལ་ཐུང་མཛད་པས་ཡང་གསེར་ཞོ་གསུམ་ཕུལ། དེར་གུ་རུའི་ཞལ་ནས། མེ་ལ་བསྲེགས་པས་མཁའ་འགྲོ་མཉེས་ན། ཆུ་ལ་གཏོར་ན་དེ་བས་ཀྱང་དགྱེས་མཆི་གསུངས་ནས་གསེར་དེ་ཆུ་ལ་གཏོར་བར་མཛད་དོ།།

གཞན་ཡང་སྐུའི་བཀོད་པ་དྲུག་གཅིག་ཅར་དུ་སྟོན་པ་དང༌། ནམ་མཁའ་ལ་འཕུར་བ་དང༌། རྡོ་ལ་ཕྱག་ཞབས་ཀྱི་རྗེས་གྲངས་མེད་པར་འཇོག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་དུ་མ་བསྟན་པས། རྙིང་མ་ཙམ་དུ་མ་ཟད་ཀུན་མཁྱེན་འཕགས་འོད་བུ་སྟོན་རིན་པོ་ཆེ་སོགས་ཀྱིས་ཀྱང༌། གུ་རུ་ཆོས་ཀྱི་དབང་ཕྱུག་ནི་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོའོ་ཞེས་བསྔགས་པར་མཛད། ཆོས་རྒྱལ་ཁྲི་སྲོང་གི་ཕྱི་མ་ལྷའི་བུ་འོད་མཐའ་ཡས་ནས་མངའ་བདག་ཉང་རལ་བར་གྱི་སྐྱེ་བ་བཅུ་གསུམ་ཐ་ལེར་དྲན། བརྒྱ་བྱིན་དང་ལྷའི་བུ་རྣམས་ཀྱིས་ཀྱང་མཆོད་བསྟོད་ཕུལ། བོད་ཀྱི་བླ་མ་ཐམས་ཅད་ཀྱིས་བླ་མར་བཀུར་ཞིང་སྙན་གྲགས་ཀྱིས་འཇིག་རྟེན་གཡོས། ཚོང་དུས་མགུར་མོ་དང་བསམ་འགྲུབ་བདེ་བ་ཆེན་པོའི་ལྷ་ཁང་གཉིས་བཞེངས། ལྷ་སའི་ཇོ་ཤཱཀ་དང་མཚུངས་པའི་ཐུབ་པའི་དབང་པོའི་སྣང་བརྙན་འཕགས་པ་ཀླུ་སྒྲུབ་ཀྱིས་རི་བཏང་བཟུང་ནས་སྤྱན་དྲངས་པ། ཨོ་རྒྱན་ཆེན་པོས་ཧ་བོའི་གངས་ལ་སྦས་པ་དེ་གཏེར་ཆེན་འདི་ཉིད་ཀྱིས་སྤྱན་དྲངས་ཏེ་ལ་ཡག་གུ་རུ་ལྷ་ཁང་དུ་བཞུགས་སུ་གསོལ་ནས་གདན་སའི་གཙོ་བོ་མཛད། སྐབས་དེར་བྱོན་པའི་བོད་ཡུལ་བླ་ཆེན་མི་ཆེན་རིས་སུ་མ་ཆད་པས་ཞབས་ལ་གཏུགས། དེ་ལྟ་བུའི་ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་ནས་མཛད་པ་བརྟུལ་ལ་ཉེ་བའི་ཚེ། ཁོ་བོ་ཆོས་ཀྱི་དབང་ཕྱུག་ལ། །སེམས་ཅན་རྣམ་རྟོག་ཐ་དད་ཀྱིས། །ལ་ལ་ཆོས་དབང་བདེ་ན་དགའ། །ལ་ལ་ཆོས་དབང་བདེ་ཡིས་དོགས། །ཞེས་དང༌།

ཆོས་དབང་སེམས་ཉིད་རེ་དོགས་བྲལ། །ཆོས་དབང་སེམས་ལ་ཟུག་རྔུ་མེད། །བདེ་ན་དགའ་ཚོ་དགྱེས་པར་མཛོད། །ཆོས་དབང་ཟུག་རྔུ་སྤང་བ་མེད། །སྡུག་ན་དགའ་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ལ་སྐྱེ་ཤི་མེད། །ཤི་ཡིས་དོགས་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ཉིད་ཆོས་དབྱིངས་ཤི །མ་ཤི་དོགས་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ཉིད་འཕོ་འགྱུར་མེད། །རྟག་ཏུ་རེ་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ལ་རང་བཞིན་མེད། །རྟག་གིས་དོགས་ཚོ་དགྱེས་པར་མཛོད། །ཅེས་རེ་དོགས་རྩ་བ་ནས་ཟད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས། རང་གིས་བཞེངས་པའི་ལྷ་ཁང་འབད་པ་དོན་ལྡན་དུ་འགྱུར་བའི་ཕྱིར་ཞབས་ཏོག་དགོས་པར་གདམས་ཤིང༌། གཙུག་ལག་ཉམས་རྐྱེན་བུ་ཡིས་བྱས་ཀྱང་ཐོན། །ལྷ་ཁང་ཞབས་ཏོག་སྤྲང་པོས་བྱས་ཀྱང་ཁུར། །ཞེས་དང༌། ཀུན་བཟང་བདེ་ཆེན་ཆོས་དབྱིངས་གཞལ་ཡས་སུ། །སྒྱུ་མའི་སྐྱེས་བུ་ཆོས་དབང་ད་ནི་སྡུད། །ཅི་ཕྱིར་ལུས་འདིའི་གདུལ་བྱ་རྫོགས་རྫོགས་འདྲ། །ལས་ངན་ཟད་པའི་རྟགས་ཀྱང་ལུས་ལ་སྨིན། །རྨི་ལམ་མི་གཟུགས་ཆོས་དབང་ཡལ་ནས་འགྲོ། །དཔོན་སློབ་ཀུན་འདུས་ནོར་བུའི་ཚོགས་ལོན་རྨིས། །ང་དང་འབྲེལ་ཚད་བདེ་ཆེན་ཐོབ་པའི་རྟགས། །ཞེས་དང༌། བདག་གི་ཤ་རུས་སྲན་ཚད་ཡུངས་འབྲུ་རེ། །ལྟོར་སོང་ཐམས་ཅད་ལམ་འགྲོ་བདེ་ཆེན་བགྲོད། །ཅེས་པ་ལ་སོགས་པའི་ཞལ་གྱི་གདམས་པས་དབུགས་ཕྱུངས་ནས། དགུང་ལོ་ང་དགུ་པ་ལ་ལྟས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་སོ། །དུས་དེ་ཙམ་ན་སྔགས་པ་གཉིས་ལམ་དུ་འདྲི་རྨེད་བྱེད་པ་ནའང་ཁྱེད་ཅག་གཏེར་ཁ་གོང་འོག་གང་གི་ལུགས་ཡིན་ཟེར་བའི་ཟབ་གཏེར་གྱི་ཤིང་རྟ་ཆེན་པོར་གྱུར། འདིའི་གདུང་ལས་ལང་གྲོའི་རྣམ་འཕྲུལ་པདྨ་དབང་ཆེན་དང༌། གཉལ་ཉི་མ་འོད་ཟེར་སོགས་ཁྱད་པར་ཅན་གྱི་སྲས་བརྒྱུད་བར་མ་ཆད་པར་བྱོན་ཅིང༌། ཁྱད་པར་སློབ་བརྒྱུད་ཀྱི་གཙོ་བོ་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་ཞེས་སྔ་འགྱུར་བཀའ་གཏེར་ཀུན་ལ་མཁས་པ་ཆེན་པོར་གྱུར་པ་དེ་དང༌། བལ་པོ་བྷ་རོ་གཙུག་འཛིན། སྣོད་ལྡན་གྱི་བུ་དགུ། ཀཿཐོག་མ་ཎི་རིན་ཆེན་ཞེས་སྐུ་ལུས་མ་སྤངས་པར་དག་པའི་ཞིང་དུ་གཤེགས་པ་དེ་ཉིད་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སློབ་བརྒྱུད་རྣམས་ཀྱིས་འཕགས་བལ་དང་བོད་ཁམས་མཐའ་དབུས་ཀུན་ཏུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་གཙོ་བོར་གྱུར་པའི་ཟབ་ཆོས་རྒྱ་ཆེར་སྤེལ་བའི་རྒྱུན་ད་ལྟའི་བར་ཟམ་མ་ཆད་པར་བཞུགས་སོ།།

༈ གསང་ཆེན་བཀའི་སྡུད་པ་མོ་མཚོ་རྒྱལ་དངོས་བྱོན་མཚན་ལྡན་མཁའ་འགྲོ་རྣམ་གཉིས་ཀྱི་ཡ་གྱལ་སྤྲུལ་པའི་གཏེར་སྟོན་ཆེན་མོ་ཇོ་མོ་སྨན་མོར་གྲགས་པ་ནི། རང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལུང་བྱང་ལས། ནམ་ཞིག་མཁའ་འགྲོས་བྱིན་བརླབས་པའི༔ རིགས་ལྡན་བུ་མོ་སྤྲེལ་ལོ་མ༔ སྦས་ཚུལ་ཇོ་མོའི་མིང་ཅན་ལ༔ མཁའ་འགྲོ་རྣམས་ཀྱིས་ཆོས་འདི་གཏད༔ བྱིན་རླབས་རྟོགས་པས་རང་བཞིན་གྲོལ༔ དུས་དེར་གཞན་དོན་ཆེར་མི་འབྱུང་༔ འབྲེལ་ཚད་བདེ་ཆེན་ས་ལ་སྦྱོར༔ ཕུང་པོ་ལྷག་མེད་བྱང་ཆུབ་ཐོབ༔ ཅེས་དོན་གྱི་རྣམ་པར་ཐར་པ་དང་བཅས་གསལ་བར་ལུང་བསྟན་པ་ལྟར། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་གུ་རུའི་སྒྲུབ་ཕུག་གཟར་མོ་ལུང་དང་ཉེ་བར། ཡབ་དྭགས་བརྒྱུད་སྔགས་པ་རྡོ་རྗེ་རྒྱལ་པོ་དང༌། ཡུམ་མཁའ་འགྲོའི་རིགས་ཅན་པདྨ་དཔལ་འཛོམ་ཞེས་པའི་རིགས་སུ་རབ་བྱུང་གསུམ་པའི་ས་ཕོ་སྤྲེལ་གྱི་ལོར་སྤྲུལ་པའི་པདྨོ་བཞད། ཡབ་ཡུམ་གྱིས་མཚན་པདྨ་མཚོ་སྐྱིད་ཅེས་བཏགས། ཡབ་གཞིས་འབྱོར་པ་མཐའ་གཉིས་སུ་མ་ལྷུང་བས་ཆུང་དུས་གཅེས་སྤྲས་སུ་བསྐྱངས་ནའང་དགུང་ལོ་ལྔ་པར་ཡུམ་གཤེགས་པའི་རྐྱེན་གྱིས། ཡབ་ཀྱི་བུད་མེད་གཞན་བཞེས་པས་བར་སྐབས་སུ་ཕྱུགས་མ་སྐྱོང་བར་མངགས་པ་སོགས་གྲོང་པའི་ལས་ཅི་རིགས་ལ་བཀོལ་བས་ཅུང་ཟད་འོ་བརྒྱལ་གྱི་རྣམ་པར་བཞུགས་པའི་སྐབས། དགུང་ལོ་བཅུ་གསུམ་པར་ཨེ་གཟར་མོ་ལུང་ཁྱུང་ཆེན་ལྡིང་བའི་བྲག་གུ་རུའི་སྒྲུབ་གནས་བདེ་ཆེན་གསང་ཕུག་གི་ཉེ་འདབས་སུ་སོས་ཀ་ཞིག་ལ་ཕྱུགས་མ་སྐྱོང་ནས་བཞུགས་པའི་སྐབས་ཅུང་ཟད་མནལ་དུ་སོང་བ་ན། བྲག་དེ་ནས་སྒྲ་སྙན་པོ་ཞིག་གྲགས་པའི་རྐྱེན་གྱིས་མནལ་སད། གསང་ཕུག་གི་སྒོ་ཧར་གྱིས་ཕྱེ་བ་མཐོང་སྟེ་ཐུགས་སྣང་འགྱུར་ནས་ནང་དུ་ཐོགས་མེད་དུ་ཞུགས་པ་ན་དུར་ཁྲོད་ཀྱི་བཀོད་པ་འཇིགས་སུ་རུང་བར་གྱུར་པའི་དབུས་ན་མཁའ་འགྲོའི་ཚོགས་གྲལ་དུ་སླེབས། ཚོགས་ཀྱི་གཙོ་མོ་རྡོ་རྗེ་ཕག་མོ་དངོས་སུ་སྣང་བས། རིགས་ཀྱི་བུ་མོ་འོངས་པ་ལེགས་ཞེས་དབུགས་འབྱུང༌། སྐུ་རྒྱབ་ཀྱི་བྲག་ནས་བཞེས་པའི་ཚུལ་གྱིས་གླེགས་བམ་ཆུང་ངུ་ཞིག་བླངས་ཏེ་སྤྱི་བོར་བཞག་ཅིང་སྨིན་གྲོལ་ཆིག་རྫོགས་སུ་སྩལ། ཕྱག་ཏུ་གཏད་ནས་འདི་ནི་མཁའ་འགྲོ་མའི་གསང་བ་ཀུན་འདུས་པའི་གདམས་ངག་སྟེ་ཁྱོད་ཀྱིས་ཤིན་ཏུ་གསང་ལ་ཉམས་སུ་བླངས་ན་དངོས་གྲུབ་མཆོག་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་པ་བརྙེས་པས་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་པའི་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་ཆེན་མོར་གྱུར། དེར་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱད་ནས་སྤྲུལ་པའི་དཀྱིལ་འཁོར་མི་སྣང་བར་བསྡུས་པ་དང་རང་གནས་སུ་ཕེབས། རྡོ་རྗེ་བཙུན་མོའི་བྱིན་རླབས་ཀྱི་བདུད་རྩི་རྒྱུད་ལ་སྨིན་པས་ཉིན་མཚན་ཀུན་ཏུ་ཆོས་ཀྱི་ཚིག་མང་པོ་ཐོལ་བྱུང་དུ་བརྡོལ་ཏེ་རྡོ་རྗེའི་གླུ་བྲོ་དང་གཞན་སེམས་མཁྱེན་པའི་མངོན་ཤེས་ཐོགས་མེད་དུ་གསུངས་པས་འགའ་ཞིག་དད། ཕལ་ཆེར་གྱིས་འདི་རི་ཁར་ཉལ་བར་སྨན་མོས་བརླམས་པར་འདུག་ཅེས་ཇོ་མོ་སྨན་མོའི་མཚན་བླ་དྭགས་སུ་ཆགས། དེ་ལྟ་བུའི་རྐྱེན་གྱིས་ཐུགས་སུན་པའི་རྣམ་པས་རང་ཡུལ་ལ་མ་ཆགས་པར་གནས་ངེས་མེད་དུ་འབྱོན་པར་བཞེད་ནས་ལྷོ་བྲག་ནུབ་ལ་ཡག་སྤང་གྲོང་དུ་ཕེབས། གུ་རུ་ཆོས་ཀྱི་དབང་ཕྱུག་དང་མཇལ་བ་ཙམ་གྱིས་ལྷན་སྐྱེས་ཡེ་ཤེས་རྩོལ་མེད་དུ་འཁྲུངས། ཆོས་དབང་རིན་པོ་ཆེས་ཀྱང་གུ་རུས་ལུང་བསྟན་པའི་མཚན་ལྡན་གཟུངས་མ་ལྔའི་ཡ་གྱལ་དུ་དགོངས་ནས་གསང་བའི་ལས་རྒྱར་བཞེས་པས་སྔོན་ཆད་གཏན་ལ་ཕབ་མ་ནུས་པའི་བཀའ་བརྒྱད་གསང་བ་ཡོངས་རྫོགས་མན་ངག་གི་རྒྱུད་ཆེན་པོ་རྩ་མདུད་གྲོལ་བའི་རྐྱེན་གྱིས་བརྡ་དོན་ཐམས་ཅད་དགོངས་ཏེ་བོད་སྐད་དུ་བསྒྱུར་བ་ལ་བརྟེན་ཕན་ཚུན་གཉིས་ཀ་གཅིག་གྲོགས་གཅིག་གི་སྨན་ཡོན་བླ་ན་མེད་པར་གྱུར། དེར་ཡུན་མི་རིང་བ་ཙམ་བཞུགས་ནས་སྨིན་གྲོལ་གདམས་པའི་སྙིང་པོ་ཅི་རིགས་པ་གསན་པའི་མཐར་གཏེར་སྟོན་ཆེན་པོས། ཁྱོད་ཀྱི་ཟབ་ཆོས་མཁའ་འགྲོའི་གླེགས་བམ་དེ་ཁྱོད་རང་གི་སྐྱེ་བ་སྔ་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དམ་སྙིང་པོ་ངོ་མཚར་ཅན་དུ་སྣང་ནའང་ད་ལྟ་འགྲོ་དོན་སྤེལ་བའི་དུས་ལ་མ་བབས། ཤིན་ཏུ་གསང་ལ་རང་ཉམས་སུ་ལོངས། དབུས་གཙང་གི་ཕྱོགས་ཀུན་ཏུ་འཁྱམས་ལ་འབྲེལ་ཚད་བདེ་ཆེན་གྱི་སར་སྦྱོར་བའི་སྦས་ཚུལ་གྱིས་འགྲོ་དོན་སྒྲུབས་ཤིག་དང༌། མཐར་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་དངོས་གྲུབ་བརྙེས་པར་འགྱུར་རོ་ཞེས་པའི་ཞལ་བཀོད་ནན་དུ་སྩལ་བ་ལྟར། སྐལ་བར་ལྡན་པའི་རྣལ་འབྱོར་མ་གཉིས་བཅས་ལ་སྟོད་དིང་རི་མན་ཆད་ཡུལ་དང་ཡུལ་ཕྲན་ཐམས་ཅད་དུ་བྱོན། སྐབས་ཤིག་ཏུ་གླིང་རྗེ་རས་པ་མཇལ་བ་ན་ཤེས་རབ་ཀྱི་རྩ་ཁ་ཕྱེ་བའི་བརྡ་ཐབས་ལ་བརྟེན་ནས་གླིང་ལ་རྟོགས་པ་ཐོད་རྒལ་དུ་འཁྲུངས་ཏེ་ཆུ་བོ་གངྒཱ་ཚུན་ལ་རྟོགས་པ་མཐོ་བར་གྲགས་པ་དེ་བྱུང༌། སྦས་ཚུལ་གྱིས་འགྲོ་དོན་ལྷུན་གྱིས་གྲུབ་ནས་མཐར་དགུང་གྲངས་སོ་དྲུག་ཏུ་སོན་པའི་སྟོན་ཟླ་ར་བའི་ཚེས་བཅུའི་ཉིན་ཡུལ་དབུས་སྦྲགས་ལྷ་རིའི་རྩེ་མོར་ཕེབས། དཔོན་གཡོག་གསུམ་གྱིས་ཚོགས་ཀྱི་མཆོད་པ་ཞིག་མཛད་དེ་གསུམ་ཀས་ལུས་མ་སྤངས་པར་འདབ་ཆགས་རྒྱལ་པོ་མཁའ་ལ་འཕུར་བ་ལྟར་ནམ་མཁའི་དབྱིངས་སུ་ཇེ་མཐོ་ཇེ་མཐོར་ཨོ་རྒྱན་ཟངས་མདོག་དཔལ་རིའི་མཁའ་འགྲོའི་ཚོགས་གྲལ་ལ་ཐོགས་མེད་དུ་གཤེགས་པ་ན། ཕྱོགས་དེའི་ཕྱུགས་མ་སྐྱོང་བ་རྣམས་ཀྱིས་མངོན་སུམ་དུ་མཐོང་སྟེ་དེར་འོངས་པ་ན་ཚོགས་རྫས་འགའ་ཞིག་འཐོར་བ་ཟོས་པས་རང་བཞིན་གྱིས་བསམ་གཏན་ལ་གནས་པའང་བྱུང་ངོ༌།།

དེ་ལྟ་བུའི་རྨད་དུ་བྱུང་བའི་གསང་བ་ཆེན་པོ་མཁའ་འགྲོ་གསང་བ་ཀུན་འདུས་སུ་གྲགས་པ་འདི་ཉིད་རེ་ཞིག་མཁའ་འགྲོའི་ཕྱག་ཏུ་བཞུགས་ཤིང་ཕལ་པའི་སྤྱོད་ཡུལ་དུ་མ་གྱུར་པ། རྩོད་དུས་ཀྱི་ཐ་མར་གདུལ་བའི་སྐབས་སུ་བབས་ཤིང་ཐུགས་རྗེ་དང་སྨོན་ལམ་གྱི་དབང་ལས། སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། སྔོན་ཆོས་དབང་རིན་པོ་ཆེའི་གསང་གྲོགས་སུ་གྱུར་པའི་རྒྱུ་དང༌། ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལ་བརྟེན་ཏེ། ཚིག་དོན་གྱི་བཀའ་བབས་ཤིང་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབས་པར་མཛད་པ་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་པ་ལྟར་རོ།།

༈ ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་བ་བདུན་པ་ཡར་རྗེ་ཨོ་རྒྱན་གླིང་པ་ནི། གཡོ་རུ་གྲ་ནང་གི་ཡར་རྗེ་ཞེས་པར་རབ་བྱུང་ལྔ་པའི་ཆུ་མོ་ཕག་ལོ་ལ་སྔགས་བརྒྱུད་ཁྱད་པར་ཅན་དུ་སྐུ་འཁྲུངས། རྟེན་སྔགས་བཙུན། མཐུ་དང་སྨན་རྩིས་སོགས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གསུམ་པར་བསམ་ཡས་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ། ཡར་ལུང་ཤེལ་བྲག་གི་རྒྱབ་ཕྱོགས་བྲག་པདྨ་བརྩེགས་པའི་ཤེལ་ཕུག་ངོ་མཚར་ཅན་ཨོ་རྒྱན་ཆེན་པོས་བདུད་རྩི་སྨན་སྒྲུབ་གནང་བའི་གནས་ཞི་ཁྲོའི་ལྷ་ཚོགས་རང་བྱུང་དུ་བཞུགས་པའི་སྒོ་སྲུང་ཁྱབ་འཇུག་ཆེན་པོའི་དབུ་གོང་མ་རྣམས་ནས། བསྐྱེད་རིམ་བླ་མ་བསྟན་གཉིས་སྐོར་གསུམ་ཞི་དྲག ཐུགས་རྗེ་ཆེན་པོ་པདྨ་སྙིང་ཐིག རྫོགས་ཆེན་ཚེ་སྒྲུབ། ཨ་ཏི་སྤྱི་ཏི་ཡང་ཏི་ལ་སོགས་རྫོགས་པ་ཆེན་པོའི་སྐོར་ཏེ་བླ་རྫོགས་ཐུགས་གསུམ། རྩ་བའི་དབུ་གསུམ་གྱི་ནང་ནས་ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཆོས་ཚན་བརྒྱ་དང་སུམ་ཅུ་སོ་གཉིས། མགྲིན་པ་ནས་ཞི་ཁྲོ་བཀའ་འདུས། མཁའ་འགྲོ་ཁྲོས་ནག མགོན་པོ་མ་ནིང་གི་སྐོར། ཐུགས་ཀ་ནས་པདྨ་བཀའ་ཡི་ཐང་ཡིག་ཆེན་མོ། སྨད་སྦྲུལ་མཇུག་གི་ནང་ནས་ཡེ་ཤེས་མགོན་པོ་ལྷ་མང་གི་རྒྱུད་སྒྲུབ་ཐབས་ལས་ཚོགས། སྨན་དཔྱད། བསྟན་པ་སྲུང་བའི་གདམས་ཟབ། ཕྱག་དང་སྦྲུལ་མཇུག་ལྷག་མ་རྣམས་ནས་ཕན་གནོད་ཀྱི་ལས་ཐབས་དང༌། བཟོ་རིག་པ་ཏྲ་སོགས་མཐའ་ཡས་པ་སྤྱན་དྲངས་པས་ཟབ་གཏེར་གྱི་མཛོད་ཆེན་པོ་བརྡོལ། གཞན་ཡང་གྲའི་གཡུ་གོང་བྲག་ནས་གསང་སྔགས་ལམ་རིམ་ཆེན་པོ། པདྨའི་རྣམ་ཐར་ཆུང་བ། ཞི་བྱེད་བཀའ་ཆེམ་དོན་གསལ། རྟེན་འབྲེལ་ཡང་སྙིང་འདུས་པ་སོགས་དང༌། བསམ་ཡས་ཀྱི་གཏེར་གནས་ཐ་དད་པ་ནས་བཀའ་ཐང་སྡེ་ལྔ། ཟུར་མཁར་རྡོའི་མཆོད་རྟེན་ནས་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག དཔལ་མགོན་སྟག་ཞོན། འོན་ཕུག་སྟག་ཚང་ནས་གུ་རུ་དྲག་པོ་དང་བསྟན་སྲུང་སྐོར། གྲ་ཕྱི་བྲག་པོ་ཆེ་ནས་གཤིན་རྗེ་ཚེ་བདག་གི་སྐོར་སོགས་གཏེར་ཆོས་པུསྟི་བརྒྱ་ལྷག་ཡོད་ཚུལ་དང༌། བཀའ་འདུས་ཁོ་ན་ལའང་པུསྟི་སུམ་ཅུ་སོ་གྲངས་ཡོད་པར་གསུངས་ཀྱང་ཤོག་སེར་ལས་འབེབས་མ་ཐུབ་པར་ཡང་གཏེར་དུ་སྦས་པར་གྲགས། སྐུ་ཚབ་དམ་རྫས་ནོར་གཏེར་སོགས་མཐའ་ཡས་པས་མཚོན་མདོར་ན་གཏེར་ཁ་ཆེན་པོ་ཉེར་བརྒྱད་རྗེས་འབྲེལ་དང་བཅས་པ་སྤྱན་དྲངས་ནའང༌། ཁྲ་འབྲུག་ཁྱམས་སྟོད་དུ་ཐོག་མའི་ཆོས་སྒོ་ཞལ་ཕྱེ་ནས་བཀའ་འདུས་ཀྱི་དབང་སྒྲུབ་ཆེན་མོ་མཛད་སྐབས་ལུང་བསྟན་གྱི་ཚིག་ཟུར་ལ་བརྟེན། སྣེའུ་གདོང་རྩེ་ནས་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་ཞབས་འདྲེན་དྲག་ཏུ་ཞུས་པའི་རྐྱེན་གྱིས་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། གཏེར་སྟོན་ཀྱང་ཨེ་དང་དྭགས་པོ་ཕྱོགས་སུ་བྱོལ་སྟབས་ཀྱིས་ཕེབས་ཏེ་རིང་མིན་ཨེའི་འདབས་བློ་ཆུང་བྱ་བར་སྐུ་གཤེགས། སྐུ་གདུང་དྭགས་པོར་སྤྱན་དྲངས་ཏེ་ཞབས་རྗེས་དགོན་པར་སའི་གདུང་འབུམ་ཞིག་ཏུ་རིལ་པོར་བཞུགས་པ་ཉིད། ཕྱིས་སྐུ་རབས་སྡེ་པ་ལས་ཅན་ཞིག་གིས་སྐྱེ་བདུན་མྱང་གྲོལ་དུ་གྲགས་པ་ཐོས་ནས་སྐུ་ཤ་ཅུང་ཟད་ཞུས་ཤིང་མྱངས་པས་སྡེ་པ་ཉམས་འབར་ཏེ་ས་ལ་ཁྲུ་གང་ཙམ་གྱིས་མི་རེག་པ་དང་ལུང་པ་ཕན་ཚུན་དུ་འཕུར་ཐུབ་པ་བྱུང་བས་སྐུ་གདུང་རྩ་འགང་ཆེ་རུ་སོང༌། བར་སྐབས་མདོ་ཁམས་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཁན་བླ་མ་བཀྲ་ཤིས་འོད་ཟེར་ཕོ་ཉར་མངགས་ཏེ་སྐུ་ཤའི་ཆ་ཤས་ཞུས་པ་ནས་མྱང་གྲོལ་དམ་རྫས་ཕབ་རྒྱུན་དུ་རྒྱ་ཆེར་སྤེལ་བར་མཛད། དེ་རྗེས་སྲིད་སྐྱོང་དེ་མོ་རིན་པོ་ཆེས་སྐུ་གདུང་སྣེའུ་གདོང་བན་གཙང་དགོན་དུ་སྤྱན་དྲངས་ཏེ་ཤིང་གི་གདུང་རྟེན་དུ་བཞུགས་སུ་གསོལ་ཞིང༌། སྐུ་ཤ་ཞུས་པའི་རིལ་བུ་ཁལ་གཅིག་གི་ཚོད་ཙམ་ནོར་གླིང་ཕོ་བྲང་དུ་བཞུགས། ཕྱིས་སུ་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་སྐུ་ཤ་ཧབ་ཐོབ་ཏུ་སོང་ནས་ཧ་ཅང་ཉམས་སྐྱོན་བྱུང་ཚེ་བོད་སྤྱིའི་བསོད་ནམས་ལ་མི་བཏུབ་པར་དགོངས་ཏེ་སྐུ་གདུང་རིན་པོ་ཆེ་རྩེ་ཕོ་བྲང་དུ་བཞུགས་སུ་གསོལ་བཞེད་ཀྱིས་མགྲོན་གུང་ཐང་པ་གདན་ཞུར་ཆེད་རྫོང་བསྐྱངས་པར། བསམ་ཡས་ཆོས་སྐྱོང་ཆེན་པོ་ཐོག་བབས་ཀྱིས་ལྷོ་རྒྱུད་ས་གནས་འདི་ལས་གཞན་དུ་སྤོ་བར་མི་རུང་བའི་ཐ་ཚིག་ལ་བརྟེན་རང་འཇགས་སུ་བཞུགས་པར་མཛད་ཅིང༌། ལྷོ་གནས་ཆིབས་བསྒྱུར་སྐབས་བན་གཙང་དགོན་དུ་ཆེད་ཕེབས་ཀྱིས་སྔར་གྱི་སྐུ་ཤའི་རིལ་བུ་ལས་བྲེ་བཞི་ཙམ་དགོན་པར་འགྲོ་དོན་དུ་སྩལ་འཕྲོས་བྱིངས་རྣམས་སྨན་ཕྱེ་དང་སྦྱར་ཏེ། ཡོངས་འཛིན་ཕུར་ལྕོགས་བྱམས་མགོན་རིན་པོ་ཆེ་དང་ལྷན་དུ་རྒྱལ་མཆོག་རང་ཉིད་ནས་ཕྱག་བསྟར་གྱིས་ཞལ་གསོ་མཛད། བཟང་ཤིང་གི་གདུང་རྟེན་བྲེ་ཡན་ཆད་གསེར་ཟངས་ལས་བསྐྲུན་པ་བྲེ་དང་བུམ་པའི་མཚམས་སུ་འཕྲུལ་མིག་ཅན་ནང་དུ་བཞུགས་སུ་གསོལ་ནས་འཕྲུལ་མིག་རྣམས་ཐམ་རྒྱས་མནན། སླད་ས་གནས་སྣེའུ་གདོང་རྫོང་སྡོད་དང་བན་གཙང་གྲྭ་ཚང་ཁུར་མཉམ་ལེན་ཐོག་ནས་སྲི་ཞུ་འཛིན་སྤྲས་ལྷོད་མེད་དགོས་ཚུལ་གྱི་དཀར་ཆག་གཏན་ཚིག་སྦུག་ཐམ་དེབ་བལྟབ་འགོ་མ་འདི་ལ་ཤོག་གྲངས་བཅུ་བདུན་ཡོད་ཅེས་རེ་རེ་བཞིན་མགུལ་ཐམ་འབྱར་མའི་ཕྱག་དེབ་བན་གཙང་གྲྭ་ཚང་གི་རྩིས་ཁོངས་སུ་བཞུགས་པ་ཉིད་ཁོ་བོས་དངོས་སུ་མཇལ་བའི་སྐལ་བཟང་ཐོབ། དགོན་པར་བསྩལ་བའི་སྐུ་ཤའི་རིལ་བུ་དེ་ཉིད་ཕྱིས་རྟེན་སྒམ་ཞལ་ཕྱེས་སྐབས་སྔར་ལས་བཞི་ལྡབ་ཙམ་དུ་འཕེལ་བར་གྱུར། ཏཱ་སིས་རྟེན་འབྲེལ་ལོག་པར་བསྒྱུར་བའི་ཉེར་ལེན་གྱིས་ཕག་གྲུ་པ་རྗེས་འབྲངས་དང་བཅས་པའི་ཆབ་སྲིད་སྟོན་མཇུག་གི་ཆུ་བྲན་བཞིན་བྲི་བར་གྱུར་ཅེས་གྲགས། གཏེར་སྟོན་འདིའི་གདུང་བརྒྱུད་གྲབ་གཙང་ཁ་སོགས་སུ་ཡོད་པར་འདུག་སྟེ་བསྟན་པ་ལ་བྱ་བ་མཛད་ཚུལ་མི་གསལ་ཡང་ཐམས་ཅད་གྲུབ་པའི་རྟགས་མཚན་ཅི་རིགས་སྟོན་ནུས་པའི་རིག་འཛིན་གྱི་གདུང་བརྒྱུད་ངོ་མཚར་ཅན་བྱོན་པར་སྣང༌། གཏེར་ཆོས་སྐོར་ལས་ཡེ་ཤེས་འོད་མཆོག གུར་དྲག ཚེ་སྒྲུབ། སྟག་ཞོན་སྐོར་ཙམ་རིག་འཛིན་གཏེར་བདག་གླིང་པའི་བར་དབང་ལུང་གི་རྒྱུན་བཞུགས་པར་གསལ་ཡང་དེང་སང་བཞུགས་པ་མ་མཐོང༌། པདྨ་བཀའ་ཐང་ཤེལ་བྲག་མ་དང༌། སྡེ་ལྔ། རྟེན་འབྲེལ་ཡང་སྙིང་འདུས་པ་རྣམས་ལུང་རྒྱུན་བཞུགས་ཤིང༌། ཁྱད་པར་ཨོ་རྒྱན་གླིང་པ་རང་གི་གཏེར་ལུང་ལས་གསལ་བ་ལྟར་རྗེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་བཀའ་འདུས་ཆེན་མོའི་སྙིང་པོ་མདོར་བསྡུས་སྐོར་གྱི་ཕྱག་དཔེ་དཔེ་རྙིང་དངོས་སུ་བབས་པ་དང༌། ཁ་ཅིག་མཁའ་འགྲོ་བརྡའི་ཡི་གེར་སྣང་བ་ལས་གཏན་ལ་ཕབ་པའི་སྨིན་གྲོལ་གྱི་རྒྱུན་དང་ཉེར་མཁོའི་ཡིག་ཆ་བཅས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་པ་སྟེ། དེའང་བླ་སྒྲུབ་དང་བཀའ་བརྒྱད་ཙམ་ལ་བཀའ་འདུས་ཀྱི་མིང་བཏགས་པ་ཙམ་མ་ཡིན་པར་རྣམ་ཐར་ཆེན་མོ་སོགས་ལས་གསལ་བ་ལྟར་བཀའ་འདུས་ཚོམ་བུ་ཉེར་གཅིག་སྒྲ་ཇི་བཞིན་པ་བསྟན་པས་ཤིན་ཏུ་ཡིད་ཆེས་ངོ་མཚར་བའི་གནས་སུ་གྲུབ་ཕྱིར་བསྟན་པའི་མེ་རོ་གསལ་བར་མཛད་པ་ཡིན་ནོ།།

༈ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་གཏེར་སྟོན་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནི། རི་བོ་བཀྲ་བཟང་གི་ཤར་མདུན་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་བརྒྱུད་སྣ་མོ་ལུང་གི་གཟིམས་ཁང་དུ། ཧོར་གུར་སེར་རྒྱལ་པོའི་རིགས་ལས་ཕུར་པའི་གྲུབ་ཐོབ་བར་མ་ཆད་པར་བྱོན་པ་སློབ་དཔོན་བདུད་འདུལ་གྱི་སྲས་སུ་རབ་བྱུང་དྲུག་པའི་མེ་མོ་གླང་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལ་མཚན་རྟགས་ཁྱད་པར་ཅན་དང་བཅས་ཏེ་སྐུ་བལྟམས། ལུང་དོན་ལྟར་དགུང་ལོ་བཅུ་གཉིས་པའི་དུས་སུ་དབུ་གཙུག་ཏུ་རྒོད་སྒྲོ་གསུམ་དང་ཉེར་བཞི་པའི་དུས་རྒོད་སྒྲོ་ལྔ་སྐྱེས་པས་རིག་འཛིན་རྒོད་ལྡེམ་ཅན་ཞེས་ཡོངས་སུ་གྲགས། སྐུ་གཞོན་ནུ་ནས་ཡབ་ཆོས་རྙིང་མའི་ཆོས་སྐོར་ཐམས་ཅད་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་དུ་མཛད། མང་ལམ་བཟང་པོ་གྲགས་པས་རྒྱང་ཡོན་པོ་ལུང་ནས་བཏོན་པའི་སྙིང་བྱང་མན་ངག་གནད་ཀྱི་དོན་བདུན་མ་སོགས་ཆོས་ཚན་བརྒྱད་ལྷ་བྲག་གི་གཏེར་འདོན་པའི་ཆ་ལག་ཏུ་དགོས་པར་མཁྱེན་ཏེ་སྟོན་པ་བསོད་ནམས་དབང་ཕྱུག་ལ་བསྐུར་ནས་རིག་འཛིན་ཆེན་པོ་ལ་ཕུལ་བའི་དོན་བཞིན། མེ་རྟ་སྦྲུལ་ཟླའི་ཡར་ངོའི་ཚེས་བརྒྱད་ལ་རི་བོ་བཀྲ་བཟང་གི་རྩེ་མོ་ནས་འཛེང་བྲག་དཀར་པོའི་རྡོ་རིང་གསུམ་ལ་གཏེར་ཆེན་གསུམ་དང་གཏེར་ཕྲན་བརྒྱ་རྩའི་ལྡེའུ་མིག་ཡོད་པ་སྤྱན་དྲངས་ནས་གཏེར་ཚབ་སྦས། གཏེར་ཤུལ་རང་མལ་བཞག་པ་དེང་སང་རླུང་གསེང་དུ་གྲགས་ཤིང་ལོ་ཕྱི་མའི་ལོ་གསར་སྐབས་མྱུ་གུ་གསར་དུ་སྐྱེས་པའི་རྒྱུན་དེང་སང་ཡང་ཡོད། ལོ་དེའི་ལུག་ཟླའི་ཚེས་བཞིའི་སྲོད་ལ་བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་པ་ཟང་ཟང་ལྷ་བྲག་གི་ཕུག་པ་ནས། གཏེར་སྒྲོམ་སྔོན་པོ་གྲུ་བཞི་ནང་ཆོད་སོ་སོོར་ཡོད་པ་ནས་མཛོད་ལྔ་འདུས་པའི་ཟབ་གཏེར་ཆེན་པོ་སྤྱན་དྲངས་པ་སྟེ། དེའང་དབུས་སྙིང་མཛོད་སྨུག་པོ་ནས་ཤོག་དྲིལ་གསུམ་དང་ཕུར་པ་གསུམ་ཆུ་དར་སྨུག་པོས་དྲིལ་བ། ཤར་དུང་མཛོད་དཀར་པོ་ནས་ལས་རྒྱུ་འབྲས་ལ་ཟློ་བའི་ཆོས་དགོངས་པ་ནམ་མཁའ་དང་མཉམ་པ། ལྷོ་གསེར་མཛོད་སེར་པོ་ནས་བསྙེན་སྒྲུབ་རྣམ་པ་བཞིའི་ཆོས་སྐོར་ཉི་ཟླ་ལྟར་གསལ་བ། ནུབ་ཟངས་མཛོད་དམར་པོ་ནས་རྟེན་འབྲེལ་ཅན་གྱི་ཆོས་ཙན་དན་གྱི་སྡོང་པོ་ལྟ་བུ། བྱང་ལྕགས་མཛོད་ནག་པོ་ནས་དགྲ་བགེགས་ཐལ་བར་རློག་པའི་ཆོས་དུག་གི་སྡོང་པོ་ལྟ་བུ་སྟེ། མདོར་ན་ཀུན་བཟང་དགོངས་པ་ཟང་ཐལ་གྱིས་ཐོག་དྲངས་པའི་ཆོས་དང་དམ་རྫས་བགྲང་བ་ལས་འདས་པ་བྱོན། མཛོད་ལྔ་རེ་རེ་ལའང་ཆོས་ཚན་བརྒྱ་རྩ་རེ་བཞུགས་པས་ཡོངས་དྲིལ་ལྔ་བརྒྱ་ཡན་ལག་དང་བཅས་ཤོག་སེར་གཏན་ལ་ཕབ་ནས་སྣོད་ལྡན་རྣམས་ལ་སྤེལ་བས་ཆོས་ཀྱི་བསྟན་པས་བོད་ཡུལ་ཐམས་ཅད་ཁྱབ། སྤྱིར་ཟབ་གཏེར་ཐམས་ཅད་བོད་ཁམས་ལ་འདི་ཕྱིའི་བདེ་སྐྱིད་སྤེལ་ཐབས་ཁོ་ན་ལས་མ་འདས་ཀྱང༌། ཁྱད་པར་བྱང་གཏེར་འདི་ཉིད་བསྟན་པ་སྤེལ་བ། མཐའ་དམག་ཟློག་པ། རིམས་ནད་གཅོད་པ། ནང་འཁྲུགས་ཞི་བ། འགོང་པོ་ཨར་ལ་གཏད་པ། སྡེ་པའི་མངའ་ཐང་གསོ་བ། ཡམས་ནད་དང་གཉན་ནད་འདུལ་བ་སོགས་གང་ལ་གང་དགོས་མ་ཚང་བ་མེད་ཅིང༌། སྟོད་ཁྱུང་ལུང་དངུལ་མཁར་ནས་སྨད་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ཡན་ཆད་ཀྱི་བོད་སྤྱི་དང་བྱེ་བྲག་གི་བདེ་ཐབས་སྣ་ཚོགས་པ་དང༌། སྦས་ཡུལ་ཆེན་པོ་བདུན་གཙོ་བོར་གྱུར་པའི་གནས་ཡུལ་མང་པོའི་ཐེམས་བྱང་ལྡེའུ་མིག་སོགས་བཞུགས་པས་བོད་ཁམས་སྤྱི་ལ་ཕན་པ་བློན་པོ་ལྟ་བུའི་གཏེར་གཅིག་བཅས་ཡོངས་སུ་གྲགས། སྐུ་ཚེའི་སྨད་ལ་འབྲས་མོ་གཤོངས་སུ་ཕེབས་ནས་གནས་སྒོ་ཕྱེས། གུང་ཐང་རྒྱལ་པོ་མཆོག་སྒྲུབ་སྡེས་ཀྱང་བླ་མར་བཀུར་བས་བོད་ཀྱི་བདེ་སྐྱིད་ལ་ཕན་པར་བྱུང༌། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་གཉིས་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་མོ།།

འདི་ལ་སྲས་བརྒྱུད། ཡུམ་བརྒྱུད། སློབ་བརྒྱུད་གསུམ་ལས་བྱོན་པའི་ཆོས་རྒྱུན་དེང་སང་གི་བར་མ་ནུབ་པར་གནས་ཤིང༌། ཆོས་བརྒྱུད་ལས་འཇའ་ལུས་སུ་གཤེགས་པ་དང་གྲུབ་ཐོབ་མང་དུ་བྱོན། རྒོད་ལྡེམ་གཉིས་པ་རིག་འཛིན་ལེགས་ལྡན་རྗེ་དང༌། མངའ་རིས་པཎ་ཆེན་ཡང་སྲིད་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་གཉིས་ཀྱི་རིང་སྡེ་སྲིད་གཙང་པ་ཞིང་ཤག་པས་ལོག་སྒྲུབ་ཀྱི་ཉེར་ལེན་ལ་བརྟེན་ཆོས་གྲྭའི་དགེ་འདུན་འདུས་པ་རྣམས་བྱེས་སྒར་མཛད་པའི་སྟབས་ཀྱིས་ཨེ་ཝཾ་ལྕོག་སྒར་བ་ཞེས་གྲགས། བྱང་བདག་གི་སྲས་རིག་འཛིན་གསུམ་པ་ངག་གི་དབང་པོའི་སྐུ་རིང་ནས་དབུས་ཕྱོགས་སུ་གདན་སའི་སྟན་ཆགས་པ་ལ་ཐུབ་བསྟན་རྡོ་རྗེ་བྲག་ཅེས་ཡོངས་སུ་གྲགས་པ་ལྟར་ལ། རིག་འཛིན་བཞི་པ་ཞབས་དྲུང་པདྨ་ཕྲིན་ལས་ནས་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་སྤེལ་བས་སྔ་འགྱུར་བསྟན་པའི་ཆུ་འགོ་གཅིག་ཏུ་གྱུར། གདན་ས་རིག་འཛིན་སྤྲུལ་པའི་སྐུ་ཕྲེང་རིམ་པར་བྱོན་པ་སོགས་ཀྱིས་ད་ལྟའི་བར་སྐྱོང་བཞིན་དང༌། སྟོད་མངའ་རིས་ལ་དྭགས་ནས་སྨད་རྒྱ་དར་རྩེ་མདོ་ཡན་དུ་ཆོས་བརྒྱུད་འཛིན་པའི་ཆོས་སྡེ་ཤིན་ཏུ་མང་བར་མཆིས་སོ།།

༈ ལྷ་སྲས་དམ་འཛིན་རོལ་པ་ཡེ་ཤེས་རྩལ་གྱི་རྣམ་འཕྲུལ་གཏེར་ཆེན་སངས་རྒྱས་གླིང་པ་ནི། ཀོང་པོའི་ཡུལ་གྱི་བྱེ་བྲག་ཉང་པོའི་སའི་ཆ་ཨོ་རྒྱན་གྱི་སྒྲུབ་གནས་གྱིང་ཕུ་གཡུ་ལུང་གི་མདའ་གདབ་སྟེང་དུ་ཡབ་རྟ་མགྲིན་གྱི་སྤྲུལ་པ་ཁམས་ཞིག་སྟག་ལུང་སྨྱོན་པ་དང༌། ཡུམ་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་མཚན་ལྡན་ཨ་ཧཱུྃ་རྒྱན་གྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་ཕོ་འབྲུག་གི་ལོར་བྲག་གསུམ་རྡོ་རྗེ་བྲག་ཏུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། མཚན་རིག་འཛིན་དུ་གསོལ། དགུང་ལོ་ལྔ་པར་མཁན་པོ་གཞོན་ནུ་དཔལ་ལས་དགེ་བསྙེན་གྱི་སྡོམ་པ་གསན། ཐུགས་རྗེ་ཆེན་པོའི་དག་སྣང་ཤར། ཡི་གེ་འབྲི་ཀློག་བརྡ་བསྟན་པ་ཙམ་གྱིས་མཁྱེན་པས་ཤིན་ཏུ་མཁས་ཀྱང་ཡབ་གྲོངས། ཡུམ་གྱིས་ཕ་ཡར་གཞན་བསྟེན་པ་དེས་སྡང་པོ་བྱས་པས་འོ་བརྒྱལ་བར་བཞུགས་སྐབས་བུད་མེད་དམར་མོ་ཞིག་གིས་ལུང་བསྟན་པ་ལྟར་ལོང་པོ་གྲོང་གསར་མདར་རྒྱལ་དབང་རོལ་པའི་རྡོ་རྗེའི་མདུན་དུ་བྱོན། ཙཱ་རིའི་ཉེ་འདབས་དགོན་པར་བྱང་ཆུབ་གླིང་དུ་མཁན་པོ་བྱང་ཆུབ་རྡོ་རྗེ་དང་སློབ་དཔོན་ཤཱཀྱ་ཡེ་ཤེས་ལས་རབ་ཏུ་བྱུང་བའི་མཚན་སངས་རྒྱས་བཟང་པོར་གསོལ་བ་ལས་ཕྱིས་ཟབ་གཏེར་བཞེས་པ་ནས་སངས་རྒྱས་གླིང་པ་ཞེས་ཡོངས་སུ་གྲགས། མཁན་སློབ་དེ་གཉིས་ལས་བཀའ་ཆོས་མང་དུ་གསན། རྗེ་རོལ་པའི་རྡོ་རྗེ་དབུས་ནས་ཕྱིར་ཕེབས་དུས་བླ་མ་བྱང་ཆུབ་རྡོ་རྗེ་ལ་ཁྱོད་ཀྱི་དབོན་པོ་འདི་ང་ལ་ཕུལ་གསུངས་པ་ལྟར་ཕུལ་བས་ཤིན་ཏུ་མཉེས་ཤིང་འགྲོ་བ་མང་པོའི་འདྲེན་པར་ལུང་བསྟན། ལྷ་སར་ཕེབས་སྐབས་སྤྱན་རས་གཟིགས་དང་ལྷག་པར་སློབ་དཔོན་རིན་པོ་ཆེའི་ཞལ་མཇལ་བ་ནས་བཟུང་ཡང་ཡང་མཇལ་ཞིང་ལོ་གསུམ་སྒྲུབ་པའི་དམ་བཅའ་མཛད། བླ་མ་བྱང་རྡོར་སྐུ་གཤེགས་ནས་ཙཱ་རིར་མཁས་གྲུབ་བླ་མ་ཆོས་ཀྱི་བློ་གྲོས་ཀྱི་མདུན་དུ་བྱོན་ནས་ཐུགས་སྲས་སུ་གྱུར་སྐབས། བླ་མ་དབུས་སུ་ཕེབས་པའི་ཤུལ་དུ་ལྷུན་གྲུབ་སྟེང་གི་ཕུར་བཅད་རྒྱར་བཞུགས་པའི་ནུབ་གཅིག་གཏེར་སྲུང་བཙན་རྒོད་ཆེན་པོས་ཤོག་དྲིལ་གསུམ་དངོས་སུ་ཕུལ་བ་གཏེར་གྱི་ཁ་བྱང་ལུང་བསྟན་གཏེར་སྒྲུབ་བྱ་ཚུལ་ཞལ་གདམས་རྣམས་བྱུང་བ་ལྟར། བླ་མས་ཀྱང་མཐུན་རྐྱེན་སྩལ་ཅིང་གཏེར་སྒྲུབ་ཚུལ་བཞིན་དུ་གནང་བས་ཨོ་རྒྱན་མཁའ་འགྲོའི་ཚོགས་དང་བཅས་པས་དབང་བསྐུར་ལུང་བསྟན་རྗེས་སུ་གནང་བ་བཞིན། ཤིང་ཕོ་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉི་ཤུ་ལྔ་ལ་སྤུ་རི་ཕུག་མོ་ཆེ་ནས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བཀའ་འདུས་བར་པ་བླ་མ་དགོངས་པ་འདུས་པའི་གཞུང་དང་མན་ངག ཐུགས་རྗེ་ཆེན་པོའི་ཆོས་སྐོར་བཅས་གདན་དྲངས། བླ་མ་ལ་གཟིགས་ཕུལ་བས་ཤིན་ཏུ་མཉེས་ནས་གསན་ཅིང་ཐུགས་ཉམས་སུ་བཞེས་པས་ཆོས་བདག་གི་ཐོག་མར་གྱུར།

དེ་ནས་རིམ་བཞིན་ལོ་དེ་ཉིད་ནས་བཟུང༌། དཀར་ཟུག་འཕྲང༌། རྗེ་བོ་རོང༌། རྩེ་ཆེན་བྲག ལོང་པོ་བྱང་སྡེ་འབུམ་པ། ལོང་པོ་ཀ་མདའ་འཕྲང༌། རྐྱེན་གྱི་དཀར་སྟེང་འཕྲང་སོགས་ནས། ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ། གཏད་ཁྲམ་རུས་སྦལ་ནག་པོ། རྟ་མགྲིན་ནག་པོ་སོགས་དང༌། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། རྫས་གཏེར་དམ་རྫས་རིལ་བུ། ཨོ་རྒྱན་གྱི་འདྲ་འབག ཟངས་བུམ་གསེར་གྱིས་བཀང་བ། ལྕགས་ཕུར། དེ་བཞིན་གཤེགས་པའི་འཕེལ་གདུང་ཉེར་གཅིག་སོགས་སྤྱན་དྲངས། ཀོང་པོ་མཆིམས་ཡུལ་གྱི་གཏེར་བཞེས་དུས་གཏེར་སྟོན་དྲི་མེད་ལྷུན་པོའང་མཁའ་འགྲོའི་ལུང་བསྟན་གྱིས་བསྐུལ་བ་ལྟར་དེར་ཕེབས་ནས་ལྷན་ཅིག་ཕྱག་རྡོར་གོས་སྔོན་ཅན་དང༌། ངན་སྔགས་མོན་པ་དགུ་རྡུག ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་སོགས་བཞེས། སྤུ་རི་རིན་ཆེན་འབར་བ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར། བྱ་རྒོད་གཤོང་ནས་ཐུགས་ཆེན་དང་བཅུད་ལེན་སྐོར། དབང་ཕྱུག་རླུང་ཞགས་སོགས་བཞེས། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་གྱི་ལུང་བསྟན་ཀྱང་གཏེར་ཁ་འདི་ནས་བྱུང་སྟེ་ལ་སྟོད་དུ་བལྟ་བར་མངགས་པས་གཏེར་སྟོན་དང་མཇལ་བས་ཡིད་ཆེས་བརྙེས། གཞན་ཡང་ཙཱ་རི་ནས་ཀླུ་རྒྱལ་མགྲིན་བཟང་སྒྲུབ་ཐབས་དང༌། དགྱེར་བྱེ་མ་དཀར་པོ་ནས་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་སོགས་བཏོན། རྒྱ་ལ་གཤིན་རྗེའི་རྦ་དོང་ནས་གཏེར་སྟོན་དྲི་མེད་ལྷུན་པོ་དང་ལྷན་ཅིག་ཏུ་གཤིན་རྗེ་ཚེ་བདག ཐུན་ཕོག་འགྱེལ། ཨོ་རྒྱན་གྱི་ལས་ཕུར་གདེངས་ཆོག་སོགས་སྤྱན་དྲངས། གཞན་ཡང་ཨོ་རྒྱན་སྒྲུབ་ཕུག་ནས་རྫོགས་ཆེན་སྙིང་པོ་བསྡུས་པ་དང༌། ཀོང་པོ་དམ་རུལ་ནས་དགོངས་འདུས་རྩ་བའི་རྒྱུད་དྲུག བསམ་ཡས་མཆིམས་ཕུ་ནས་ཨོ་རྒྱན་སྐུ་ཚབ་ཁྱད་འཕགས། འོར་ཤོད་རླུང་སྒྲོམ་ནས་ནོར་བུ་སྟག་ཤ་དེ་བ་དང་མཁའ་འགྲོའི་སྐུ་རྒྱན་སོགས་ཏེ། དགུང་ལོ་ཉེར་ལྔ་ནས་སུམ་ཅུ་རྩ་གཉིས་ཀྱི་བར་ལ་གཏེར་ཁ་ཆེན་པོ་བཅོ་བརྒྱད་གདན་དྲངས་ཤིང༌། གཞན་ཡང་ཕྲན་ཚེགས་ཀྱི་གཏེར་ནི་གྲངས་ཀྱིས་མི་ཆོད་པ་ཞིག་བཞེས་པ་ཐམས་ཅད་སྨོས་ཀྱིས་མི་ལང་ངོ༌། །དེ་དག་གི་སྐབས་སུ་མེ་ཏོག་གི་ཆར་དང༌། འཇའ་ཚོན་གྱི་གུར་ཁྱིམ་དང༌། རོལ་མོའི་སྒྲ་དང༌། མཁའ་འགྲོའི་གཟུགས་སྟོན་པ་སོགས་བྲེང་ཆགས་སུ་བྱུང༌། རྡོ་རྗེ་ཕག་མོ་མཁའ་འགྲོ་བཅུ་གསུམ་དང་བཅས་པས་ལུང་བསྟན་ལྟར་དགོངས་འདུས་པུ་ཏི་བཅུ་གསུམ་ངེས་པ་ཅན་རྩི་གྲས་དམར་པོ་མཛད་པ་ལྟར་ད་ལྟའི་བར་མཛད་སྲོལ་སྣང༌། ལུང་བསྟན་ལས།

བསྐྱེད་རིམ་བརྟན་པ་ཐོབ་པ་བྱེ་བ་འབུམ༔ མངོན་སུམ་གྲུབ་པའི་རྟགས་ཐོན་འབུམ་ཕྲག་བརྒྱད༔ ཟག་མེད་སྒྱུ་ལུས་གྲོལ་བ་ཁྲི་ཕྲག་དགུ༔ དངོས་གྲུབ་སྣ་རེ་ཐོབ་པ་དུང་ཕྱུར་བརྒྱ༔ ཐར་པའི་ས་བོན་ཐེབས་པ་རྩིས་ལས་འདས༔ དུས་གཅིག་མ་ཡིན་བརྒྱུད་མར་རིམ་བཞིན་འབྱུང་༔ ཞེས་སོགས་ཞིབ་པར་གསུངས་པ་ལྟར་དགོངས་འདུས་ཁོ་ན་ལའང་གཙོ་བོར་བཀའ་བབས་བརྒྱུད་པའི་ཆུ་བོ་ཆེན་པོ་ཉི་ཤུ་ཡོད་པར་གྲགས། གཏེར་ཆོས་གཞན་དང་གཞན་གྱི་ཆོས་བདག་སོགས་རྩིས་ལས་འདས་པ་བཞུགས་ཤིང༌། ཀུན་གྱི་གཙོ་བོ་ནི་རྒྱལ་དབང་ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེ་དང༌། ཞྭ་དམར་པ་མཁའ་སྤྱོད་དབང་པོ། སྣེ་གདོང་གོང་མ་ཆེན་པོ། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཡག་སྡེ་པཎ་ཆེན། ཇོ་བསྟན་མཁན་ཆེན་བསོད་ནམས་བཟང་པོ། འབྲི་གུང་ཆོས་ཀྱི་རྒྱལ་པོ་སོགས་མི་ཆེན་བླ་ཆེན་ཆེ་རྒུ་བགྲང་བ་ལས་འདས་ཤིང༌། ཁྱད་པར་དུ་རྒྱ་ནག་ཏ་མིང་རྒྱལ་པོས་ཀརྨ་པ་དེ་བཞིན་གཤེགས་པ་གདན་དྲངས་པའི་ཚེ་ཞུ་ཡིག་ཏུ་ཨོ་རྒྱན་གྱི་གྲུབ་ཐོབ་པདྨ་འབྱུང་གནས་ཀྱི་གཏེར་ཆོས་དྲི་མ་མེད་པ་ཞིག་གདན་དྲོངས་ལ་ཤོག་ཞུས་པ་བཞིན། ཆོས་རྗེ་དེ་བཞིན་གཤེགས་པས་ཟབ་ཆོས་དགོངས་པ་འདུས་པ་དང༌། ངོ་མཚར་མཐིང་གི་བུམ་པ། དམ་ཚིག་གསེར་གྱི་རྡོ་རྗེ་རྣམས་བསྣམས་ནས་བྱོན་ཏེ་རྒྱལ་པོ་ལ་ཕུལ་བས། རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ནས་སྒལ་ཚིང་གི་དམ་དང༌། ན་བཟའ་ཁྱད་པར་ཅན་སོགས་ཕུལ་བར་གྲགས། སྙི་ཕུ་བདེ་ཆེན་བསམ་འགྲུབ་ཀྱི་དགོན་པ་བཏབ་ནས་གདན་སའི་མཐིལ་དེར་མཛད། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་གཞན་ལས་ཁྱད་པར་འཕགས་པའི་རྟགས་དང་ཆོ་འཕྲུལ་མངོན་དུ་སྣང་བ་ལྟར་དེང་སང་ཡང་ཕབ་རྒྱུན་དུ་བཞུགས། དེ་ལྟ་བུའི་ཚུལ་གྱིས་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་ནས་དགུང་ལོ་ལྔ་བཅུ་ང་བདུན་པ་མེ་ཕོ་བྱི་བའི་ལོ་ཧོར་ཟླ་གསུམ་པའི་གནམ་གང་གི་ཉིན་དགོན་པ་བྱང་ཆུབ་གླིང་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། སྐུའི་སྐྱེ་སྲིད་གཉིས་པ་ནེལ་པ་སྨེའུར་ཡབ་དོན་གྲུབ་རྒྱལ་པོའི་སྲས་སུ་འཁྲུངས་ཀྱང་གཞོན་ནུ་ནས་གཤེགས། གསུམ་པ་ལོང་པོ་གྱིང་དུ་སྐུ་འཁྲུངས་པ་སྤྲུལ་སྐུ་སངས་རྒྱས་དཔལ་ལྡན་གདན་སར་ཡང་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་གནང་བར་གྲགས། དེ་མན་སྐྱེ་བརྒྱུད་དམིགས་བསལ་མ་བྱུང་ཞིང་གདུང་བརྒྱུད་ཕྱིས་ཀྱི་བར་དུ་ཡོད། སྐུའི་སྲས་ཡེ་ཤེས་རྡོ་རྗེ་དང༌། ཆོས་བདག་སློབ་མའི་གཙོ་བོ་བྱ་ཁྱུང་པ་དཔལ་ལྡན་སེང་གེ་གཉིས་ལས་སྲས་བརྒྱུད་དང་སློབ་བརྒྱུད་མཁས་གྲུབ་རིམ་པར་བྱོན་པ་དང༌། རྩེ་ལེ་གོང་འོག ཏ་བླ་སྔ་ཕྱི་སོགས་ལས་བརྒྱུད་དེ་དགོངས་འདུས་གཙོར་གྱུར་ཟབ་གཏེར་རྣམས་བོད་ལྗོངས་སྤྱི་དང་ཁྱད་པར་མདོ་ཁམས་ཕྱོགས་ཁྱབ་པ་ཙམ་གྱི་དར་སྲོལ་ཤིན་ཏུ་ཆེ་ཞིང༌། ཕྱིས་གདུང་རབས་བདུན་པ་ཀོང་རིག་འཛིན་སྙིང་པོ་ལས་ལྷོ་འབྲུག་ཞབས་དྲུང་མཐུ་ཆེན་ངག་དབང་རྣམ་རྒྱལ་གྱིས་བླ་མ་དགོངས་པ་འདུས་པའི་སྨིན་གྲོལ་ཡོངས་རྫོགས་ཆོས་ཀྱི་བདག་པོའི་ཚུལ་གྱིས་བཞེས་ཏེ། ཉིད་ཀྱི་གདན་ས་སྤུངས་ཐང་བདེ་བ་ཆེན་པོས་གཙོས་དགོན་རྫོང་འདུས་སྡེ་རྣམས་སུ་དགོངས་འདུས་སྒྲུབ་ཆེན་དང་འབྲེལ་བའི་ཚེས་བཅུའི་མཆོད་པ་སྤྲོས་བཅས་ཀྱི་ཕྱག་བཞེས་ཅན་བཙུགས་པར་མཛད་པའི་རྒྱུན་ད་ལྟའང་མ་ཉམས་པར་ཡོད་ཅིང༌། སྐོང་ཆོག་སོགས་ཀྱི་ཕྲིན་ལས་ནི་ལྷོ་ལྗོངས་ཀུན་ཏུ་ཁྱབ་པར་བརྡལ་བཞིན་པའོ།།

༈ གཏེར་སྟོན་རྒྱལ་པོ་གསུམ་པ་ལོ་ཆེན་བཻ་རོ་དངོས་བྱོན་རྡོ་རྗེ་གླིང་པ་ནི། དབུས་ཀྱི་གྲ་ནང་དབེན་རྩ་ཞེས་པར་སྔགས་པ་རྡོ་རྗེ་འཛིན་པའི་བརྒྱུད་ཡབ་ཁུ་སྟོན་བསོད་ནམས་རྒྱལ་མཚན་དང༌། ཡུམ་དཀར་མོ་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་ཕོ་ཁྱིའི་ལོར་འཁྲུངས། མཚན་ཨོ་རྒྱན་བཟང་པོར་གསོལ། དམ་པའི་རིགས་སད་པའི་རྟགས་དང་ངོ་མཚར་བསམ་གྱིས་མི་ཁྱབ། དགུང་ལོ་བདུན་པར་སྤང་གཤོང་ལྷ་རི་ཁར་ཀུན་མཁྱེན་ཁྲབ་པ་ཤཱཀྱའི་མཚན་ཅན་ལས་དགེ་ཚུལ་གསན། དེ་ཉིད་དང་གཞན་ཡང་བླ་མ་རྣམས་ལས་མདོ་སྔགས་གསར་རྙིང་གི་གསན་པ་མཐར་ཕྱིན་པར་མཛད། དགུང་ལོ་བཅུ་གསུམ་པར་ཨོ་རྒྱན་རིན་པོ་ཆེ་ཞལ་ལན་བདུན་མཇལ། གུ་རུ་ཆོས་དབང་གི་གཏེར་ལས་ཁ་བྱང་བྱུང་བ་ལྟར་ཁྲ་འབྲུག་ཇོ་མོའི་སྐུ་རྒྱབ་ནས་གཏེར་ཁ་དང་པོ་རྩ་གསུམ་སྒྲུབ་ཐབས་དང༌། སྒྲུབ་ཕྲན། ཁ་བྱང༌། ཡང་བྱང༌། དྲག་སྔགས། བཅུད་ལེན་རྣམས་ལ་བརྒྱ་རྩ་བརྒྱད་རེ། སྒོས་ལུང་དང་བཅས་པ་བྱོན། དགུང་ལོ་བཅོ་ལྔ་པར་བྱིང་མདའ་ཨོ་དཀར་བྲག་གི་གཏེར་སྒོ་ཕྱེས་པའི་ཚེ། སྒྲུབ་ཕུག་ཤིན་ཏུ་ཡངས་པའི་ནང་དུ་གུ་རུ་རིན་པོ་ཆེ་དངོས་སུ་བྱོན་ནས་དཀྱིལ་འཁོར་བཀོད་པ་ལས་དབང་བསྐུར། ཤོག་སེར་རེ་རེའི་དབུ་ནས་ལུང་དང་གཏེར་རྫས་རྣམས་གནང༌། དེའང་སྐུ་ཚབ། བླ་དཔེ་པུསྟི་བཞི། ཤོག་དྲིལ་བརྒྱ་ཐམ་པ། ཚེ་ཆུ་བུམ་པ་བཞི། དམ་རྫས་ཀྱི་གྭའུ་སོགས་སྤྱན་དྲངས་པ་ལས། ཆོས་སྡེ་རྣམ་ཐར་ཐང་ཡིག་ལེའུ་བརྒྱད་པ། རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས། མ་རྒྱུད་ཀློང་གསལ་ཉི་མ། མཁའ་འགྲོ་ཡང་ཏིག་ཉི་ཟླ་ཁ་སྦྱོར། བུ་རྒྱུད་སྙིང་ཐིག་སྐོར་བཅུ། འདུས་པ་སྐོར་བཞི། ཟུར་པ་བརྒྱད་རྣམས་བྱོན། དེ་ནས་རིམ་པར་མུ་ཏིག་ཤེལ་གྱི་སྦམ་གོང་ནས་ཉམས་ལེན་ཁྲིད་སྐོར་བཅུ་སོགས་སྤྱན་དྲངས་པ་ནས་བཟུང༌། བུམ་ཐང་བྱམས་པ་ལྷ་ཁང་གི་ཚེ་ཕུག་ཏུ་ཡེ་ཤེས་མཚོ་རྒྱལ་དངོས་སུ་བྱོན་ནས་ཚེ་ཆུ། ཡང་ལེ་ཤོད་དུ་བསྒྲུབས་པའི་ཆོས་སྨན། ཆོས་རྒྱལ་དང་མཚོ་རྒྱལ་ཉིད་ཀྱི་བླ་གཡུ། ནོར་བུ་བསམ་འཕེལ། ཆོས་སྐོར་དང་དྲག་སྔགས་མང་པོ་གནང་བའི་བར་གཏེར་གནས་སོ་སོ་ནས་གཏེར་ཁ་ཆེན་པོ་བཞི་བཅུ་རྩ་གསུམ། ཕྲ་མོ་དང་ནང་གསེས་གཏེར་གནས་ཀྱི་དབྱེ་བས་བརྒྱ་དང་བརྒྱད་བཞེས། མཆིམས་ཕུའི་གཏེར་བཞེས་པའི་སྐབས་ཨོ་རྒྱན་དང་ལན་བཅུ་གསུམ་མཇལ། ཆུ་བོ་རིར་སྐུའི་སྤྲུལ་པ་གཉིས་མཛད་ནས་ཕྱོགས་གཉིས་ནས་ཁྲོམ་གཏེར་བླངས་ཤིང་ཞབས་རྗེས་ཁྲུ་གང་པ་བཞག ཟབ་ལུང་མེ་ཚོར་གཉན་གྱི་ཕུག་པར་ཐང་ལྷ་དང་གངས་དཀར་ཤ་མེད་གཉིས་ཀྱིས་སྦྱིན་བདག་བྱས། གངས་ཅན་གྱི་ལྷ་འདྲེ་ཆེ་རྒུ་རྣམས་འདུས་ནས་བཀའ་བརྒྱད་ཀྱི་སྒྲུབ་ཆེན་བཙུགས། དེ་ཐམས་ཅད་ལ་དབང་བསྐུར། དུར་ཁྲོད་ཆེན་པོ་བརྒྱད་དུ་སྤྲུལ་པས་བྱོན་ནས་རིག་འཛིན་བརྒྱད་དང་མཇལ་ཏེ་གདིང་བརྒྱད་ཀྱི་གདམས་པ་གསན། གཏེར་ཁ་སྤྱན་དྲངས་པའི་ཚེ་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་བཻ་རོ་སོགས་དངོས་སུ་བྱོན་ནས་དབང་དང་གདམས་པ་སྩལ་བ་དང༌། རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བ་བསྟན་པས་ཐམས་ཅད་ཐེ་ཚོམ་གྱི་སྒྲོག་བཀྲོལ་ནས་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད། སྐུ་དང་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བཞག ཟབ་ལུང༌། མཁར་ཆུ། གཞོ་སྟོད་ཏི་སྒྲོ་རྣམས་སུ། དབང༌། རབ་གནས། སྐོང་བཤགས། སྦྱིན་སྲེག མནན་པ་བཅས་བརྒྱ་རྩ་བརྒྱད་རེས་མཚོན་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་རླབས་ཆེན་མཛད།

ཆོས་གཏེར་བླ་རྫོགས་ཐུགས་གསུམ་གཙོ་བོར་གྱུར་པའི་ཟབ་ཅིང་རྒྱ་ཆེ་ལ་མཐའ་ཡས་པ་རྣམས་དང༌། ཕུང་པོ་རི་བོ་ཆེ་ནས་རྡོ་རྗེ་སེམས་དཔའི་སྐུ། ལྷ་སའི་ཀ་བ་བུམ་པ་ཅན་ནས་བཅུ་གཅིག་ཞལ་དང་ཙན་དན་གྱི་སྒྲོལ་མ་སོགས་སྐུ་རྟེན་ངོ་མཚར་ཅན། སྐྱེ་བདུན་དང་ཆོས་སྨན་སོགས་དམ་རྫས། ཡིད་བཞིན་ནོར་བུ་སོགས་ནོར་གཏེར། རྫོགས་ཆེན་གསེར་ཐུར་དང་ཏ་བི་ཧྲི་ཙའི་སྙན་བརྒྱུད་ཆེ་འབྲིང་ཆུང་གསུམ་སོགས་བོན་སྡེ། གཞན་ཡང་གསོ་རིག་དང་རྩིས་སྐོར་སོགས་རྒྱ་ཆེར་སྤྱན་དྲངས་ཤིང་ཕྲིན་ལས་ཀྱང་རྒྱས། སྐུའི་སྲས་གནུབས་ཆེན་རྣམ་འཕྲུལ་ཆོས་དབྱིངས་པ་སོགས་ལས་དེང་སང་བར་དུ་མོན་ཕྱོགས་སུ་གདུང་བརྒྱུད་ཀྱང་ཡོད། རྒྱལ་དབང་བཞི་པ་རོལ་པའི་རྡོ་རྗེ་ལའང་གཤེད་སྐོར་དང་ཛམ་ལྷ་རིགས་ལྔའི་སྐོར་རྣམས་ཕུལ་བར་བཤད། གདན་སའི་མཐིལ་གླིང་མོ་ཁར་མཛད་ཅིང༌། གཞན་ཡང་ལྷོ་བྲག མོན་སྤ་གྲོ། གཟད་འུག་རྐད་དགོན་སོགས་བཟུང་ནས་འགྲོ་དོན་རྒྱ་ཆེར་བསྐྱངས། ཡོངས་སུ་གྲགས་པའི་མཚན་རྡོ་རྗེ་གླིང་པ། པདྨ་གླིང་པ། ཀུན་སྐྱོང་གླིང་པ། གཡུང་དྲུང་གླིང་པ། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་དུ་གྲགས་པ་དེ་ཉིད་ཀྱིས་བསྟན་འགྲོའི་དོན་མཐར་ཕྱིན་ནས་དགུང་ལོ་དྲུག་ཅུ་པ་ལ་ཞལ་ཆེམས་ལུང་བསྟན་ཆེན་མོ་སྩལ་ཏེ་ངོ་མཚར་བའི་ལྟས་དང་བཅས་བྲག་ལོང་དུ་གཤེགས་པའི་ཚུལ་བསྟན། པུར་ལོ་གསུམ་གྱི་བར་དུ་བཞུགས་ནས་སྐབས་སུ་གསུང་འབྱོན་པ་དང་བསྔོ་བ་ཚིག་བཞི་རེ་གནང་ནས་འགྲོ་དོན་མཛད། མཐར་གདུང་ཞུགས་འབུལ་བྱས་པས་ལྷ་སྐུ་རིང་བསྲེལ་དུ་མ་བྱོན། ཞབས་གཡས་ཐུགས་སྲས་བཀྲ་ཤིས་འབྱུང་གནས་དང༌། གཡོན་ཐོགས་མེད་རྒྱ་གར་བ་གཉིས་ཀྱི་རྟེན་སྐལ་དུ་པུར་ཁང་ནས་མེའི་སྒྲ་དང་བཅས་ཏེ་བྱོན་པ་ལས་རིང་བསྲེལ་མང་དུ་འཕེལ་བ་ཕྱིས་ཚོད་བར་དུ་བཞུགས་པར་སྣང༌། གདན་ས་མོན་བུམ་ཐང་ཨོ་རྒྱན་ཆོས་གླིང་དུ་གདུང་བརྒྱུད་ཕྱིས་ཀྱིས་བར་དུ་ཡོད་ཅིང༌། ཟབ་ཆོས་ཀྱི་རྒྱུན་ད་ལྟའི་བར་རིང་བརྒྱུད་ཀྱི་བཀའ་སྲོལ་མ་ཉམས་ཤིང༌། ཁ་ཅིག་རྗེ་མཁྱེན་བརྩེའི་དབང་པོར་བྱིན་རླབས་ཉེ་བརྒྱུད་ཀྱི་བཀའ་བབས་པ་བཅས་ལེགས་པར་བཞུགས་སོ།།

༈ ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པ་ནི།

ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་ཞེས་པ་དང་ཡུམ་སྲི་ཐར་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་ལུག་སྟོན་ཟླ་ར་བའི་ཚེས་བཅོ་ལྔར་སྐུ་འཁྲུངས། ཅུང་ནར་སོན་ནས་འབྲི་ཀློག་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་ཙམ་ནས་དག་པའི་སྣང་བ་མང་པོ་ཤར། སྔོན་སྦྱངས་སྟོབས་ཀྱིས་རིག་པའི་གནས་རྣམས་ཚེགས་མེད་པར་མཁྱེན་ཅིང་ཆོས་ཀྱི་གསན་པའང་རྒྱ་ཆེར་མཛད། དགུང་ལོ་ཉེར་བདུན་པར་གུ་རུ་རིན་པོ་ཆེ་ཁམས་པའི་བྱ་བྲལ་བ་དབུ་ཞྭ་ན་བཟའ་སེར་པོ་བྱས་པ་ཞིག་ཏུ་སྤྲུལ་ནས་གཏེར་གྱི་ཁ་བྱང་དངོས་སུ་གནང་ཞིང་བསླབ་བྱ་མཛད་པ་ལྟར། དགུང་ལོ་སུམ་ཅུ་པར་ཁྱུང་ཆེན་བྲག་ནས་གཏེར་ཁ་དང་པོ་རྩ་གསུམ་སྒྲུབ་སྐོར་སོགས་ཀྱིས་ཐོག་དྲངས། རིམ་པར་འབྲི་ཐང་ཀོ་རོ་བྲག་ནས་རྟ་ཕག་ཡབ་ཡུམ་ཟུང་འཇུག་ཏུ་སྒྲུབ་པ། ལྷོ་བྲག་གནམ་སྐས་ཅན་ནས་འདུས་པ་སྐོར་བཞི་སོགས། བླ་མ་ཞི་དྲག ཐུགས་ཆེན་གསང་འདུས། རྫོགས་ཆེན་ཀློང་གསལ་ཉི་མ་གཙོ་བོར་གྱུར་པའི་གཏེར་ཁ་ཉི་ཤུ་རྩ་ལྔ་བཏོན། མཁར་ཆུ་དཔལ་གྱི་ཕུག་རིང་ནས་གཏེར་བཞེས་པའི་ཚེ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་སོགས་མངོན་ཤེས་དང་རྫུ་འཕྲུལ་བསམ་ལས་འདས་པ་བསྟན། ཨོ་རྒྱན་རིན་པོ་ཆེ་དང་ལན་གྲངས་ཉེར་ལྔ་མཇལ། ཟངས་མདོག་དཔལ་རིར་ཕེབས་པའི་དག་སྣང་སོགས་མཛོད་ཁང་བཅུ་གསུམ་གྱི་རྣམ་ཐར་ཡི་གེར་འཁོད་པ་ལྟར་དང༌། ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་རིལ་སྒྲུབ་ཤིན་ཏུ་མང་པོ་མཛད་ཅིང་དེ་དག་དང་དབང་ཁྲིད་གདམས་ངག་སྩལ་བ་སོགས་ཀྱི་སྐབས་སུ་འཇའ་འོད་མེ་ཏོག་གི་ཆར་སྤོས་ཀྱི་དྲིས་ཁྱབ་པ་སོགས་ངོ་མཚར་བརྗོད་ཀྱིས་མི་ལང་ཞིང་གང་ལའང་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་མ་བྱུང༌། རྟེན་འབྲེལ་རབ་དང་ཕུལ་དུ་གྱུར་པས་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཐོག་གཅིག་ལ་བཏོན་པས། ཞིག་པོ་གླིང་པ། འགྲོ་འདུལ་གླིང་པ། རཏྣ་གླིང་པ་ཞེས་མཚན་གསུམ་དུ་གྲགས། གངས་ཏི་སེ་ནས། ཁམས་རྒྱལ་མོ་རོང་གི་བར་གྱི་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། ལྷག་པར་དུས་སྐབས་དེ་དག་ཏུ་བཀའ་འགྱུར་དཀར་ཆག་ལྡན་དཀར་མར་གསང་སྔགས་ནང་རྒྱུད་རྣམས་བཀའ་གཉན་པས་འདིར་མ་བཀོད་ཅེས་སྔ་འགྱུར་རྙིང་མའི་རྒྱུད་རྣམས་བཀའ་འགྱུར་སྡེབས་སུ་མ་བཞུགས་སྟབས་དཔེ་ལུང་གཉིས་ཀའི་རྒྱུན་ཤིན་ཏུ་དཀོན་པར་གྱུར་པ་ལ། ཟུར་འུག་པ་ལུང་དུ་རྒྱུད་འབུམ་རགས་རིམ་བཞུགས་པས་མཚོན་ཕྱོགས་མཐའ་དག་ནས་དཔེ་རྒྱུན་རྣམས་ཐུགས་རྩོལ་ཆེན་པོས་བཙལ། ལུང་རྒྱུན་ཡོངས་རྫོགས་གཙང་གི་མེས་སྒོམ་བསམ་གཏན་བཟང་པོ་གཅིག་པུ་ལས་ཁམས་བོད་གང་ནའང་མེད་པར་མཁྱེན་པས་ལུང་རྒྱུན་ཆད་དུ་ཉེ་བ་ཐུགས་ཀྱིས་མ་བཟོད་དེ། རྗེ་མེས་སྒོམ་སྐུ་ན་ཤིན་ཏུ་བསྒྲེས་ཀྱང་ཡུན་རིང་པོར་དཔོན་སློབ་གཉིས་ཀས་བརྩོན་པ་ཆེན་པོའི་སྒོ་ནས་གསན། སླར་གྲུ་ཤུལ་ལྷུན་གྲུབ་ཕོ་བྲང་དུ་རྒྱུད་འབུམ་དཀྱུས་གཅིག་ཏུ་བསྒྲིགས་ཏེ་སྔོན་དུ་སྣག་བྲིས་དང་རྗེས་གསེར་ཆོས་གསར་བཞེངས་དང་འབྲེལ་ལུང་རྒྱུན་ལན་དུ་མར་སྤེལ་བར་མཛད་པས། དེང་སང་གསང་རྒྱུད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་རྣམས་ལ་ལོངས་སྤྱད་དུ་ཡོད་པ་གཏེར་ཆེན་འདི་ཉིད་ཀྱི་ཐུགས་རྗེ་ཁོ་ནར་ངེས་པས་ན་སྔ་འགྱུར་སྤྱིའི་བསྟན་པ་ལ་གཅིག་ཏུ་བཀའ་དྲིན་ཆེ་བ་ཡིན་ནོ། །དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་དྲུག་པ་ལ་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས། ཐུགས་སྲས་སྙིང་གི་བུ་བཞི་སོགས་སྲས་བརྒྱུད་དང་སློབ་བརྒྱུད་བཟང་ལ་གྲངས་མང་བ་ད་ལྟའི་བར་དུ་བྱོན་ཅིང་ཟབ་ཆོས་ཀྱི་ཕྲིན་ལས་མ་ཉམས་པར་གནས་བཞིན་པའོ།།

༈ གཏེར་སྟོན་རྒྱལ་པོ་ལྔའི་བཞི་པར་བསྔགས་པ་མངའ་བདག་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔའི་མཐའ་མ་ཨོ་རྒྱན་པདྨ་གླིང་པ་ནི། མོན་བུམ་ཐང་དུ་མྱོས་ཀྱི་རིགས་ལས་ཡབ་དོན་གྲུབ་བཟང་པོ་དང༌། ཡུམ་གྲོང་མ་དཔལ་འཛོམ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ལྕགས་ཕོ་རྟའི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་སྐྱེ་བ་དེ་མ་ཐག་པར་གྱུར་པས་ཆུང་ངུ་ནས་དམ་པའི་རིགས་སད། ཡིག་རིགས་དང་བཟོ་གནས་སོགས་མ་བསླབས་པར་མཁྱེན། ཁྱད་པར་སྤྲེལ་ལོ་སྟོན་རའི་ཚེས་བཅུའི་ཉིན་ཡི་གེ་དྲུག་མའི་གནས་སུ་ཨོ་རྒྱན་རིན་པོ་ཆེས་ཞལ་དངོས་སུ་བསྟན་ནས་བྱིན་གྱིས་བརླབས། གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་སྩལ་བ་ལྟར་དགུང་ལོ་ཉེར་བདུན་པར། ཟབ་གཏེར་ཐམས་ཅད་ཀྱི་ཐོག་མ་རྫོགས་ཆེན་ཀློང་གསལ་ཀྱི་སྐོར་རྣམས་སྣ་རིང་བྲག་གི་ཉེ་ལོགས་སྟང་ཆུ་རྒྱ་མདུད་དུ་འཁྱིལ་བའི་མེ་འབར་མཚོར་གྲགས་པ་ནས། ཁྲོམ་ཚོགས་མང་པོའི་དབུས་སུ་ཕྱག་ན་སྒྲོན་མེ་ཞིག་བསྣམས་ནས་མཚོ་ནང་ཐོགས་མེད་དུ་གཤེགས། སླར་ཕྱག་གི་སྒྲོན་མེའང་མ་ཤི་བར་གཏེར་སྒྲོམ་ཆེན་པོ་རྫ་མ་ཙམ་ཞིག་མཆན་དུ་བཅུག་ནས་ཕེབས་པས་ཐམས་ཅད་ངོ་མཚར་ཡིད་ཆེས་ཀྱི་དད་པར་བཀོད་པ་ལ་བརྟེན་རྩོད་པ་དང་བྲལ་བའི་སྙན་གྲགས་ཀྱིས་ས་སྟེང་དུ་ཉི་ཟླ་ལྟར་ཁྱབ་པར་གྱུར། དེས་མཚོན་ཏེ་བསམ་ཡས་མཆིམས་ཕུ་ནས་རྫོགས་ཆེན་ཀུན་བཟང་དགོངས་འདུས། གཞན་ཡང་གཏེར་གནས་སོ་སོ་ནས་རྫོགས་ཆེན་གཉིས་མེད་རྒྱུད་བུ་ཆུང་གི་སྐོར་དང༌། བླ་མ་ནོར་བུ་རྒྱ་མཚོ། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ། བཀའ་བརྒྱད་ཐུགས་ཀྱི་མེ་ལོང༌། ཕུར་པ་ཡང་གསང་སྲོག་གི་སྤུ་གྲི། བདུད་རྩི་སྨན་སྒྲུབ་ཀྱི་སྐོར་ཏེ་བཀའ་ཕུར་སྨན་གསུམ། ཕྱག་རྡོར་དྲེགས་འདུལ་དང་གཏུམ་ཆུང༌། དྲག་པོ་ཆེ་འབྲིང་ཆུང་གསུམ། ཚེ་ཁྲིད་རྡོ་རྗེ་ཕྲེང་བ། ཚེ་སྒྲུབ་ནོར་བུ་ལམ་ཁྱེར། ནག་པོ་སྐོར་གསུམ། ལས་ཕྲན་གྱི་སྐོར་སོགས་མང་དུ་བཞེས་ཤིང༌། དེ་དང་མཚུངས་པར་མྱང་གྲོལ་སྐྱེ་བདུན་སྐུ་ཚབ་པདྨ་གུ་རུ་སོགས་དམ་རྫས་རྟེན་གསུམ་གྱི་རིགས་ཀྱང་བསམ་གྱིས་མི་ཁྱབ་པ་དང༌། ཁྱད་པར་ལྷོ་སྐྱེར་ཆུའི་ལྷ་ཁང་དཔལ་ཚབ་གསུམ་པའི་ལྷ་ཁང་དང་མཚུངས་པ་དེ་ཉིད་སྔོན་མི་སྣང་བ་གཏེར་སྟོན་འདིས་རི་སུལ་ཞིག་ནས་ས་རྡོ་རྣམས་བསལ་ཏེ་ལྷ་ཁང་དེང་སང་ཀུན་གྱིས་མཇལ་དུ་ཡོད་པར་མཛད། ནོར་གཏེར་ཀྱང་ཆོས་རྒྱལ་གྱི་བླ་གཡུ་རིན་པོ་ཆེ་འོད་འབར། བླ་གཡུ་སྟོང་རི་འོད་འབར། བླ་གཡུ་གངས་རི་ཁང་དམར། ལྷ་ལྕམ་གྱི་ན་བཟའ་སྲུབ་མེད་པ། མེ་ལོང་རྒྱང་གསལ་ལ་སོགས་རྒྱལ་བརྒྱུད་ཀྱི་ནོར་སྣ་ཁྱད་འཕགས་མང་པོའང་གཏེར་ནས་བཞེས། གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་བྱུང་ནའང་ཕྱེད་ཙམ་ལས་བཞེས་མ་ཐུབ། ཕྱིས་གཏེར་སྟོན་སྐུ་གཤེགས་ཁར་སྲས་ཀྱིས་འདོན་ཆོག་པར་གསོལ་བ་བཏབ་པས། ཁྱོད་ཀྱིས་གཏེར་ཆོས་ཐོན་པར་དཀའ་ཡང་དམ་ཚིག་གཙང་མར་བསྲུངས་ཤིང་བདག་རང་ལ་གསོལ་བཏབ་ན་ཕྲན་ཚེགས་རྙེད་པའང་སྲིད་གསུངས་པ་བཞིན། ཐུགས་སྲས་ཟླ་བས་ཀྱང་གཏེར་ཁ་འགའ་ཞིག་སྤྱན་དྲངས་པར་གྲགས། གཞན་ཡང་ཡ་མཚན་ཆེ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཅིང༌། མ་འོངས་པ་ན་པདྨ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་རྡོ་རྗེ་སྙིང་པོ་ཞེས་བྱ་བར་འགྱུར་བའི་ལུང་བསྟན་དང༌། ད་ལྟའི་འབྲེལ་ཐོགས་རྣམས་ཀྱང་ཞིང་དེར་སྐྱེས་ནས་སངས་རྒྱས་དེའི་གདུལ་བྱར་འགྱུར་བར་གསུངས་སོ། །ཐུགས་སྲས་སློབ་མའི་ཚོགས་ཀྱང་གཏེར་ལུང་ལས། ལས་ཀྱི་འབྲེལ་བ་ཁྲི་ཕྲག་གཅིག༔ སྨོན་ལམ་འབྲེལ་བ་སྟོང་རྩ་གཉིས༔ ཟབ་མོའི་གནད་ཀྱིས་འབྲེལ་བཅུ་གཅིག༔ དཀྱིལ་འཁོར་འཛིན་པའི་བུ་བདུན་དང་༔ ཐུགས་ཀྱི་སྙིང་སྲས་གསུམ་དུ་འབྱུང་༔ ཞེས་གསུངས་པ་དང་མཐུན་པར་བསམ་གྱིས་མི་ཁྱབ་པར་བྱོན་པའི་ནང་ནས། གཙོ་བོར་གྱུར་པ་སྤྲུལ་པའི་གཏེར་སྟོན་དྲུག གྲུབ་ཐོབ་ཆེན་པོ་དྲུག གྲུབ་རྟགས་མངོན་སུམ་ཐོན་པའི་བུ་ཆེན་དྲུག གཏེར་སྟོན་ཉིད་དང་དགོངས་པ་མཉམ་པའི་ཇོ་གདན་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར། ནང་སོ་རྒྱལ་བ་དོན་གྲུབ། སྤྲུལ་སྐུ་མཆོག་ལྡན་མགོན་པོ་སྟེ་ཐུགས་ཀྱི་སྲས་གསུམ། རིགས་གསུམ་མགོན་པོའི་སྤྲུལ་པ་སྐུའི་སྲས་མཆེད་བཞི་སོགས་བྱོན་ཅིང༌། དེའི་ནང་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཐུགས་སྲས་ཟླ་བ་བྱིན་རླབས་ནུས་རྩལ་བསམ་གྱིས་མི་ཁྱབ་ཅིང་ཡབ་ཀྱི་དགོངས་པ་ལོན་པ་ལ་བརྟེན་ཕྲིན་ལས་རྒྱ་ཆེ་བས། ས་སྐྱ་བདག་ཆེན། འབྲི་གུང་རིན་ཆེན་ཕུན་ཚོགས། ཞྭ་དམར་བ་དཀོན་མཆོག་ཡན་ལག དཔའ་བོ་ཆོས་རྒྱལ་དོན་གྲུབ་སོགས་ཀྱིས་སྐྱེས་ཆེན་དམ་པར་བསྔགས་ཤིང་བླ་མར་བཀུར། དབུས་གཙང་ལྷོ་མོན་གྱི་མི་ཆེན་ཆེ་རྒུས་ཀྱང་ཞབས་ནས་བཏེགས་པས་གཞན་ཕན་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་སྦས་པའི་རྣལ་འབྱོར་གྱི་ཚུལ་མཛད། ཟབ་ཆོས་ཀྱི་རྒྱུན་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང༌། དབུ་མཛད་དོན་གྲུབ་དཔལ་འབར་ཏེ་མཚུངས་མེད་ཆོས་རྗེ་རྣམ་གཉིས་སུ་གྲགས་པ་དང༌། ལྷོ་བྲག་ལྷ་ལུང་གི་གདན་སར་པད་གླིང་ཉིད་ཀྱི་གསུང་སྤྲུལ་དང་ཐུགས་སྲས་སྤྲུལ་པའི་སྐུ་རིམ་བརྒྱུད་ནས་བཟུང་ཞིང་སྤེལ་བས་ད་ལྟའི་བར་ལྷོ་མོན་དབུས་གཙང་མདོ་ཁམས་ཡུལ་གྱི་མཐར་ཐུག་པར་ཁྱབ་ཅིང༌། དབང་ལུང་ཁྲིད་རྒྱུན་མཐའ་དག་མ་ཉམས་པར་བཞུགས་པ་ཡིན་ནོ།།

༈ ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་གཏེར་སྟོན་ཀརྨ་གླིང་པ་ནི། དྭགས་པོའི་ཡུལ་གྱི་སྟོད་ཁྱེར་གྲུབ་ཅེས་པར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་ཆེ་ཤོས་སུ་རབ་བྱུང་དྲུག་པའི་ནང་སྐོར་དུ་འཁྲུངས། རྟེན་སྔགས་འཆང༌། ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་མངོན་ཤེས་དང་ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ཉིད་དུ་བཞུགས། དགུང་ལོ་བཅོ་ལྔ་པར་ལུང་བསྟན་དང་རྟེན་འབྲེལ་འཛོམ་སྟེ་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་ཞི་ཁྲོ་དགོངས་པ་རང་གྲོལ་དང་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སོགས་སྤྱན་དྲངས། ཆོས་བདག་བུ་ཆེན་བཅུ་བཞི་ལ་པདྨ་ཞི་ཁྲོའི་ཆོས་སྐོར་ཚང་བར་གནང༌། དགོངས་པ་རང་གྲོལ་གྱི་ཆོས་སྐོར་རྣམས་སྲས་ཉི་ཟླ་ཆོས་རྗེ་ཁོ་ན་ལ་གནང་ནས་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་བཀའ་རྒྱས་བཏབ། ལུང་ནས་བསྟན་པའི་གཟུངས་མ་དང་རྟེན་འབྲེལ་མ་འགྲིགས་པས་ཡུན་མི་རིང་བར་ཞིང་ཁམས་གཞན་དུ་གཤེགས་སོ། །ཞི་ཁྲོ་དགོངས་པ་རང་གྲོལ་ནི་བརྒྱུད་པ་གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནས་རྒྱ་ཆེར་འཕེལ་ཏེ་དབུས་གཙང་ཁམས་གསུམ་དང་ཁྱད་པར་མདོ་ཁམས་ལྷོ་བྱང་ཀུན་ཏུ་དབང་ལུང་ཁྲིད་རྒྱུན་ལ་སོགས་པ་དང༌། བར་དོ་ཐོས་གྲོལ་ཆེན་པོའི་ཕྲིན་ལས་ད་ལྟའི་བར་ཡུལ་ཕྱོགས་ཕལ་མོ་ཆེར་དར་རྒྱས་སུ་བཞུགས་སོ།།

༈ སྤྱན་རས་གཟིགས་དང་དཔལ་རྟ་མགྲིན་ཟུང་དུ་འཇུག་པའི་རྣམ་འཕྲུལ་གུ་རུ་པདྨ་མངལ་སྐྱེས་ཀྱི་ཚུལ་དུ་བྱོན་པ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ནི། རབ་བྱུང་དྲུག་པའི་ཤིང་གླང་ལོར་གཙང་སྟོད་འོལ་པ་ལྷ་རྩེར་སྐུའི་སྐྱེ་བ་བཟུང༌། ཡོངས་འཛིན་ལྔ་བརྒྱ་ལྷག་ཅིག་བསྟེན་ནས་གསན་བསམ་དཔག་ཏུ་མེད་པ་མཛད། རང་བྱུང་གི་གྲུབ་པའི་དབང་ཕྱུག་ཆེན་པོར་བཞུགས་ཀྱང་དགོས་པའི་དབང་གིས་ཀུན་སྤངས་དོན་ཡོད་རྒྱལ་མཚན་ལས་བྱང་གཏེར་ཡོངས་རྫོགས་དང༌། བླ་མ་རྡོ་རྗེ་གཞོན་ནུ་ལས་ཤངས་ཆོས་གསན་ཏེ། འདི་གཉིས་ལས་གྲུབ་པ་ཐོབ་པའི་ཚུལ་བསྟན། བརྟུལ་ཞུགས་ཀྱི་སྤྱོད་པས་འཛམ་གླིང་ཀུན་དང་གླིང་ཕྲན། ཁྱད་པར་རྔ་ཡབ་པདྨ་འོད་སོགས་སུ་ཕེབས་ནས་གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་དཔག་མེད་ལས་ཆོས་གསན། མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཞབས་སྤྱི་བོར་བླངས། བོད་ལ་མཐའ་དམག་ཟློག་པའི་ས་གནད་ཀྱི་མེ་བཙའི་ལྷ་ཁང་མང་དུ་བཞེངས། ལྷ་འདྲེ་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། བསམ་ཡས་མཆིམས་ཕུ་ནས་ཚེ་སྒྲུབ་འཆི་མེད་དཔལ་སྟེར་སོགས་ཤོག་དྲིལ་ལྔ། གྲམ་པ་རྒྱངས་ནས་ཐུགས་སྒྲུབ་ཡང་གསང་བླ་མེད། སྒྲུབ་མཚོ་པདྨ་གླིང་ནས་མན་ངག་རིན་ཆེན་གཏེར་སྤུངས། མོན་སྤ་གྲོ་སྟག་ཚང་ནས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་གནད་ཕྱོགས་གཅིག་ཏུ་དྲིལ་བའི་ཤོག་དྲིལ་འདོམ་བཅུ་ཡོད་པ་ཞིག་དང༌། ཙཱ་རི་གསང་སྔགས་ཕོ་བྲང་ནས་ཟབ་ཆོས་ཐུགས་གཏེར་སྐོར། ཙཱ་རི་ཟིལ་ཆེན་ཕུག་ནས་གྲུབ་ཆེན་ཉིད་ཀྱི་ལུང་བསྟན་གསལ་བའི་སྒྲོན་མེ་དང་ཞིང་སྐྱོང་གི་སྒྲུབ་ཐབས་སོགས་ཟབ་གཏེར་མང་དུ་སྤྱན་དྲངས་ཤིང་གཏེར་ཁ་མང་པོ་ཕར་ལའང་སྦས། རྒྱ་གར་ཀ་མ་ཏར་སྡིག་སྤྱོད་མུ་སྟེགས་རྒྱལ་པོ་དང༌། བོད་ཡུལ་གྱི་མཐའི་ཀླ་ཀློ་རྣམས་བཏུལ་ནས་ཆོས་ལ་བཙུད་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཚད་ལས་འདས། སྐུ་གསུང་ཐུགས་རྟེན་བློས་མི་འཁྱུད་ཅིང་གྲངས་ལས་འདས་པ་བཞེངས། ལྕགས་ཟམ་ལྔ་བཅུ་རྩ་བརྒྱད། གྲུ་ཤན་བརྒྱ་དང་བཅོ་བརྒྱད་བཙུགས་པ་སོགས་བསམ་གྱིས་མི་ཁྱབ་པའི་མཛད་པ་ཡོངས་སུ་གྲགས་པ་ལྟར་ལ། ཐ་ན་དེ་དག་གི་སྐབས་དགེ་བསྐུལ་གྱི་ཆ་རྐྱེན་དུ་མཛད་པའི་སྔོན་གྱི་བྱང་སེམས་ཆོས་རྒྱལ་སོགས་ཀྱི་རྣམ་ཐར་ཟློས་གར་གྱི་ལམ་ནས་སྟོན་པ་དེང་སང་ཨ་ཅེ་ལྷ་མོར་གྲགས་པའི་འཁྲབ་གཞུང་གི་རྒྱུན་འདི་ཙམ་ཡང་མཐོང་བ་དོན་ལྡན་གྱི་ཕྲིན་ལས་ངོ་མཚར་ཕུལ་དུ་གྱུར། མཐར་དགུང་ལོ་བརྒྱ་དང་ཉེར་ལྔ་བཞེས་པའི་སྐབས་སྐུ་དངོས་ཀྱིས་མཁའ་སྤྱོད་དུ་གཤེགས་པའི་ཚེ་ཐུགས་སྲས་ཉི་མ་བཟང་པོས་གདུང་དབྱངས་མཛད་པས་སླར་ཕེབས་ཏེ་ཞལ་ཆེམས་རྒྱས་པར་སྩལ་ནས་དཔལ་རི་བོ་ཆེ་རུ་གཤེགས་པའི་ཚུལ་བསྟན། མངའ་རིས་གྲུབ་ཆེན་ཚུལ་ཁྲིམས་བཟང་པོ་ཞེས་དགུང་ལོ་བརྒྱ་དང་སུམ་ཅུར་བཞུགས་ནས་མཐར་སྐུ་ལུས་འོད་ཕུང་དུ་གཤེགས་པ་དེ་དང༌། མདོ་ཁམས་སུ་གྲུབ་ཐོབ་ཕྱར་ཐུལ་ཅན་ཞེས་གྲགས་པ་རྣམས་ཀྱང་གྲུབ་ཆེན་འདི་ཉིད་ཀྱི་སྐུའི་བཀོད་པ་ཡིན་པར་སྣང་ཞིང༌། ལས་ཅན་རྣམས་ལ་ད་ལྟའི་བར་ཡེ་ཤེས་ཀྱིས་སྐུས་རྗེས་སུ་བཟུང་བ་མང་དུ་བྱུང༌། སློབ་ཚོགས་མཐའ་ཡས་པ་བྱུང་ཞིང་ཁྱད་པར་གྲུབ་ཆེན་ཉིད་འཆི་མེད་ཚེའི་རིག་འཛིན་བརྙེས་པའི་རྟེན་འབྲེལ་གྱིས་བརྒྱུད་འཛིན་སྐུ་ཚེའི་དངོས་གྲུབ་བརྙེས་པ་མང་དུ་བྱོན། ཟབ་ཆོས་ཐང་སྟོང་སྙན་བརྒྱུད་ཆེན་མོའི་རྒྱུན་བཞུགས་པར་སྣང་ཞིང་ཚེ་སྒྲུབ་འཆི་མེད་དཔལ་སྟེར་ནི་གསར་རྙིང་ཀུན་ལ་ཁྱབ། ཕྱིས་འདིར་རྗེ་པདྨ་འོད་གསལ་མདོ་སྔགས་གླིང་པར་ཡེ་ཤེས་ཀྱི་སྐུས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་དགོངས་པའི་ཀློང་ནས་བརྡོལ་བའི་ཐུགས་གཏེར་གྲུབ་ཐོབ་སྙིང་ཏིག་རྩ་བ་བླ་སྒྲུབ་ཀྱི་སྐོར་བསྐྱེད་རྫོགས་ཟབ་རྒྱས་དང༌། ཡན་ལག་རྒྱུད་སྡེ་སྒྱུ་འཕྲུལ་གྱི་ལམ་དང་མཐུན་པའི་སྒྲུབ་ཐབས་སྐོར་ལྔ། སྒྲུབ་སྡེ་བཀའ་བརྒྱད་ཀྱི་རྒྱུད་ལུང་མན་ངག་སྙིང་པོར་དྲིལ་བ་སོགས་ཆོས་སྡེ་ངོ་མཚར་ཅན་གཏན་ལ་ཕབ་པ་རིན་ཆེན་གཏེར་མཛོད་དུ་བཞུགས་སོ།།

༈ ཆོས་རྒྱལ་ཁྲི་སྲོང་གི་ཐུགས་སྤྲུལ་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་དགུ་པ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ་ནི། གློ་བོ་མ་ཐང་གི་སའི་ཆར་ཡབ་མངའ་བདག་མར་པའི་སྐྱེ་མཐའ་ལྷ་རིགས་མཁས་གྲུབ་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང༌། ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་རབ་བྱུང་བརྒྱད་པའི་མེ་མོ་ལུག་གི་ལོར་སྐུ་བལྟམས། མཚན་པདྨ་དབང་རྒྱལ་དུ་བཏགས། དགུང་ལོ་བརྒྱད་པར་རྟེན་དགེ་བསྙེན་དུ་མཛད། ཡབ་ལས་བྱང་ཆུབ་ཐུགས་བསྐྱེད་དེ་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་མའི་སྐོར་ལ་གསན་སྦྱོང་མཐར་ཕྱིན་པར་གནང༌། བསྙེན་སྒྲུབ་རྟགས་ཐོན་པ་མང་དུ་མཛད། སློབ་དཔོན་ནོར་བསྟན་བཟང་པོ་ལས་འདུལ་བ་མདོ་སྡེ་བཀའ་གདམས་པའི་སྐོར་སོགས་གསན། དགུང་ལོ་ཉི་ཤུ་པ་ནས་བཟུང་དབུ་ཚད་ཕར་ཕྱིན་གཙོ་བོར་གྱུར་པའི་གཞུང་ལུགས་ཆེན་པོ་བརྒྱ་ཕྲག་གཅིག་ཁོང་དུ་ཆུད་པར་མཛད་པས་ན་དགེ་བའི་བཤེས་གཉེན་མཚན་དོན་དང་མཐུན་པར་ཡོངས་སུ་གྲགས། ཉེར་གཅིག་པར་འཇམ་དབྱངས་ཆོས་སྐྱོང་དང་ཚུལ་ཁྲིམས་དཔལ་སོགས་ལས་གཤིན་རྗེ་གཤེད་དམར་སོགས་ཀྱི་སྨིན་གྲོལ་གསན་ནས་བསྙེན་སྒྲུབ་མཛད་པས་འཇམ་དཔལ་དྲག་པོའི་ཞལ་དངོས་སུ་གཟིགས། ཁྱད་པར་དགུང་ལོ་ཉེར་གཉིས་པར་ཡབ་རྗེ་དམ་པ་ལས་སྔ་འགྱུར་བཀའ་གཏེར་གྱི་ཞུན་ཐར་ལེགས་པར་བཅད། བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པའི་ཚེ་ཡབ་ཀྱིས་དག་པའི་གཟིགས་སྣང་ཁྱད་པར་ཅན་གྱིས་དབུགས་དབྱུངས་ཤིང་གཟེངས་བསྟོད་པ་ལྟར་ཕྱིས་ནས་མངོན་དུ་གྱུར། དགུང་ལོ་ཉེར་གསུམ་གྱི་སྔ་ཕྱིར་གློ་བོ་ལོ་ཙཱ་ལས་ལམ་འབྲས་ཚར་གཉིས་གསན། ཉེར་ལྔ་པའི་ཚེ་བསམ་གྲུབ་གླིང་གི་ཆོས་གྲྭར་འཇམ་དབྱངས་ས་པཎ་གྱི་རྣམ་འཕྲུལ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་མཁན་སློབ་ལས་བསྙེན་པར་རྫོགས་པ་ནས་བརྩམ། ཀུན་སྤངས་གདན་གཅིག་པའི་བརྟུལ་ཞུགས་བཟུང་སྟེ་དམ་པའི་ཆོས་འདུལ་བའི་ལག་ལེན་ཚུལ་བཞིན་ཕྱག་ཏུ་བསྟར་བ་ལ་བརྟེན་དུས་དེར་འདུལ་བ་འཛིན་པ་ཐམས་ཅད་ཀྱི་ཁྱུ་མཆོག་ཏུ་གྱུར། གཞན་ཡང་མཁན་ཆེན་དེ་ཉིད་དང༌། གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང༌། འཇམ་དབྱངས་བློ་གྲོས་དཔལ་རྣམས་ལས་སྒྲ་དང་ཚད་མ། གསང་སྔགས་གསར་མའི་དབང་རྒྱུད་མང་དུ་གསན་ཅིང་སྦྱངས་པས་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས། དང་པོ་གཏེར་སྟོན་ཤཱཀྱ་བཟང་པོ་ལས་ཀྱང་བྱང་གཏེར་མང་དུ་གསན་པས་མཚོན།

མདོར་ན་གསང་སྔགས་གསར་རྙིང་གི་དབང་རྒྱུད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་འབད་པས་གསན་ཅིང་བསྙེན་སྒྲུབ་མཛད། ནེ་པཱ་ལའི་ཁུལ་དུའང་བརྟོལ་ནས་བལ་བོད་ཀྱི་བླ་མ་མང་དུ་བསྟེན་ཅིང༌། གནས་འབྲེལ་དང་ཐུགས་དམ་མཛད་པས་དག་པའི་གཟིགས་སྣང་མཐའ་ཡས་པ་ཤར། དགུང་ལོ་སོ་བརྒྱད་པ་ནས་བཟུང་གསར་རྙིང་རིས་མེད་པའི་ཆོས་ཀྱི་ཆར་ཆེན་པོ་ཕབས་པའི་སྐབས། དབུས་གཙང་གི་ཕྱོགས་སུ་གསར་རྙིང་གི་ཆོས་བརྒྱུད་ཉམས་པ་གསོ་བའི་ཐུགས་བསྐྱེད་འཁྲུངས་ཏེ་ཡབ་དང་གློ་བོའི་སྡེ་བདག་ཀུན་ལ་གནང་བ་ཞུས་ཤིང་ཟང་ཟང་ལྷ་བྲག་སོགས་བརྒྱུད། གཅུང་ལེགས་ལྡན་རྡོ་རྗེ་དང་ལྷན་ཅིག་ཏུ་དབུས་ལ་བྱོན། ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་མཇལ་ཞིང་ལུང་བསྟན་བརྙེས། གཞུང་སྤྲེ་ཞིང་དུ་རྔོག་སྟོན་བསོད་ནམས་བསྟན་འཛིན་དང༌། གྲ་ཐང་པའི་ཞྭ་ལུ་ལོ་ཆེན་ལས་རྔོག་དཀྱིལ་དང་གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས་ཆོས་རྒྱལ་ཁྲི་སྲོང་གི་བག་ཆགས་མངོན་དུ་སད། བར་ཁང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་མཛད་ཅིང་ལྷོ་བྲག་གུ་རུ་སོགས་རྗེས་སུ་བཟུང༌། ཕྲེང་སོ་ཨོ་རྒྱན་ཆོས་བཟང་དང་ཀོང་ཆེན་ནམ་མཁའ་དཔལ་ལྡན་ལས་བླ་མ་དགོངས་འདུས་གསན། སྒྲགས་ཡང་རྫོང་དང་མཆིམས་ཕུར་ཐུགས་དམ་མཛད་པས་ལྷ་མང་པོའི་ཞལ་གཟིགས། ཆོས་དབང་གི་གདུང་རབས་བརྒྱད་པས་ལྷོ་བྲག་ཏུ་སྤྱན་དྲངས་ནས་ཆོས་རྒྱུན་ཉམས་པ་གསོ་བ་སོགས་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། རྗེ་འདིས་བཀའ་བརྒྱད་བདེ་འདུས་ཁོ་ན་ཚར་ཉེར་ལྔ་གསན་པའི་ཕྱི་མ་ཁུངས་བཙུན་ཞིང་ཡིད་བརྟན་ནུས་པ་དེ་ལྷོ་བྲག་དགོན་དཀར་དུ་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་རྗེའུ་རིགས་ནམ་མཁའི་རྣལ་འབྱོར་ལས་རྙེད་པས་ཐུགས་དགོངས་ཡོངས་སུ་རྫོགས། ཁྱད་པར་ཟབ་གཏེར་བཞེས་ཚུལ་ནི། དགུང་ལོ་ཞེ་དྲུག་པར་བསམ་ཡས་སྟེང་ཁང་གི་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་གསང་སྒྲོམ་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་གསོལ་འདེབས་ལེའུ་བདུན་མའི་སྒྲུབ་ཐབས་གཏེར་ནས་བཞེས་ཤིང་ཕལ་ཆེར་གཏན་ལ་ཕབ་པ་ད་ལྟའང་དར་རྒྱས་ཆེ། རིག་འཛིན་ལེགས་ལྡན་རྗེས་མཚམས་སྦྱར་ནས་འབྲི་གུང་རིན་ཆེན་ཕུན་ཚོགས་གདན་དྲངས་ཏེ་དཔོན་སློབ་གསུམ་ཀས་བསམ་ཡས་ཀྱི་རབ་གནས་བསྐྱར་བས་བོད་ཁམས་ཕན་བདེའི་རྩ་ལག་ཆེན་པོར་གྱུར། དེས་མཚོན་དབུས་ཕྱོགས་སུ་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་པའི་མཐར། དགུང་ལོ་ང་དྲུག་པར་འོན་སྨོན་ཐང་ནས་ཟངས་མདོག་དཔལ་གྱི་རི་བོ་ཆེན་པོར་གཤེགས་སོ། །སྤྱིར་སྐྱེས་བུ་དམ་པ་འདི་མཁས་བཙུན་གྲུབ་གསུམ་གྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཚུལ་རྗེ་རང་གི་ཞལ་གསུང་རྣམ་ཐར་ཚིགས་བཅད་མར་གསལ་བ་ལྟར་ལ། གཞན་ཡང་ཚིག་ཉུང་ལ་དོན་ཤིན་ཏུ་མང་བ་སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་མཛད་པ་གཅིག་པུའི་བཀའ་དྲིན་ཡང་བསམ་གྱིས་མི་ཁྱབ་པས་དེང་སང་གི་བར་དུ་སྔ་འགྱུར་བསྟན་འཛིན་རྣམས་ཀྱི་མགྲིན་པའི་རྒྱན་དུ་གྱུར་པས་མཚོན། དངོས་དང་བརྒྱུད་པའི་སྒོ་ནས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་གསལ་བའི་ཤིང་རྟ་ཆེན་པོར་ཡོངས་སུ་གྲགས་ལ། སྐུའི་སྐྱེ་བ་དེ་མ་ཐག་པ་ནི་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ལམ་ཆོས་རྒྱལ་དབང་པོའི་སྡེ་ཞེས་གཏེར་སྟོན་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་བྱོན་ཅིང་ཟབ་ཆོས་ཀྱི་རྒྱུན་ཡང་མ་ཉམས་པར་མཆིས་སོ།།

༈ གཏེར་སྟོན་ལས་འཕྲོ་གླིང་པའམ་རིག་འཛིན་འཇའ་ཚོན་སྙིང་པོ་དང་སྔགས་འཆང་ཧཱུྃ་ནག་མེ་འབར་ཞེས་སྐུ་གཅིག་ལ་མཚན་གསུམ་དུ་གྲགས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ནི། སྔོན་དཔལ་ཨོ་རྒྱན་ཆེན་པོའི་ཞལ་སློབ་ཟག་མེད་འོད་ལུས་གྲུབ་པ་བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར་ཉང་བན་ཏིང་འཛིན་བཟང་པོ་འབྲས་བུ་མཐར་ཕྱིན་པའི་ཐུགས་རྗེ་ཡས་སྤྲུལ་དུ་བྱོན་པ་སྟེ། ཀོང་ཡུལ་ལྦ་རུ་གནམ་ཚལ་དུ་ཡབ་ཆོས་སྐྱོང་མགོན་པོ་དང་ཡུམ་ནམ་ལངས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་མོ་བྱ་ཡི་ལོོ་སྐར་མ་རྒྱལ་ལ་བབས་པའི་དུས་སྐུ་འཁྲུངས། སྐུ་ཆུང་ངུ་ནས་ཆོས་ཀྱི་བག་ཆགས་དང་ལྡན་ཞིང༌། དགུང་ལོ་གསུམ་པའི་དུས་ན་ཡི་གེ་བརྡ་སྟོན་ཙམ་གྱིས་མཁྱེན། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱོན། བཅུ་གཉིས་ནས་ཉི་ཤུར་མ་ཕེབས་བར་དུ་སློབ་གཉེར་སྤྱི་དང་ཁྱད་པར་གསོ་རིག་ལ་སྦྱངས་པས་མཁས་པའི་རྩེར་སོན། དེ་དག་གི་དུས་སྐབས་སུ་དངོས་ཉམས་རྨི་ལམ་ཅི་རིགས་པར་ཨོ་རྒྱན་རིན་པོ་ཆེ་ཡང་ཡང་མཇལ་བ་བྱུང༌། ཐུགས་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ཏེ་དམ་ཆོས་ཁོ་ན་ལ་ཐུགས་འདུན་གཏད་ཅིང་འཁོར་བའི་གནས་གྲོགས་ཐམས་ཅད་མེ་འོབས་ལྟ་བུར་གཟིགས་ནས་ཆོས་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱི་དྲུང་དུ་ཆོས་ཕྱིར་བྲོས་ནས་བྱོན་པས། རྗེ་དེའི་མཚན་ལམ་དུ་སློབ་དཔོན་པདྨས་བཞེངས་པའི་མཆོད་རྟེན་རྙིང་པ་ཞིག་བུད་མེད་འགས་གདན་དྲངས་ནས་རབ་གནས་བསྐྱར་དགོས་ཟེར་བ་ལ་རབ་གནས་མཛད་པས་འོད་དུ་འབར་བར་གཟིགས་པས་སྐལ་ལྡན་དུ་མཁྱེན། དེར་རབ་ཏུ་བྱུང་སྟེ་ངག་དབང་ཆོས་རྒྱལ་དབང་པོར་མཚན་གསོལ། གསང་སྔགས་ཀྱི་དབང་ཁྲིད་ལུང་སོགས་གདམས་པ་མཐའ་ཡས་པར་གསན་ཅིང་རྩེ་གཅིག་ཏུ་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད། གཞན་ཡང་ཞབས་དྲུང་ནོར་བུ་བརྒྱན་པ། འབྲུག་པ་ཐམས་ཅད་མཁྱེན་པ། མཉམ་མེད་ལྷ་རྩེ་བ་སོགས་ལས་མདོ་སྔགས་བཀའ་གསར་རྙིང་ཐམས་ཅད་མ་གསན་པ་མེད་པ་ལྟ་བུར་མཛད། ཁྱད་པར་ལྷ་རྩེ་བ་ལས་བསྙེན་རྫོགས་གསན་ཏེ་རྟེན་དགེ་སློང་གི་དངོས་པོ་ཅན་དུ་བསྒྲུབས། མི་ལོ་བཅུ་བདུན་དུ་འདག་སྦྱར་ཁོ་ན་མཛད་ནས་སྒྲུབ་པའི་རྒྱལ་མཚན་འཛུགས་པར་མཛད་པའི་དུས་སུ་གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙམ་པར་བཞག ཕྱག་རྡོར་གྱི་བསྙེན་པ་དུང་ཕྱུར་སོང་བའི་ཚེ་སླར་ཡང་ལུང་བསྟན་དང་ཆོས་རྗེ་རིན་པོ་ཆེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱིས་བསྐུལ་ནས། ལྕགས་ཕོ་སྤྲེལ་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་གཏེར་བཞེས་པའི་ཐོག་མར་ལྕགས་ཁྲོའི་བྱ་ཁྱུང་བྱེའུ་ཕྲུག་ཙམ་ཞིག་གི་ནང་ནས་གཏེར་གྱི་ཁ་བྱང་མཚོ་རྒྱལ་གྱི་ཕྱག་བྲིས་མ་ཕྱག་ཏུ་འབྱོར་པ་ལྟར། བྲག་ལུང་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་སོགས་གསང་གཏེར་དུ་བཞེས་ནས་གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པར་མཛད། དེ་ནས་རིམ་པར་ཀོང་པོ་བུ་ཆུ་དང༌། བྱང་འཕྲེང་མཛེས་ཞེས་ལྗོན་པ་ལུང་གི་གནས་སྒོ་དང༌། སྙེ་མོ་ལྷ་རི། ཀོང་འཕྲང་དགེ་འདུན་གནས། དབུ་རུ་ཞྭའི་ལྷ་ཁང་སོགས་ནས་ཐུགས་རྗེ་ཆེན་པོ་དང༌། རྟ་ཕག་ཡིད་བཞིན་ནོར་བུ། ཞི་ཁྲོ་ངེས་དོན་སྙིང་པོ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། རྡོ་རྗེ་གྲོ་ལོད། དཔལ་མགོན་མ་ནིང་སྐོར། པདྨ་བཀོད་ཀྱི་གནས་ཀྱི་ལམ་ཡིག་སོགས་ཟབ་གཏེར་མང་པོ་སྤྱན་དྲངས། དཀོན་མཆོག་སྤྱི་འདུས་སོགས་འགའ་ཞིག་གསང་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མཛད། མངོན་ཤེས་དང་རྫུ་འཕྲུལ་ཕྱོགས་མེད་དུ་ཤར་ནས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པ་དང༌། ཆུ་དང་གཡང་ས་སོགས་ལའང་ཐོགས་མེད་དུ་གཤེགས་ཏེ། ཁྱད་པར་སྙེ་མོ་ལྷ་རིའི་གཏེར་བཏོན་པའི་དུས་ཀོང་པོ་པྲ་ཏི་བ་སོགས་ལོག་པའི་བློ་ཅན་རྣམས་ཀྱིས་ས་བཅུད་ཉམས་སུ་དོགས་ནས་དམག་གིས་གཏེར་གནས་བསྲུངས་པར་བྱས་པས། གཏེར་སྟོན་ཐུགས་ཉམས་འུར་ཏེ་རྟ་ལ་ཆིབས་ནས་བྲག་གཡང་ཆེན་པོ་བྱ་མ་གཏོགས་མི་ཐར་བ་མེ་ལོང་གི་ངོས་འདྲ་བ་ཞིག་ལ་ཆིབས་རྒྱུག་གནང་ནས་ཕེབས་ཤིང་བྲག་གི་ངོས་ལ་ཆིབས་པའི་ཞབས་རྗེས་བཞག གཏེར་དེ་ཉིད་སྐད་ཅིག་ལ་སྤྱན་དྲངས་ནས་གཤེགས་པའི་བརྟུལ་ཞུགས་དང་རྫུ་འཕྲུལ་ཆེན་པོ་བསྟན་པས་དམག་མི་རྣམས་སྤ་བཀོང་སྟེ་ཐམས་ཅད་རྟབ་རྟབ་པོར་གྱུར་ཅིང་སླར་དད་པའི་ས་ལ་བཀོད། མཐུ་སྟོབས་ནུས་པ་བསམ་གྱིས་མི་ཁྱབ་པས་དམ་སྲི་མནན་པ་དང་མཐའ་དམག་ཟློག་པ་སོགས་བོད་སྤྱི་བྱེ་བྲག་གི་ཕན་བདེ་སྤེལ་བའི་ཕྲིན་ལས་མང་དུ་མཛད། སྐལ་ལྡན་མང་པོ་རྗེས་སུ་བཟུང་ནས་བཀའ་གཏེར་གསར་རྙིང་གི་ཆོས་ཚུལ་མང་པོའི་སྨིན་གྲོལ་གྱི་བདུད་རྩི་སྩལ། རྗེ་ཉིད་སྐུ་བཙུན་ཞིང་དགེ་སློང་གི་དངོས་པོ་ལས་མི་འདའ་བར་ཀུན་སྤོང་གི་མཛད་པ་སྐྱོང་བཞིན་དུ་གདུལ་བྱ་རྣམས་ཀྱང་ཚུལ་དེར་བཀྲི་བ་དང་ཡང་དག་པའི་ལམ་ལ་གཞོལ་ཞིང་འབབས་པར་མཛད། བང་རི་འཇོག་པོ་ཞེས་ཉིད་ཀྱིས་གནས་སྒོ་ཕྱེས་པའི་གནས་དབེན་ཞིང་མཐོ་བའི་སར་སྒྲུབ་སྡེ་བཏབ་པ་དེང་སང་ཡང་མ་ཉམས་པར་ཡོད་པ་ལ་དབོན་བརྒྱུད་དང་སྤྲུལ་བརྒྱུད་སོགས་ཀྱིས་འཛིན་སྐྱོང་གནང༌། ཆོས་བདག་གི་ཐོག་མ་སྒམ་པོ་ཞབས་དྲུང་ནོར་བུ་བརྒྱན་པས་ཕྲིན་ལས་ཀྱི་སྒོ་ཕྱེ་བ་ནས་བཟུང༌། ཀརྨ་པ་ཞྭ་དམར་ནག རྒྱལ་ཚབ་གྲགས་པ་དོན་གྲུབ། འབྲི་གུང་ཆོས་ཀྱི་གྲགས་པ། འབྲུག་པ་དཔག་བསམ་དབང་པོ། རྡོར་བྲག་རིག་འཛིན་ངག་གི་དབང་པོ། རྩེ་ལེ་སྣ་ཚོགས་རང་གྲོལ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་ཕྲིན་ལས་ལྷུན་གྲུབ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། སྤུ་བོ་རྦ་ཁ་སྤྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ། གཏེར་ཆེན་བདུད་འདུལ་རྡོ་རྗེ། ཏ་བླ་པདྨ་མ་ཏི་སོགས་དབུས་གཙང་ཁམས་གསུམ་ནས་རྒྱ་ཆེར་འདུས་ཤིང༌། དེ་དག་རྣམས་ལ་ཟབ་ཆོས་ཀྱི་བདུད་རྩི་ཚང་སྤྲུགས་སུ་སྩལ་ཏེ་ཕྲིན་ལས་ཕྱོགས་མཐར་ཁྱབ་པའི་རྟེན་འབྲེལ་འགྲིགས། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་དོན་གཉིས་པར་བང་རི་འཇོག་པོར་རྟགས་དང་ཆོ་འཕྲུལ་ལྐོག་ཏུ་མ་གྱུར་པ་བསྟན་ཅིང་མངོན་པར་མཁྱེན་བཞིན་དུ་དག་པའི་ཞིང་ཁམས་ཆེན་པོར་གཤེགས་པའི་ཚུལ་བསྟན་ཏོ། །འདིའི་ཆོས་བརྒྱུད་ལས་མི་དབང་བསོད་ནམས་སྟོབས་རྒྱལ་ཁོ་ནའི་དུས་ཀྱང་དྭགས་པོར་འོད་ལུས་གྲུབ་པ་གཉིས་སོགས་སྔ་ཕྱིར་མང་དུ་བྱུང་ཞིང༌། མདོར་ན་སྤྲུལ་པའི་གཏེར་སྟོན་འདི་ཉིད་ལུང་དོན་ལྟར་ན་རྟེན་འབྲེལ་རབ་འབྲིང་ཐ་མ་ཡང་ཐ་བཞིར་གསུངས་པའི་ཕྱི་མའི་དབང་དུ་གྱུར་མོད། ཐུགས་བསྐྱེད་དང་སྦྱངས་སྟོབས་ཁྱད་པར་འཕགས་ཤིང༌། རང་གི་ཟབ་གཏེར་རྣམས་ཉམས་བཞེས་མཐར་ཕྱིན་པར་མཛད་པ་ལ་བརྟེན། གཏེར་ཆོས་ཀྱི་ཕྲིན་ལས་ནུབ་ཕྱོགས་རྒྱ་བལ་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་ཆད་དུ་དར་ཞིང་རྒྱས་པར་འཕེལ་བ་དེང་སང་ཡང་མ་ཉམས་པར་གནས་སོ།།

༈ འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐྱེ་མཐའ་གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ནི། སྔོན་གྱི་གཏེར་རྙིང་བཅུ་གསུམ་ཙམ་ནས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། མདོ་ཁམས་སྡེ་དགེ་དངུལ་ཕུ་ནང་དུ་གྲགས་པའི་སྲིབ་ཕྱོགས་སུ་ཡབ་གླིང་གི་རིགས་འཚོ་བྱེད་མཁས་པ་ཀླུ་སྒྲུབ་དང༌། ཡུམ་བོ་ལུ་མ་ཞེས་པའི་སྲས་སུ་རབ་བྱུང་བཅུ་པའི་ཤིང་མོ་ཡོས་ཀྱི་ལོ་ལ་འཁྲུངས། ཡབ་ལས་ཡི་གེ་འབྲི་ཀློག་དང་གསོ་དཔྱད་སྦྱོང་བདར་མཛད། དགུང་ལོ་དྲུག་པ་ནས་དག་པའི་སྣང་བ་མང་པོ་ཤར། ཆུང་ངུའི་དུས་ནས་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བཞུགས། རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་སུ་གསོལ། ཕ་ཝང་ཞིག་ལ་ཞབས་རྗེས་བྱོན་པ་ད་ལྟའང་འདུ་ཁང་ཆེན་མོའི་ཤར་སྒོའི་རྒྱབ་ཏུ་ཡོད། དཔལ་ས་སྐྱ་པའི་གཞུང་ལ་བསླབ་སྦྱང་གསན་བསམ་ཅི་རིགས་མཛད་པའི་སྐབས་སྙིང་པོ་ཡེ་ཤེས་ཀྱི་དོན་འཚོལ་བ་ལ་སྐོམ་པ་ཆུ་འདོད་པ་ལྟར་གྱུར་པས་རྨུགས་སངས་ཀྱི་སྒྲུབ་གནས་སུ་བྱོན། འདྲེན་པ་དཀོན་མཆོག་རྒྱལ་མཚན་ལས་རྫོགས་པ་ཆེན་པོ་སོགས་ཟབ་ཆོས་མང་དུ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་ཀློང་བརྡོལ། དེ་ནས་དབུས་ཕྱོགས་སུ་ཕེབས། ཉང་པོར་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན་དང་མཇལ་ཏེ་སྨིན་གྲོལ་གྱི་གདམས་པ་མང་དུ་གསན། བྲག་དཀར་ལྷ་ཆུར་ཁམས་ཟས་སྤངས་ཏེ་བཅུད་ལེན་ཁོ་ནས་ཟབ་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་མཐར་ཕྱིན་པར་མཛད། དང་པོ་ཆོས་སྒོར་ཞུགས་པའི་རྟེན་འབྲེལ་གྱིས་གཙང་ས་ངོར་མན་དུ་བྱོན་ཏེ་གསུང་ངག་ལམ་འབྲས་སོགས་ཀྱང་གསན། སླར་ཕྱིར་བྱོན་སྐབས་བང་རིར་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་ཞབས་ལ་གཏུགས་ནས་ཉིད་ཀྱི་ཟབ་གཏེར་གཙོ་བོར་གྱུར་པའི་དབང་ཁྲིད་མན་ངག་མང་པོ་རྫོགས་པར་གསན།

ལྷག་པར་འདིའི་སྐབས་སུ་གཏེར་གྱི་སྐལ་བ་ཅན་དུ་ལུང་བསྟན་པ་ལྟར། སྤུ་བོར་བྱོན་ཏེ་ཕོ་བྲང་གཡུ་མཚོར་རཏ་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་པ་ལ་བརྩོན་པའི་ཚེ་མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་རྣམས་ཀྱིས་གདན་དྲངས་ནས་ཞག་ཉེར་བརྒྱད་བཞུགས་པའི་ཐུགས་ཉམས་དང༌། གུ་རུ་རིན་པོ་ཆེ་ལས་སྨིན་གྲོལ་རྫོགས་པར་གསན་ཅིང་གཏེར་གྱི་ལུང་བསྟན་སྩལ་བ་སོགས་རྗེ་རང་གི་གསུང་དག་སྣང་དབང་གི་རྒྱལ་པོར་གསལ། དཔལ་ཨོ་རྒྱན་བསྟན་འཛིན་མཇལ་དུ་བྱོན་པས་མཚན་ལམ་ལ་དཔག་སྟེ་ཐུགས་ཤིན་ཏུ་དགྱེས་པས་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་གནང༌། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས། ཟབ་གཏེར་གྱི་ཐོག་མ་ཁ་བྱང་ཕྱག་ཏུ་བྱུང་བ་དང་བསྟུན། དགུང་ལོ་ཉེར་དགུ་པར་རིགས་ལྡན་པདྨ་སྐྱིད་ལས་རྒྱར་བསྟེན་ནས་གཡུ་མཚོ་རིན་ཆེན་བྲག་ནས་ཁ་བྱང་དང༌། སྤུ་བོ་འདོང་ཆུ་བདེ་ཆེན་གསང་བ་ཕུག་ནས་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་སྐོར་རྣམས་སྤྱན་དྲངས་པ་ཉིད་ཀྱི་ཟབ་གཏེར་གྱི་གཙོ་བོ་ཡིན་ལ། ཕྱིས་སུ་བཞེས་པ་ཐམས་ཅད་དེའི་ཡན་ལག་ཡིན་པར་གསུངས། དེ་ནས་རིམ་བཞིན་ཚ་བ་སྒྲོ་བྲག་ནས་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་བཀའ་སྲུང་ཞིང་སྐྱོང་དང་བཅས་པ། སྤུ་རི་དྭགས་རྫོང་ནས་ཟབ་དོན་གསང་བ་སྙིང་ཐིག དཔལ་བདེ་མཆོག བཀའ་སྲུང་ཕྱག་བཞི་པའི་སྐོར། སྤུ་རི་ཤེལ་གྱི་ཡང་སྒྲོམ་ནས་སྙིང་ཐིག་ཚེ་ཡང་ཕུར་གསུམ་དང༌། སྲུང་མ་ཨེ་ཀ་ཛ་ཊཱི་རང་བྱུང་རྒྱལ་མོའི་སྐོར། སྤུ་བོ་འདོང་ཆུའི་བྱང་ངོས་ཀྱི་བྲག་ནས་སྦས་ཡུལ་པདྨ་བཀོད་པའི་གནས་ཡིག མདོ་ཁམས་སྡེ་དགེ་ས་གནས་ཁྲོམ་ཟིལ་ཁྲོམ་དཀར་ཡག་ནས་ཡི་དམ་དམར་ནག་འཇིགས་གསུམ་གྱི་སྐོར་རྣམས་སྤྱན་དྲངས་པ་ལས། འཇམ་དཔལ་ཞི་སྒྲུབ་ཀྱི་སྐོར་རྣམས་མ་གཏོགས་གཞན་གཏན་ལ་ཕབ་པ་མི་སྣང༌། བྱ་ཕུ་ལྕགས་ཕུར་ཅན་ནས་དཔལ་མགོན་གདོང་བཞི་པ་དང་ལྷ་ཆེན་སྒྲུབ་སྐོར། བསམ་ཡས་དབུ་རྩེའི་སྟེང་ཁང་ནས་བླ་མ་རིག་འཛིན་འདུས་པ། ཚེ་སྒྲུབ་ཚ་བ་དམར་ཐག བཀའ་སྲུང་ཞང་བློན་དང་སྤོམ་རའི་སྐོར། ར་ས་འཕྲུལ་སྣང་གློ་འབུར་ནུབ་ཀྱི་སྟེང་ཁང་ནས་སྙན་བརྒྱུད་གཙུག་རྒྱན་ཡིད་བཞིན་ནོར་བུའི་སྐོར་རྣམས་སྤྱན་དྲངས་ནའང་གཏན་ལ་འབེབས་པར་མ་མཛད་པར་མངོན། སྤུ་བོའི་བདུད་རི་གནམ་ལྕགས་འབར་བ་ནས་སྒྱུ་འཕྲུལ་ཞི་ཁྲོ་དང་བཀའ་བརྒྱད་སྐོར་བཀའ་སྲུང་བཅས། ར་ཙག་རྡོའི་མཆོད་རྟེན་ནས་དཔལ་མགོན་སྟག་ཞོན་སྐོར་རྣལ་འབྱོར་པ་དུང་ཕྲེང་ཅན་གྱིས་བཏོན་ནས་ཕྱག་ཏུ་ཕུལ་བ་དང༌། གཞན་ཡང་གཡུ་མཚོ་གཤིན་རྗེའི་དོང་ཁ། རིག་འཛིན་གསང་ཕུག བསེ་རག་ཅོག ན་བུན་རྫོང༌། རྟ་ཤོད་དཀྱིལ་འཁོར་ཐང་སོགས་ནས་སྔ་ཕྱིར་ཟབ་གཏེར་མང་དུ་སྤྱན་དྲངས་པ་གཏེར་འབྱུང་ལས་གསལ། སྦས་ཡུལ་པདྨ་བཀོད་ཀྱི་གཙོས་མཐའ་དབུས་ཀྱི་གནས་ཆེན་མང་པོའི་ཞལ་ཕྱེས། གོང་གི་གཏེར་ཁ་རྣམས་དང་ལྷན་དུ་སྐུ་ཚབ་དང་ཕྱག་མཚན་དམ་རྫས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། མདོར་ན་གནས་གཏེར་བརྒྱ་རྩ། མྱང་གྲོལ་སྟོང་རྩ་སོགས་ཀྱི་བཀའ་བབ་ཏུ་གསུངས་པ་ལྟར་ཕལ་ཆེར་མངོན་དུ་གྱུར། དགུང་ལོ་ཞེ་གཉིས་པར་སྡེ་དགེ་བླ་མ་བྱམས་པ་ཕུན་ཚོགས་ཁུ་དབོན་གྱིས་གདན་དྲངས། རྗེ་ཉིད་སྔར་བཞུགས་ཀྱི་གྲྭ་ཁང་དུ་བདུད་འདུལ་ལྷ་ཁང་དུ་གྲགས་པ་བཞེངས་ནས་བསྟན་སྲིད་ལ་ཕན་པའི་ལུང་དོན་སྒྲུབ། ཀཿཐོག་རྡོ་རྗེ་གདན་ཡན་སྔ་འགྱུར་རྙིང་མའི་གདན་ས་རྣམས་སུ་ཞབས་བཀོད་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང༌། འཛེང་རྣམ་རྒྱལ་དང་ཉེ་བའི་ནོབས་ཀྱིས་ཕུ་སྟག་ཕུ་བྲག་རིང་དུ་རྒྱུན་རིང་ཙམ་བཞུགས་ཤིང་ཐུགས་དམ་མཛད་པའི་གཟིམས་སྤྱིལ་ད་ལྟའང་ཡོད། གླིང་ཚང་དུ་ཕྱག་ཕེབས་ནས་གླིང་རྒྱལ་དང་མཆོད་ཡོན་རྟེན་འབྲེལ་ལེགས་པར་འགྲིགས། དེར་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་བུམ་སྒྲུབ་མཛད་སྐབས་རྟགས་མཚན་ངོ་མཚར་བསམ་ལས་འདས་པ་བྱུང་ཞིང་དེའི་སྒྲུབ་རྒྱུན་ད་ལྟའང་མཆིས། བར་ཁམས། སྤ་སྟོད། བར་མ་ལྷ་སྟེང༌། རི་བོ་ཆེ་སོགས་སུ་རིམ་པར་གདན་དྲངས་པ་ལྟར་ཕེབས། བསྟན་འགྲོའི་དོན་མཐའ་ཡས་པ་མཛད། ཁྱད་པར་སྤོར་ནེ་བྲག་ཏུ་གནམ་ཆོས་མི་འགྱུར་རྡོ་རྗེ་དང་མཇལ་འཛོམ་ཆོས་གསན་རེས་སོགས་རྟེན་འབྲེལ་ལེགས་པར་འགྲིམས། དེ་དག་གི་མཚམས་སྦྱོར་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་མཛད་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། སྤུ་སྟོད་བདེ་ཆེན་ཐང་དང༌། གཡུ་རི་སྒང་འགོ་རུ་གདན་ས་མཛད་དེ་ཡུན་རིང་བཞུགས། སྦས་ཡུལ་པདྨ་བཀོད་ཀྱི་གནས་སྒོ་རགས་རིམ་ཙམ་གསལ་བར་མཛད་རྗེས། དངོས་ཀྱི་མཛད་པ་མཐར་ཕྱིན་ནས་དགུང་ལོ་ང་བརྒྱད་པ་ཆུ་ཕོ་བྱི་བའི་ལོར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་པའི་སྐབས་སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཤིང༌། ཁྱད་པར་དུ་སྐུ་གདུང་ཡང་ཕལ་ཆེར་འོད་དུ་ཡལ་བའི་ལྷག་མ་ཁྲུ་གང་ཙམ་ལུས་པ་ཞུགས་སུ་ཕུལ་བས་གདུང་ཆེན་ལྔ་དང་རིང་བསྲེལ་དུ་མའི་ཕུང་པོར་གྱུར་ཏོ། །རྗེ་འདིའི་ཞལ་སློབ་ཆོས་བདག་གི་གཙོ་བོ་ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་ཀློང་གསལ་སྙིང་པོ། རྦ་ཁ་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། གྲུབ་ཆེན་པདྨ་ནོར་བུ་སོགས་ཏ་འུའི་ཕྱོགས་ཀྱི་རྡོ་རྗེ་འཛིན་པ་མང་པོས་མཚོན་མཐའ་ཡས་ཤིང༌། ཁྱད་པར་སྐུའི་གདུང་བརྒྱུད་རྒྱལ་སྲས་ནོར་བུ་ཡོངས་གྲགས་སོགས་རིམ་པར་བྱོན་པས་ཆོས་བརྒྱུད་ཀྱི་ཕྲིན་ལས་མ་ཉམས་པར་བཞུགས་བཞིན་པའོ།།

༈ པཎ་ཆེན་བི་མ་ལ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་ཟུང་དུ་འཇུག་པའི་ཐུགས་རྗེའི་རང་གཟུགས་ལྷ་བཙུན་ནམ་མཁའ་འཇིགས་མེད་ནི། ལྷོ་རྒྱུད་བྱར་ཡུལ་ལྷ་བཙད་པོའི་རིགས་ལས་རབ་བྱུང་བཅུ་པའི་མེ་མོ་བྱ་ཡི་ལོར་འཁྲུངས། མཛོད་སྤུ་དང་ལྗགས་དང་ཤངས་རྩེར་ཨའི་མཚན་མ་ཤིན་ཏུ་གསལ་བ་སོགས་ངོ་མཚར་བའི་མཚན་རྟགས་དུ་མ་མངའ། གསུང་སྙན་རི་ཁྲོད་དུ་སྤྲུལ་སྐུ་ཨོ་རྒྱན་དཔལ་འབྱོར་ལས་རབ་ཏུ་བྱུང་བའི་མཚན་ཀུན་བཟང་རྣམ་རྒྱལ་དུ་གསོལ། ཐོག་མར་ཐང་འབྲོག་གྲྭ་ཚང་དུ་གསན་བསམ་ཅི་རིགས་མཛད་ཅིང༌། རིམ་གྱིས་རྡོ་རྗེ་འཛིན་པ་དུ་མ་ལས་བཀའ་དགོངས་སོགས་བཀའ་གཏེར་གདམས་ཟབ་མང་པོའི་སྨིན་གྲོལ་གསན་ཏེ་ལྷག་པའི་ལྷའི་བསྙེན་སྒྲུབ་ཚད་དུ་བསྐྱལ་བས་དངོས་གྲུབ་ཕྲིན་ལས་རང་བྱན་ཚུད། ཁྱད་པར་རྫོགས་ཆེན་པ་བསོད་ནམས་དབང་པོ་ལོ་བཅུ་བདུན་གྱི་བར་དུ་བསྟེན་ནས་སྙིང་ཐིག་གི་གདམས་སྐོར་ཡོངས་སུ་རྫོགས་པ་གསན་ཏེ་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་གདིང་ཚད་བརྙེས། དེའི་བོགས་འདོན་དུ་རྗེ་ངག་དབང་མི་བསྐྱོད་རྡོ་རྗེ་ལས་ཆགས་ལམ་གྱི་མན་ངག་མཐའ་དག་གསན་ནས་རང་ལུས་ཐབས་ལྡན་དང༌། གཞན་ལུས་ཕྱག་རྒྱའི་རྣལ་འབྱོར་བདེ་སྟོང་གི་ཡེ་ཤེས་ལ་རྩལ་སྦྱངས་པས་དགའ་བཞིའི་ངོས་འཛིན་རང་སར་ཐིམ་སྟེ་སྣང་གྲགས་ཐམས་ཅད་ལྷན་ཅིག་སྐྱེས་དགའི་འོད་གསལ་དུ་སྨིན། བྱར་དྭགས་ཀོང་གསུམ་དང་དབུ་གཡོར་གཙང་གསུམ་གྱིས་མཚོན་བོད་ཡུལ་གྱི་གནས་ཆེན་ཐམས་ཅད་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། མགྲིན་པའི་རྩ་མདུད་གྲོལ་བས་གང་གསུངས་ཐམས་ཅད་ཚིག་དོན་བཟང་པོ་འབའ་ཞིག་པ་བྱུང༌། རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་ནས་ནང་པའི་བསྟན་པ་ལ་བཀོད་པ་དང༌། བོད་དུ་ལྷ་འདྲེ་རྣམས་གྲོགས་སུ་བསྐུལ་ནས་བསམ་ཡས་ཞིག་གསོས་མཛད་ཅིང༌། ཙཱ་རིར་རི་ཆེན་ཉིལ་བ་ལྟ་སྟངས་དང་སྡིགས་མཛུབ་ཀྱིས་ཟློག་པ་སོགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར། གནས་ཆེན་ཟབ་བུ་ལུང་དང༌། རིན་ཆེན་ཤེལ་རི་སྨུག་པོའི་དགའ་ཚལ། པདྨ་འཇའ་འོད་ཤེལ་རྫོང༌། ཡར་ལུང་ཤེལ་རི་ལྷའི་ལྡིང་ཁང་སོགས་སུ་མཉམ་པར་བཞག་པའི་ཚེ་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར་བ་ལ་བརྟེན་ནས་དགོངས་པའི་ཀློང་མཛོད་བརྡོལ་བ་ལས། གཏེར་ཁ་ཀུན་གྱི་ཡང་ཏིག སྙན་བརྒྱུད་དག་གི་གནད་འགག མཐོང་ཐོས་དྲན་རེག་གྲོལ་བར་བསྔགས་པའི་རྡོ་རྗེ་སྙིང་པོ་སྤྲིན་གྱི་ཐོལ་གླུའི་ཆོས་སྐོར་བྱུང་བ་གཏན་ལ་ཕབ་ནས་སྐལ་ལྡན་ཐུན་མོང་མ་ཡིན་པ་འགའ་ལ་སྙན་བརྒྱུད་དུ་སྩལ། རིག་འཛིན་འཇའ་ཚོན་སྙིང་པོ་དང་གཏེར་ཆེན་བདུད་འདུལ་རྡོ་རྗེ་སོགས་ཀྱི་བཀས་བསྐུལ་ཏེ་བོད་ཁམས་སྤྱིའི་བདེ་ཐབས་སུ། དགུང་གྲངས་ལྔ་བཅུར་སོན་པ་མེ་ཁྱི་ལོར་འབྲས་གཤོངས་ལྷ་རི་འོད་གསལ་སྙིང་པོར་ཞབས་ཀྱིས་བཅགས་ནས་གནས་སྒོ་ཕྱེས། ལུང་དོན་ལྟར་གཙུག་ལག་ཁང་དང་སྒྲུབ་སྡེ་བཏབ། བྲག་དཀར་བཀྲ་ཤིས་སྡིངས་སུ་མཁའ་འགྲོས་ལུང་བསྟན་པ་བཞིན་དྷཱ་ཀི་སྙིང་གི་ཕུག་པར་བཞུགས་པའི་སྐབས་ཨ་ཏི་བླ་མེད་སྙིང་ཐིག་གི་གདམས་པ་ཐུན་མོང་མ་ཡིན་པ་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་སྐོར་རྣམས་དག་སྣང་གི་ཚུལ་དུ་བྱུང་བ་གཏན་ལ་ཕབ་སྟེ་སྐལ་ལྡན་རྣམས་ལ་སྨིན་གྲོལ་གྱི་བདུད་རྩི་སྩལ། གཞན་ཡང་རྫོགས་པ་ཆེན་པོ་འཆད་སྤེལ་གྱི་ཕྲིན་ལས་རྒྱ་ཆེན་པོ་བསྐྱངས་པ་ལས་འབྲས་ལྗོངས་རྫོགས་ཆེན་པའི་རིང་ལུགས་ཞེས་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ། ཕྱིས་དུས་འདིར་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་པའི་གྲུབ་ཐོབ་འདི་ལས་ལྷག་པ་སུའང་མ་བྱོན་པར་གྲགས་སོ། །ཟབ་ཆོས་རིག་འཛིན་སྲོག་སྒྲུབ་དང་སྤྲིན་གྱི་ཐོལ་གླུའི་དབང་ལུང་མན་ངག་གི་རྒྱུན་ད་ལྟའི་བར་མ་ཉམས་པར་བཞུགས་ཤིང༌། ཆོས་བརྒྱུད་ཀྱི་ཕྲིན་ལས་བོད་ཁམས་ཕལ་མོ་ཆེ་དང་ཁྱད་པར་སྦས་ཡུལ་འབྲས་མོ་ལྗོངས་སུ་དར་བཞིན་པའོ།།

༈ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྲིན་ལས་ཀྱི་སྤྲུལ་པར་གཏེར་ཁ་གསར་རྙིང་མང་པོ་ནས་ལུང་བསྟན་ཅིང་གངས་ཅན་མགོན་པོ་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་རང་གཟུགས་སུ་གྲུབ་པ་རྒྱལ་མཆོག་ལྔ་པ་གསང་མཚན་རྡོ་རྗེ་ཐོགས་མེད་རྩལ་དུ་གྲགས་པ་ནི། འཕྱོང་རྒྱས་སྟག་རྩེའི་ཟ་ཧོར་གྱི་རྒྱལ་བརྒྱུད་ལས་ཡབ་མི་དབང་བདུད་འདུལ་རབ་བརྟན་དང༌། ཡུམ་ཡར་འབྲོག་ཁྲི་དཔོན་གྱི་སྲས་མོ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་མོ་སྦྲུལ་གྱི་ལོར་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། འཁྲུངས་པའི་ལོ་དེར་བྱང་པ་རིག་འཛིན་ངག་གི་དབང་པོས་ཚེ་གུར་གྱི་དབང་བཀའ་ཉེན་སེལ་དུ་སྩལ་བ་ཐོག་མའི་དགེ་མཚན་དུ་གྱུར། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེར་ངོས་འཛིན་མཛད་ནས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོར་སྤྱན་དྲངས། གཙུག་ཕུད་བཞེས་པའི་མཚན་བློ་བཟང་རྒྱ་མཚོར་གསོལ་ནས་སེང་གེའི་ཁྲིར་བཀོད། སློབ་དཔོན་ཆེན་པོས་རྔོག་ལོའི་སྤྲུལ་པར་ལུང་བསྟན་པ་གླིང་སྨད་པ་དཀོན་མཆོག་ཆོས་འཕེལ་ལས་བསྡུས་ཚད་ནས་བཟུང་གཞུང་པོད་ཆེན་རྣམས་ལ་ཐུགས་གཉེར་མཛད་པས་ཚེགས་མེད་དུ་མཁྱེན། པཎ་ཆེན་རིན་པོ་ཆེ་ལས་དབང་ལུང་མན་ངག་མང་དུ་གསན། སྨོན་འགྲོ་པཎྜི་ཏ་ཡབ་སྲས་ལས་སྙན་ངག སྒྲ། སྡེབ་སྦྱོར། མངོན་བརྗོད་སོགས་དང༌། ལྡུམ་པོ་བ་དང༌། ཟུར་ཆེན་ལས་རྩིས་དཀར་ནག་དབྱངས་འཆར་སོགས་མཐའ་ཡས་པར་གསན་པས་བཅུ་ཕྲག་རིག་པའི་གནས་ཀུན་གཟིགས་པའི་མ་ཧཱ་པཎྜི་ཏ་ཆེན་པོར་གྱུར། དགུང་ལོ་ཉེར་གཉིས་པར་པཎ་ཆེན་རིན་པོ་ཆེ་བླ་ཆེན་གྱི་སྡོམ་རྒྱུན་ལས་བསྙེན་པར་རྫོགས་ཤིང༌། མཚན་ངག་གི་དབང་ཕྱུག་ཅེས་གསར་དུ་བསྣན། ཕ་བོང་ཁ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཞྭ་ལུ་བསོད་ནམས་མཆོག་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། སྨན་ལུང་པ་བློ་མཆོག་རྡོ་རྗེ། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་ཁྱད་པར་ཅན་མང་དུ་བསྟེན་ནས་ས་དགེ་རྙིང་གསུམ་གཙོ་བོར་གྱུར་པའི་དེ་སྐབས་བོད་དུ་མདོ་སྔགས་ཀྱི་བཤད་པ་སྔགས་ཀྱི་དབང་ལུང་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་གསན་བསམ་མཐར་ཕྱིན་པར་མཛད་པའི་གསན་ཡིག་གླེགས་བམ་བཞིར་བཞུགས་པ་ཐམས་ཅད་ཀྱིས་ཚད་མར་མཛད། ཐུགས་དམ་ཉམས་བཞེས་ཀྱི་སྒོ་ནས་སྤངས་རྟོགས་ཀྱི་རྩལ་རྫོགས། བར་སྐབས་སུ་དྲག་པོ་མངོན་སྤྱོད་ཀྱི་ལས་སྦྱོར་ཅི་རིགས་མཛད་པས་རྟགས་ཀྱང་མངོན་དུ་གྱུར། ཁྱད་པར་ཟབ་མོ་དག་སྣང་གི་བཀའ་བབས་ཚུལ་ནི། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་ལུང་ལས། ཉི་ཤུ་རྩ་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ད་ལྟ་མགོ་ནག་མི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ ཞེས་གསུངས་པ་ལྟར། དཔལ་བསམ་ཡས་སུ་ཕེབས་སྐབས་དངོས་གཏེར་གྱི་རྟེན་འབྲེལ་བྱུང་ནའང་ཡུལ་དུས་གནས་སྐབས་ཀྱི་དབང་གིས་བདག་གིར་མ་མཛད་མོད། ཕྱིས་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་དངོས་སུ་ཞལ་བསྟན་ཏེ་ལུང་བསྟན་དབང་བསྐུར་བརྙེས་པ་ལྟར་ཡི་གེར་བཀོད་དེ་གསང་བ་རྒྱ་ཅན་དུ་མཚན་གསོལ་བའི་ཆོས་སྡེ་ཉི་ཤུ་རྩ་ལྔ། ཁ་སྐོང་ལྗགས་བསྒྲིགས་དང་བཅས་གླེགས་བམ་གཉིས་བཞུགས་པ། ཆོས་རྒྱལ་གཏེར་བདག་གླིང་པ་དང༌། རིག་འཛིན་པདྨ་ཕྲིན་ལས་སོགས་སྔ་འགྱུར་གྱི་རིང་ལུགས་འཛིན་པ་གཙོར་གྱུར་པའི་མཆོག་གི་འདུས་པ་རྣམས་ལ་སྨིན་གྲོལ་ཡོངས་སུ་རྫོགས་པར་སྩལ་བས་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་ཞིང་ད་ལྟའི་བར་རྒྱུན་མ་ཉམས་པར་བཞུགས། སྲིད་ཀྱི་ངོས་ནས་དགུང་ལོ་ཉེར་ལྔ་པར་སོག་པོ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཆོལ་ཀ་གསུམ་པོ་དཔུང་ཤེད་ཀྱིས་བླངས་ནས་ལྷ་སྡེ་མི་སྡེ་ཐམས་ཅད་ཆབ་འབངས་སུ་ཕུལ། དེ་རྗེས་ཤར་ཕྱོགས་གོང་མ་ཆེན་པོས་པེ་ཅིང་དུ་སྤྱན་དྲངས་ཏེ་བསྟན་པའི་བདག་པོ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་འཇའ་ས་གསེར་ཡིག་སོགས་ཕུལ་ནས་ཏི་ཤྲིའམ་སློབ་དཔོན་དུ་བཀུར་ཞིང་མཆོད་ཡོན་གྱི་འབྲེལ་བ་ཚུགས། དམར་པོ་རི་ལ་ཕོ་བྲང་ཆེན་པོ་པོ་ཏ་ལ་བཞེངས། སྙིགས་མའི་དུས་སུ་འཕགས་པ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་ཁྲི་སྲོང་ལྡེའུ་བཙན་སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་བོད་ཁམས་སྐྱོང་བར་བསླུ་མེད་རྡོ་རྗེའི་ལུང་གིས་བསྟན་པ་ལྟར་ད་ལྟའི་བར་གངས་ཅན་བོད་ཀྱི་རྒྱལ་ཁམས་ཡོངས་རྫོགས་ལུགས་གཉིས་ཀྱིས་བདེ་བར་སྐྱོང་བའི་བདག་པོ་ཆེན་པོར་གྱུར། ཆོས་ཀྱི་ངོས་ནས་མདོ་སྔགས་གསར་རྙིང་བཀའ་གཏེར་གྱི་ཆོས་འཁོར་མཐའ་ཡས་པ་བསྐོར་བས། དཔལ་ས་སྐྱ་པ་ཡབ་སྲས། འབྲི་སྟག་འབྲུག་པ། པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་དང༌། དགའ་ལྡན་ཁྲི་གདན་ཟུར་སོགས་བླ་ཆེན་རྣམས་ནས་བཟུང༌། གངས་ཅན་གྱི་བསྟན་འཛིན་ཕལ་མོ་ཆེ་ཞལ་སློབ་ཏུ་གྱུར། བྱེ་བྲག་སྔ་འགྱུར་རིང་ལུགས་འཛིན་པའི་ཤིང་རྟ་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པ་དང༌། རིག་འཛིན་པདྨ་ཕྲིན་ལས། ལྷོ་བྲག་ཐུགས་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེ་སོགས་གྲུབ་མཐའི་རྐང་སློང་ནུས་པའི་གང་ཟག་ཁྱད་པར་ཅན་མང་དུ་བྱོན་ཅིང་སྔ་འགྱུར་གྱི་བསྟན་པ་ལ་དངོས་དང་བརྒྱུད་པའི་སྒོ་ནས་བཀའ་དྲིན་འགྲན་ཟླ་དང་བྲལ་བར་གྱུར།

གཞན་ཡང་རྒྱ་གར་ཆུ་བོ་གངྒཱ་ནས་ཤར་ཕྱོགས་ཏོང་ཀུའི་ཡུལ་ཚུན་ཆད་ཀྱི་བླ་ཆེན་དང་མི་ཆེན་ཕལ་མོ་ཆེ་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུ་དང༌། དབུས་གཙང་ཁམས་དང་རྒྱ་སོག་གི་ཡུལ་བར་ཆོས་སྡེ་གསར་བཞེངས་གྲངས་ཀྱིས་མི་ལངས། རིག་གནས་གཞུང་འགྲེལ་གྱིས་མཚོན་ལེགས་བཤད་རྨད་དུ་བྱུང་བའི་གསུང་འབུམ་ཕྱི་ནང་པོད་ཆེན་སུམ་ཅུ་ཐལ་བ་བཞུགས། གསར་ཕྱོགས་ལ་འཇམ་དབྱངས་མཁྱེན་བརྩེ་དང༌། རྙིང་ཕྱོགས་ལ་བྱང་པ་བཀྲས་སྟོབས་ཀྱི་ལུགས་ཁོ་ནར་ཐུགས་གཙིགས་སུ་མཛད། ཁྱད་པར་ལུང་དོན་བཞིན་སྨིན་གླིང་གཏེར་ཆེན་དང་ཆོས་བདག་མཆོད་ཡོན་གྱི་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིགས་ཏེ་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ཡུན་གནས་ཀྱི་རྩ་བ་ཚུགས། དེ་ལྟ་བུའི་འཁོར་ལོ་གསུམ་གྱི་ཕྱག་རྗེས་ཕྱི་ནང་གསང་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་མཛད་པ་མཐར་ཕྱིན་ནས་དགུང་གྲངས་དྲུག་ཅུ་རྩ་དྲུག་པ་ཆུ་ཁྱི་ནག་ཟླའི་ཚེས་ཉེར་ལྔ་ལ་འབྱུང་འགྱུར་དབང་གི་ཕྲིན་ལས་ཀྱི་རྟེན་འབྲེལ་དུ་བཅོམ་ལྡན་འདས་མ་རིག་བྱེད་མའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་བཞིན་དུ་ཕོ་བྲང་ཆེན་པོ་པོ་ཏ་ལར་བདེ་བར་གཤེགས། དེ་མ་ཐག་པའི་རྣམ་འཕྲུལ་མོན་པད་གླིང་གི་གདུང་བརྒྱུད་དུ་འཁྲུངས་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ནས་ད་ལྟ་འཚོ་ཞིང་བཞེས་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཉིད་ཀྱི་བར་རིམ་པར་བྱོན་པ་འཛམ་གླིང་ན་ཡོངས་སུ་གྲགས་པ་ལྟར་རོ།།

༈ ལོ་ཆེན་བཻ་རོ་ཙ་ནའི་གསུང་གི་རྣམ་འཕྲུལ་རིག་འཛིན་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་ནི། དེ་ཡང་སྐུ་ཚེ་སྔ་མའི་སྐུ་རྟེན་འཆི་སྲིད་འོད་གསལ་གྱི་དབྱིངས་སུ་བསྡུས་པ་ལས། རིག་གདངས་མཁའ་འགྲོའི་གླུས་གཞན་དོན་དུ་བསྐུལ་བའི་རྐྱེན་གྱིས། ཡེ་ཤེས་ཀྱི་སྐུ་ཧེ་རུ་ཀའི་རྣམ་པར་བཞེངས་ནས་ལྷུམས་སུ་ཞུགས་ཏེ། ཡབ་གཉོས་སྟོན་གསང་བདག་ཕྲིན་ལས་ལྷུན་གྲུབ་དང༌། ཡུམ་རྗེ་རིགས་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ལོའི་དབོ་ཟླའི་ཚེས་བཅུ་ལ་ས་གཡོ་ཞིང་འཇའ་འོད་འཁྲིགས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་གྲྭ་ནང་དར་རྒྱས་ཆོས་གླིང་དུ་སྐུ་བལྟམས། བཙས་མ་ཐག་ཡབ་རྗེས་བློ་རྣོ་བའི་རྟེན་འབྲེལ་དང་བར་ཆད་བསྲུང་བའི་དབང་བསྐུར་བྱིན་བརླབས་མཛད། དེ་དུས་ཀྱི་ཡུལ་དང་བྱ་སྤྱོད་ཀྱི་རྣམ་པ་དང༌། དེ་ནས་བཟུང་སྟེ་ལོ་གསུམ་གྱི་བར་ཛོ་ཀི་སྔོ་སངས་ཐོར་ཚུགས་ཅན་ཞིག་དང༌། བུད་མེད་མཛེས་མ་གཉིས་ཀྱིས་རྒྱུན་དུ་སྲི་ཞུ་བྱས་པའི་དངོས་གནས་རྣམས་ཕྱིས་ཀྱང་ཐུགས་ལ་གསལ་བའི་དྲན་ཤེས་ཁྱད་པར་ཅན་མངའ། པང་དུ་འཚོ་བའི་དུས་ཉིད་ནས་ཏིང་ངེ་འཛིན་ལ་དབང་འབྱོར་བའི་རྣམ་འགྱུར་དང་གཞོན་ནུ་རོལ་རྩེད་ཀྱི་ཚེ་ཡང་དམ་པའི་རིགས་སད་པའི་ངང་ཚུལ་དགེ་བས་བློ་ལྡན་རྣམས་དང་བར་མཛད། དགུང་ལོ་བཞིའི་ཐོག་ཡབ་རྗེ་ལ་བཀའ་བརྒྱད་གསང་རྫོགས་ཀྱི་དབང་གསན་པའི་ཚེ་ཡུལ་སྣང་ཐམས་ཅད་ལ་དཀྱིལ་འཁོར་གྱི་འཁོར་ལོས་རྒྱས་ཐེབས་པས་གཙོ་བོ་དང་བླ་མ་དབྱེར་མེད་དུ་གཟིགས་ཤིང་དབང་བཞིའི་ས་བོན་ཐུགས་རྒྱུད་ལ་ཐེབས་པ་ཉིད། བཅུ་པ་ཤིང་ལུག་གི་སྟོན་ཁར་བདེ་འདུས་ཀྱི་དབང་གསན་དུས་འོད་གསལ་གྱི་སྣང་བར་སློབ་དཔོན་ཆེན་པོ་པདྨས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ནུས་པས་འཕེལ་ཏེ་བུམ་དབང་གི་ཉམས་མྱོང་ཡུལ་སྣང་སྒྱུ་མ་ལྟ་བུར་གཏན་ལ་ཕེབས། དེ་ཡན་ཆད་དུ་བྲི་ཀློག་དང༌། རང་ལུགས་ཀྱི་སྒྲུབ་དཀྱིལ་དབང་རྗེས་གནང་རབ་གནས་སོགས་ཆོོག་ཕྲིན་རྣམས་ཀྱི་ཚིག་འཛིན་དང༌། ཕྱག་བཞེས་ཐམས་ཅད་ཚེགས་མེད་དུ་ཆུབ་སྟེ། དེ་ནས་བརྩམས་ཏེ་རྗེའི་སྐུ་ཚབ་མཛད་ནས་ཕྲིན་ལས་ཀྱང་ཅི་རིགས་པ་སྐྱོང་བར་མཛད།

དགུང་ལོ་བཅུ་གཅིག་པ་ལ་དཔལ་ལྡན་འབྲས་སྤུངས་སུ་ཀུན་མཁྱེན་རྒྱལ་བ་ལྔ་པའི་དྲུང་དུ་གཙུག་ཕུད་ཕུལ་ཏེ། མཚན་ངག་དབང་པདྨ་བསྟན་འཛིན་དུ་བསྩལ། སྐྱིད་གྲོང་གི་རང་བྱུང་འཕགས་པ་ཐོག་མར་ཕེབས་པ་དང་དུས་འགྲིགས་པས་གོང་ནས་རྟེན་འབྲེལ་བཟང་ཞེས་དགྱེས་པས་དབུགས་དབྱུང་ཞིང༌། དེ་དུས་འཕགས་པའི་ཞི་འཛུམ་ཆགས་པའི་ཉམས་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཉིད་ཀྱི་སྐུ་ལ་ཐིམ་པ་དང༌། བཅུ་བདུན་པ་ལ་བསམ་ཡས་སུ་རྗེ་རྒྱལ་བའི་དབང་པོ་མཇལ་བའི་ཚེ་སྤྱན་རས་གཟིགས་ཀྱི་རྣམ་པར་གཟིགས། རིམ་པར་ཀུན་མཁྱེན་ལྔ་པ་ཆེན་པོ་དང༌། ཡབ་རྗེ་གསང་བདག་ཕྲིན་ལས་ལྷུན་གྲུབ་གཉིས་ནི་སྐུ་དངོས་ཀྱིས་རྗེས་སུ་བཟུང་བའི་བཀའ་དྲིན་ཕུལ་དུ་བྱུང་བར་མ་ཟད། ཕྱིས་ཡེ་ཤེས་ཀྱི་སྐུས་ཀྱང་བྱིན་གྱིས་བརླབས་པའི་གནད་ཀྱིས་བཀའ་དྲིན་མཚུངས་པ་མེད་པའི་རྩ་བའི་བླ་མ་རྣམ་གཉིས་དང༌། གཞན་ཡང་སྨིན་གྲོལ་ཟབ་ལམ་གསན་པའི་བསྟན་འཛིན་ཆེན་པོ་བཅུ་དྲུག ཟབ་ཆོས་སྣ་ཚོགས་གསན་པའི་ཡོངས་འཛིན་སུམ་ཅུ་རྩ་ལྔ་རྣམས་བསྟེན་ཏེ། ཡུལ་དུས་ཅི་རིགས་པར་ཡོངས་རྫོགས་དགེ་བསྙེན། བྱང་སྡོམ་བཀའ་སྲོལ་གསུམ། སྔར་སྨོས་པ་ལྟར་བཀའ་བརྒྱད་ཡོངས་རྫོགས་ཀྱི་དབང་བརྡ་དོན་འཕྲོད་པ་ཐོག་མའི་སྨིན་བྱེད་དུ་གསན་པས་སྡོམ་པ་གསུམ་གྱི་གཞི་བཟུང༌། མདོ། སྒྱུ་འཕྲུལ། སེམས་སྡེ་ལུགས་གསུམ། མཉམ་སྦྱོར། ཡང་དག ཕུར་པ། གཤེད་སྐོར་སོགས་སྔ་འགྱུར་བཀའ་མ་དེང་སང་རྒྱུན་ཡོད་དོ་ཅོག་དང༌། གཏེར་མ་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་སྤྱི་དང་བྱེ་བྲག་གི་བཀའི་རིགས་མི་འདྲ་བ་དུ་མས་མཚོན་ཡོངས་གྲགས་ཕལ་མོ་ཆེ། གསར་མའི་རྡོར་ཕྲེང༌། སྒྲུབ་ཐབས་བརྒྱ་རྩ་སོགས་སྤྱི་བཀའ་དང༌། བདེ་མཆོག དགྱེས་རྡོར། དུས་འཁོར། གསང་འདུས། གཤེད་སྐོར་ཀྲི་ཡོག་སོགས་ཀྱི་ཟུར་བཀའ། མདོ་ཕྱོགས་མང་པོ་དང་བཅས་པའི་དབང་ཁྲིད་བཤད་ལུང༌། དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བཀའ་འགྱུར་རོ་ཅོག་གི་ལུང་སོགས་ཆོས་བཀའ་གསན་པ་ནི་མཐའ་ཡས་ཏེ་མིང་ཙམ་འཛིན་པའང་དཀའ་བའི་གནས་སོ། །དགུང་ལོ་བཅུ་གསུམ་པ་ཙམ་ནས་བཟུང༌། རྩ་རྒྱུད་གསང་བ་སྙིང་པོ། རྒྱུད་བླ་མ། སེམས་ཉིད་ངལ་གསོ། ཡིད་བཞིན་མཛོད་རྩ་འགྲེལ་རྣམས་ཐུགས་ལ་བཟུང་ནས་ཡབ་རྗེ་ལས་གསུང་བཤད་རིམ་པར་གསན་ཅིང༌། ཕྱིས་གནུབས་ཟུར་རོང་ཟོམ་རྣམས་ཀྱི་གསུང་རབ་དང༌། ས་སྐྱ་པཎྜི་ཏའི་རབ་དབྱེ། བཅོམ་ལྡན་རལ་གྲིའི་སྤྱི་རྣམ། རང་བྱུང་ཞབས་ཀྱི་ནང་དོན་རྣམས་ཀྱང་ཐུགས་ལ་བཙུད། ཁྱད་པར་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་གཟིགས་རྟོག་ནན་ཏན་མཛད་པས་བློ་གྲོས་ཀྱིས་རྣམ་པར་དཔྱོད་པའི་མཐུ་ཐོགས་པ་མེད་པ་བརྙེས་ཏེ་ཇི་སྙེད་པའི་ཆོས་ཐམས་ཅད་ལ་སྒྲོ་འདོགས་ཆོད། དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལ་འདུས་པ་མདོའི་དབང་ཆོག་རིན་ཆེན་ཕྲེང་བའི་སྟེང་ནས་དཀྱིལ་འཁོར་བཞི་བཅུ་རྩ་ལྔར་ཕྱེ་བ་ལས་ཆུ་བོ་བཞི་ཡོངས་རྫོགས་གཏད་རྒྱ་མཐའ་རྟེན་ཚེ་དབང་དང་བཅས་པའི་དབང་གདམས་ངག་བཤད་ལུང་དང་བཅས་པ་དང༌། དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་གྱི་སྟེང་ནས་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་རས་བྲིས་ལ་བརྟེན་པར་དབང་ལུང་གདམས་ངག་དང་བཅས་པ་རྣམས་གསན། ཡང་རྡོ་རྗེ་བྲག་རིག་འཛིན་པདྨ་ཕྲིན་ལས་ལ་དཀྱིལ་འཁོར་ཉི་ཤུ་རྩ་བདུན་དུ་བསྡུས་པའི་རྩ་དཀྱིལ་རས་བྲིས་དང་དེ་ཕྱིན་ཚོམ་བུ་ལ་བརྟེན་ཏེ་དབང་ཆོག་རིན་ཆེན་ཕྲེང་བའི་ཐོག་ནས་དབང་གདམས་ངག་བཤད་ལུང་དང་བཅས་པ་མཐའ་རྒྱས་སུ་གསན་ཅིང༌། གསང་མཚན་གཉིས་ཀས་འགྱུར་མེད་རྡོ་རྗེ་རྩལ་དུ་གསོལ། སྨོན་ལམ་གྱི་འབྲེལ་བ་སད་པས་ཟབ་གཏེར་གྱི་བཀའ་བབ་ཚུལ་ཀྱང༌། དགུང་ལོ་བཅོ་བརྒྱད་པ་ཆུ་ཡོས་ཟླ་བ་ལྔ་པའི་ཚེས་བཅུ་ལ་གཡའ་མ་ལུང་ནས་རིག་འཛིན་ཐུགས་ཐིག ཉེར་གཉིས་པ་མེ་ལུག་ཁྲུམས་ཟླའི་ཚེས་བརྒྱད་ལ་རྫུ་འཕྲུལ་གྱི་བཀོད་པས་ཤེལ་བྲག་ནས་གཤིན་རྗེ་གཤེད་དྲེགས་འཇོམས།

སོ་གཅིག་པ་མེ་འབྲུག་སྟག་ཟླའི་ཉ་ལ་ཨོ་དཀར་བྲག་ནས་གུར་དྲག་དང་རྡོར་སེམས་ཨ་ཏིའི་སྐོར། སོ་ལྔ་པ་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་ཚེས་ཉེར་དགུ་ལ་ཤ་འུག་ལྟག་སྒོ་ནས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་ཁྲོམ་གཏེར་དུ་སྤྱན་འདྲེན་པར་མཛད་ཅིང༌། དེ་དག་གི་སྔ་ཕྱི་ཅི་རིགས་པར་བྲག་དམར་མཆིམས་ཕུ། གཡའ་མ་ལུང་སོགས་གྲུབ་པའི་གནས་ཆེན་ངོ་མཚར་ཅན་རྣམས་དང༌། གདན་ས་གསར་རྙིང་གི་གཟིམ་ཆུང༌། གཟིམ་སྤྱིལ་འོད་གསལ་རྩེ་དང་བསམ་གཏན་རྩེ་སོགས་དབེན་པ་རྣམས་སུ་སྐུ་མཚམས་ལོ་སྦྲེལ་མ་དང༌། ཟླ་དྲུག་མ། ཟླ་གསུམ། ཟླ་གཅིག་གིས་མཐར་བརྟེན་པ་ཡན་གྱིས། བླ་མ་ཞི་དྲག རྡོར་སེམས། བཀའ་བརྒྱད། ཐུགས་རྗེ་ཆེན་པོ། ཡང་ཕུར། གཤིན་རྗེ་གཤེད། རྟ་མགྲིན། མཁའ་སྤྱོད་ལ་སོགས་ཡི་དམ་གྱི་ལྷ་སུམ་ཅུ་རྩ་ལྔ་ཙམ་གྱི་བསྙེན་སྒྲུབ་དང༌། རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ཉམས་བཞེས་ལ་སྙིང་པོར་དྲིལ་ནས། ཐོད་རྒལ་དང་རླུང་སྦྱོར་སོགས་ཀྱང་དུས་གནད་དང་བསྟུན་ཏེ་ཐུགས་ཉམས་སུ་བཞེས་པས། མ་དག་པའི་སྣང་བ་འགོག་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ་ཏེ་ལས་བཞི་གང་ཡང་ཐོགས་མེད་དུ་གྲུབ། རྫོགས་རིམ་རྩ་རླུང་ཐིག་ལེའི་འགྲོས་དྷུ་ཏིར་དག་པས་ཞུ་བདེའི་ཡེ་ཤེས་ཕྱག་རྒྱར་འབར། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་འཁྲུངས་པས་གཟུང་འཛིན་གྱི་མཚན་མ་རང་སར་གྲོལ། མཉམ་རྗེས་རིས་མེད་འོད་གསལ་ཁོར་ཡུག་གི་ཏིང་ངེ་འཛིན་ལ་དབང་འབྱོར། སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤར་བས། སློབ་དཔོན་ཆེན་པོ་པདྨ་དང༌། བི་མ་ལ། ཧཱུྃ་མཛད། སངས་རྒྱས་གསང་བ། བཻ་རོ་ཙ་ན། མཚོ་རྒྱལ། ཉང་རལ། ཀུན་མཁྱེན་ཆོས་རྗེ་སོགས་རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་ཡེ་ཤེས་ཀྱི་སྐུ་མངོན་དུ་སྣང་བས་སྤྲུལ་པའི་དཀྱིལ་འཁོར་སྤྲོས་ཏེ། རང་གཏེར་གྱིས་མཚོན་པའི་བཀའ་གཏེར་དུ་མའི་དབང་བསྐུར་ཞིང་ཟབ་ལམ་གྱི་གདམས་པའི་གནད་ཐམས་ཅད་ལྷུག་པར་བཀྲལ་ནས་སྟོན་པ་དང༌། རྡོ་རྗེ་གཞོན་ནུ། རྡོར་སེམས། ཡང་དག ཐུགས་རྗེ་ཆེན་པོ། ཞི་ཁྲོ། རྣལ་འབྱོར་མ་སོགས་ཡི་དམ་གྱི་ལྷ་དུ་མས་ཀྱང་ཞལ་བསྟན་ཏེ་དབང་བསྐུར་བྱིན་གྱིས་བརླབས་པ་དང༌། བདེ་བ་ཅན་དང་རྔ་ཡབ་དཔལ་རི་སོགས་དག་པའི་ཞིང་ཁམས་མང་པོར་བགྲོད་པས་ཞིང་ཡོངས་སུ་འབྱོངས་པའི་ཏིང་ངེ་འཛིན་ལ་དབང་འབྱོར་པ་དང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ལས་ཐོགས་མེད་དུ་སྒྲུབ་ཅིང་ལུང་སྟོན་པ་སོགས་ངོ་མཚར་བའི་གཟིགས་སྣང་མཐའ་ཡས། ཆགས་ཐོགས་མེད་པའི་མངོན་ཤེས་མངའ་བས་དུས་ཀྱི་འགྱུར་ལྡོག་སོགས་ཀྱི་ལུང་བསྟན་པ་རྣམས་ཀྱང་ཕྱིས་ཐོག་ཏུ་བབ་པའི་ཡིད་ཆེས་ཀྱི་གཏན་ཚིགས་མང་དུ་སྣང་སྟེ་མ་སྤྲོས།

དེ་ཡང་དགུང་ལོ་སོ་གཅིག་པ་ཡན་ཆོད་དུ་སྔར་ཐུགས་རྒྱུད་ལ་སྨིན་བྱེད་ཀྱི་ས་བོན་ཐེབས་པ་ཉིད་རིམ་གྱིས་འཕེལ་བས་བུམ་དབང་གི་ཉམས་མྱོང་ཡུལ་སྣང་ཐམས་ཅད་གསལ་སྟོང་སྒྱུ་མ་ལྟ་བུར་གཏན་ལ་ཕབས་པས། ཤས་ཆེར་སྐུའི་འགྲོ་དོན་སྤྱོད་པའི་དུས་ཡིན་པའི་ཕྱིར། ཤོད་ཆེན་སྐྱི་ལུང་སོགས་ལྷོ་བྱང་གི་ཡུལ་ཐ་དད་པ་དུ་མར་ཞབས་བསྐྱོད་ནས་དཀྱིལ་འཁོར་མཐོང་བ་ཙམ་གྱིས་རིས་མེད་ཀྱི་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལ་རྣམ་གྲོལ་གྱི་ས་བོན་བཞག་སྟེ་འཁོར་བ་མཐའ་ཅན་དུ་མཛད་པ་དང༌། སོ་གཉིས་བཞེས་པ་མེ་སྦྲུལ་དབོ་ཟླ་ནས་བཟུང་གསང་དབང་གི་ཉམས་མྱོང་རང་རིག་གསལ་སྟོང་དུ་ཤར་ཏེ་གཟུང་འཛིན་དབྱིངས་སུ་གྲོལ་བས། གསུང་གི་འགྲོ་དོན་ལ་གཙོ་བོར་སྤྱོད་པའི་དུས་ཡིན་པའི་ཕྱིར། མཆོག་དམན་བར་པའི་སྐལ་ལྡན་ཚོགས་ལ་ཟབ་རྒྱས་ཀྱི་ཆོས་འཁོར་བར་མེད་དུ་བསྐོར་བར་མཛད་པ་དང༌། སོ་བརྒྱད་བཞེས་པ་ཆུ་ཕག་ཁྲུམས་ཟླ་ནས་ཕོ་ཉའི་ལམ་གྱི་ཞུ་བདེའི་དཔེས་མཚོན་པའི་དོན་གྱི་ཡེ་ཤེས་རིག་སྟོང་བདེ་བ་ཆེན་པོ་ལྷན་སྐྱེས་མི་འགྱུར་བའི་དགའ་བཞི་ཐུགས་རྒྱུད་ལ་འཁྲུངས་པའི་ཉམས་མྱོང་རིམ་གྱིས་འཕེལ་བས། ཐུགས་ཀྱི་འགྲོ་དོན་ལ་ཤས་ཆེར་སྤྱོད་པའི་དུས་ཡིན་པའི་ཕྱིར། དེ་ཕྱིན་ཆད་སྤྱིར་ཆོས་བཀའ་རིས་མེད་དུ་གསུང་བ་ཡིན་ནའང༌། ཁྱད་པར་ཟབ་ཁྲིད་ཀྱི་གདམས་པ་ཉིད་རྒྱུད་ཐོག་ཏུ་ཅི་སྨིན་འདེབས་པར་མཛད་པས་སྐལ་ལྡན་རྣམས་རང་བྱུང་གི་ཡེ་ཤེས་ཞལ་བལྟ་བ་ལ་བཙན་ཐབས་སུ་བཀྲི་བའི་མཛད་པ་ཁོ་ན་གཙོ་བོར་བདག་གིར་བཞེས་པ་དང༌། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་རོ་མཉམ་པའི་བདག་ཉིད་དུ་གྱུར་པས་ཕྲིན་ལས་ཀྱི་འགྲོ་དོན་མཉམ་ཡང་ཁྱབ་གདལ་དུ་སྤྱོད་པའི་དུས་ཡིན་པའི་ཕྱིར། མཛད་སྤྱོད་ཐམས་ཅད་རང་དོན་ཡིད་བྱེད་ཀྱི་འཁྲི་བ་ལས་རྣམ་པར་གྲོལ་ནས་བསྟན་འགྲོའི་ཕན་བདེ་འབའ་ཞིག་ཐུགས་སུ་བཅགས་པའི་སྙིང་སྟོབས་ཆེན་པོས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྣམ་པར་དཀར་བས་དུས་འདའ་བ་སྟེ། དེ་ལ་འཆད་པའི་ཕྲིན་ལས་ནི། གཙོ་བོར་ཀུན་མཁྱེན་རྒྱལ་མཆོག་ལྔ་པ་ཆེན་པོས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེས་མཚོན་ཟབ་རྒྱས་ཀྱི་ཆོས་སྐོར་ཇི་སྙེད་པ་ཞིག་གསན་ནས་ཏི་ཤྲི་བཀུར་ཞིང༌། དེས་མཚོན་ཏེ་ས་ཕག་འབྲི་སྟག་སོགས་ཆེན་པོའི་གོ་སར་བཞུགས་པའི་སྐྱེས་མཆོག་དུ་མ་དང༌། དཔོན་ཆེན་དཔོན་སྐྱ་སོགས་མི་ཆེན། བསྟན་པ་གསལ་བར་མཛད་པའི་བཤེས་གཉེན་སྐུའི་སྲས་མཆེད་རྣམས་དང༌། གསུང་གི་སྲས་དམ་པ་མང་པོས་མཚོན་དབུས་གཙང་ཁམས་ཀོང་ལྷོ་མོན་མངའ་རིས་སོགས་ནས་དད་འདུས་ཀྱི་སྐལ་ལྡན་མཆོག་དམན་མཐའ་ཡས་པ་རྣམས་ལ་སོ་སོའི་བློ་དང་འཚམས་པའི་སྔ་འགྱུར་བཀའ་གཏེར་དང༌། སྔགས་གསར་མ་མདོ་ཕྱོགས་སྐོར་སོགས་ཀྱི་དབང་ཁྲིད་བཤད་ལུང་གི་ཆོས་སྒོ་དུ་མ་ཞིག་རྒྱུན་ཆགས་སུ་སྩོལ་བའི་འཆད་ཕྲིན་འགྲན་ཟླ་མེད་པའི་བསྟན་པ་གསལ་ཞིང་རྒྱས་པར་མཛད་པ་དང༌། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་བཀའ་མའི་སྐོར་གྱི་སྒྲུབ་དཀྱིལ་དབང་ཆོག་སོགས་དང༌། གཏེར་ཁ་གོང་འོག་གི་གཙོས་གཏེར་རྙིང་ཁྱད་པར་ཅན་རྣམས་ཀྱི་ཆོག་བསྒྲིགས་སོགས་སྔ་ན་མེད་པའི་ལེགས་བཤད་རྨད་དུ་བྱུང་བའི་བསྟན་བཅོས་ཀྱང་གླེགས་བམ་བཅུ་གསུམ་དུ་ལོངས་པ་བཞུགས།

སྒྲུབ་པའི་ཕྲིན་ལས་ནི། རྗེ་ཉིད་མཉམ་རྗེས་ཁོར་ཡུག་གི་ཏིང་ངེ་འཛིན་ལས་མ་གཡོས་བཞིན་དུ་སྒོམ་ཁྲིད་འབོགས་པ་རྣམས་གོ་ཡུལ་ཙམ་དུ་མ་ལུས་པར་མངོན་སུམ་རིག་ཐོག་ཏུ་ངོ་སྤྲོད་ཅིང༌། དབང་དུས་སུ་ཡེ་ཤེས་ཀྱི་བྱིན་སློབ་མའི་རྒྱུད་ལ་དངོས་སུ་ཕེབས་པ་དང༌། བསྙེན་སྒྲུབ་ཀྱི་ལས་རབ་འབྱམས་ཐམས་ཅད་ཀྱང་བཤད་པ་ཙམ་དུ་མ་ལུས་པར་ཕྱག་བཞེས་སུ་ཐེབས་པར་མཛད། བྱ་བ་ལས་ཀྱི་འཁོར་ལོའི་ཕྲིན་ལས་ནི། གོང་ཞབས་ཡས་ཕྱིན་སོགས་ཀྱིས་བླ་ནས་བསྩལ་བ་དང༌། དད་ལྡན་རྣམས་ཀྱིས་ཕུལ་བའི་དངོས་པོ་རྣམས་མཛོད་ཕུགས་མའི་སྒོ་ལྕགས་མི་སྡོམ་པར། སྡོམ་པ་གསུམ་གྱིས་རྒྱུད་བསྡམས་ཤིང་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བའི་འདུས་སྡེ་ཨོ་རྒྱན་སྨིན་གྲོལ་གླིང་པ་དགེ་འདུན་སུམ་བརྒྱར་ཉེ་བ་ཙམ་གསར་དུ་བསྡུས་པར་མཛད་པ་ལ་རུང་བའི་རྙེད་བཀུར་གྱིས་མི་བྲེལ་བར་རྒྱུན་ཆགས་པ་དང༌། དེ་དག་གི་གནས་མལ་དང་རྟེན་གསུམ་མཆོད་ཆ། དུས་བཞིའི་སྒྲུབ་མཆོད་ཀྱི་ཡོ་བྱད་དང་རྙེད་པ། གཞན་ཡང་བྲིས་འབུར་གྱི་སྐུ་བརྙན་མང་པོ་དང༌། གསེར་དངུལ་གྱི་བཀའ་འགྱུར་གྱིས་མཚོན་པའི་གླེགས་བམ་ལྔ་བརྒྱ་བརྒལ་བ། སྔ་འགྱུར་གྱི་འགྲེལ་བཤད་ཆོག་ཕྲིན་ལ་སོགས་པའི་སྤར་མང་པོ། སྐུ་འབུམ་མཐོང་གྲོལ་ཆེན་མོས་ཐོག་དྲངས་པའི་ཐུགས་རྟེན་དུ་མ་རྣམས་བཞེངས་པར་མཛད་ཅིང༌། གཏོང་བ་ཕུན་སུམ་ཚོགས་པས་རིས་མེད་པའི་མཆོད་སྦྱིན་གྱི་ཡུལ་རྣམས་ལ་ཚོགས་གཉིས་ཀྱི་རྒྱུར་ལྷུག་པར་གཏོང་བ་སོགས་བསྟན་འགྲོའི་ཕན་བདེ་རྒྱས་པའི་མཛད་པ་རླབས་ཆེན་ཁོ་ན་བདག་གིར་བཞེས་པ་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་རོ། །དེ་ལྟ་བུའི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་རེ་ཞིག་མཐར་ཕྱིན་པར་ཉེ་བ་དགུང་ལོ་རེ་དགུ་པ་ཤིང་རྟ་ཧོརཟླ་དང་པོ་ནས་ཅུང་ཟད་བསྙུན་པའི་ཚུལ་བསྟན། ཁྱད་པར་ཚེས་ཉེར་ལྔ་ནས་ཁུ་དབོན་རྣམས་ལ་ཞལ་གདམས་ཕྱི་མཐའི་བསླབ་བྱ་བསྩལ། དེ་ནས་བཟུང་ཞབས་རིམ་དུ་གནས་པ་རྣམས་ཀྱི་སྣང་ངོར་ནུབ་ཀྱི་ཕྱིའི་རྩིག་ངོས་ན་ཡོད་འདྲ་བར་རྒྱ་གླིང་ལྟ་བུའི་སྒྲ་ཤིན་ཏུ་སྙན་པ་རྒྱུན་ཆགས་སུ་བྱུང་ཞིང་དེ་མཚུངས་ག་བུར་ལྟ་བུའི་དྲི་ངད་ཀྱིས་གཟིམ་ཆུང་ཕྱི་ནང་ཐམས་ཅད་ཁྱབ་པའང་བྱུང༌། ཧོར་ཟླ་གཉིས་པའི་ཚེས་གཉིས་ཀྱི་ཉི་དྲོས་ལ་ཤར་ཕྱོགས་སུ་གོམ་པ་བདུན་འགྲོ་དགོས་པ་ཡོད་གསུངས་ཏེ་བཞེངས་ནས་ཞབས་གོམ་བདུན་སྤོས་མཐར་སྐྱིལ་ཀྲུང་གིས་བཞུགས་ཏེ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང༌། །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པ། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །ཅེས་འདའ་ཀ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་རྗེས། ད་སྟེ་མཁའ་འགྲོའི་བསུ་བ་ཡང་བྱུང་ངོ་གསུངས་ཏེ་ཕྱག་གཉིས་ཌཱ་དྲིལ་འཁྲོལ་བའི་བརྡ་དང་སྤྱན་ལྟ་སྟངས་དང་བཅས་སྐད་ཅིག་ལ་ངོ་མཚར་བའི་ལྟས་དང་རྫུ་འཕྲུལ་ཆེན་པོ་མངོན་པར་འདུ་མཛད་ནས་ས་སྤྱོད་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་གཤེགས་པའི་ཚུལ་བསྟན་ཏོ།།

ཐུགས་ཀྱི་སྲས་དང་གསུང་གི་སྲས་ཀྱིས་མཚོན་པའི་བུ་སློབ་གཏེར་ལུང་ནས་བཤད་པ་ནི། དམ་ལྡན་ཆོས་བདག་སློབ་བུ་ནི༔ ད་ལྟའི་མངའ་བདག་ཡབ་སྲས་སོགས༔ ས་ཐོབ་རྗེ་འབངས་སྐྱེ་བའི་མཐའ༔ འགྲོ་དོན་ནུས་པ་སུམ་ཅུ་ལྔ༔ རང་དོན་ཐུབ་པ་བརྒྱ་རྩ་བརྒྱད༔ ཆོས་ཀྱིས་འབྲེལ་པ་སྟོང་ཚོ་གཉིས༔ སྨོན་ལམ་འབྲེལ་བ་ཁྲི་ཕྲག་ལྔ༔ ལས་ཀྱིས་འབྲེལ་བ་དྲུག་ཅུ་བདུན༔ གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགས༔ མི་ཆེན་གསུམ་གྱི་མངའ་ཐང་སྤེལ༔ ཞེས་པ་ལྟར། གསུང་གི་བདུད་རྩི་བཞེས་པའི་ཞལ་སློབ་ཀྱི་གཙོ་བོ་ནི་རྒྱལ་མཆོག་ལྔ་པ་རིན་པོ་ཆེ་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོད་ཡོན་ཉི་ཟླ་ཟུང་གཅིག རྡོ་བྲག་རིག་འཛིན་པདྨ་ཕྲིན་ལས། ས་སྐྱ་ཁྲི་ཆེན་ཀུན་དགའ་བཀྲ་ཤིས། རྩེ་གདོང་ཞབས་དྲུང་ཁུ་དབོན་སོགས་གདན་ས་གོང་འོག་གི་སྐྱེས་ཆེན། ཀཾ་ཚང་གི་བསྟན་འཛིན་མཚུར་ཕུ་རྒྱལ་ཚབ་དང་ཏྲེ་ཧོར་མཆོག་སྤྲུལ། འབྲི་གུང་དཀོན་མཆོག་ཕྲིན་ལས་བཟང་པོ། སྟག་ལུང་པ་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། འབྲུག་པ་ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོ། སྒམ་པོ་མཆོག་སྤྲུལ་བཟང་པོ་རྡོ་རྗེ་དང་གདུང་བརྒྱུད། ཆབ་མདོ་རྒྱལ་བ་འཕགས་པ་ལྷ་དང༌། ངག་དབང་མཆོག་གི་སྤྲུལ་སྐུ། མདོ་ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན། ཏ་བླ་གོང་འོག ཀཿཐོག་རྒྱལ་སྲས། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་མཚོན་ཡོངས་སུ་གྲགས་པའི་བླ་ཆེན་བསྟན་འཛིན་ཕལ་མོ་ཆེས་ཞབས་ལ་མ་བཏུད་པ་མེད་པ་ལྟ་བུ་དང༌། ནང་ཐུགས་ཀྱི་སྲས་གཅིག་པུ་གཡུ་སྒྲའི་རྣམ་འཕྲུལ་གཅུང་ལོ་ཆེན་དྷརྨ་ཤྲཱི། སྐུའི་སྲས་པདྨ་འགྱུར་མེད་རྒྱ་མཚོ། ཞབས་དྲུང་ཡིད་བཞིན་ལེགས་གྲུབ། དྲིན་ཆེན་རིན་ཆེན་རྣམ་རྒྱལ། རྗེ་བཙུན་མི་འགྱུར་དཔལ་སྒྲོན་རྣམས་དང༌། གཞན་ཡང་ཉེ་བར་གནས་པ་དགེ་སྦྱོང་བློ་གསལ་རྒྱ་མཚོ། སྔགས་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། འབུམ་རམ་པ་ཨོ་རྒྱན་སྐལ་བཟང་སོགས་བསྟན་པའི་ཀ་ཆེན་འདེགས་ནུས་པའི་ཞལ་སློབ་དང༌། ཕུན་སུམ་ཚོགས་པའི་འདུས་པ་ཆེན་པོས་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་སྤེལ། གཏེར་ཆེན་འདི་ཉིད་གསར་རྙིང་བསྟན་པ་ཡོངས་རྫོགས་ལ་དངོས་དང་བརྒྱུད་ནས་བཀའ་དྲིན་ཆེ་བ་མ་ཟད། ཇོ་ཤངས་ཞི་གཅོད་བོ་དོང་བ་སོགས་ཆོས་རྒྱུན་ཕྲ་བ་རྣམས་རང་སྟོབས་དང་གཞན་བསྐུལ་ལ་བརྟེན་གདམས་ངག་གི་སྲོག་མཐུད་པ་ལྟ་བུ་དང༌། ཡང་སྒོས་ཁྲི་སྲོང་མཆོད་ཡོན་གྱི་ཕྱག་རྗེས་སྔ་འགྱུར་རྙིང་མ་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་གཙོས་རིང་ལུགས་རྨད་དུ་བྱུང་བ་རྣམས་ཀྱི་བཤད་སྒྲུབ་སྣུམ་ཟད་ཀྱི་མར་མེ་ལྟ་བུར་མནལ་དུ་ཉེ་བ་ན། ཐུགས་སྟོབས་ཞུམ་པ་མེད་པའི་འབད་རྩོལ་ཆེན་པོས་བཙལ་ཏེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་ཉམས་པ་རྨང་ནས་གསོས་ཤིང༌། དོན་གྱི་སྙིང་པོ་རྗེ་བཙུན་ཆེན་པོ་འདི་ཉིད་མཆེད་ཞལ་གདུང་བརྒྱུད་དང་བཅས་པའི་བཀའ་དྲིན་ལ་བརྟེན་གསང་སྔགས་རྙིང་མ་མཚན་དོན་མཐུན་པ་འཁྲུལ་མེད་ཚད་ཐུབ་ཀྱི་རྒྱུན་ད་ལྟའི་བར་མ་ཉམས་པར་གོང་འཕེལ་དུ་རྒྱས་པ་འདི་བྱུང་བས་ན། ངོ་མཚར་བའི་ཕྱག་རྗེས་དང་བཀའ་དྲིན་ལ་སུས་ཀྱང་འགྲན་བྱར་མ་གྱུར་པས། སླད་ཀྱི་རྙིང་མ་བའི་ཆོས་གྲལ་དུ་སྐྱེས་པ་རྣམས་ནས་ཀྱང་ཟབ་ཆོས་སུ་བཏགས་པའི་ཆོག་ཕྲིན་ཉི་ཚེ་བ་ཙམ་ལ་བློ་མི་གཏོད་པར་བསྟན་པའི་སྒྲོམ་ཆེན་པོ་ཕྱོགས་འདིའི་རིང་ལུགས་རྒྱ་ཆེར་འཛིན་ཅིང་སྤེལ་བ་ལ་བརྩོན་པ་ཆེ་ཐང་དུ་བསྐྱེད་པར་རིགས་པ་ཡིན་ནོ།།

༈ པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་ཁྲི་སྲོང་རྒྱལ་སྲས་ལྷ་རྗེ་རྣམས་ཟུང་དུ་འཇུག་པའི་རྣམ་འཕྲུལ་རིག་འཛིན་ཆོས་རྗེ་གླིང་པའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཀུན་མཁྱེན་འཇིགས་མེད་གླིང་པ་ནི།

གུ་རུ་ཆོས་དབང༌། སངས་རྒྱས་གླིང་པ། ཆོས་གླིང་དང་རྭ་སྟོན་ཡབ་སྲས་སོགས་ཀྱི་གཏེར་ལུང་ལས་གསལ་བ་ལྟར་འཕྱོང་རྒྱས་སྲོང་བཙན་བང་སོ་དམར་པོའི་ལྷོ་ཕྱོགས་དཔལ་རི་དགོན་པའི་ཉེ་འདབས་སུ། ཆོས་རྗེ་འབྲུག་པའི་ཐུགས་སྲས་ཆེ་བ་དྲུག་གི་ནང་ཚན། རྒྱ་བྲག་པའི་དབོན་རིགས་སུ་རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ལོ་རྒྱལ་ཟླ་བའི་ཀུན་མཁྱེན་ཆེན་པོའི་སྐུ་མཆོད་ཀྱི་ཉིན་སྔ་དྲོའི་ཆར་སྐུ་འཁྲུངས། ཆུང་ངུ་ནས་གཏེར་ཆེན་སངས་རྒྱས་བླ་མ་དང༌། ཆོས་རྗེ་གླིང་པའི་སྔོན་རབས་གསལ་བ་སོགས་དམ་པའི་རིགས་སད། དགུང་ལོ་དྲུག་པར་རྗེ་བཙུན་པྲཛྙཱ་རསྨིའི་འཁོར་ལོ་གསུམ་གྱི་ཕྱག་རྗེས་རྨ་མེད་པའི་གནས་དཔལ་གྱི་རི་བོའི་ཆོས་གྲྭར་བཞུགས། མཚོ་རྒྱལ་སྤྲུལ་སྐུ་ངག་དབང་བློ་བཟང་པདྨར་གཙུག་ཕུད་ཕུལ་བས་མཚན་པདྨ་མཁྱེན་བརྩེའི་འོད་ཟེར་ཞེས་གསོལ། ཕྱིས་གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པའང་བཞེས། གནས་བརྟན་ཀུན་བཟང་འོད་ཟེར་ལས་གྲོལ་ཏིག་དང་བླ་མ་དགོངས་འདུས་སོགས་ཀྱི་དབང་ལུང་དང༌། ཁྱད་པར་དགུང་ལོ་བཅུ་གསུམ་པར་རིག་འཛིན་ཐུགས་མཆོག་རྡོ་རྗེ་མཇལ་ནས་ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཐོང་གྲོལ་སོགས་གསན་པས་ཐོག་མར་རྒྱུད་སྨིན་ཏེ་རྩ་བའི་བླ་མ་མཆོག་གཅིག་ཏུ་མཛད་པ་ལྟར་ཕྱིས་ཡེ་ཤེས་ཀྱི་སྐུས་ཀྱང་རྗེས་སུ་བཟུང༌། གཞན་ཡང་སྔ་ཕྱིར་གཏེར་ཆེན་དྲི་མེད་གླིང་པ། ཞང་སྒོམ་དྷརྨ་ཀིརྟི། སྨིན་གླིང་གྲུབ་དབང་ཤྲཱི་ནཱ་ཐ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཐང་འབྲོག་དབོན་པདྨ་མཆོག་གྲུབ། མོན་རྫ་དཀར་བླ་མ་དར་རྒྱས་སོགས་ཡོངས་འཛིན་དུ་མ་ལས་སྔ་འགྱུར་བཀའ་མ་དང༌། གཏེར་ཁ་གོང་འོག་གཙོ་བོར་གྱུར་པའི་བཀའ་གཏེར་འགང་ཆེ་བ་རྣམས་དང༌། གསར་མའི་སྨིན་གྲོལ་ཡང་ཅི་རིགས་པ་གསན། ཞར་བྱུང་སྐར་རྩིས་སོགས་ཐ་སྙད་ཀྱི་རིགས་པའང་ཆ་ཤས་ཙམ་གསན་པ་ལས། ཕྱག་བྲིས་ཀྱིས་མཚོན་མདོ་སྔགས་གཞུང་ལུགས་ཆེན་མོའི་གནད་གསང་དང༌། སྙན་འགྱུར་ཕུན་སུམ་ཚོགས་པའི་གསུང་རྩོམ་སོགས་སྐྱེས་ཐོབ་ཀྱི་རྩལ་ལས་རང་བྱུང་བ་མ་གཏོགས་ཐ་སྙད་ལ་སྦྱང་རྩོལ་མ་མཛད་པར་སྙིང་པོའི་སྒྲུབ་པ་ལ་ཐུགས་གཞོལ། དགུང་ལོ་ཉེར་བརྒྱད་པ་མེ་གླང་ཆོ་འཕྲུལ་ཆེན་པོ་ནས་བརྩམ་རང་དགོན་དཔལ་རིའི་སྒོག་ཁང་ཐིག་ལེ་ཉག་གཅིག་ཏུ་ལོ་གསུམ་གྱི་བཅད་རྒྱ་དམ་བཅའ་བརྟན་པོས། གཙོ་བོར་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་ཟབ་གཏེེར་གྲོལ་ཏིག་དགོངས་པ་རང་གྲོལ་རིང་བརྒྱུད་དང༌། ཉེ་བརྒྱུད་ཀྱི་ཚུལ་དུ་བཀའ་བབས་པ་ལྟར་དེའི་བསྐྱེད་རྫོགས་ཁོ་ན་ཐུགས་ཉམས་སུ་བཞེས་པས་དྲོད་རྟགས་ཁྱད་པར་ཅན་བརྙེས། གཞན་ཡང་གཏེར་ཁ་གོང་འོག་གིས་མཚོན་ཟབ་གཏེར་མང་པོའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པས་རྣམ་པར་སྨིན་པའི་རིག་འཛིན་གྱི་ལྡངས་ཚད་མངོན་དུ་གྱུར། རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་དབང་འབྱོར་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་ཁམས་ཡི་གེའི་སྤྲིན་དུ་དེངས་ཤིང༌། སྣང་བ་དཔེ་ཆར་ཤར་བས་ཚིག་དོན་ཕུན་སུམ་ཚོགས་པའི་རྡོ་རྗེའི་གླུ་སོགས་ཆོས་ཀྱི་མཛོད་ཆེན་པོ་རྡོལ། བླ་མ་དགོངས་པ་འདུས་པའི་བསྙེན་སྒྲུབ་སྐབས་སྤྱི་གཙུག་ནས་རྟ་སྐད་ཀྱི་གདངས་འཚེར་ཅིང་ཨོ་རྒྱན་ཆེན་པོས་དཔལ་པདྨ་དབང་ཆེན་ཞེས་མཚན་གྱི་ཅོད་པན་དཔྱངས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དངོས་སུ་བྱིན་གྱིས་བརླབས་པའི་མཐུས་མཚོན་བྱེད་དཔེའི་ཡེ་ཤེས་ཇི་བཞིན་པ་ཐུགས་ཉམས་སུ་བསྟར་བས་ཧེ་རུ་ཀའི་ཆས་ཀྱི་བརྗིད་པའི་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་བསྐྱངས། ཁྱད་པར་འོད་གསལ་གྱི་སྣང་ཆར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་མཁའ་འགྲོའི་བརྡ་མངོན་དུ་བསྩལ་བ་ལ་བརྟེན་ནས། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་ཡོངས་སུ་གྲགས་པའི་ཆོས་མཛོད་ཆེན་པོར་དབང་སྒྱུར་བ་སོགས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་ཀྱང༌། དེ་ཙམ་གྱིས་ཀྱང་ཐུགས་མ་ཚིམས་པར་ཕྱོགས་དེའི་ལོ་གསུམ་གྲོལ་འཕྲལ་དཔལ་གྱི་བསམ་ཡས་མཆིམས་ཕུར་བྱོན། གསང་ཆེན་མེ་ཏོག་ཕུག་ཏུ་དཀའ་སྤྱད་དྲག་པོས་སླར་ཡང་ལོ་གསུམ་སྙིང་པོ་དོན་གྱི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས། སྤྱིར་དག་པའི་གཟིགས་སྣང་མཐའ་ཡས་པ་དང༌། ལྷག་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་བཟང་པོའི་ཡེ་ཤེས་ཀྱི་སྐུ་ལན་གསུམ་དུ་མཇལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་སུ་འཕོས་ཤིང་གསུང་གི་གནང་བ་ཆེན་པོ་ཐོབ་པ་ལ་བརྟེན། འཕགས་ལམ་དོན་གྱི་ཡེ་ཤེས་རྫོགས་པ་ཆེན་པོའི་བདེན་པ་མཐོང༌། གནས་དེར་སྐལ་ལྡན་གྱི་སློབ་མ་བཅོ་ལྔ་ལ་ཐུགས་གཏེར་ཆེན་མོའི་སྨིན་གྲོལ་གྱི་སྒོ་འཕར་དང་པོར་དབྱེ་བ་ནས་བརྩམས་ཟབ་དོན་ཐང་མར་བརྡལ་བས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཤིང་རྟ་གཅིག་པུར་གྱུར། ལོ་གསུམ་གྱི་དམ་བཅའ་མཐར་ཕྱིན་ནས། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་མཁའ་རིའི་ཞུས་ལན་ལས།

འཕྱོང་རྒྱས་ནང་དུ་ང་སྤྲུལ་དོན་བྱེད་འོང་༔ སུ་ཡིན་མི་ཤེས་གཅིག་ཅར་སྨྲ་བ་འབྱུང་༔ འཕྱིང་བར་མདོ་འམ་བང་སོ་དམར་པོའི་ལྷོར༔ ལྷ་བབས་མཆོད་རྟེན་དགོན་སྡེ་འཆའ་ཡང་སྲིད༔ ཅེས་རྡོ་རྗེའི་ལུང་གི་བདེན་དོན་མངོན་དུ་གྱུར་ཅིང༌། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་ཡེ་ཤེས་ཀྱི་སྐུས་དགོངས་པ་མངོན་དུ་གཏད། བརྡ་ཐབས་བསྟན་པ་སོགས་རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ལ་བརྟེན་ནས་རང་གནས་སུ་ཕེབས་ཏེ། འཕྱོང་རྒྱས་སྲོང་བཙན་བང་སོའི་ལྷོ་ཕྱོགས་སྐུང་གི་རི་སུལ་དོན་མཁར་ལུང་པའི་ཕུར། དཔལ་ཚེ་རིང་ལྗོངས་པདྨ་འོད་གསལ་ཐེག་མཆོག་གླིང་གི་རི་ཁྲོད་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཏབ་ནས་སྐུ་ཚེ་དེ་སྲིད་དུ་བྱ་བྲལ་སྦས་པའི་རྣལ་འབྱོར་ཚུལ་གྱིས་བཞུགས་སྟན་ཆགས། གངས་ཅན་མཐའ་དབུས་ཀུན་དང་ལྷོ་མོན་རྒྱ་གར་གྱི་ས་མཚམས་ཚུན་ནས་ལས་ལྡན་གྱི་སློབ་མ་མཐའ་ཡས་པ་ལ། རྙིང་མ་བཀའ་གཏེར་སྤྱི་དང༌། གཙོ་བོར་སྙིང་ཐིག་གསར་རྙིང་གི་གདམས་པ་རྩལ་དུ་བཏོན་ནས་ཆོས་ཀྱི་ཕྲིན་ལས་རྨད་དུ་བྱུང༌། ཆོས་འཁོར་རྣམ་པ་གསུམ་དུ་ཁྲི་མཆོད་མང་པོ་དང༌། འཆི་ངེས་པའི་སྲོག་བསླུ་གྲངས་ལས་འདས་པ་སོགས་ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་ཆོས་སྦྱིན་རླབས་པོ་ཆེ་གནང༌། བསམ་ཡས་ཆོས་འཁོར་ཆེན་པོར་གསེར་སྦྱངས་ཀྱི་འཁོར་ལོ་ཕུལ་ཅིང་རིན་ཆེན་གཉིས་པའི་རྒྱལ་བ་མ་ཕམ་པའི་སྣང་བརྙན་ཆེན་པོ་བཞེངས། རབ་གནས་བསྐྱར་བ་སོགས་དང༌། བསྟན་དགྲ་གོརྵའི་དཔུང་ཆེན་བོད་དུ་ལྷགས་པའི་སྐབས་དམག་ཟློག་རྟགས་ཐོན་མཛད་པས་མཚོན་བྱ་བ་ལས་ཀྱི་འཁོར་ལོ་དང་བསྟན་སྲིད་བདེ་ཐབས་ཀྱི་མཛད་པ་རྨད་དུ་བྱུང་བས་གཞུང་ས་ཆེན་པོ་ནས་ཀྱང་མཐོང་བཀུར་ཕུལ་དུ་བྱུང་བ་གནང༌། ཁྱད་པར་ཕྱོགས་གང་དུའང་སྔ་འགྱུར་གྱི་བསྟན་པ་ཉག་ཕྲ་བར་གྱུར་པས་སྤྲུལ་པའི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་ཐུགས་བསྐྱེད་རྒྱ་ཆེན་པོའི་ཕྲིན་ལས་ཆུད་འཛའ་བ་དང༌། དེ་རྣམས་ཀྱི་ཕྱག་རྗེས་རྨ་མེད་པ་ཟུབ་ཏུ་ཉེ་བ་ཐུགས་ཀྱིས་མ་བཟོད་དེ། རྙིང་རྒྱུད་རིན་པོ་ཆེ་སྨིན་གླིང་གི་དཔེ་གང་བཞུགས་ཚང་མ་དབུ་ཤོག་ལྔ་རིན་པོ་ཆེ་སྣ་ལྔས་བྲིས་ཤིང་དེ་ཕྱིན་སྐྱ་ཆོས་པུསྟི་ཉེར་ལྔ་སྐོར་ཡོ་བྱད་དང་རྒྱུ་དངོས་ཕུན་སུམ་ཚོགས་པས་བསྒྲུབས་པར་མཛད། སྔོན་ཆད་ཕྱོགས་འདིར་དཀར་ཆག་ཏུ་འདེབས་པ་དང་གཏན་ཚིགས་ཀྱིས་བསྒྲུབས་པའི་དེབ་ཐེར་རྒྱས་པར་འགོད་པ་མ་བྱུང་མོད། རྗེ་བཙུན་འདི་ཉིད་ཀྱིས་གཏན་ཚིགས་གསུམ་དང་འབྲེལ་བའི་སྤོབས་པ་ཟབ་ལ་རྒྱ་ཆེ་བས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་མཛད་དེ་ལུང་རིགས་ཀྱི་སྣང་བ་བཟང་པོས་ལོག་རྟོག་དང་ཐེ་ཚོམ་གྱི་མུན་པས་ཕྱོགས་བསླད་པ་ཐམས་ཅད་དྲུང་ནས་འབྱིན་པར་མཛད་དོ།།

གཞན་ཡང་ཐུགས་གཏེར་ཀློང་ཆེན་སྙིང་ཐིག་གཞུང་རྩ་བ་གསལ་བྱེད་དང་བཅས་པ། རླངས་ཆེན་དཔལ་གྱི་སེང་གེས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་གདམས་ངག་བསྩལ་བ་ལ་བརྟེན་བཀའ་ཡི་བསྡུ་བ་གསར་དུ་མཛད་པའི་ཕུར་པ་རྒྱུད་ལུགས། ཀུན་མཁྱེན་ཆེན་པོའི་བྱིན་རླབས་ལ་བརྟེན་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་སྩལ་བའི་བསྟན་པ་ཡོངས་རྫོགས་ཀྱི་ལམ་རིམ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་སོགས་ཕུལ་དུ་བྱུང་བའི་གསུང་འབུམ་གླེགས་བམ་དགུར་ལོངས་པ་བཞུགས། གསུང་ལས་སྐྱེས་པའི་སློབ་མ་ས་སྐྱའི་ཁྲི་ཆེན་ངག་དབང་དཔལ་ལྡན་ཆོས་སྐྱོང་སྐུ་མཆེད། འབྲི་གུང་པའི་སྤྲུལ་སྐུ་རྣམ་གཉིས། རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་སྐུ། ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྲས། བོ་དོང་པའི་བསྟན་འཛིན་སྦྱོར་ར་སྤྲུལ་སྐུ། རི་བོ་དགའ་ལྡན་པའི་རིང་ལུགས་འཛིན་པ་དགའ་ལྡན་ཤར་བྱང་རྣམ་གཉིས་དང༌། མོན་མཚོ་སྣ་དགོན་རྩེ་སྤྲུལ་སྐུ་སོགས་བླ་ཆེན་དང་མི་ཆེན་དྲེགས་པ་ཅན་རྣམས་ནས་བཟུང༌། བྱ་བྲལ་སྒྲུབ་བཙུན་གྱིས་མཐའ་བརྟེན་པ་གྲངས་ཀྱིས་མི་ལངས་ཤིང༌། ཁམས་ཕྱོགས་རྙིང་མའི་བླ་སྤྲུལ་ཕལ་ཆེར་གྱིས་ཀྱང་ཞབས་ལ་གཏུགས། ཁྱད་པར་ནང་ཐུགས་ཀྱི་སྲས་གཅིག་པུ་ལྷ་སྲས་མུ་རུབ་བཙད་པོའི་རྣམ་འཕྲུལ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར། བྱང་སེམས་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ། མོན་མཁས་གྲུབ་འཇིགས་མེད་ཀུན་གྲོལ་སོགས་ཀྱི་ཕྲིན་ལས་ལ་བརྟེན་ལྷོ་ཕྱོགས་རྒྱ་གར་གྱི་ས་མཚམས་དང་ཤར་ཕྱོགས་རྒྱ་སོག་གི་བར་ཆོས་ཀྱི་སྣང་བས་ཁྱབ་པའི་ཕྲིན་ལས་ནི་ཕྱི་དུས་འདིར་སུས་ཀྱང་འགྲན་ཟླར་མ་གྱུར་པ་མ་ཟད། རྗེ་ཉིད་ཀྱིས་ཁོ་བོས་དབེན་པའི་རིར་ལོ་བདུན་བྱང་ཆུབ་སེམས་རྩེ་གཅིག་ཏུ་བསྒོམས་པས་བསྟན་པ་དར་རྒྱས་སུ་འབྱུང་བར་ཞལ་གྱིས་བཞེས་པ་ལྟར། དེང་སང་ཡང་སྙིང་ཐིག་གི་སྨིན་གྲོལ་ཉམས་ལེན་ཕྱོགས་ཐམས་ཅད་དུ་མ་ཁྱབ་པ་མེད་པ་ལྟ་བུས་ཇེ་དར་དུ་འགྲོ་བར་སྣང་བས་ལུང་བསྟན་གྱི་བདེན་དོན་མངོན་དུ་གྱུར། དེ་ལྟ་བུའི་འཁོར་ལོ་གསུམ་གྱི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུར་སོན་པ་ས་རྟ་དབྱུག་པ་ཟླ་བའི་ཚེས་གསུམ་ལ་རང་གནས་ཚེ་རིང་ལྗོངས་ཀྱི་ཡང་དབེན་རྣམ་གྲོལ་ཡང་རྩེར་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་རྟགས་དང་ཆོ་འཕྲུལ་མངོན་པར་འདུ་མཛད་དེ་གཤེགས་པ་ན། སྔ་ཚུད་ནས་ཞལ་ཆེམས་རྡོ་རྗེའི་ཚིག་ངོ་མཚར་ཅན་ཞིབ་མོ་བསྩལ་བ་ལྟར་རྗེས་ཀྱི་བྱ་བ་རྣམས་དབོན་འོད་ཟེར་ཕྲིན་ལས་སོགས་ཀྱིས་ཐུགས་དགོངས་རྫོགས་པའི་བྱ་བ་རྒྱ་ཆེན་པོ་མཐར་ཕྱིན་པར་མཛད་དོ།།

༈ དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ནི། མདོ་ཁམས་ལྷོ་རྒྱུད་ཡེར་སྟོད་དང་འབྲེལ་བར་སྒོམ་སྡེ་གྲྭ་ནང་གི་སའི་ཆར་ནང་ཆེན་ཆིང་ཧུའི་བློན་པོ་ཨ་ལྕགས་འགྲུའི་རིགས་ཡབ་སྒོམ་པ་སྔགས་འཆང་པདྨ་དབང་ཕྱུག་དང༌། ཡུམ་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་མོ་གླང་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་འཇའ་འོད་སོགས་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་སྤྱོད་པ་ངོ་མཚར་བ་བསྟན་ཅིང་འབྲི་ཀློག་ཀྱང་ཚེགས་ཆུང་ངུས་མཁྱེན། བླ་དྭགས་ཀྱི་མཚན་ནོར་བུ་བསྟན་འཛིན་དུ་གསོལ། གཞན་གྱིས་བསྐུལ་བ་པོ་མེད་པར་ཐུགས་དམ་གྱི་རིམ་པའང་མང་དུ་མཛད། དགུང་ལོ་བཅུ་གསུམ་པར་མ་ཎི་ཁ་ཞེས་པར་རོལ་རྩེད་དུ་བྱོན་སྐབས་ཨོ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་ནས་ས་ཆ་སོགས་ལ་ཅི་མིང་དྲི་བ་ལྟར་མཛད་པ་ལ། སོ་སོར་ལན་ཞུས་པས། ས་ལ་མ་ཎི་ཁ། ཁྱོད་ལ་ནོར་བུ་བསྟན་འཛིན། ལུང་པ་ལ་ཨཱརྱ་ནང་ཟེར་བས་ཁྱོད་ལ་འཇིག་རྟེན་ན་ཁྱད་པར་འཕགས་པ་ཞིག་འོང་ཞེས་ལུང་བསྟན་ནས་འཇའ་ལྟར་ཡལ། འདི་སྐབས་སྟག་ལུང་མ་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དཔའ་བོ་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོས་བླ་མ་དགོངས་འདུས་ཐུགས་སྒྲུབ་ཚ་བ་དམར་ཐག་དང་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དཔེ་ལུང་བྱིན་རླབས་ནན་དུ་གནང་ནས་འདི་ལ་ཉམས་བཞེས་མཛད་ན་ལེགས་པར་གདམས་ཤིང་དོན་གྱིས་གཏེར་བརྒྱུད་གཏད། སྔ་ཕྱིར་རྒྱལ་དབང་ཀར་འབྲུག་ཡབ་སྲས། འབྲི་གུང་མཆོག་སྤྲུལ། ཟུར་མང་གདན་སའི་མཁན་སློབ་སོགས་ཡོངས་འཛིན་དུ་མ་ལས་མདོ་སྔགས་གསར་རྙིང་གི་དབང་ལུང་མན་ངག བཤད་རྒྱུན་ཕྱག་ལེན། གར་ཐིག་དབྱངས་རོལ་སོགས་མཐའ་ཡས་པ་གསན་ཅིང་དེ་དག་གི་དོན་ཚེགས་ཆུང་ངུས་ཤིན་ཏུ་མཁས་པའི་ཚུལ་བསྟན། དགུང་ལོ་ཉེར་ལྔ་པར་གུ་རུའི་ལུང་གིས་བསྐུལ་བ་ལྟར་དཔལ་སྤུངས་ཀྱི་གདན་སར་བྱོན་ནས་སི་ཏུ་པདྨ་ཉིན་བྱེད་དབང་པོ་མཇལ། ཕུར་པ་དབང་ཆེན་བཞད་པ་སོགས་ཕུལ་བས་དགྱེས་བཞེས་ངོས་བར་ཆད་སེལ་བ་དང་ཞབས་པད་བརྟན་པའི་རྟེན་འབྲེལ་འགྲིགས། གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པ་དགོས་པའི་བསླབ་སྟོན་ནང་མ་བསྩལ།

དེ་ནས་རིམ་པར་མཁན་ཆེན་བྱང་སེམས་ཟླ་བཟང་སྤྲུལ་པའི་སྐུ་ལས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་སོགས་ཟབ་ཆོས་འགའ་ཞིག་དང༌། འཇམ་མགོན་བློ་གྲོས་མཐའ་ཡས་ལས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱིས་ཐོག་དྲངས་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བཤད་བཀའ་གཙོར་གྱུར་རྙིང་མ་བཀའ་མ་ཕལ་མོ་ཆེ་དང༌། གཏེར་ཆོས་མང་པོ་གསན། ཁྱད་པར་རྟེན་འབྲེལ་མདོ་ཆིངས་ལས། ནམ་མཁའ་མཛོད་དུ་སྦས་པའི་ཟབ་གཏེར་རྣམས༔ མི་བཞག་འདོན་པའི་སྐྱེས་བུ་སྨོན་ལམ་ཅན༔ ལྷ་སྲས་ཁྱོད་ཀྱི་སྐྱེ་བའི་ཐ་མར་འབྱུང་༔ དེ་དུས་ལོ་པཎ་རྗེ་འབངས་ཕལ་ཆེར་འཛོམས༔ ཁྱད་པར་མངའ་བདག་ཡབ་སྲས་མཇལ་ནས་སུ༔ གཅིག་གྲོགས་གཅིག་བྱེད་ལས་འཕྲོ་རིམ་པར་སད༔ ང་ཡི་གདམས་པ་མཐར་ཐུག་རྣམས་དང་མཇལ༔ དག་པའི་སྣང་བར་ང་ཉིད་དངོས་དང་འཕྲད༔ གསང་སྔགས་གདམས་པའི་ལག་ལེན་དམར་ཁྲིད་སྟོན༔ རང་ཉམས་བླངས་པས་འབད་མེད་གྲུབ་པ་ཐོབ༔ དངོས་གྲུབ་བརྙེས་པའི་སློབ་མ་མང་དུ་འབྱུང་༔ ཞེས་སོགས་ལུང་བྱང་ཕྱི་ནང་གསང་བ་མང་པོ་ན་ཤིན་ཏུ་གསལ་བ་ལྟར། ལོ་དེའི་དབྱུག་པ་ཟླ་བར་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཇལ་བར་ཕེབས་པ་ན། རྗེ་ཉིད་ནས་ཀྱང་མངའ་བདག་སྐྱེས་རབས་རིམ་པར་བརྒྱུད་པའི་འབྲེལ་བར་དགོངས་ནས་ཐོག་མ་ཉིད་དུ་ཕུར་པ་ཡང་གསང་སྤུ་གྲི་དང༌། ཕྱིས་མཁོན་ལུགས་ཕུར་པའི་དབང་ཆེན་བསྩལ་བས་ཕྱི་ནང་གསང་བའི་བར་ཆད་བསལ། ཡང་ཏིག་ཡིད་བཞིན་ནོར་བུའི་དབང་གི་སྐབས་བླ་མ་པཎ་ཆེན་བི་མ་ལ་དངོས་སུ་གཟིགས་པ་སོགས་དག་པའི་སྣང་བ་ཁྱད་པར་ཅན་ཤར་ཞིང་རིག་པ་རྗེན་པར་ངོ་འཕྲོད། སྔགས་སྲུང་མའི་སྲོག་གཏད་སྐབས་ས་གཡོ་བ་ལྟ་བུའི་ཟིལ་ཆེན་པོ་བྱུང་ཞིང་ཨེ་ཀ་ཛ་ཊཱི་དངོས་སུ་གཟིགས། དཔོན་སློབ་གཉིས་ཆར་ལ་ལོ་གསུམ་གྱི་མཚམས་དངོས་གྲུབ་ཆེན་པོ་སྦྱིན་པར་གསུངས་པ་ཕྱིས་རྫོགས་ཆེན་སྡེ་གསུམ་ཐོན་པའི་སྔ་ལྟས་སོ། །དགུང་གྲངས་ཉེར་བདུན་པར་ཡང་དག་ལྷ་དགུའི་དབང་ཆེན་གསན་སྐབས་བླ་མ་ཧེ་རུ་ཀ་སྤྱི་བོ་ནས་ཐིམ་པའི་ཉམས་ཤར་བས་སྙིང་གའི་རྩ་མདུད་གྲོལ། དེ་ནས་བརྩམས་རྡོ་རྗེའི་མགུར་གླུ་ཐོགས་མེད་དུ་བརྡོལ། སྔོན་ཆད་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བརྡ་ཡིག་ཇི་བཞིན་མ་ཁྲོལ་བའང་ཚེགས་མེད་པར་མཁྱེན་ཏེ། རྗེ་མཁྱེན་བརྩེའི་ཟབ་གཏེར་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་དོན་གཅིག་པ་མ་ཟད་ཚིག་རིས་ཕལ་ཆེར་ཡང་མཐུན་པར་བྱུང་བས་རྣམ་གཉིས་ལྷན་རྒྱས་པས་མ་བུ་ཟུང་བསྡེབས་ཀྱི་ཚུལ་དུ་བར་ཆད་མེད་པར་གཏན་ལ་ཕབས། གཏེར་སྒྲུབ་ཀྱང་ལྷན་ཅིག་ཏུ་མཛད་པས་གུ་རུ་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་བ་སོགས་དག་པའི་སྣང་བ་མཐའ་ཡས་པ་ཤར། གཏེར་ཁ་དུ་མའི་ཁ་བྱང་ཕེབས་པ་སོགས་རྟེན་འབྲེལ་གྱི་སྒོ་མང་པོ་འགྲིགས། གཅིག་ལ་གཅིག་ཐུགས་ཡིད་ཆེས་པས་རྗེ་མཁྱེན་བརྩེས་ཀྱང་གཏེར་གསར་གྱི་སྨིན་གྲོལ་བདུད་རྩི་བཞེས་ཤིང་མངའ་གསོལ་བས་རྩོད་མེད་ཡོངས་གྲགས་ཀྱི་གཏེར་ཆེན་ཉི་ཟླ་ལྟར་གྱུར།

ཡང་འཁྱིལ་དབེན་པའི་གནས་སུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་ལ་བཞུགས་པས་ཐོག་དྲངས། གུ་རུའི་ལུང་བཞིན་འོག་མིན་ཀརྨར་ལོ་གསུམ་གྱི་བཅད་རྒྱར་བཞུགས་པ་གཙོར་གྱུར་པའི་ཐུགས་དམ་གྱི་རིམ་པ་ལ་བརྩོན་ཞིང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་བཞེས་མཐར་ཕྱིན་པར་མཛད་པས་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར། ཕྲིན་ལས་རྣམ་པ་བཞི་རང་དབང་བསྒྱུར་བའི་བདག་ཉིད་ཆེན་པོར་མངོན་སུམ་ཚད་མས་གྲུབ། ཁྱད་པར་རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་བར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་པ་ལྟར་མངའ་བདག་ཡབ་སྲས་རྣམ་འཕྲུལ་གཏེར་ཆེན་རྣམ་པ་གཉིས་ལ་སོ་སོར་བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབས་བདུན་དང་ལྡན་པ་སྟེ། འདིར་དང་པོ་ནི།

རིང་བརྒྱུད་བཀའ་མ་དེང་སང་རྒྱུན་བཞུགས་པ་ཕལ་ཆེར་གསན་ཅིང་མདོ་སྒྱུ་སེམས་གསུམ་གྱི་འཆད་སྤེལ་ཡང་མང་དུ་མཛད་པར་མ་ཟད། རྗེ་ཉིད་ཀྱི་ཟབ་གཏེར་ལས་མདོ་དང་སྒྱུ་འཕྲུལ་སོགས་བཀའ་མའི་གཞུང་ཇི་ལྟ་བའི་ཆོས་སྐད་གྲུབ་མཐའ་སློང་ནུས་པ་སྔོན་མེད་ངོ་མཚར་ཅན་བྱོན་པ་རྣམས་ཀྱང་དོན་དུ་བཀའ་བབས་པ་ཡིན་ནོ།།

གཉིས་པ་རང་སྐལ་སའི་གཏེར་ནི། དགུང་ལོ་བཅུ་གསུམ་པར་བྲག་དཀར་རྫོང་ཆུང་ནས་ལྷ་སྲས་ཐུགས་དམ་སྒྲུབ་ཐབས་ཉེར་བཞི་དང་དགོངས་འདུས་བཀའ་རྟགས་རྡོ་རྗེ་ཐོད་པ་མེ་ལོང་རྣམས་བཞེས་པ་ནས་བརྩམ། དགུང་གྲངས་སོ་དགུ་པར་རྗེ་བླ་མས་ཁ་བྱང་དང་ཞབས་བསྐུལ་ཕུལ་བ་ལྟར་རྩི་སྐེ་ནོར་བུ་སྤུན་གསུམ་ནས་དམ་ཆོས་ནོར་བུ་སྐོར་བདུན། གུ་རུའི་སྐུ་ཚབ། སེང་སྒྲོགས་སྐུ་རྒྱན་རྣམས་སྤྱན་དྲངས་པའི་བར་མཆོག་གཏེར་སུམ་ཅུ་རྩ་བདུན་དང༌། སྒྲགས་ཡང་རྫོང་ནས་ཞི་བྱེད་སྐོར་བདུན་བཅས། དེ་དག་གི་ཁ་བྱང་ཡང་བྱང་གནད་བྱང་སྙིང་བྱང་ལ་སོགས་པ་དང་རྫས་གཏེར་ཕྲན་ཚེགས་མང་དུ་བཞེས་པ་ལས། གཙོ་ཆེ་བ་ཟླ་ཉིན་ཁ་ལ་རོང་སྒོ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ། ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར། འོག་མིན་ཀརྨའི་རྒྱབ་ཕྱོགས་ནས་ཐུགས་དམ་ཟབ་པ་སྐོར་བདུན། ཡེ་རྒྱལ་ནམ་མཁའ་མཛོད་ནས་དེའི་ཆ་ལག་རྒྱུད་ལུང་གི་སྐོར་རྣམས་དང༌། རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས། སྐུ་ཚབ་རྣམ་གཉིས་སོགས། སྨར་ཤོད་ཛམ་ནང་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ། སེང་ཆེན་གནམ་བྲག་གི་རི་གོང་མོ་འོག་མ་ནས་དམ་ཆོས་ཤོག་སྡེ་དྲུག་པ། མཁའ་འགྲོ་འབུམ་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་དང་འཁོར་བ་དོང་སྤྲུགས། ཀརྨའི་དཔལ་མདེའུ་ནས་མ་མོ་སྤྱི་བསྡུས། ཀེ་ལ་ནོར་བུ་སྤུན་གསུམ་ནས་རྗེ་མཁྱེན་བརྩེའི་བཀའ་ལུང་བཞིན་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཡེ་རྒྱལ་ལྷོ་ཕྱོགས་གཡུ་འབལ་བྲག་ནས་བཀའ་བརྒྱད་བདེ་གཤེགས་ཀུན་འདུས། ཟབ་པ་རྫོགས་ཆེན་གསེར་ཞུན། རོང་མེ་དཀར་མོ་སྟག་ཚང་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང་སྙིང་པོ་སྐོར་ལྔ། རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་རྣམས་མཚོན་པ་ཙམ་སྟེེ། གཏེར་གནས་རེ་རེ་ནས་ཀྱང་ཆོས་དང་དམ་རྫས་སྐུ་རྟེན་ཕྱག་མཚན་རྣམ་གྲངས་ཤིན་ཏུ་མང་པོ་བྱོན་ཅིང༌། དེ་དག་ཕལ་ཆེར་ཁྲོམ་གཏེར་དུ་མཛད་པས་ཀུན་གྱི་དབང་པོའི་སྤྱོད་ཡུལ་རྩོད་པ་དང་བྲལ་བར་གྱུར། མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་གཏེར་བརྒྱ་རྩ། སྙིང་ཐིག་བརྒྱ་རྩ། མྱང་གྲོལ་དུ་མའི་བཀའ་བབས་སུ་ལུང་གིས་གསལ་བ་ལྟར། དཔའ་བོ་དབང་ཆེན་བྲག་ནས་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས་ཏེ་དེ་དག་གི་རྩ་བ་དང་ཡན་ལག་ཏུ་གྱུར་པའི་གནས་ཞལ་དུ་མ་གསར་དུ་སྣང་བར་མཛད། གུ་རུའི་སྐུ་ཚབ་ཀྱི་རྒྱུ་རིམ་པ་གསུམ་ཙམ་གཏེར་ནས་སྤྱན་དྲངས་ཏེ་སྐུ་ཚབ་གཉིས་པ་མང་དུ་སྤེལ་བ་མཛད་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་བོ།།

གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། རྗེ་ཉིད་ཀྱི་སྐྱེ་བ་གོང་མ་གཏེར་ཆེན་སངས་རྒྱས་གླིང་པའི་གུར་དྲག་ཧཱུྃ་དམར་སྙིང་ཐིག་བྱིན་རླབས་ཀྱི་སྟོབས་ལས་བཀའ་བབས་པ་དང༌། མཁའ་འགྲོ་མ་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་ཉེ་བརྒྱུད་དུ་བཀའ་བབས།

བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། རྗེ་བཙུན་སྒྲོལ་མས་ལེགས་སོ་གསུམ་གྱིས་དབུགས་དབྱུང་བསྩལ་བ་ལ་བརྟེན་སྒྲོལ་མའི་ཟབ་ཏིག་གཏན་ལ་ཕབས།

ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། རྗེ་ཉིད་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོར་འཁྲུངས་པའི་སྐབས་ཀྱི་སྔོན་གནས་དྲན་པ་ལས་གནུབས་ཆེན་འདའ་ཀའི་ཞལ་ཆེམས་ལུང་རྡོ་རྗེ་བཀོད་པའི་གདམས་པ་གནང་བ་དང༌། གནུབས་ཀྱི་ཁ་ཕོ་བཅས་མདོ་ཙམ་ཡི་གེར་བཀོད་པ་དང༌། རུ་ལུའི་འདྲེན་སྟངས་དང་གར་གྱི་རྣམ་འགྱུར་མཐའ་ཀླས་པ། སངས་རྒྱས་གླིང་པའི་སྔོན་གནས་རྗེས་དྲན་ལ་བརྟེན་དགོངས་འདུས་རྩལ་སྤྲུགས་རྣམ་དགུའི་འཁྲུལ་འཁོར་ཕྱག་ཁྲིད་ཞིབ་མོར་གཏན་ལ་ཕབ་པ་སོགས་བཞུགས།

དྲུག་པ་དག་སྣང་ནི། རི་བོ་དབང་གཞུའི་གནས་གཏེར་སྒོ་འབྱེད་སྐབས་བི་མ་ལའི་སྒྲུབ་ཕུག་ཏུ་པཎ་ཆེན་ཉིད་ཞལ་གཟིགས་ཏེ་གདམས་པ་སྩལ་བ་བི་མ་ལའི་ཟབ་ཏིག་སོགས་བཞུགས།

བདུན་པ་སྙན་བརྒྱུད་ནི། དག་པའི་སྣང་བར་ཟངས་མདོག་དཔལ་རིར་ཕེབས་ཏེ་ཨོ་རྒྱན་རིན་པོ་ཆེ་ལས་ཨ་ཏི་ཟབ་དོན་སྙིང་ཐིག་གི་གདམས་པ་གསན་པ་ཡི་གེར་བཀོད་པ་སོགས་བཀའ་བབས་བདུན་ལྡན་གྱི་རྣམ་ཐར་མདོ་ཙམ་བཀོད་པ་ཡིན་ལ། སྔ་ཕྱིར་རྩ་བ་གསུམ་གྱིས་ཞལ་གཟིགས་ཤིང་ལུང་བསྟན་པ་དང༌། སྲུང་མ་རྣམས་ཀྱིས་ཕྲིན་ལས་སྒྲུབ་པ་དང༌། རྔ་ཡབ་དཔལ་རིར་ཕེབས་པའི་དག་སྣང་རྒྱས་བསྡུས་སྐོར་མང་ཡང་འདི་ཙམ་གྱིས་མཚོན་པར་ནུས་སོ། །རང་སྒོ་དང་ཚོགས་སྒྲུབ་གཞན་དག་གི་རྡོར་སློབ་ཏུ་ཕེབས་པ་བཅས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་སུམ་ཅུ་རྩ་གསུམ་ཙམ་མཛད། བསམ་ཡས་ཧས་པོ་རི་དང༌། དཔལ་ཆུ་བོ་རི་སོགས་བོད་དང་མདོ་ཁམས་ཀྱི་ས་གནས་རྣམས་སུ་བཀའ་ནན་རབ་བརྗིད་དང༌། གནས་ཆེན་བྱིན་འབེབས་མང་པོས་མཐའ་དམག་སོགས་རྩུབ་འགྱུར་ཞི་ཞིང་རྒྱལ་ཁམས་ལ་བདེ་ལེགས་འཕེལ་བས་ཕྲིན་ལས་ལུང་དོན་ལས་བྱུང་བ་རྒྱ་ཆེར་བསྒྲུབས། ཀར་འབྲུག་འབྲི་སྟག་གཙོར་གྱུར་བཀའ་བརྒྱུད་དང༌། སྨིན་གླིང་ཀཿདཔལ་ཞེ་རྫོགས་རྣམས་གཙོར་བྱས་རྙིང་མ། གཞན་ཡང་ས་སྐྱ་པ་སོགས་རིས་སུ་མ་ཆད་པའི་བསྟན་འཛིན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཟབ་ཆོས་ཀྱི་སྨིན་གྲོལ་བསྩལ་ཅིང༌། མྱང་གྲོལ་གྱི་སྦྱིན་པ་ནི་བོད་ཁམས་མཐའ་དབུས་ཐམས་ཅད་དུའང་ཁྱབ། ཁྱད་པར་རྩ་བའི་ཆོས་བདག་རྣམ་བཅུ་ཕལ་ཆེ་བ་དང་རྟེན་འབྲེལ་ལེགས་པར་འགྲིགས་པ་ལ་བརྟེན་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གཙོ་བོར་གྱུར་པའི་གཏེར་ཆོས་ཀྱི་ཕྲིན་ལས་ཀྱང་རྒྱ་ཆེར་འཕེལ། འོག་མིན་མཚུར་ཕུར་ཟབ་བདུན་ཕུར་པའི་སྒྲུབ་ཆེན་རྩ་འཆམ་འབྲིང་པོ་བཅས་རྒྱུན་འཇག་གིས་མཚོན་དགོན་ཁག་མང་པོར་གཏེར་གསར་གྱི་ཆོས་བཀའ་ཆེ་ཕྲའི་སྒྲུབ་མཆོད་སོགས་ཚུགས། བོད་ཁམས་བདེ་ཐབས་ཆོས་བཅུའི་ནང་ཚན་རྟེན་འབྲེལ་གྱི་ཆོས་སྐོར་གཏན་ལ་ཕབས་ནས་དེའི་དོན་བཞིན་མཁན་སློབ་ཆོས་གསུམ་གྱི་དུས་སྟོན་མདོ་སྔགས་བསྟན་པ་གཉིས་ལྡན་གྱི་བཤད་སྒྲུབ་ལས་གསུམ་རྒྱས་པའི་ཆོ་ག་ངོ་མཚར་བའང་དཔལ་སྤུངས་ཀཿཐོག་རྫོགས་ཆེན་རྣམས་སུ་རིམ་པར་མཛད། གདན་ས་དངོས་ཀརྨ་རི། གནས་བརྟན་སྒང༌། རྩི་ཀེ་འདུས་མདོ་རྣམས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཕྱི་མ་གཉིས་སུ་དགེ་འདུན་གྱི་སྡེ་དང་མདོ་སྔགས་བཤད་སྒྲུབ་ཀྱི་རྒྱུན་ཡང་བཀོད། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་རེ་ཞིག་དོན་ཆེ་བ་གཞན་ལ་དགོངས་ནས་དགུང་གྲངས་ཞེ་གཉིས་བཞེས་པ་ལྕགས་ཕོ་རྟའི་ལོར་སྐུ་བསྙུན་པའི་ཚུལ་བསྟན་པའི་སྐབས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་ཕེབས་པའི་དག་སྣང་ཤར། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ས་གཡོ་བ་དང་འཇའ་འོད་སོགས་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས། ལོ་དེའི་མགོ་ཟླ་བའི་ཚེས་བཅོ་ལྔར་རྗེ་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་སྣང་དུ་ནུབ་ཕྱོགས་ཞིང་ཁམས་པདྨས་ཁེབས་པར་གཏེར་ཆེན་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུའི་སྐུར་བཞེངས་པ་དང་མཇལ་ནས་སྒྲུབ་ཐབས་དང་དབང་བསྐུར་ཞལ་གྱི་གདམས་པའི་བདུད་རྩི་ལྷུག་པར་གསན། ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གིས་རྒྱས་བཏབ། རྒྱལ་ཟླའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གཏན་ལ་ཕབ་པའི་ཚེ། ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཆུ་བོའི་རྒྱུན་དུ་གྱུར་པའི་དགེ་མཚན་ཡང་དབང་པོའི་མངོན་སུམ་དུ་གྱུར་པའི་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་བྱུང་བར་སྣང་ངོ༌།།

༈ གཏེར་སྟོན་རྒྱལ་པོ་ལྔ་པ་པཎ་ཆེན་བི་མ་ལ་དང་ཆོས་རྒྱལ་ཁྲི་སྲོང་ཟུང་དུ་འཇུག་པའི་རྣམ་རོལ། རྒྱལ་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི།

ཡབ་གཉོས་རིགས་དྲུང་ཆེན་རིན་ཆེན་དབང་རྒྱལ་དང༌། ཡུམ་སོག་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་ལྔ་ལ། མདོ་ཁམས་སྡེ་དགེ་གཏེར་ཀླུང་དིལ་མགོའི་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་གི་ཉེ་འདབས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། ཐུགས་ཀྱིས་དྲན་ཙམ་གྱི་དུས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛ་ཊཱིས་ཡང་ཡང་བརྩེ་ཞིང་སྐྱོང་བ་དང༌། སྔོན་རབས་ཀྱི་སྐྱེ་བ་མང་པོ་འལ་འོལ་རྗེས་སུ་དྲན། སྐུ་ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་ཁྱད་པར་རབ་ཏུ་བྱུང་བའི་ཕྱོགས་ཁོ་ནར་ཐུགས་ལ་འདུན། མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན་ཅིང་གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་ཐུགས་ལ་ཆུབ། དགུང་ལོ་ཉེར་གཅིག་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། ས་སྐྱ་པ་རྡོ་རྗེ་རིན་ཆེན་སོགས་ལས་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་ཐུགས་བསྐྱེད་བཞེས། ཐར་རྩེ་མཁན་རིན་པོ་ཆེ་མཆེད་ལས་བདེ་དགྱེས། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་ལས་ཡང་དག་སོ་ལུགས། རིག་འཛིན་ཐུགས་ཐིག ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བཅས་གསན་པས་སྔགས་ཀྱི་སྡོམ་པའི་རྩ་བ་བཙུགས། སྐྱེ་སྤྲུལ་གྱི་གོ་ས་དང་རིགས་རུས་སྟོབས་འབྱོར་གྱི་དྲེགས་པ་རྩད་ནས་བསྙིལ་ཏེ་དཀའ་ཆེན་དང་དུ་བཞེས། འབད་པ་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་བླ་མ་རྡོ་རྗེ་འཛིན་པ། དགེ་བའི་བཤེས་གཉེན། རིག་པའི་གནས་ལ་མཁས་པ་སོགས་ཡོངས་འཛིན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ཏེ་བཟོ་གསོ་སྒྲ་ཚད་ཡན་ལག་རིག་པའི་གནས་བཅུར་གྲགས་པ་རྣམས་དང༌། འདུལ་མཛོད་དབུ་ཕར་གྱིས་མཚོན་མཚན་ཉིད་ཕྱོགས་ཀྱི་གཞུང་བཤད་གསན་སྦྱང་མཐར་ཕྱིན་པར་མཛད། རྙིང་མ་བཀའ་གཏེར། བཀའ་གདམས་གསར་རྙིང༌། ས་ངོར་ཚར་གསུམ། བཀའ་བརྒྱུད་ཀཾ་ཚང༌། འབྲི་སྟག་འབྲུག་པ། ཇོ་ཞལ་བོ་དོང་སོགས་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་ཐམས་ཅད་ཀྱི་སྨིན་གྲོལ་ཡོངས་རྫོགས། སྒྱུ་འཕྲུལ་གསང་བ་སྙིང་པོ། དུས་ཀྱི་འཁོར་ལོ། བདེ་དགྱེས་གསང་གསུམ་སོགས་རྒྱུད་དང་བསྟན་བཅོས་ཀྱི་བཤད་སྲོལ་གང་ཡོད་དང༌། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། རྙིང་མ་རྒྱུད་འབུམ། བསྟན་འགྱུར་ལས་རྒྱུན་གང་བཞུགས་ཀྱི་གཙོས་བོད་ཡུལ་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཡོངས་བསྡོམས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླག་ལུང་གསན་པ་སོགས་མདོར་ན་མི་ལོ་བཅུ་གསུམ་དུ་ཐོས་པ་ཁོ་ན་བཙལ་ཞིང༌། བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུར་གྲགས་པ་རྣམས་ཀྱི་རིང་ལུགས་ཕལ་མོ་ཆེ་གསན།

རྗེ་འདིས་གླེགས་བམ་གཟིགས་པ་ཙམ་གྱིས་དོན་མཐིལ་ཕྱིན་པ་མཁྱེན་ཅིང་ནམ་ཡང་མི་བསྙེལ་བའི་གཟུངས་མངའ་ཡང༌། ཆོས་ལ་གལ་ཆུང་མི་མཛད་པའི་རྣམ་ཐར་སྟོན་སླད་གསན་པ་ཙམ་དུ་མ་བཞག་པར་བྱང་གོམས་མཐར་ཕྱིན་པས་གྲུབ་མཐའ་སོ་སོའི་ལྟ་སྤྱོད་དང་ཁས་ལེན་གྱི་གནད། དེ་དང་དེའི་རིང་ལུགས་ཕྱག་སྲོལ་འཕྱུགས་མེད་ཡིན་མིན་སོགས་ཞིབ་ལ་མ་འདྲེས་པར་མཁྱེན་པའི་ཆོས་སྤྱན་རྡུལ་མེད་པར་མངའ་བ་ཡང་ད་ལྟའི་གང་ཟག་མཆོག་དམན་སུས་ཀྱང་བསྒྲུན་དུ་མེད། མདོ་རྒྱུད་བསྟན་བཅོས་གང་གསན་པ་རྣམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཕལ་མོ་ཆེ་ཞིག་ནི་ལན་གྲངས་མང་དུ་འཆད་པ་དང༌། གང་ཡང་ཚར་རེ་མ་འཆད་པ་མི་མངའ་བར་ཟང་ཟིང་མེད་པའི་ཆོས་སྦྱིན་ཁོ་ནས་དམ་པའི་སྐྱེས་བུ་མཆོག་རྣམས་ནས་མུ་ཏོ་ཕལ་པ་ཡན་ཆད་དོན་གཉེར་སོ་སོའི་རེ་བ་ཚུལ་བཞིན་སྐོང་བར་མཛད། གདུལ་བྱ་འགྲོ་དོན་དུ་མིང་བཏགས་པའི་གྲོང་ཆོག་ལྡོམ་བུ་སོགས་ལོག་འཚོའི་དཀོར་སྡུད་གཏན་ནས་མ་མཛད་ཀྱང་འབར་བ་གསུམ་དང་འདུ་བ་གསུམ་ཀྱི་ཡོན་ཏན་ཕྱིར་ཤར་བས་ཟང་ཟིང་གི་དངོས་པོ་འབད་མེད་བྱུང་བ་ཐམས་ཅད་གནས་མིན་དུ་ཆུད་ཟོས་ཕྲ་མོ་ཙམ་ཡང་མི་བཏང་བར། སྐུ་རྟེན་གསེར་ཟངས་ཁོ་ན་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་དང༌། གསུང་རྟེན་གླེགས་བམ་པུསྟི་ཀ་བཞི་བཅུ་ལ་ཉེ་བའི་སྤར། བྲིས་མ་དང་སྤར་མ་བསྡོམས་པའི་པུསྟི་ཀ་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོའི་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ། དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས། གནས་གཞི་གསར་བཞེངས་རིགས་དུས་དབང་གིས་ཚུལ་ལྡན་འབྱུང་དཀའ་བས་སྤྲོས་པ་མ་མཛད་ཀྱང་ཕྱིས་ཚོད་དུས་ཟིང་དབང་གིས་སྟོད་སྨད་འཁྲུགས་ལོང་སྐབས་དགོན་གནས་ཉམས་རྒུད་ཆེར་གྱུར་པ་རྣམས་ལ་རྗེ་ཉིད་ནས་ཀྱང་དགོན་པ་ཆེ་ཆུང་དང་བསྟུན་པའི་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་དང༌། རྒྱ་བོད་ཀྱི་མི་དཔོན། ཆོས་རྒྱལ་སྡེ་དགེ་རྒྱལ་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་གསོས་གསར་བཞེངས་དང༌། མཆོད་ཐེབས་ཀྱི་ཞལ་འདེབས། ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་རྣམས་ཀྱི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་སྩལ། ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་དུ་གཟུངས་སྔགས་བསྔོ་བའི་རྟེན་ཡོན་སྦྱར་གནང་བ་སྔ་རྗེས་དངོས་ཇ་བཞི་སྟོང་གི་རྩ་བ་ཕུལ། སྤྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་པ་ཐོབ་པ་དང༌། སྒོས་གྲུབ་མཐའ་གང་ལའང་དག་སྣང་དང་མོས་གུས་ཀྱི་རྩལ་རྒྱས་པ་མ་གཏོགས་ཕྱོགས་རིས་དང་ལོག་རྟོག་གཏན་ནས་མི་མངའ་བའི་དོན་གྱིས་ས་སྐྱ་བཀའ་བརྒྱུད་རྙིང་མ་དགེ་ལུགས་ཀྱི་བསྟན་འཛིན་སྐྱེས་མཆོག་ཡོངས་སུ་གྲགས་པ་རྣམས་དང༌། དགེ་བའི་བཤེས་གཉེན། རི་ཁྲོད་སྒྲུབ་པ་པོ། ཆོས་པ་ཉམ་ཆུང༌། གཡུང་དྲུང་བོན་ལུགས་འཛིན་པ་ཚུན་ཆད་རིས་སུ་མ་ཆད་པའི་སློབ་མ་གྲངས་ལས་འདས་ཤིང༌། རྒྱ་བོད་ཀྱི་དཔོན་ཆེན་མང་པོའི་གཙོས་ཉིན་རེ་བཞིན་ཡང་རྒྱུན་མི་ཆད་པ་འདུས་པ་ཚད་བཟུང་མེད་པ་ལ་མོས་པ་དང་འཚམས་པའི་ཆོས་སྦྱིན་རྐྱེན་སེལ་དབང་བཀའ་བྱིན་རླབས་ཀྱི་འབྲེལ་བ་སོགས་ནི་མ་ཐོབ་པ་མེད་པ་ལྟ་བུ། ཆོས་བརྒྱད་ཀྱི་འཆིང་བ་ལས་གྲོལ་བས་མཆོག་དམན་གང་ལའང་ངོ་སྲུང་དང་རེ་དོགས་ཀྱིས་མཚོན་མི་ཆོས་ཀྱི་སྤྲོས་པ་གཏིང་ནས་ཆོད་པས་ཚེ་བློས་ཐོང་བའི་བྱ་བཏང་རྒྱལ་པོའི་རྣམ་ཐར་བཟུང༌། སྔ་ཕྱིར་མི་ལོ་བཅུ་གསུམ་ཙམ་དུ་རྒྱུད་སྡེ་གསར་རྙིང་གི་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་དང༌། རྗེ་བཙུན་གྲོལ་མཆོག་གི་གསུང་ཁྲིད་རྒྱ་གཙོ་བོར་གྱུར་པའི་ཁྲིད་རྣམས་རེ་རེ་བཞིན་ཉམས་བཞེས་མཛད་པས་དམ་ཚིག་ཞལ་བཞེས་རྗེས་སུ་བསྒྲུབ་པ་འདི་ཁོ་ནའི་རྣམ་ཐར་ཡང་སུས་ཀྱང་འགྲན་ཟླ་བྲལ་བ་སྟེ་སྤོང་ཀློག་བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལས་བརྩམས་པའི་ཕྱིའི་རྣམ་ཐར་མདོར་བསྡུས་པའོ། །གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ། མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བ་སྔ་འགྱུར་རྙིང་མ་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལྷ་ཆོས་བདུན་ལྡན་བཀའ་གདམས། གྲུབ་ཆེན་བི་རུ་པའི་ཐུགས་བཅུད་དཔལ་ས་སྐྱ་པ་ཡབ་སྲས་ལས་བྱོན་པ་གདམས་ངག་ལམ་འབྲས་བུ་དང་བཅས་པ། བཀའ་བཞི་བརྒྱུད་པའི་གདམས་ངག་མར་མི་དྭགས་གསུམ་ལས་བརྒྱུད་པ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། མཁས་གྲུབ་ཁྱུང་པོའི་གསེར་ཆོས་དཔལ་ལྡན་ཤངས་པ་བཀའ་བརྒྱུད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རྩལ་དུ་བཏོན་པ་སྦྱོར་བ་ཡན་ལག་དྲུག་པ། གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡན་ལག་གཅོད་ཡུལ་དང་བཅས་པ། གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་དངོས་སུ་བསྩལ་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་རྣམས་བརྒྱུད་པའི་ཟམ་མ་ཆད་ཅིང་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་རྣམས་ལ། སོ་སོ་ནས་དད་ཅིང་མོས་པ་ཚད་མེད་པས་སྐུ་ངལ་ཁྱད་དུ་བསད་དེ་འབད་བརྩོན་དྲག་པོས་སོ་སོའི་ཁུངས་དང་འབྲེལ་བའི་ཡོངས་འཛིན་རྣམས་ལས་སྨིན་གྲོལ་གྱི་རིམ་པ་ཚང་ལ་མ་ནོར་བ་རྫོགས་པར་གསན་ཅིང༌། དེ་དག་བསམ་པས་སྒྲོ་འདོགས་གཅོད་པ་དང༌། སྒོམ་པས་ཐུགས་ཉམས་བཞེས་པའི་སྐབས་རྣམས་སུ་དངོས་ཉམས་རྨི་ལམ་ཅི་རིགས་པར། འཕགས་བོད་མཁས་གྲུབ། ཡི་དམ་རྒྱལ་བ་ཞི་ཁྲོ། གནས་གསུམ་གྱི་མཁའ་འགྲོའི་ཚོགས་རྣམས་ཀྱིས་གསང་བ་གསུམ་གྱི་བྱིན་གྱིས་བརླབས་པ་དང་ཉེ་བརྒྱུད་ཀྱི་གདམས་པ་བསྩལ་བ་སོགས་སྐད་ཅིག་རེ་རེ་ལའང་དག་པའི་གཟིགས་སྣང་མཐའ་ཡས་ཀྱང་ཕྱོགས་མཚོན་ཙམ་ལས། ཞལ་གཟིགས་མངོན་ཤེས་སོགས་མི་ཆོས་བླ་མ་ནམ་ཡང་སྒྲོག་པར་མི་མཛད་པས་དེ་ཙམ་གྱིས་རྟོགས་པར་འགྱུར་བ་དང༌། གཙོ་བོར་ཤིང་རྟ་བརྒྱད་ཀྱི་རིམ་པ་གཉིས་ཀྱི་ཚུལ་ཐུགས་སུ་ཆུད་པས་འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མ་མཆིས་ཤིང་འཁྲུལ་པའི་དྲི་མ་དང་བྲལ་བས་སྐལ་ལྡན་རྣམས་རྗེས་སུ་འཛིན་པར་མཛད་པ་ནི་ནང་གི་རྣམ་ཐར་ས་བོན་ཙམ་མོ།།

ཁྱད་པར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་ལུང་ལས། བདག་དང་གཉིས་མིན་རྣལ་འབྱོར་པ༔ མཚན་ཉིད་ལྔ་དང་ལྡན་པ་ཞིག༔ འདི་ནས་བདུན་བརྒྱའི་ལ་ོཁོངས་སུ་༔ མདོ་ཁམས་བར་ན་འབྲུག་གི་ལོ༔ གཉོས་ཀྱི་རིགས་འཛིན་སྒ་ཡི་བུ༔ ལྕགས་ཁམས་དཔའ་བོའི་མཚན་རྟགས་ཅན༔ པདྨ་རྒྱལ་པོས་བྱིན་བརླབས་པས༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང་༔ བི་མ་མི་ཏྲས་བྱིན་བརླབས་པས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ༔ འཇམ་དཔལ་སྤྲུལ་པ་མངའ་བདག་གིས༔ བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔ སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང་༔ ཞེས་དང༌། རྫོགས་ཆེན་སྡེ་གསུམ་ལུང་བྱང་གོང་དུ་དྲངས་པ་སོགས་བཀའ་བབས་བདུན་ལ་མངའ་དབང་བསྒྱུར་ནས་བསྟན་འགྲོའི་དོན་ཆེན་མཛད་པར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་མངོན་དུ་གྱུར་པ་སྟེ། དགུང་ལོ་བརྒྱད་བཞེས་པའི་དུས་སྐུ་ཁམས་ཤིན་ཏུ་བསྙེལ་ཞིང་ཟུག་རྔུའི་ཚོར་བས་གདུང་བའི་སྐབས་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་གཉིས་ཀྱིས་ཞལ་བསྟན་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབས། རྗེས་སུ་གདམས་པའང་བསྩལ་བས་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར། དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་པ་དགུ་པའི་དྲུང་དུ་ཕེབས། ཐོག་སོ་འོག་མ་ནས་རིམ་པར་སྟེང་དུ་ཕེབས་པ་ན། བརྒྱད་པའི་ནང་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཚུལ་ཅན་སྐུའི་གཡས་གཡོན་གླེགས་བམ་མང་པོ་བརྩིགས་པ་ཞིག་མཇལ་བ་ལ་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས། གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་གླེགས་བམ་ཞིག་བླངས་ནས་བསྟན་པ་རྫོགས་པ་ཆེན་པོ་རྡོར་སེམས་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་སྣང༌། དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་གསུངས།

ལུང་བསྟན་འགའ་ཞིག་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་ལས་སད་ནས་ཕྱིར་ཕེབས་པའི་ཚེ་སྒོ་དྲུང་དུ་མེ་ཆེན་པོ་འབར་ཞིང་འདུག་པའི་ནང་དུ་དབང་མེད་དུ་ཞུགས་པས་རགས་པའི་ལུས་ཕུང་དངོས་མེད་དུ་བསྲེགས་ནས་བི་མ་མི་ཏྲ་ཡིན་སྙམ་པའི་འོད་ཀྱི་སྐུར་ལམ་མེར་གྱུར་པ་བྱུང༌། གཞན་ཡང་འདི་སྐབས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་མནལ་ལམ་དུ་ཞལ་བསྟན་ཅིང་བྱིན་གྱིས་བརླབས། གདམས་པ་དང་རྗེས་སུ་གདམས་པ་བསྩལ་བས་བླ་སྒྲུབ་ཙམ་ཡི་གེར་བཀོད། ཕྱིས་བཀའ་རྒྱ་གྲོལ་ཏེ་རིམ་པར་གཏན་ལ་ཕབ་པ་རྫོགས་རིམ་དྲུག་གི་རྩ་ཚིག སྒྲུབ་སྐོར་ལྔ། ཁྲག་འཐུང་བདེ་གཤེགས་འདུས་པ་སོགས་གྲུབ་ཐོབ་ཐུགས་ཏིག་གི་སྐོར་རྣམས་བྱོན། འཆི་མེད་མགོན་པོ་ཡབ་ཡུམ་གྱིས་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པས་དེ་དག་གི་སྒྲུབ་ཐབས་ཁྱད་པར་ཅན་བྱུང་བ་ལས་ཚེ་ཡུམ་ཙཎྜ་ལཱིི་རྩ་བ་གཏན་ལ་ཕབ་པ་སོགས་རྩ་གསུམ་རབ་འབྱམས་ཀྱི་གཟིགས་སྣང་མཐའ་ཡས་པ་བྱུང་ཡང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་གཞན་གྱི་ཟུར་ཙམ་ཡང་རྟོགས་པར་མ་གྱུར། ཁྱད་པར་ལུང་བསྟན་སྔ་ཕྱི་མང་དུ་བཞུགས་པར་སྣང་ནའང་བཀའ་ལས། གཏེར་སྟོན་ལུང་བསྟན་གྱིས་ཕུང༌། ཞེས་བྱ་བ་ཡིན་པས་ལུང་བསྟན་ཟེར་བ་དེ་བྲིས་ཕྱིན་སྤང་བླང་ལག་ཏུ་ལོན་དགོས་པ་ལ་དེ་ནི་སུས་ཀྱང་མི་ལོན། དེ་མ་ལོན་པས་ཐོག་ཏུ་མི་ཁེལ། སྨྲ་བ་མང་པོ་ངག་ལ་བདུད་ཞུགས་པ་ཡིན་གསུངས་ནས་ལུང་བསྟན་མི་གནང་ཞིང་གཞན་ལའང་དགྱེས་པར་མི་མཛད་པ་འདི་ལའང་གནད་དོན་ཆེན་པོ་སྣང༌། དགུང་གྲངས་བཅུ་དྲུག་པར་ས་ག་ཟླ་བའི་ཚེས་བཅུའ་ིཐོ་རངས་དག་པའི་སྣང་ཆ་ལ་རྔ་ཡབ་པདྨ་འོད་དུ་ཕེབས། དེའང་བྲག་རི་ལྷུན་ཆགས་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་བ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་བསྩལ་བའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང༌། །འཛིན་པའི་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པ་འོ། །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས་པའི་ཉམས་ཤར་ཏེ་དེ་ཕྱིན་ཆད་ཀ་དག་གི་གནས་ལུགས་ལ་རང་བཞིན་གྱིས་བརྟན་པ་ཐོབ་པར་གྱུར། དེ་ལ་ཐུགས་སྤྲོ་བ་བརྟས་ཏེ་གུ་རུ་རིན་པོ་ཆེར་རྩེ་གཅིག་ཏུ་གསོལ་བཏབ་མཛད་པའི་རྐྱེན་ལས་མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཡོངས་གྲགས་རྣམས་དང་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱང་འབད་མེད་དུ་རྙེད་ནས་ཉམས་བཞེས་དང་འཆད་སྤེལ་གྱིས་བསྟན་པའི་མེ་རོ་བསླངས་པ་བཀའི་བཀའ་བབས་དང་པོའོ།།

གཉིས་པ་ས་གཏེར་ནི། དགུང་ལོ་ཉི་ཤུ་པར་བྲག་དམར་མགྲིན་བཟང་དུ་ཕེབས་སྐབས་ཡེ་ཤེས་མཁའ་འགྲོས་གཏེར་སྒྲོམ་དངོས་སུ་ཕུལ་བ་ལས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཆོས་སྐོར་དང༌། བྲམ་ཟེ་ཉེར་གཅིག་གི་གདུང་བྱོན་ཅིང༌། འདམ་ཤོད་སྙིང་དྲུང་ནས་བླ་མ་སྐུ་བཞིའི་སྒྲུབ་ཐབས་ཀྱི་སྐོར་དང༌། གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་རྣམས་གཉན་ཆེན་ཐང་ལྷས་སྤྱན་དྲངས་ཏེ་ཕུལ་བ་དང༌། སི་དུ་གཡུ་མཚོ་ནས་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་སྐོར། གཏེར་ཀླུང་པདྨའི་ཤེལ་རི་ནས་རྩ་གསུམ་སྤྱི་འདུས་ཀྱི་སྐོར་མཁའ་འགྲོའི་རྫུ་འཕྲུལ་གྱིས་སྤྱན་དྲངས་ཏེ་ཕུལ་བ་སོགས་མང་དུ་བཞུགས་པ་རྣམས་ལས་རྩ་བ་ཙམ་རེ་ལས་གཏན་ལ་འབེབས་པར་མ་གནང་ཞིང༌། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐོར་དང༌། སྐུ་ཚབ་དངོས་གྲུབ་དཔལ་འབར་བཅས་རྩི་སྐེ་ནོར་བུ་སྤུན་གསུམ་དུ་བཞུགས་པ་མཆོག་གྱུར་གླིང་པ་ལ་བཀས་བསྐུལ་ཏེ་སྤྱན་དྲངས་ཤིང་གཏན་ལ་ཕབ། སྤྱིར་བླ་སྒྲུབ་སྐོར་བཞི་ཀ་དང་བཻ་རོའི་ཐུགས་ཏིག་རྫོགས་ཆེན་སྡེ་གསུམ་སོགས་ཀྱང་རྗེ་འདི་ཉིད་དང་མཆོག་གླིང་ལྷན་རྒྱས་གྱི་གཏེར་ཁ་ཐུན་མོང་བར་སྣང་ངོ༌།།

གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི། དོན་གྲུབ་ས་ལུག་ལོར་གུ་རུ་རིན་པོ་ཆེ་ཉིད་གཏེར་ཆེན་སངས་རྒྱས་གླིང་པའི་སྐུར་སྣང་བས་གླེགས་བམ་བསྩལ་ཞིང་བྱིན་གྱིས་བརླབས་པའི་དག་སྣང་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ་གཏེར་སྟོན་རྣམས་ཀྱི་རྣམ་ཐར་དང་གཏེར་ཆོས་གང་བཞུགས་ཐུགས་ལ་གསལ་ཞིང་དེ་དག་བཀའ་བབས་པའི་བཀའ་ལུང་ཐོབ་པ་ལྟར། ཕལ་ཆེར་སྔར་གྱི་གཏེར་སྟོན་སོ་སོས་ཡང་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཡེ་ཤེས་ཀྱི་མཁའ་འགྲོས་སྤྱན་དྲངས་ནས་ཕྱག་ཏུ་ཕུལ་བ་ལས་བརྡ་བསྒྱུར་བ་དང༌། འགའ་ཞིག་བརྡ་ཡིག་སྤྱན་ལམ་དུ་ཤར་བ་དང་དགོངས་པའི་ཀློང་དུ་རྩོལ་མེད་རང་གསལ་བ་ཉིད་གཏན་ལ་ཕབ་ཅིང༌། དེ་དག་གི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་དང་དེ་ཉིད་གཏེར་སྟོན་སོ་སོའི་སྐུའི་རྣམ་པར་བསྒྱུར་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་གཞན་གང་ལས་ཀྱང་གཏེར་རྙིང་རྒྱུན་ཆད་པ་སྣ་རེ་ཙམ་བྱུང་ནའང་ཡ་མཚན་ཆེ་བའི་ཐུགས་རྩོལ་ཆེན་པོས་ཡང་ནས་ཡང་དུ་གསོལ་བ་འདེབས་པར་མཛད་པ་བཞིན་ཡང་གཏེར་ཉེ་བརྒྱུད་ཀྱི་རིགས་ཤིན་ཏུ་མང་བར་བྱོན་པ་རྣམས་རིན་ཆེན་གཏེར་གྱི་མཛོད་དུ་བཞུགས་པ་ལྟར་རོ།།

བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། དགུང་གྲངས་ཉེར་དགུ་ས་སྤྲེལ་ལོར་དབུས་སུ་ཕེབས་ལམ་བྱང་འབྲོག་དགེ་རྒྱལ་ནས་ཚེས་བཅུའི་ཚོགས་མཆོད་སྐབས་གུ་རུ་རིན་པོ་ཆེས་དངོས་ཞལ་བསྟན་ནས་བྱིན་གྱིས་བརླབས། བསམ་ཡས་སུ་ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་སྐུ་ཚབ་མདུན་མཆོད་འབུལ་མཛད་སྐབས་སྐུ་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་བྱིན་གྱིས་བརླབས་ཤིང་གདམས་པ་གནང་བ་ལ་བརྟེན། བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཆོས་སྐོར་བྱོན་པ་དང༌། དགུང་ལོ་སོ་ལྔ་པ་ཤིང་སྟག་རྒྱལ་ཟླ་བར་འཆི་མེད་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད་པས་འཕགས་མ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་དངོས་སུ་ཞལ་གཟིགས་ནས་བྱིན་གྱིས་བརླབས། སླར་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་ཀྱང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཕགས་མའི་སྙིང་ཐིག་གི་ཆོས་སྐོར་བྱོན་ཅིང༌། གྲུབ་ཐོབ་ཐུགས་ཏིག་གི་སྐོར་སྔར་སྨོས་པ་སོགས་ཡིན་ལ། འདི་དག་ནི་རྒྱུད་དང་དབྱེར་མེད་པའི་རྡོ་རྗེའི་ཚིག་རྐང་སོ་སྐྱེའི་བློ་ལས་འདས་པ་དགོངས་གཏེར་གྱི་ཕུལ་དུ་གྱུར་པའོ།།

ལྔ་པ་རྗེས་དྲན་ནི། བོད་དུ་བྱོན་སྐབས་གཙང་འུ་ཡུག་གི་མདོར་ཕེབས་པའི་ཚེ་སྔོན་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་ཇི་ལྟ་བར་རྗེས་སུ་དྲན་ནས་གཏན་ལ་ཕབ་པ་ལྕེ་བཙུན་སྙིང་ཐིག་དང༌། ལང་གྲོ་དཀོན་འབྱུང་གི་སྔོན་གནས་རྗེས་སུ་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག སེང་གདོང་དཀར་མོའི་བཅུད་ལེན་སོགས་སྣང་བར་མཛད་དོ།།

དྲུག་པ་དག་སྣང་ནི། གོང་སྨོས་འཆི་མེད་ཐུགས་ཏིག་གི་ཚེ་ཡུམ་ཙཎྜ་ལཱིའི་གདམས་སྐོར་དང༌། ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་ཡིག་ཆ། མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་ཀྱིས་མཚོན་མང་དུ་བཞུགས་པར་གདོན་མི་ཟའང་དངོས་སུ་སྤེལ་བ་ནི་དེ་ཙམ་མོ།།

བདུན་པ་སྙན་བརྒྱུད་ནི། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཆེན་དུ་བཞུགས་པའི་སྐབས་དག་པའི་སྣང་བར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབས། དེའི་ཕྱོགས་མཚམས་བརྒྱད་དབུས་དང་དགུར་གུ་རུ་མཚན་བརྒྱད། ཀུན་འདུས་གུ་རུ་རིན་པོ་ཆེ་བཅས་ཀྱི་སྐུའི་བཀོད་པར་བཞུགས་པ་རྣམས་ཀྱིས་སྒྲུབ་ཆེན་བཀའ་བརྒྱད། སྒྱུ་འཕྲུལ་ཞི་ཁྲོ་སོགས་ཀྱི་སྨིན་གྲོལ་སྙིང་པོ་སྙན་བརྒྱུད་དུ་བསྩལ་བ་གཏན་ལ་ཕབ་པ་རྣམས་ཏེ། དེ་དག་ནི་གསང་བའི་རྣམ་པར་ཐར་པའི་སྙིང་པོ་མདོ་ཙམ་སྨོས་པ་ཡིན་ནོ། །དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་རེ་ཞིག་མཐར་ཕྱིན་ནས་དགུང་གྲངས་དོན་གསུམ་བཞེས་པ་ཆུ་ཕོ་འབྲུག་གི་ལོ་དབོ་ཟླ་བའི་ཤར་ཕྱོགས་དགའ་བ་གཉིས་པའི་ནང་མོ་མེ་ཏོག་འཐོར་བ་དང་བཅས་ཤིས་བརྗོད་ཤིན་ཏུ་མང་པོ་གནང་རྗེས་མཉམ་པར་བཞག་བཞིན་པའི་ངང་ནས་གཟུགས་སྐུའི་བཀོད་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་དགོངས་དབྱིངས་སུ་བསྡུས་སོ། །སླར་ཡང་ལུང་དོན་བཞིན་སྤྲུལ་གཞི་རི་བོ་རྩེ་ལྔ་ནས་མཆོག་གི་སྤྲུལ་པའི་སྐུའི་བཀོད་པ་ལྔ་གཅིག་ཅར་དུ་སྣང་བར་མཛད་པས་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་དང་མཛད་བཞིན་པ་འདིའོ།།

༈ ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཅེས་དང༌། ལངྐར་གཤེགས་པ་ལས། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་སོགས་མཚན་དང་མཛད་པ་བཅས་སངས་རྒྱས་ཉིད་ཀྱིས་གསལ་བར་ལུང་བསྟན་པ་དང༌། ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཀྱང་གཏེར་ཁ་གསར་རྙིང་དུ་མ་ནས་རྡོ་རྗེའི་ལུང་གིས་འཁྲུལ་མེད་གསལ་བར་བསྔགས་པ་ལྟར། སྟོན་པའི་ཉེ་གནས་ཀུན་དགའ་བོ། རྣམ་སྣང་སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ན་སོགས་འཕགས་བོད་ཀྱི་མཁས་གྲུབ་ཤིང་རྟ་ཆེན་པོ་དུ་མའི་རོལ་པར་བཞེངས་ནས་རྒྱལ་བསྟན་གསལ་བར་མཛད་པ་ལས། སྤྲུལ་པའི་སྒྱུ་འཕྲུལ་འདི་ཉིད་ཉེ་བར་བསྟན་པའི་ཡུལ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ལྗོངས་སུ། ཡབ་ཁྱུང་རྒྱལ་གྲུབ་རིགས་བསྟན་འཛིན་གཡུང་དྲུང་དང་ཡུམ་རྣལ་འབྱོར་མ་བཀྲ་ཤིས་མཚོའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་བྱ་ཧོར་ཟླ་བཅུ་པའི་ཚེས་བཅུའི་ཉི་ཤར་ལ་སྐུ་བལྟམས། ཕལ་པའི་ཡུལ་ལས་འདས་པའི་ངོ་མཚར་དང་ལྡན་ཞིང་མཆོག་གཟིགས་དམ་པ་མང་པོས་བསྟན་འཛིན་སྐྱེས་ཆེན་དུ་ལུང་བསྟན། གཞོན་ནུའི་རོལ་རྩེད་ཐམས་ཅད་དབང་སྐུར་ཆོས་འཆད་ཛཔྲ་བཟླས་ཀྱི་ཚུལ་བཟང་ཁོ་ནར་སྟོན། དགུང་ལོ་ལྔ་པ་ནས་ཡི་གེའི་ཕྱི་མོ་སོགས་གསན་བསམ་བརྡ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུབ། ཨོ་རྒྱན་རིན་པོ་ཆེ་ལ་མི་ཕྱེད་པའི་ཐུགས་འདུན་རྩོལ་མེད་དུ་འཁྲུངས། དངོས་ཉམས་མནལ་ལྟས་སོགས་དག་པའི་སྣང་བ་འབའ་ཞིག་དང༌། དགུང་ལོ་བཅུ་སྐོར་ནས་སྔོན་སྦྱངས་ཀྱི་བག་ཆགས་སད་དེ་དམ་པའི་ཆོས་ལ་འཇུག་པའི་ཐུགས་དམ་བརྟན་ཅིང་བཟོ་དང་གསོ་རིག་སོགས་གཟིགས་པ་ཙམ་གྱིས་མཁྱེན། ཐུགས་རྒྱུད་དྲང་ཞིང་འཇམ་ལ་དམ་བཅས་པ་ལས་མི་འདའ་བ་དང་མཁྱེན་རྩལ་ཕྱོགས་མེད་དུ་རྒྱས་པ་སོགས་སྐྱེས་བུ་དམ་པའི་ཡོན་ཏན་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གསལ་བར་བསྟན། མཐུན་རྐྱེན་མ་འབད་པར་བསོད་ནམས་ཆེན་པོའི་མཐུས་ཚོགས་ཏེ། གནས་ལྔ་རིག་པའི་པཎྜི་ཏ་ཟེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་སོགས་མཁས་གྲུབ་ཡོངས་འཛིན་དུ་མ་ལས་ཐུན་མོང་གི་རིག་པའི་གནས་བཅུ་ཕྲག་བརྒལ་བ། ཐུན་མིན་ནང་གི་རིག་པ་དབུ་ཕར་འདུལ་མཛོད་བྱམས་ཆོས་གཙོ་བོར་གྱུར་པའི་མཚན་ཉིད་ཐེག་པའི་བཀའ་དང་དགོངས་འགྲེལ་མང་པོ། ཤིན་ཏུ་ཐུན་མིན་བཀའ་གཏེར་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་ཇི་སྙེད་པ་བཅས་གསན་ཏེ། གཞན་དྲིང་མི་འཇོག་པའི་མཁྱེན་པ་ནམ་མཁའི་ཀློང་ལྟ་བུར་གྱུར་པས་སརྦ་ཛྙཱ་ན་མ་ཧཱ་པཎྜི་ཏ་ཞེས་མཚན་སྙན་གྲགས་པ་དོན་ལྡན་གྱི་གོ་འཕང་མཐོན་པོ་བརྙེས། བྱམས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོའི་ཞབས་སེན་རིགས་ཀྱི་ཅོད་པན་དུ་བཞེས་ནས་སྡོམ་པ་གསུམ་གྱི་བདུད་རྩིས་མཚོན་མཐར་ཐུག་ངེས་གསང་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་མཛད་དེ་སྙིང་པོ་དོན་གྱི་བརྒྱུད་པའི་རྒྱལ་ཐབས་ལ་དབང་བསྒྱུར། ཁྱད་པར་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་གཙོ་བོར་གྱུར་པའི་རིས་མེད་ཀྱི་བཤེས་གཉེན་བཅུ་ཕྲག་ལྔ་ལྷག་གི་དྲུང་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་གངས་ཅན་ལྗོངས་སུ་མཆིས་སོ་འཚལ་གྱི་སྨིན་གྲོལ་གདམས་པའི་ཟབ་བཅུད་མཐའ་དག་རྫོགས་པར་གསན།

དེ་ཐམས་ཅད་ཀྱང་གསན་ལོ་ཙམ་དུ་མ་མཛད་པར་རེ་རེ་བཞིན་ཐུགས་ཉམས་སུ་བཞེས་ནས་ལམ་རྟགས་ཀྱི་ཡོན་ཏན་གཞུང་ནས་བཤད་པ་བཞིན་མ་གྲུབ་ཀྱི་བར་ཐུགས་བརྩོན་དྲག་པོས་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་དངོས་གྲུབ་རྣམ་གཉིས་ཉམས་འོག་ཏུ་ཆུད། བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་གི་གཞུང་བཤད་ཞལ་ཤེས་ལས་ཚོགས་ཕྱག་ལེན་ཕྲ་ཞིབ་དང་བཅས་པ་ཐུགས་ཀྱི་བུམ་པར་བསྐྱིལ་ནས། གསན་བསམ་སྒོམ་པའི་ཕྱག་རྗེས་རྨད་དུ་བྱུང་བའི་བསྟན་བཅོས་ཀྱང༌། ཐུན་མོང་རིག་པའི་གནས་ཀྱི་ལམ་ནས་བཟུང་ཐུན་མིན་ཐེག་དགུའི་མཐར་ཐུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཐུག་གི་བར་མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པ་ལེགས་པར་སྟོན་པ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྩ་བའི་སྙིང་པོ་རྣམས་དང་སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད། རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་མ་ཡང་ཕུར་གཤིན་གསུམ་སོགས་དང༌། གསར་འགྱུར་མར་རྔོག་རྒྱུད་སྡེའི་སྐོར་གྱི་སྒྲུབ་དཀྱིལ་སྨིན་གྲོལ་ཕྱོགས་གཅིག་ཏུ་བསྡུས་པ་བཀའ་བརྒྱུད་སྔགས་ཀྱི་མཛོད། སྔ་འགྱུར་བརྒྱུད་པ་དྲུག་ལྡན་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་བཅུད་དུ་དྲིལ་བ་རིན་ཆེན་གཏེར་གྱི་མཛོད། འོག་ཏུ་སྨོས་འགྱུར་བཞིན་ཤོག་སེར་དམ་རྫས་སོགས་ཟབ་གཏེར་གསང་བའི་ཁྱད་ནོར་ཐུན་མོང་མ་ཡིན་པའི་མཛོད་དང༌། དེའི་རྗེས་འབྲེལ་གསུང་རྩོམ་ཐོར་བུའི་རིགས་ཕྱོགས་བསྡུས་རྒྱ་ཆེན་བཀའི་མཛོད་དེ། དེ་ལྟར་མཛོད་ཆེན་རྣམ་པ་ལྔའི་ཤིང་རྟ་འཛམ་བུའི་གླིང་ན་སྔར་མེད་གསར་དུ་དྲངས་པའང་ཕྱོགས་རེའི་ཐོས་བསམ་གོ་བ་རགས་རིམ་རྙེད་པས་འབྲི་འདོད་རྩོམ་འདོད་ཀྱི་རྩོལ་བས་གྲགས་སྐམ་གྱི་ཡིག་ནག་འགའ་ཞིག་བྲིས་པ་ལ་བཀའ་འབུམ་དུ་བཏགས་པ་ཙམ་མ་ཡིན་པར། བསྟན་པ་རིས་མེད་པའི་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད་པ་ལྟ་བུར་གྱུར་པ་ངོ་མཚར་གསུང་རབ་གླེགས་བམ་དགུ་བཅུར་ལོངས་པའི་རྣམ་ཐར་ལ་གཞིག་ན་སྐུ་ཚེ་དེ་ཉིད་དུ་རྩོམ་པ་རྐྱང་པ་མཛད་པ་ལྟ་བུ། མདོ་སྔགས་བཀའ་གཏེར་གསར་རྙིང་རིས་སུ་མ་ཆད་པའི་དབང་ཁྲིད་མན་ངག་བཀླག་ལུང་སོགས་ཀྱི་འཆད་སྤེལ་ལ་བསམ་ན་སྐུ་ཚེ་ཁོ་ནར་འཆད་སྤེལ་ཤ་སྟག་མཛད་པ་ལྟ་བུ། སྔོན་འགྲོ་བསགས་སྦྱོང་གི་རྣལ་འབྱོར་ནས་བརྩམས་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པའི་བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་མཛད་ཚུལ་ལ་བརྟགས་ན་སྐུ་ཚེའི་རིང་སྒོམ་ཁང་འདག་སྦྱར་གྱིས་བཞུགས་པ་ལྟ་བུ། ཙཱ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་དགོན་སྡེ་གསར་སྤེལ་དང་རྟེན་རྙིང་མང་པོའི་ཉམས་གསོ། སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་གསར་བཞེངས། ཚོམ་བུ་ཚོགས་ཀྱི་སྒྲུབ་ཆེན་བརྒྱ་ཕྲག་ཕྱེད་གཉིས་ལྷག་བརྒལ་བ། དཀོན་མཆོག་གི་མཆོད་འབུལ། དགེ་འདུན་ལ་བསྙེན་བཀུར་སོགས་མདོར་ན་ཆོས་སྤྱོད་རྣམ་པ་བཅུའི་ཕྱག་རྗེས་ལ་གཞལ་ན་སྐུ་ཚེ་དེ་ཉིད་ལ་བྱ་བ་ལས་ཀྱི་འཁོར་ལོར་བརྩོན་ནས་བཞུགས་པ་ལྟ་བུ་སྟེ། ངེས་པར་འཕགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཞིག་གོ །ལྷག་པར་ཟབ་གཏེར་གྱི་བཀའ་བབས་ཚུལ་ནི། རྗེ་ཉིད་དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་གུ་རུ་རིན་པོ་ཆེ་དང་མཇལ་ཏེ་བྱིན་རླབས་བསྩལ་བ་ལ་བརྟེན་ཟབ་མོ་དག་སྣང་གི་ཆོས་སྡེ་དུ་མ་དང༌། ས་གཏེར་གྱི་བཀའ་བབས་ལན་གྲངས་དུ་མར་བྱུང་ཡང་བཏང་སྙོམས་སུ་འཇོག་པར་མཛད་པས། བར་སྐབས་རྟེན་འབྲེལ་གྱི་བབ་འཕྱུགས་པའི་རྐྱེན་ལས་ནང་དུ་མཁའ་འགྲོ་འཁྲུགས་པའི་ལྟས་དང༌། ཕྱི་སྣང་དུའང་སྐུ་ཤིན་ཏུ་ལྟེམས་པ་ཞིག་བྱུང་བའི་སྐབས་ཤིག་དངོས་དང་མནལ་ལམ་མི་ཕྱེད་པར་སྐུ་འཕོས་ཏེ་གུ་རུ་ཡབ་ཡུམ་དང་མཇལ་ནས་ཞུ་ལན་དུ་མའི་མཐར། སླར་ཡང་སྐྱེ་སྲིད་བཟུང་དགོས་པའི་བསླབ་བྱ་བསྩལ་བ་བཞིན་རང་མལ་དུ་ཞུགས་པའི་ཐུགས་ཉམས་ཤར། མནལ་ལྟས་དང་རྗེ་མཁྱེན་བརྩེའི་དབང་པོའི་བཀས་བསྐུལ་ནས་བཀའ་དྲིན་ལྷ་མོའི་གསོལ་ཁ་གཏན་ལ་ཕབ་པ་ན། སྤྲིན་མེད་ཀྱི་ནམ་མཁར་འཇའ་ཚོན་གྱི་གུར་ཁྱིམ་ཟླུམ་པོ་ཤིན་ཏུ་འཚེར་བ་ཤར་ཞིང་སྐུ་ཁམས་ཀྱང་དྭངས། བླ་མ་དགོངས་འདུས་ཀྱི་བསྙེན་སྒྲུབ་མཛད་སྐབས་མནལ་ལམ་དུ་གུ་རུ་རིན་པོ་ཆེ་མཇལ་ནས་དབང་བཞི་སྔགས་ཚིག་དང་བཅས་པའི་བྱིན་རླབས་བསྩལ་ཞིང༌། འདི་ལོའི་ཚེ་ཀེག་སེལ་བ་ཡིན། ཕྱིན་ཆད་ལོ་ཤས་མཚམས་ནས་ངེད་རང་དངོས་དང་འཕྲད་འོང་བས་ཞལ་གདམས་བསླབ་བྱ་རིམ་པར་འབྱུང་གསུངས་པའི་དགོངས་དོན། དགུང་ལོ་བཞི་བཅུར་སོན་སྐབས་གཏེར་ཆེན་མཆོག་གྱུར་གླིང་པ་ཐོག་མར་མཇལ་བ་ཙམ་ནས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང༌། ཁྱད་པར་གྱི་ལུང་བྱང་བསྩལ་བ་རྣམས་ཀྱང་ཕྱག་བཞེས་སུ་བསྟར། ལྷག་པར་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཞལ་འབྱེད་པར་གནང་བའི་སྐབས། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་དང་གཏེར་ཆེན་མཆོག་གླིང་ལྷན་རྒྱས་ནས། ཙིཏྟ་གསང་ཕུག་ཏུ་ཆོས་ཁྲི་མཐོན་པོ་ལ་རྗེ་ཉིད་བཞུགས་སུ་གསོལ་ཞིང༌། རྟེན་འབྲེལ་གྱི་འབུལ་ཆེན་དང་འབྲེལ་ཨོ་རྒྱན་དུས་གསུམ་མཁྱེན་པས་གསོལ་བའི་མཚན། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའོ། །ཞེས་པའི་མངའ་གསོལ་ཞིང་དྲིལ་ཆེན་བསྒྲགས། སླད་ནས་ཟབ་གཏེར་གྱི་རྟེན་འབྲེལ་ཉམས་པ་སོར་ཆུད་དགོས་པའི་ཞུ་ནན་བརྟན་བཞུགས་དང་འབྲེལ་བར་འབུལ་གནང་མཛད་པས་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ། རིམ་པར་རྗེ་མཁྱེན་བརྩེའི་བཀའ་ལུང་བཞིན་ལྷ་མདོ་འབུར་མོ་བྲག་གི་ཁ་བྱང་ཕྱག་ཏུ་ཕེབས་ཤིང་རྗེ་ཉིད་ལའང་གསལ་སྣང་ཁྱད་པར་ཅན་འཁྲུངས།

དགུང་ལོ་ང་བརྒྱད་པར་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ། སྐུ་མཆོག་བདེ་ཆེན་ཕུག་ནས་རྩ་གསུམ་དགོངས་འདུས་ཀྱི་རྒྱབ་ཆོས་ཤོག་སེར་དང་ཧཱུྃ་ཀ་རའི་གསང་གོས་སོགས། པདྨ་ལྷ་རྩེའི་དབུས་རི་རྗེ་བཙུན་ཕུག་ནས་གུ་རུའི་སྐུ་ཚབ་བཀྲ་ཤིས་དཔལ་འབར་དང༌། མཱ་ར་ཏི་ཀར་གུ་རུའི་ཕྱག་སྒྲིལ་ཚེ་རིལ། མཁན་ཆེན་ཞི་འཚོའི་སྐུ་ཆོས། ཆོས་རྒྱལ་ཁྲི་ལྡེའི་སྐུ་རགས་སོགས། རྨ་རོང་གྲུ་གུ་བཀྲ་ཤིས་གཏེར་རྫོང་ནས་རྩ་གསུམ་དགོངས་འདུས་མཁའ་འགྲོའི་རྒྱབ་ཆོས་དང༌། ཚེ་ཡུམ་ཙཎྜ་ལཱིའི་སྒྲུབ་སྐོར་སོགས། རོང་ཁ་ཤེལ་བྲག་འོད་རྫོང་ནས་ཚེ་དཔག་མེད་དང་རྟ་མགྲིན་སྒྲུབ་སྐོར་གྱི་ཤོག་སེར། མན་དཱ་ར་བའི་ཚེ་རིལ་སོགས། གཙང་རོག་བཀྲ་ཤིས་བརྩེགས་རྫོང་ནས་ཉེ་སྲས་བརྒྱད་ཀྱི་དམ་རྫས་དང་སྒྲུབ་ཐབས་ཤོག་སེར། ཙཱ་འདྲ་རིན་ཆེན་བྲག་གི་མཚོ་རྒྱལ་གསང་ཕུག་ནས་གསང་ཐིག་ཡབ་བཀའ་ཡུམ་བཀའི་སྒྲུབ་སྐོར་ཤོག་སེར། འཆི་མེད་རིག་འཛིན་བཅུ་གསུམ་གྱི་ཚེ་རིལ་སོགས་གཏེར་ཁ་རེ་རེའི་སྡེབས་སུའང་ཁྱད་འཕགས་དམ་རྫས་རྣམ་གྲངས་བརྗོད་ཀྱིས་མི་ལང་ཞིང༌། གཞན་ཡང་རྗེ་ཉིད་ཀྱི་དབང་སྐལ་དུ་གྱུར་ཀྱང་གནས་དུས་ཀྱིས་ཕྱག་ཏུ་མ་སོན་པ་འགའ་ཞིག་རྗེ་མཁྱེན་བརྩེ་རིན་པོ་ཆེས་གཏེར་སྲུང་ལ་དམ་བསྒྲགས་གནང་བའི་མཐུས་གཏེར་སྟོན་ལས་རབ་གླིང་པ་མངགས་གཞུག་མཛད་དེ་བཏོན་པ་དང༌། འགའ་ཞིག་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་ཏེ་རྗེ་ཉིད་ཀྱི་ཕྱག་ཏུ་ཕེབས། དེ་དག་ལའང་ཐོག་མར་ལུང་བྱང་བཞིན་སྣ་སེལ་རིགས་རྣམས་འཇམ་མགོན་རྣམ་གཉིས་ཞལ་རྒྱས་པས་མཛད། ཟབ་གཏེར་ཕྱག་ཏུ་སོན་པས་ཐམས་ཅད་རྗེ་མཁྱེན་བརྩེའི་དབང་པོའི་གཟིགས་ལམ་དུ་འབེབས་པ་གནང༌། རྗེ་དེས་ཀྱང་མངའ་དབུལ་ཚོགས་མཆོད་དང་དངོས་འབུལ་མཎྜལ་སྔ་རྗེས་དུ་མ་བསྟར་བར་མཛད་ཅིང༌། ཁྱད་པར་རྩ་གསུམ་དགོངས་འདུས་ཀྱི་ཆོས་གཏེར་ཆེན་མོ་སྤྱན་འདྲེན་པར་མཛད་པ་ན་ལེགས་སྐྱེས་རྒྱ་ཆེར་སྤྲོ་བ་དང་ཆབས་ཅིག སྔོན་མཆོག་གྱུར་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་གཏེར་ཕྱུངས་ཀྱང་ཤོག་སེར་གཏན་ནས་འབེབས་མ་ཐུག་པར་ཁོང་གིས་གཏན་ལ་འབེབས་གྲོགས་མཛད་པས་གོ་ཆོད་པར་བྱུང་སོང་ཞིང༌། ད་རེས་ཀྱི་རྩ་གསུམ་དགོངས་འདུས་མཛོད་ཆེན་རྣམ་ལྔ་ཡོངས་འདུས་ཀྱི་ཆོས་སྡེ་གཏན་ལ་འབེབས་པའི་གྲོགས་དན་མཛད་པར་ཞལ་གྱིས་བཞེས།

དེ་ནས་རིམ་བཞིན་གཟིགས་སྣང་དུ་སྔགས་སྲུང་མས་བརྡ་འགྲོལ་ལན་གཉིས་དང་བཀའ་རྒྱ་སྡོམ་འགྲོལ་གྱི་དུས་སོགས་གསལ་བར་བྱུང་འདུག་ཅིང༌། ཁྱད་པར་ཚེས་ཉེར་དགུའི་ནུབ་རྗེ་མཁྱེན་བརྩེ་རིན་པོ་ཆེའི་དག་པའི་གཟིགས་ངོར་འཇམ་མགོན་བླ་མ་ཉིད་གྲུབ་པའི་རིག་འཛིན་ཧཱུྃ་ཀ་རའི་རྣམ་པར་བཞེངས་ནས། རྩ་གསུམ་དགོངས་འདུས་ཀྱི་དབང་ཁྲིད་མན་ངག་བཅས་གནང་བའི་གསལ་སྣང་འཁྲུངས་པའི་རྐྱེན་གྱིས་ཤོག་སེར་གྱི་དོན་ཚང་མ་ཐུགས་ལ་གསལ་བར་ཤར་འདུག་གསུངས་ཏེ། འཇམ་མགོན་རྣམ་གཉིས་ཞལ་རྒྱས་པས་རྩ་གསུམ་དགོངས་འདུས་ལས་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆོས་སྡེ་ཐོ་བཀོད་ཀྱང་གནང༌། འདི་ལ་མཁའ་འགྲོའི་བརྡ་བསྒྱུར་ཆེན་མོའི་དབང་དུ་བྱས་ན་སངས་གླིང་བླ་མ་དགོངས་འདུས་ཙམ་ཞིག་འབྱུང་བར་སྣང་ཡང་བརྡ་བསྒྱུར་འབྲིང་པོའི་དབང་དུ་མཛད་ན་རྒྱས་བསྡུས་འཚམས་པས་ལེགས་གསུངས་ནས། ཆོས་ཚན་དྲུག་ཙམ་གཏན་ལ་ཕབ་འཕྲོས་མི་ཆེན་འགའ་ཞིག་གི་འགྲུལ་རྐྱེན་གྱིས་རྗེ་མཁྱེན་བརྩེའི་དབང་པོ་སྐུ་ཁམས་རྙོགས་ནས་འཕྲོས་རིམ་ལུས་ཀྱིས་དུས་ཚོད་ཡོལ་བ་སྤྱི་མཐུན་བསོད་ནམས་དམན་པའི་སྐྱོན་དུ་སྣང༌། དེ་སྐབས་འཇམ་མགོན་རྗེའི་ཐུགས་ཐོག་ནས་ཀྱང་སྔ་མ་ཕབས་རིམ་བཞིན་ཕྱི་མ་རྩོལ་མེད་དུ་ཆུ་བོའི་རྒྱུན་བཞིན་འཆར་བ་དང༌། ཌཱ་ཀིའི་འདུ་བ་སོགས་ཁྱད་པར་ཅན་གྱི་ལྟས་མང༌། སྐབས་ཤིག་གི་ཐོ་རངས་ཐུགས་ཉམས་ཀྱི་སྣང་བ་གསལ་བ་ཞིག་ལ་བཀོད་པ་ཕུན་སུམ་ཚོགས་པའི་ལྷ་ཁང་ཞིག་ཏུ་ངོ་བོ་གུ་རུ་རིན་པོ་ཆེ་ཡིན་སྙམ་པ་ལ་རྣམ་པ་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཉིད་སྣང་སྟོང་འོད་ཀྱི་སྐུ་ཅན་རྣམ་འགྱུར་མ་ངེས་པ་ཞིག་ཏུ་བཞུགས་པ་ལ་གུས་འདུད་མཛད་པས། རིག་འཛིན་རྒྱུན་གྱི་རྣལ་འབྱོར་ལྟར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་རྗེས་ཟློས། ལྷ་བསྐྱེད་བྱིན་འབེབས་བཅས་མཛད། བུམ་པ་ཞིག་བླངས་ནས་དབུ་གཙུག་ཏུ་བཞག གསང་དབང་ཡུམ་དང་སྦྱོར་བའི་བྱང་སེམས་གནང༌། ཤེར་དབང་ལ་རིག་མ་གཏད། ཐུགས་ཀ་ནས་ཤེལ་རྡོ་ཞིག་ཕྱུངས་པ་བསྟན་ཏེ་ཆོས་ཐམས་ཅད་ཀ་དག་གཏིང་གསལ་ཤེལ་སྒོང་ལྟ་བུ། ལྷུན་གྲུབ་ཀྱི་གདངས་རྩལ་ཅིར་ཡང་འཆར་བ་ཤེལ་འོད་ཀྱི་གདངས་ཕྱི་རུ་གསལ་བ་ལྟ་བུའོ། །ཞེས་ངོ་སྤྲད་ནས་སྐུ་མི་སྣང་བར་གྱུར། ཡང་ལས་ཀྱི་ཧེ་རུ་ཀའི་སྐུར་སྣང་བས་བཀའ་གཏེར་སྲུང་མ་རྣམས་སྐད་ཅིག་གིས་བཀུག་ནས་དངོས་སུ་ལང་ལོང་ཡོད་པ་ལྟ་བུ་ལ་བཀའ་བསྒོས་ནས་བཀའ་གཏད་དང༌། རྗེས་གནང་གདམས་གཏད་ཀྱི་རྣམ་པ་སྩལ་བའི་མཐར་ལུང་བྱང་ལྟ་བུའི་ཚིགས་བཅད་མང་ཞིག་གསན་མཐར་ཐུགས་ཉམས་སད། ཚོགས་འཁོར་གྱི་རྡོ་རྗེའི་གླུའི་སྐབས་བདེ་དྲོད་བཙན་ཐབས་སུ་འཁྲུངས་ཤིང་ཐུགས་ཉམས་འུར་བ་སོགས་བྱིན་རླབས་ཀྱི་བབས་ཆེ་བའི་རྟགས་ཀྱང་བྱུང༌། གསང་ཐིག་ཡབ་ཡུམ་གྱི་ཤོག་སེར་ཡང་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནས་འབེབས་པར་མཛད། ལམ་ཟབ་ལེའུ་བདུན་མ་འཇམ་མགོན་ཉིད་ཀྱིས་གཏན་ལ་འབེབས་པར་གནང་ཞིང༌། གུ་རུ་པདྨ་སཾ་བྷའི་ཆས་ཅན་མཚན་པདྨ་རིག་འཛིན་ཞེས་པས་བཀླག་ལུང་ལན་གསུམ་མཛད་པའི་དག་སྣང་འཁྲུངས། ཟླ་གམ་དབང་ཕུག་ནས་ཚིག་བདུན་སྒྲུབ་ཐབས་ཀྱི་ཆོས་སྐོར་དག་སྣང་སྙན་བརྒྱུད་དུ་བྱུང་བའི་རྒྱུ་མཚན་རྗེ་བླ་མར་སྙན་སྒྲོན་མཛད་པས། མི་ཟད་རྒྱན་འཁོར་ལྔ་མཚོན་པའི་རྟེན་དང་འབྲི་གཞི་བཅས་ཕུལ་ནས་འབེབས་པའི་བསྐུལ་མ་གནང་བ་ལྟར་ཕལ་ཆེར་གཏན་ལ་ཕབ་གྲུབ་ནས་རྗེ་རྣམ་གཉིས་ལྷན་རྒྱས་ཀྱིས་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཚོགས་འཁོར་མཛད་པས། རྗེ་མཁྱེན་བརྩེ་རིན་པོ་ཆེར་གཟིགས་སྣང་ཁྱད་པར་ཅན་ཤར། རོང་མེ་དཀར་མོ་སྟག་ཚང་དུ་གྲོ་ལོད་སྒྲུབ་ཐབས་གཏན་ལ་ཕབ་ནས་ཚོགས་མཆོད་རྗེ་རྣམ་གཉིས་ལྷན་རྒྱས་ནས་མཛད་སྐབས། རྗེ་མཁྱེན་བརྩེའི་གཟིགས་སྣང་དུ་སྡིག་པ་རྭ་ཙ་ཆེན་པོ་དཀར་ནག་གཉིས་བྱུང་བས་འདི་ཤིན་ཏུ་གཉན་པའི་ལྟས་སུ་འདུག་གསུངས། ཙཱ་འདྲ་རིན་ཆེན་བྲག་དང་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གཉིས་གནས་ཆེན་ཡིན་པའི་གསལ་སྣང་འཁྲུངས་པ་བཞིན། ཕྱིས་མཆོག་གླིང་ལ་གནས་ཡིག་དང་གནས་སྒོ་འབྱེད་པར་བསྐུལ་མ་གནང་བས་གནས་ཆེན་ཉེར་ལྔའི་མདོ་བྱང་དཔའ་བྲག་ནས་བཞེས་པའི་རྐྱེན་དང་གནས་སྒོ་འབྱེད་པ་སོགས་ཀྱང་བྱུང༌། ཨ་ལོའི་དཔལ་དེའུ། ཙཱ་འདྲའི་གནས་ལག་དཔེ་ཝར་གནས་ཆེན་རྣམས་ཀྱང་རྗེ་མཁྱེན་བརྩེའི་བཀའ་ལྟར་འཇམ་མགོན་མཆོག་གི་ཞལ་སྔ་ནས་གནས་ཀྱི་བཞུགས་ཚུལ་ཀུན་ལ་མཚོན་པར་མཛད། ཆོས་ཚན་གཏན་ལ་ཕབ་གྲུབ་པ་རྣམས་ཀྱི་དབང་ལུང་ཀཿདཔལ་ཞེ་རྫོགས། ས་དགེ འབྲི་སྟག ཀརྨ་ཀཾ་ཚང་བཅས་པའི་སྐྱེས་མཆོག་རྣམས་ཀྱིས་དབུས་ལས་ལྡན་ཡོངས་ལ་ཐང་མར་བརྡལ་བའི་བཀའ་དྲིན་དང༌། དམ་རྫས་རྣམས་ཀྱི་འགྲོ་དོན་དངོས་དང་བརྒྱུད་ནས་ཕྱོགས་མཐར་སྤེལ་བའི་ཕྲིན་ལས་འབྲེལ་ཚད་དོན་ལྡན་གྱི་སྒོ་འཕར་ཡངས་པོར་ཕྱེས། དབང་དང་སྒྲུབ་ཆེན་ཚོགས་འཁོར་སོགས་ཀྱི་སྐབས་སུ་བདུད་རྩི་ཁོལ་ཞིང་རཀྟ་ལུད་པ། སྨན་གྱི་དྲི་ངད་རིང་པོ་ནས་ཚོར་བ། འཇའ་སྤྲིན་གྱི་གུར་དང་མེ་ཏོག་གི་ཆར་འབེབས་པ་སོགས་ཡ་མཚན་པའི་ལྟས་སྣ་ཚོགས་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང༌། གཞན་ཡང་ཁང་ཁྱིམ་ལ་ཟང་ཐལ་དུ་ཕེབས་པ། རྡོ་ལ་ཕྱག་ཞབས་ཀྱི་རྗེས་བྱོན་པ། སྣང་བ་ལ་བདེན་འཛིན་མེད་པས་འཁྲུལ་པ་ཞིག་པའི་ངང་ཚུལ་ཅན་དུ་བཞུགས་པ་དང༌། ཁྱད་པར་ཟབ་གཏེར་གྱི་ལུང་བྱང་དུ་སྐུ་ཚེ་ཐུང་ངུ་ཞིག་ལས་མེད་པར་གསལ་ཡང་རྡོ་རྗེའི་རྣལ་འབྱོར་དང་རྩ་རླུང་གི་ནུས་པས་སྐུ་ཚེ་ཕྱིར་བསྲིངས་ཏེ་དགུང་གྲངས་བརྒྱད་ཅུ་གྱ་བདུན་གྱི་སྟེང་དུ་སོན་ཀྱང་སྐུ་གཞོན་ཤ་ཆགས་ཤིང་སྤྱན་སླར་གསལ་བ་སོགས་གྲུབ་རྟགས་ནང་གི་ཆེ་བ་མངོན་སུམ་ཚད་མའོ། །ཚུལ་དེ་ལྟ་བུས་དངོས་ཀྱི་མཛད་པ་རེ་ཞིག་མཐར་ཕྱིན་ཏེ་དགུང་གྲངས་གྱ་བདུན་པ་ས་ཕག་མགོ་ཟླའི་ཤར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ངོ་མཚར་བའི་ཆོ་འཕྲུལ་དུ་མ་དང་བཅས་སྐུའི་བཀོད་པ་ནུབ་ཕྱོགས་ཤཱནྟ་པུ་རིའི་གྲོང་ཁྱེར་དུ་དཔའ་བོ་ཐོད་པའི་དུམ་བུ་རྩལ་གྱི་ཐུགས་དབྱིངས་སུ་བསྡུས་སོ།།

དེ་ལྟར་ན་བདག་ཉིད་ཆེན་པོ་འདིའི་གསུང་དང་ཐུགས་ལས་བྱོན་པའི་སྲས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། གཙོ་བོར་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་ཕན་ཚུན་གཉིས་ཀ་བླ་མ་སློབ་མ་གཉིས་ལྡན་གྱི་ཚུལ་དུ་བཞུགས་པས་དུས་དེང་སང་གི་བར་དུ་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཞེས་སྙན་པའི་སྒྲ་དབྱངས་བོད་ཁམས་ཡུལ་གྲུ་ཀུན་ན་མཁས་པ་པཎྜི་ཏ་ནས་བླུན་པོ་བ་ལང་རྫི་ཡན་ཆད་ལ་རླུང་ལྟར་གྲགས་པ་འདི་བཞིན་དང༌། གཞན་དུ་བསྟན་པ་ཡོངས་རྫོགས་གཏད་ཅིང་དོན་གྱི་རྒྱལ་ཚབ་ཏུ་གྱུར་པ་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། ཏཱའི་སི་ཏུ་བཅུ་པ་དང་བཅུ་གཅིག་པ་གཙོ་བོར་གྱུར་པའི་ཀར་འབྲུག་འབྲི་སྟག་སོགས་བཀའ་བརྒྱུད་པའི་བསྟན་འཛིན་རྣམས་དང༌། ཐར་རྩེ་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོ། རྫོང་གསར་མངའ་རིས་ཆོས་རྗེ་ཀུན་དགའ་འཇམ་དབྱངས་སོགས་ས་ངོར་གྱི་བསྟན་འཛིན་རྣམས་དང༌། མི་ཕམ་འཇམ་དབྱངས་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ། ཁོ་བོའི་རིགས་བདག་རྗེ་འགྱུར་མེད་ངེས་དོན་དབང་པོ་དང༌། རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སོགས་སྔ་འགྱུར་ཕྱོགས་ཀྱི་བསྟན་འཛིན་ཆེན་པོ་རྣམས་དང༌། རྒྱུད་སྨད་མཁན་པོ་ཡེ་ཤེས་གོང་འཕེལ། བྲག་གཡབ་གདོང་སྤྲུལ་མཁས་མཆོག་ངག་དབང་དམ་ཆོས་རྒྱ་མཚོ་སོགས་རི་བོ་དགེ་ལྡན་པའི་སྐྱེས་མཆོག་དུ་མ་སྟེ། མདོར་ན་སྐབས་དེར་དབུས་གཙང་ནས་མདོ་ཁམས་སྟོད་སྨད་བར་གསུམ་ཡན་གྱི་མཁས་པ་པཎྜི་ཏ། རྟོགས་ལྡན་ཉམས་མྱོང་ཅན། དགེ་བའི་བཤེས་གཉེན་ཆེ་ཕྲ་དཔག་ཏུ་མེད་པ་ཐམས་ཅད་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུར་སྣང་ངོ༌།།

༈ སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི། ཡབ་ལྷ་རིགས་འཇུ་མགོན་པོ་དར་རྒྱས་དང༌། ཡུམ་སྨུག་པོ་གདོང་བཟའ་སྲིང་ཆུང་མའི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་རྟ་ལོར། མདོ་ཁམས་ཀླུང་དལ་འབབ་ཀྱི་འགྲམ་ཡ་ཆུའི་དིང་ཆུང་དུ་གྲགས་པའི་སར་སྐུ་བལྟམས། ཉིད་ཀྱི་ཁུ་བོ་དབོན་བླ་མ་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་པའི་མཚན་གྱི་ཅོད་པན་གསོལ། སྐུ་ཆུང་ངུའི་དུས་ནས་དད་པ་དང་ངེས་འབྱུང་ཤེས་རབ་སྙིང་རྗེ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཐམས་ཅད་ལྷན་སྐྱེས་སུ་མངའ། དགུང་གྲངས་དྲུག་བདུན་ནས་སྡོམ་གསུམ་རྣམ་ངེས་ཐུགས་འཛིན་མཛད་ཅིང་རྩིས་དཀར་ནག་གི་སྔོན་འགྲོ་སོགས་གསན། བཅུ་སྐོར་ནས་འབྲི་ཀློག་ལ་ཐོགས་པ་མེད་པས་ལྗགས་རྩོམ་ཀྱང་ཅི་རིགས་གནང༌། བཅུ་གཉིས་པའི་ཐོག་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཆོས་བརྒྱུད་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགོན་ལག་འཇུ་མེ་ཧོར་གསང་སྔགས་ཆོས་གླིང་དུ་གྲྭ་བཙུན་དཀྱུས་མའི་ཚུལ་དུ་བཞུགས་པས་སྐབས་དེར་བཙུན་ཆུང་མཁས་པ་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར། བཅོ་ལྔ་པར་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་གཟིགས་ཏེ་འཇམ་དཔལ་ལ་གསོལ་བ་བཏབ་པས་མ་ལུས་པར་མཁྱེན། འཇུ་ཉུང་རི་ཁྲོད་དུ་ཟླ་བ་བཅོ་བརྒྱད་རིང་འཇམ་དཔལ་སྨྲ་སེང་བསྒྲུབས་ཤིང་རིལ་བུའི་ལས་སྦྱོར་མཛད་པས་རྟགས་མཚན་ཁྱད་པར་ཅན་བརྙེས་ཏེ། དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་གང་གཟིགས་ལ་མི་མཁྱེན་པ་མ་བྱུང་བས་བཤད་ལུང་ཙམ་ལས་སློབ་གཉེར་བསླབ་སྦྱང་མ་མྱོང་གསུངས། བཅུ་བདུན་སྐབས་ཉག་རོང་སྡེ་གཟར་གྱིས་འབྲོག་སྡེ་མཐའ་དག་མགོ་ལོག་ཏུ་གནས་སྤོས་པས་རྗེ་ཉིད་ཀྱང་དེར་བྱོན། དུས་འདི་ཙམ་ནས་ས་རིས་ལ་ཤིན་ཏུ་མཁས་པར་གྲགས། བཅོ་བརྒྱད་པར་སྐུ་ཞང་འགྱུར་བཟང་དང་ལྷན་དུ་བོད་དབུས་ཕྱོགས་སུ་གནས་སྐོར་ལ་བྱོན་ཅིང༌། སྐབས་དེར་དགའ་ལྡན་དུ་ཟླ་བ་གཅིག་ཙམ་གྲྭ་སར་བཞུགས།

དེ་ནས་ལྷོ་གནས་རྒྱས་པར་བྱོན་པའི་ལམ་ཞོར་ལྷོ་བྲག་མཁར་ཆུར་ཕེབས་པའི་ཚེ་ཐ་མལ་གྱི་སྣང་བ་གནས་འགྱུར་ཏེ་གང་སྣང་བདེ་སྟོང་དུ་ཤར་ནས་བདེ་དྲོད་ཀྱི་ཉམས་འབར་བ་ཞག་ཤས་བར་བྱུང་བ་ནི་གནས་དེའི་བྱིན་རླབས་འདྲ་གསུངས། བྱང་ལམ་དུ་ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་ཞེས་པའི་གླེགས་བམ་ཕྱག་ཏུ་འབྱོར་བའི་དག་སྣང་བྱུང་ཚུལ་གཞུང་དེའི་གཤམ་དུ་གསལ། ཕྱིར་ཕེབས་ཏེ་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་མདུན་ནས་མ་ཏིའི་འཇམ་དཀར་གྱི་རྗེས་གནང་གསན་པས་དབང་གནང་དུས་དང་རྗེས་སུ་མཀྴའི་ལས་སྦྱོར་གནང་སྐབས་གཉིས་ཀར་གཞུང་ནས་བཤད་པ་ལྟར་གྱི་གྲུབ་པའི་རྟགས་མཚན་མངོན་དུ་གྱུར་པས་མཁྱེན་རབ་ཀྱི་པདྨ་བཞད། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལས་ཞག་ལྔའི་ཁོངས་སུ་སྤྱོད་འཇུག་ཤེས་རབ་ལེའུ་གསན་པས་ཚིག་དོན་གྱི་ཆ་མཐའ་དག་དཔྱིས་ཕྱིན་པར་ཐུགས་སུ་ཆུད་ཅིང་ཕྱིས་ཤེར་ཊཱིཀ་སོགས་ཀྱང་མཛད། ཁྱད་པར་ཚེ་རབས་ལས་ཀྱིས་འབྲེལ་བའི་རིགས་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་པས། ནང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ་ཐོག་མར་མ་ཏིའི་འཇམ་དཀར་གྱི་རྗེས་སུ་གནང་བས་ཆོས་སྒོ་ཕྱེས་པ་ནས་བཟུང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་གི་སྒོ་དུ་མ་དང༌། ཉེ་བརྒྱུད་དུ་བྱོན་པའི་མདོ་སྔགས་ཀྱི་གཞུང་ཁྱད་དུ་འཕགས་པའི་རིགས། གསང་ཆེན་རྡོ་རྗེ་ཐེག་པ་བཀའ་གཏེར་དག་སྣང་ཇི་སྙེད་པའི་སྨིན་གྲོལ་རྒྱབ་བརྟེན་མན་ངག་ཕྱག་བཞེས་དམར་ཁྲིད་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ། གཞན་ཡང་སྔ་རྗེས་ཅི་རིགས་པར་འཇམ་མགོན་བློ་གྲོས་མཐའ་ཡས་ལས་སྒྲ་ཙན་དྲ་པ་དང༌། དངུལ་ཆུ་བཙོ་བཀྲུའི་ལག་ལེན་སོགས་ཐུན་མོང་རིག་གནས་དང༌། འཇམ་དཔལ་ཚེ་བདག་ལྕགས་འདྲ་ལྕགས་སྡིག་སོགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་རིགས། རྫོགས་ཆེན་མཁན་པདྨ་བཛྲ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་མཐའ་ཡས་པ་གསན་པར་མཛད།

དེ་ཡང་གསན་པ་ཙམ་དུ་མ་བཞག་པར་ཐུགས་ཉམས་སུ་ལེགས་པར་བཞེས། རྒྱུ་སྐུ་ཚེ་དཔག་ཏུ་མེད་པ་ནས་ལེགས་པར་སྦྱངས་ཤིང་གོམས་པའི་དཀར་པོའི་རིགས་ཀྱི་ནུས་པ་ཉིད། རྐྱེན་བླ་མའི་ཐུགས་རྗེ་དང་དགོངས་པའི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཡོངས་སུ་སད་པས། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ཟབ་པ་དང་རྒྱ་ཆེ་བའི་ཚུལ་མཐའ་དག་རྟོན་པ་བཞི་དང་མི་འགལ་བར་སོ་སོ་ཡང་དག་པར་རིག་པ་བཞིའི་ཚུལ་གྱིས་ཐུགས་སུ་ཆུད་དེ། རང་བྱུང་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པ་ལ་དབང་འབྱོར་བས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བ་ཡིན་ཏེ། དགེ་བའི་བཤེས་གཉེན་འཇུ་དབོན་འཇིགས་མེད་རྡོ་རྗེ་ལས་མདོ་སྡུད་པའི་རྩ་བའི་ལུང་ཙམ་ཞིག་གསན་ནས། དེ་འཕྲལ་ཕར་ལ་ཟླ་བ་གཅིག་བཤད་པ་མཛད་པ་དང༌། འབུམ་གསར་དགེ་བཤེས་ངག་དབང་འབྱུང་གནས་ལས་དབུ་མ་འཇུག་པ་གསན་དུས་བཤད་ལུང་ཙམ་ལས་འོ་བརྒྱལ་གནང་མི་དགོས་ཚུལ་ཞུས་པར། བཤད་ལུང་གནང་འཕྲལ་དེ་ཉིན་ནས་རྒྱུགས་ཕུལ་གསུངས་པས། འཇུག་པའི་མགོ་ནས་མར་བཤད་པ་མཛད་པས། དགེ་བཤེས་ཀྱིས་ཕྲན་ནི་དགེ་བཤེས་ཀྱི་མིང་ཐོབ་ནའང་འདིའི་བློ་གྲོས་ཀྱི་ཆ་ཤས་ཙམ་ཡང་མ་མཆིས་སོ་ཞེས་འཁོར་གྱིས་དབུས་སུ་བསྔགས་པ་མཛད། དཔོན་སློབ་བློ་གཏེར་དབང་པོའི་མདུན་ནས་ཚད་མ་རིག་གཏེར་དང༌། གསོལ་དཔོན་པདྨ་ལས་བྱམས་ཆོས་བྱང་ས་སོགས་གཞུང་སྤེལ་མའི་བཤད་ལུང་གི་རྒྱུན་ཙམ་གསན་ནས། དེ་འཕྲལ་ཕར་ལ་བཤད་པ་རྒྱས་པར་གནང་བས་མཚོན་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དོན་མཐའ་དག་ཐུགས་ལས་རང་བརྡོལ་གྱི་ཚུལ་དུ་བྱུང་བས། གཞུང་ལུགས་རབ་འབྱམས་སྨྲ་བ་དུ་མའི་ཚོགས་དབུས་སུ་འཇིགས་མེད་སེང་གེ་ལྟ་བུར་བག་ཡངས་སུ་རྒྱུ་ཞིང༌། འཆད་པ་དང༌། འབེལ་བ་དང༌། གཞུང་འགྲེལ་རྩོམ་པ་སོགས་ལ་ཐོགས་པ་མེད་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ལ་སུས་ཀྱང་བསྙོན་དུ་མེད། རྗེ་ཉིད་ཀྱི་ཞལ་ནས་ཀྱང་ཕྲན་ཆུང་ངུའི་དུས་སུ་གསར་རྙིང་གི་དགེ་བའི་བཤེས་གཉེན་བཟང་ལ་མང་བ་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ལྟ་བུ་ཡིན་ཡང༌། རང་ནས་དཔལ་སྤྲུལ་རིན་པོ་ཆེའི་མདུན་ནས་སྤྱོད་འཇུག་ཤེར་ལེ་ཙམ་ལས་གཞན་ཆེར་ཐོས་པ་མ་བྱུང༌། ཕྱིས་བླ་མ་དང་ལྷག་པའི་ལྷའི་བཀའ་དྲིན་གྱིས་དཀའ་ལས་ཆེར་མ་དགོས་པར་དཔེ་བཀླགས་པ་ཙམ་གྱིས་དེ་དག་གི་དཀའ་གནད་རྣམས་ཁྲོལ་བར་བྱུང༌།

དེ་ཡང་བསླབ་གཉེར་གསར་པའི་དུས་སུ་གསར་ཕྱོགས་ཀྱི་དཔེ་རྣམས་ཤེས་སླ་བར་བྱུང་ཞིང་སྔ་འགྱུར་གྱི་གཞུང་རྣམས་ནི་གོ་དཀའ་བར་བྱུང་ཡང༌། རང་གིས་མི་གོ་བ་མ་གཏོགས་རིག་འཛིན་བརྒྱུད་པའི་གཞུང་ཟབ་མོ་འདི་རྣམས་ལ་དོན་གྱི་གོ་བའི་གནད་ཆེན་པོ་རེ་ཡོད་ངེས་སྙམ་པ་ལས་ཐེ་ཚོམ་ནི་སྐད་ཅིག་ཙམ་ཡང་སྐྱེ་མ་མྱོང༌། དེའི་རྟེན་འབྲེལ་གྱིས་རང་གི་ཤེས་རབ་ཡོངས་སུ་སྨིན་པར་གྱུར་ཏེ། ཕྱིས་བལྟས་དུས་ཟབ་གནད་མཐའ་དག་སྔ་འགྱུར་གྱི་བརྒྱུད་པ་རིན་པོ་ཆེ་རྣམས་ནས་བརྒྱུད་པའི་ཆོས་ཚུལ་ཁོ་ན་ལ་ཡོད་པར་མཐོང་ཞིང་ངེས་ཤེས་ལྷག་པར་སྐྱེས་པ་ཡིན། སྐབས་དེར་སྐྱབས་མགོན་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས་རང་ལུགས་ཀྱི་ཡིག་ཆ་རེའང་གྱིས་ཞེས་བཀའ་ཕེབས་པས། བླ་མའི་བཀའ་སྒྲུབ་པ་དང་རང་གི་བློ་གྲོས་གོམས་ཆེད་རྒྱལ་བསྟན་རིན་པོ་ཆེ་འབའ་ཞིག་སྙིང་ལ་བཅངས་ནས་མདོ་སྐོར་སོགས་ཀྱི་ཡིག་ཆ་རེའང་བྲིས་ཤིང༌། དེ་དག་གི་སྐབས་སུ་རང་ལུགས་ཀྱི་འདོད་པ་རྩལ་དུ་བཏོན་ནས་ཅུང་ཟད་རེ་བཤད་པས་གྲུབ་མཐའ་གཞན་གྱིས་འགོག་བྱེད་ལྟ་བུར་གོ་ནས་ཕྱིས་འདིར་ཕྱོགས་མཐའ་དག་ནས་རྩོད་ཡིག་སོགས་མང་དུ་བྱུང་མོད། དོན་དུ་རང་གི་ཀུན་སློང་ལ་ནི་བླ་མའི་བཀའ་ལུང་སྒྲུབ་པ་དང༌། དེང་སང་སྔ་འགྱུར་གྱི་བསྟན་པ་རི་མོའི་མར་མེ་ཙམ་དུ་འགྱུར་ཉེ་ཞིང༌། ཕལ་ཆེར་གཞན་ལུགས་ཀྱི་ལད་མོ་ཟློ་བ་ཙམ་ལས་རང་ལུགས་ཀྱི་གྲུབ་མཐའི་གནད་ཅི་ཡིན་ཙམ་ལ་ཡང་རྟོག་པ་ཞུགས་ནས་འདྲི་མཁན་དཀོན་འདུག་པས་ཅུང་ཟད་ཕན་དུ་རེ་ནས་བྲིས་པ་མ་གཏོགས་གཞན་ལུགས་ལ་སྡང་ཞེན་དང༌། རང་བསྟོད་ཀྱི་སྙེམས་པ་སོགས་ཀྱི་ཀུན་སློང་ནི་རྨི་ལམ་ཙམ་དུའང་སྐྱེ་མ་མྱོང་བ་ནི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་གཟིགས་ཀྱང་མི་ཁྲེལ་བར་ཡོད་ཅིང༌། རྩོད་ལན་སོགས་འབྲི་བ་འདི་དག་རང་ཉིད་འཕགས་པའི་ཆོས་མ་ཐོབ་གཤིས་ཤེས་བྱའི་ཟབ་མོ་མཐའ་དག་རྟོགས་པར་ག་ལ་ནུས་ཀྱང༌། གང་འཐད་པ་དང་མི་འཐད་པ་དག་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་དང་དེའི་དགོངས་འགྲེལ་འཕགས་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་གི་སྒྲོན་མེ་ལ་བརྟེན་ནས། རང་ཉིད་ཀྱིས་ཀྱང་རིགས་པ་དང་མི་རིགས་པའི་ཚུལ་ཅུང་ཟད་དཔྱད་དེ་སྨྲས་ན་སུས་སུ་ལ་ཕན་ཆ་མེད་པས་གཞན་དག་ལའང་ཅུང་ཕན་པའང་འབྱུང་སྲིད་ལ། གལ་ཏེ་རང་ཉིད་ཀྱིས་མ་རྟོགས་པ་དང་ལོག་པར་རྟོག་པའི་དབང་གིས་བཀའ་དང་དགོངས་འགྲེལ་ཟབ་མོ་བསླད་པར་བགྱིས་པ་ཞིག་ན་ནི་རང་ཉིད་ཀྱི་ཐར་ལམ་གྱི་སྒོ་འགེགས་པ་དང༌། གཞན་མང་པོ་ཡང་དེར་སྦྱར་བས་གཏན་དུ་ཕུང་ཚབས་དང་ཉེས་སྐྱོན་དེ་ལས་ཆེ་བ་གཞན་མེད་པས་ན། ཆོས་སྤྱན་དང་ལྡན་པ་དག་གིས་ལུང་རིགས་ཡང་དག་དང་མཐུན་པར་སུན་ཕྱུང་བར་གྱུར་ན་ནི། དེ་ཉིད་སྨན་པ་བཞིན་དུ་བརྟེན་བྱ་ཡིན་གྱི་སྡང་ཞེན་གྱིས་སུན་ཅི་ཕྱིན་ནམ་ཡང་བྱ་བ་མ་ཡིན་པས། གཟུ་བོའི་བློས་བགྲོ་གླེང་ཅུང་ཟད་བགྱིས་པ་ཡིན་ཞེས་གསུངས་སོ།།

དེས་ན་འཕགས་ཆེན་རྣམས་ཀྱིས་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་བསྲུང་བའི་ཕྱིར་གཞན་གྱི་ལོག་རྟོག་བཟློག་པ་སོགས་ནི་དོན་ཆེན་པོ་དང་འབྲེལ་བ་ཅན་ཏེ། མཁས་མཆོག་བློ་བཟང་རབ་གསལ་དང༌། རྗེ་འདི་ཉིད་གཉིས་ཀྱང་ཕན་ཚུན་ལེགས་བཤད་ཀྱི་སྐྱེས་བཟང་པོ་བསྐུར་རེས་ཀྱིས་འབེལ་བའི་མཐར་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད། ཚད་མ་རྣམ་འགྲེལ་གཟིགས་སྐབས་མནལ་ལམ་དུ་ངོ་བོ་ས་པཎ་ཡིན་རྒྱུ་ལ་རྣམ་པ་རྒྱ་གར་པཎ་གྲུབ་ཀྱི་ཆས་ཅན་ཤང་རྩེ་ཅུང་ཟད་གུག་པ་ཞིག་གིས་ཚད་མ་རྣམ་འགྲེལ་ལ་མི་ཤེས་རྒྱུ་ཅི་ཡོད། དགག་སྒྲུབ་གཉིས་རེད་གསུངས་ཏེ་ཚད་འགྲེལ་གྱི་དཔེ་ཞིག་དུམ་བུ་གཉིས་སུ་བྱས་ཉིད་ཀྱི་ཕྱག་ཏུ་གནང་ནས་འདི་གཉིས་མཉམ་དུ་སྡོམས་ཤིག་གསུངས་པས། དེ་ལྟར་བསྡམས་མ་ཐག་རལ་གྲི་ཞིག་ཏུ་གྱུར་ཏེ་ཉིད་ཀྱི་མདུན་ན་ཤེས་བྱའི་ཆོས་ཐམས་ཅད་ཡོད་སྣང་ཤར་བ་ལ། རལ་གྲི་དེ་གཅིག་གཡུག་པས་ཐོགས་པ་མེད་པར་ཐམས་ཅད་དུས་གཅིག་ལ་ཆོད་པའི་ཐུགས་སྣང་གསལ་བར་བྱུང༌། ཕྱིར་ནང་ནས་རྣམ་འགྲེལ་ལ་མི་ཤེས་པ་ཚིག་གཅིག་ཀྱང་མ་བྱུང་གསུངས། འདུལ་བ་མདོ་རྩ་ལ་ཐོག་མར་ལན་གཅིག་གཟིགས་པས་ཅུང་གོ་དཀའ་བ་འདྲ་ཞིག་བྱུང་བར། རྗེས་སུ་བཀའ་འགྱུར་ཚར་གཅིག་དཔེ་ལྟས་གཟིགས་སྐབས་འདུལ་པོད་བཅུ་གསུམ་པོ་ཚར་གཅིག་གཟིགས་པ་དེས་མདོ་རྩ་ལ་མི་ཤེས་རྒྱུ་གཅིག་ཀྱང་མི་འདུག་གསུངས། དེའང་བོད་སྔ་རྗེས་ཀྱི་ཁྱད་སོགས་ཟབ་གནད་ཐུན་མིན་རྣམས་ནི་དཔེ་སོགས་ལ་བལྟས་པ་མིན་པར་བསྙེན་སྒྲུབ་ལ་བཞུགས་དུས་རིག་པའི་རྩ་ཁ་བྱེ་བ་དང༌། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ལས་རང་བབ་ཀྱིས་ཐུགས་ལ་ཤར་ཏེ་མ་བྲིས་ཐབས་མེད་བྱུང་བ་འབའ་ཞིག་ཡིན་ཞེས་གསུངས། སྐབས་ཤིག་གི་དུས་ཚོད་དགེ་བར་རྗེ་མཁྱེན་བརྩེ་རིན་པོ་ཆེས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཟང་རྒྱུན་གང་དཀོན་དང་གནད་གང་ཆེའི་རིགས་ཀྱི་གླེགས་བམ་རྣམས་མཆོད་སྟེགས་སུ་བཞུགས་སུ་གསོལ་ནས་མཆོད་འབུལ་རྒྱས་པར་གནང༌། དེའི་མདུན་དུ་གབ་རྩེའི་གདན་མཐོ་བར་རྗེ་འདི་ཉིད་བཞུགས་སུ་གསོལ་ནས། པུསྟི་འདི་རྣམས་ཀྱི་བཀའ་ཁྱེད་ལ་གཏད་པ་ཡིན་པས། ཕྱིན་ཆད་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་གྱི་སྒོ་ནས་མི་ཉམས་པར་ཟུངས་ལ། འཇིག་རྟེན་གྱི་ཁམས་འདིར་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་གསལ་བར་གྱིས་ཤིག་ཅེས་ཆོས་ཀྱི་བདག་པོར་དབང་བསྐུར། སྒྲོལ་དཀར་གྱི་ཞལ་ཐང༌། མཚན་བཀྲ་དང་འབྲེལ་བའི་བརྟན་བཞུགས་བཀའ་རྩོམ་ཕྱག་བྲིས་མ་སོགས་སྐུ་གསུང་ཐུགས་རྟེན་འགང་ཆེ་བ་དང༌། དབང་རྟགས་སུ་རྗེ་ཉིད་ཀྱིས་བཞེས་པའི་པཎ་ཞུ་རྣ་རིང་བཅས་བསྩལ་ནས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་གཟེངས་བསྟོད་མཛད། ཕྱིས་སུའང་རྗེ་མཁྱེན་བརྩེས་གཞན་ལ་གསུང་འཕྲོས་སུ་ད་ལྟའི་དུས་འདིར་སའི་སྟེང་ན་བླ་མ་མི་ཕམ་ལས་མཁས་པ་མེད། ཁོང་གི་སྐྱེས་རབས་དང་ཡོན་ཏན་གྱི་ཆེ་བ་བྲིས་ན་ཤེར་ཕྱིན་པུསྟི་ཙམ་གྱིས་མི་ཚད་པ་འབྲི་རྒྱུ་ཡོད་ཀྱང་ཁོང་ད་ལྟ་མི་མཉེས་པར་འདུག་ཅེས་གསུངས་པ་ལོ་རྒྱུས་ཁུངས་མ་ལས་ཐོས། འཇམ་མགོན་ཡོན་ཏན་རྒྱ་མཚོས་ཀྱང་མ་ཧཱ་པཎྜི་ཏ་མི་ཕམ་རྒྱ་མཚོ་ཞེས་གསུངས་ཤིང༌། ཉིད་མཛད་ཚད་མ་རྣམ་འགྲེལ་དང༌། བཀའ་བརྒྱད་རྣམ་བཤད་སོགས་ཀྱི་བཤད་ལུང་ཀྱང་གསན། ཇི་ཞིག་ན་གསར་ཕྱོགས་ཀྱི་མཁས་པ་ཆེན་པོ་འཇའ་པ་མདོ་སྔགས་ཀྱིས་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ལ་མི་འཐད་པའི་ཆ་བརྗོད་པ་ལ། མཁས་བཙུན་གྲུབ་པའི་ཁྱུ་མཆོག་དཔལ་སྤྲུལ་རིན་པོ་ཆེ་དཔང་པོར་བཞག་ནས་ཞག་དུ་མར་བགྲོ་གླེང་གནང་བའི་ཚེ། ཕལ་གྱིས་རང་རང་གི་འདོད་ཕྱོགས་དང་མཐུན་པའི་གཏམ་སྨྲ་བ་ཙམ་ལས་རྒྱལ་ཕམ་མ་འབྱེད་པའི་ཚེ། བླ་མ་རིག་མཆོག་ནས་དཔལ་སྤྲུལ་རིན་པོ་ཆེར་དེ་གཉིས་གང་རྒྱལ་ཞུས་པར། ངས་ནི་རྗེས་གཅོད་མི་ཤེས། ཚར་གཅོད་མི་ཤེས། འཇིག་རྟེན་གྱི་ཁ་དཔེར། བུ་ཕས་མི་བསྟོད་དགྲས་བསྟོད། བུ་མོ་མས་མི་བསྟོད་གནས་ཀྱིས་བསྟོད་ཟེར་བའི་དཔེ་ལྟར། ང་ལ་མདོ་སྔགས་ཀྱི་གྲྭ་པ་རྣམས་ཀྱིས་རྩོད་པ་སྔ་མའི་དུས་བླ་མ་མི་ཕམ་གྱི་ཐུགས་དམ་རྟེན་འཇམ་དཔལ་དབྱངས་ཀྱི་སྐུ་དེའི་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་བ་བླ་མའི་ཐུགས་ཀར་འབྲེལ་འདུག་པ་གསལ་བར་མཐོང་ཟེར་བས་དེའི་ནང་དུ་དོན་འདུས་འདུག་གསུངས། སྐབས་དེར་ཡང་དཔལ་སྤྲུལ་རིན་པོ་ཆེས། འཇའ་པ་མདོ་སྔགས་ཀྱིས་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས་ཞེས་པར་འགྲེལ་པ་བྲིས་འདུག་པ་ལ། ལ་ལས་དགག་པ་དང་ལ་ལས་སྒྲུབ་པར་གོ་བ་ཞིག་སྣང་བས་འདི་ཐད་ནས་ཀྱང་བགྲོ་གླེང་རེ་མཛོད་ཅེས་བཀའ་ཕེབས་པ་བཞིན་མཛད་པས་རྗེ་འདི་ཉིད་རྒྱལ་ཞིང༌། རྒྱུད་ལུང་མན་ངག་གི་བཤད་འགྲེལ་རྩོམ་པའི་བཀའ་གནང་སོང་ཞེས་རྗེ་འདི་གཉིས་ཀའི་ཞལ་སློབ་ཏུ་གྱུར་པ་ཁོ་བོའི་རིགས་བདག་གླིང་བླ་མ་ཆོས་འབྱོར་རྒྱ་མཚོའི་ཞལ་ལས་དངོས་སུ་ཐོས་སོ།།

ཕྱིས་སྒྲུབ་གནས་ཀྱི་རྒྱལ་པོ་དཀར་མོ་སྟག་ཚང་དུ་ལོ་བཅུ་གསུམ་རིང་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ། གཙོ་བོར་རྗེ་ཉིད་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་འཇམ་དཔལ་གཤིན་རྗེ་ཚེ་བདག་གི་བསྙེན་པ་གནང་སྐབས་གཞུང་ནས་བཤད་པའི་རྟགས་ཐམས་ཅད་མ་བྱུང་བ་མེད་ཅེས་དང༌། ལར་ཡང་མཚམས་ལ་ལོ་མང་གི་སྐབས་གཞུང་ནས་བཤད་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་རྩེ་གཅིག་པ་ལས་རང་བཞིན་ཁ་ཡེང་མིག་ཡེང་གིས་བསྙེན་པ་ཕྲེང་སྐོར་གཅིག་ཙམ་ཡང་བཟླ་མ་མྱོང་གསུངས། སྐབས་ཤིག་མཁྱེན་བརྩེ་རིན་པོ་ཆེའི་མདུན་དུ་བྱོན་པས། ཞལ་ནས་ཁྱེད་མཚམས་ལ་བཞུགས་སྐབས་ཉམས་ལེན་ཇི་འདྲ་མཛད་ཅིང་ཡོད་གསུངས་པར། ཕྲན་གྱིས་སློབ་གཉེར་བྱེད་དུས་དཔྱད་པ་དཔྱིས་ཕྱིན་པ་ཞིག་དང༌། ཡི་དམ་གྱི་བསྙེན་མཚམས་བྱེད་དུས་བསྐྱེད་རིམ་མཐར་ཕྱིན་པ་ཞིག་ཨེ་ཐོན་གཟབ་གཟབ་བྱེད་ཀྱིན་ཡོད་ཞུས་པས། དེ་ཚོ་དཀའ་མོ་རེད། ཀུན་མཁྱེན་ཆེན་པོས་ཅི་ཡང་མི་བྱེད་པར་རང་ཁར་སྡོད་རྒྱུ་ཞིག་གསུངས་ཡོད་དེ། ཁོ་བོ་ནི་དེ་བཞིན་བྱས་ཏེ་བསྡད་པས་སེམས་ངོ་ཟེར་བའི་དཀར་ཤ་དམར་མདངས་ཅན་ཞིག་མ་མཐོང་ཡང༌། ད་ནི་ཤི་རུང་ཡ་ང་བག་ཚ་རྡུལ་ཙམ་ཞིག་མི་འདུག་གསུངས་ནས་བཞད་མོ་མཛད། དེ་བླ་མའི་གདམས་ངག་ཡིན་པར་གོ་བྱུང་གསུངས། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་ལས་རླུང་གི་རྒྱུ་བ་ཕལ་ཆེར་དབུ་མའི་དབྱིངས་སུ་དག་སྟེ་བདེ་སྟོང་དགའ་བཞི་དང་སྟོང་བཞིས་དྲངས་པའི་དཔེ་དང་དོན་གྱི་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོ་ཐུགས་ཉམས་སུ་བསྟར། ཁྱད་པར་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང༌། ལྷུན་གྲུབ་ཐོད་རྒལ་གྱི་རྣལ་འབྱོར་ལ་བརྟེན་ནས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་ཚད་ལ་ཕེབས་ཏེ་སྣང་སྤྱོད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལ་དབང་བསྒྱུར། ནང་གི་རྩ་ཁམས་ཡི་གེ་སྤྲིན་གྱི་འཁོར་ལོར་ཡོངས་སུ་དག་པའི་སྟོབས་ཀྱིས་སྒོམ་བྱུང་གི་མཁྱེན་རབ་ཀློང་ནས་བརྡོལ་ཏེ་ཟབ་དོན་མཐའ་དག་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པར་མཛད་པའང༌། བྱིན་རླབས་ཀྱི་འཇུག་སྒོ་དད་པ་སྐྱེད་པ་བསྟོད་ཚོགས་དང་རྟོགས་བརྗོད་ཀྱི་སྐོར། ཤེས་བྱ་སྤྱིའི་སྒྲོ་འདོགས་གཅོད་པ་ཐུན་མོང་རིག་གནས་ཀྱི་སྐོར། རྣམ་གྲོལ་ལམ་གྱི་འཇུག་ངོགས་ཟབ་ཅིང་རྒྱ་ཆེ་བ་ནང་དོན་རིག་པའི་སྐོར། བསྟན་པ་ཡུན་དུ་གནས་ཤིང་བདེ་ལེགས་རྟག་ཁྱབ་ལྷུན་གྲུབ་ཀྱི་རྟེན་འབྱུང་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ཏེ། སྤྱིའི་ས་བཅད་བཞི་ལ་ནང་གསེས་དབྱེ་བ་དུ་མར་འབྱུང་བའི་གླེགས་བམ་རིན་པོ་ཆེ་མཚན་བཟང་སུམ་ཅུ་རྩ་གཉིས་ཀྱི་གྲངས་སུ་བཞུགས་པས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་བསྟན་པར་འཆི་ཁ་མ་ལ་སྲོག་གི་ཟུངས་བསྩལ་བ་བཞིན་དུ་གྱུར་ཏོ། །དེ་ལྟར་གཙོ་བོར་རིམ་པ་གཉིས་ཀྱི་ཉམས་བཞེས་དང༌། ཐུན་མཚམས་སུ་མན་ངག་བསྟན་བཅོས་ཀྱི་ཚུལ་ཇི་སྙེད་པ་སྩལ་བཞིན་དུ་བཞུགས་པ་ལས། ཆུ་བྱི་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་སྐུ་མཚམས་གྲོལ། དེའི་ཚེས་བཅོ་བརྒྱད་སྐོར་ནས་འགྲུལ་ངན་འགའ་རེས་ཐུགས་སུན་བྱུང་རྐྱེན་གྱིས་ཚེས་ཉེར་གཅིག་ཉིན་གློ་བུར་དུ་ཕྱག་བྲིས་གནང་བ་འདི་ལྟར།

ན་མོ་མཉྫུ་ཤྲཱི་ས་ཏྭ་ཡ། མངོན་དགའ་ལ་སོགས་དག་པའི་ཞིང་རྣམས་སུ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་ཐོབ་ནས། །མཁའ་ཁྱབ་འགྲོ་ལ་སྙིང་རྗེ་ཆེན་པོའི་སེམས། །ནམ་མཁའ་ཇི་སྲིད་འཛིན་པར་དམ་བཅའ་འོ། །ལས་ཀྱིས་མནར་བས་སྙིགས་དུས་ཆོས་སྨྲ་བདག །མི་ལོ་བཅུ་བདུན་ནང་རྩའི་ནད་དྲག་པོས། །བར་མེད་སྡུག་བསྔལ་ཆེ་ཡང་ད་བར་དུ། །སྒྱུ་ལུས་གཟེབ་ལ་བརྟེན་ནས་ཞིང་འདིར་བསྡད། །ད་ནི་ཤི་ལ་དགའ་བའི་འདུ་ཤེས་ཀྱིས། །ཐ་མའི་གཏམ་ཚིག་ཡི་གེའི་རིས་སུ་བྲི། །ཞེས་སོགས་ཞལ་ཆེམས་ཕྱག་བྲིས་སུ་གནང་ནས་སྦས་ཏེ་འཇོག་པར་མཛད། ཟླ་བ་གཉིས་པ་དང་གསུམ་པའི་ནང་དུ་མི་འཁྲུགས་པའི་གཟུངས་འབུམ་ཕྲག་གཉིས་ཙམ་ལྗགས་བཟླས་གནང་ཞིང༌། ཉེ་གནས་བླ་མ་འོད་གསལ་ལ་བསླབ་བྱ་ཞལ་འཕྲོས་ཅི་རིགས་དང༌། སྐབས་ཤིག་ན་དེང་སང་སྤྱིར་བདེན་པར་བཤད་ན་ཉན་མཁན་མེད། རྫུན་པར་བཤད་ན་ཐམས་ཅད་བདེན་པར་འཛིན་པས། དེ་སྔོན་སུ་ལའང་མ་སྨྲས། ཕྲན་སོ་སྐྱེ་ཐ་མལ་པ་ཞིག་མིན། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་པ་ཞིག་ཡིན། ད་རེས་ཀྱི་རྟེན་འདིར་བསྟན་འགྲོ་སྤྱི་དང་ཁྱད་པར་གསང་སྔགས་སྔ་འགྱུར་བའི་བསྟན་པ་ལ་ཕན་ཆེན་འདོགས་དགོས་ཡོད་ཀྱང༌། སྤྱིར་རྙིང་མ་པ་རྣམས་བསོད་ནམས་དམན་པས་བར་ཆད་ཀྱི་འཚེ་བ་མང་བ་དང༌། རྟེན་འབྲེལ་གྱི་གནད་ཁ་འགའ་ཞིག་ལ་བརྟེན་ནས་ནད་ཚབ་ཆེ་བ་སོགས་གང་ཅིས་ཕན་ཐོགས་བསམ་པ་ཙམ་མ་བྱུང༌། འོན་ཀྱང་འགྲེལ་ཊཱིཀ་སོགས་ཅི་རིགས་གྲུབ་སོང༌། ད་དབུ་མའི་སྤྱི་དོན་གསལ་རྒྱས་ཞིག་བྲི་འདུན་ཡོད་ཀྱང་མ་གྲུབ་མོད། དེ་མ་གྲུབ་ཀྱང་ཁྱད་ཆེན་པོ་མེད་ཅིང༌། གཉུག་སེམས་སྐོར་དེ་མཐའ་རྫོགས་ཐུབ་པ་ཞིག་བྱུང་ན་རིས་མེད་བསྟན་པ་ཡོངས་ཀྱི་སྲོག་ཏུ་འགྱུར་བའི་དོན་གནད་ཆེན་པོ་ཞིག་ཡོད་པས་དེ་ཨེ་འགྲུབ་སྙམ་ཡང་ད་རེས་མ་གྲུབ་ལ། ད་ནི་དུས་ཀྱི་ཐ་མ་མཐའ་འཁོབ་ཀླ་ཀློས་བསྟན་ཞབས་སྡུད་ཉེ་སོགས་གང་ཅིའི་ཐད་ནས་སྐྱེ་བ་དངོས་ལེན་པ་ལ་ཕན་ཐོགས་ཅི་ཡང་མི་འདུག སྔོན་སྨིན་གླིང་སྐུ་མཆེད་བཞུགས་པའི་དུས་ཙམ་ཡིན་ན་བསྟན་འགྲོ་ལ་ཕན་པ་ཅི་རིགས་འབྱུང་སྲིད་མོད། ད་ནི་དུས་དབང་གིས་དེ་འདྲའི་རིགས་དཀའ་གཤིས་འདིའི་འོག་ཏུ་མ་དག་པའི་ཞིང་དུ་སྐྱེ་བ་གཏན་ནས་ལེན་རྒྱུ་མིན། དག་པའི་ཞིང་ཁམས་འབའ་ཞིག་ཏུ་སྡོད་ནས་སྨོན་ལམ་གྱི་དབང་གིས་གང་འདུལ་སྤྲུལ་པའི་རོལ་གར་ནི་འཕགས་པ་རྣམས་ལ་དུས་འཁོར་བ་ཇི་སྲིད་བར་རྒྱུན་མི་འཆད་པར་འབྱུང་བ་ཆོས་ཉིད་ཡིན་ཞེས་སོགས་ཕེབས། ཚེས་ཉེར་གཉིས་སྐོར་ནས་བཟུང་ད་ནི་འདུ་འཁྲུགས་ཀྱི་ནད་སོགས་དྲག་ཟིན་པས་སྡུག་བསྔལ་གྱི་ཚོར་བ་གཏན་ནས་མེད། ཉིན་མཚན་ཐམས་ཅད་དུ་ཐོད་རྒལ་གྱི་སྣང་བ་འཇའ་ཟེར་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་འབའ་ཞིག་འཆར་གྱིན་འདུག་གསུངས། ཕྱོགས་ཀྱི་དད་འདུས་སློབ་མ་དང་སྦྱིན་བདག་རྣམས་ལ་མཇལ་ཁ་གནང་ཞིང་སྨོན་ལམ་མཛད། བསྟན་འགྲོའི་དོན་དུ་ཞབས་པད་བརྟན་དགོས་ཚུལ་ཞུས་པས། ད་ནི་མི་སྡོད་ངེས་ཅན་ཡིན། སྐྱེ་བ་ཡང་མི་ལེན། བྱང་ཤམྦྷ་ལར་འགྲོ་རྒྱུ་ཡིན་ཞེས་གསུངས་ཏེ། དགུང་གྲངས་དྲུག་ཅུ་རེ་བདུན་པ་ཆུ་བྱི་ས་ཟླའི་ཚེས་ཉེར་དགུ་ལ་ཞབས་སེམས་སྐྱིལ་ཕྱག་མཉམ་གཞག་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ་ཐུགས་ཟག་མེད་གདོད་མའི་གཞི་དབྱིངས་སུ་སྙོམས་པར་ཞུགས་སོ། །དེར་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་བས་འཇའ་འོད་ཀྱི་གུར་སོགས་ངོ་མཚར་བའི་ལྟས་བཟང་དེར་འདུས་ཀུན་གྱི་མཐུན་སྣང་དུ་བྱུང་ཞིང༌། གཤེགས་རྗེས་ཀྱི་བྱ་བ་རྣམས་བླ་མ་འོད་གསལ་ནས་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཐབས་ལ་བརྩོན་པར་མཛད་དོ།།

རྗེ་འདིའི་ཞལ་སློབ་ཀྱི་གཙོ་བོ་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། གཏེར་སྟོན་བསོད་རྒྱལ། རྫོགས་སྤྲུལ་ལྔ་པ་དང་དགེ་མང༌། ཞེ་ཆེན་རབ་འབྱམས་དང་རྒྱལ་ཚབ། ཀཿཐོག་སི་ཏུ། དཔལ་ཡུལ་རྒྱ་སྤྲུལ། ཨ་འཛོམ་འབྲུག་པ། གྲུབ་དབང་ཤཱཀྱ་ཤྲཱི། ངོར་དཔོན་སློབ་སོགས། མདོར་ན་ཀཿདཔལ་ཞེ་རྫོགས་དཔལ་སྤུངས་སྡེ་དགེའི་དགོན་ཆེན་རེབ་ཀོང་བར་གྱི་ས་དགེ་བཀའ་རྙིང་གི་སྤྲུལ་སྐུ་སྐྱེས་ཆེན། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ། བསླབ་པ་གསུམ་ལྡན་གྱི་མཁན་པོ། རིམ་གཉིས་གདིང་ལྡན་གྱི་སྔགས་པ། ཚེ་བློས་བཏང་གི་བྱ་བྲལ་སོགས་གསུང་གི་སྲས་སུ་གྱུར་པ་བགྲང་གིས་མི་ལང་ཞིང༌། ཐུགས་སྲས་སྐྱེས་ཆེན་རྣམས་ཀྱིས་བླ་མའི་ཕྲིན་ལས་སྤེལ་བ་ལ་བརྩོན་པ་ཆེ་ཐང་དུ་བསྐྱེད་བཞིན་པའོ། །རྗེ་འདིས་ས་གཏེར་དངོས་སུ་བཞེས་པའི་ཐུགས་རྩོལ་མ་གནང་ཡང་དགོས་པ་ཁྱད་པར་ཅན་དང་འབྲེལ་བའི་བསྐྱེད་རྫོགས་མན་ངག་ལས་ཚོགས་སོགས་སྔར་མ་གྲགས་པ་མང་པོ་ཞིག་དགོངས་གཏེར་དུ་བརྡོལ་བ་བསྟན་བཅོས་ཀྱི་ཚུལ་དུ་སྤེལ་བར་མཛད་པ་སྟེ། དོན་ལ་གཏེར་ཐམས་ཅད་ཀྱི་རྒྱལ་པོ་ཟབ་མོ་དགོངས་པའི་ཀློང་མཛོད་ལ་མངའ་དབང་བསྒྱུར་བའི་གཏེར་སྟོན་རྒྱལ་པོ་མཆོག་ཏུ་གྲུབ་པ་ཡིན་ནོ། །དེ་ལྟ་ན་ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཆོས་སྡེ་ལ་བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་གཏེར་ཁ་རེ་རེ་ལའང་བླ་རྫོགས་ཐུགས་གསུམ་གྱིས་མཚོན་རྣམ་གྲངས་བསམ་གྱིས་མི་ཁྱབ་པར་བཞུགས་པ་ཡིན་ཞིང༌། དེ་སྙེད་ཀྱི་བརྒྱུད་པའི་ལོ་རྒྱུས་བབ་ཚུལ་ཀྱང་མཐའ་ཡས་པས་ན་འདིར་སྨོས་ཀྱི་མི་ལང་བས། ཞིབ་ཏུ་ཤེས་པར་འདོད་ན་སོ་སོའི་གཏེར་འབྱུང་གི་ལོ་རྒྱུས་དང་རང་རང་གི་ཐོབ་ཡིག་སོགས་ལས་ཤེས་པར་བྱའོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་ལས། ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བཤད་པའི་སྐབས་ཏེ་དྲུག་པའོ།། །།

ལེའུ་བདུན་པ་སྔ་འགྱུར་བའི་བསྟན་པ་ལ་ལོག་ལྟའི་ཕྱོགས་བྱུང་བའི་སྐྱོན་སེལ།

ད་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་འདི་ལ་སྔོན་གྱི་དུས་སུ་ལོག་པར་བལྟས་པའི་ཕྱོགས་འགའ་ཞིག་བྱུང་བའི་སྐྱོན་བསལ་བར་བྱ་སྟེ། དེ་ལ་འཕགས་པ་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་གངས་ཅན་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་ཕུལ་དུ་བྱུང་བས་རི་ཁ་བ་ཅན་པའི་གདུལ་བྱ་རྣམས་ཀྱི་བསོད་ནམས་དམ་པའི་བགོ་སྐལ་དུ། བརྒྱུད་པ་གསུམ་ལས་བབས་པའི་གསང་སྔགས་བླ་ན་མེད་པ་འོད་གསལ་རྡོ་རྗེའི་སྙིང་པོ་ལ་སོགས་མཆོག་ཏུ་ཟབ་པའི་རྒྱུད་སྡེ་མཁའ་འགྲོ་དང་རིག་པ་འཛིན་པ་དུ་མའི་ཐུགས་བཅུད་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པ་མང་པོ་ཞིག་བོད་འདིར་གྲུབ་པའི་སློབ་དཔོན་ཆེན་པོ་པདྨའི་ཞབས་དང༌། བི་མ་ལ་མི་ཏྲ་སོགས་ཀྱི་བྱིན་རླབས་ལས་བྱུང་བས་ན་དེ་དག་ལ་རྗེས་སུ་ཡི་རང་བར་བྱེད་པ་དང༌། སྔོན་གྱི་ཆོས་རྒྱལ་དང་སྤྲུལ་པའི་ལོ་པཎ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ལ་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་ཏེ། འདི་ལྟར་བསྟན་པའི་གཟུགས་བརྙན་ཙམ་ཡང་མེད་པའི་གདོལ་སྤྱོད་མུན་གླིང་གནས་སྐབས་ཀྱི་བདེ་འབྲས་ཙམ་རེ་སྟེར་བའི་འཚེ་བ་ཆོས་སུ་སྨྲ་བ་ལ་གཏན་གྱི་སྐྱབས་སུ་རེ་ལྟོས་འཆའ་དགོས་པའི་སྐལ་བ་ངན་པས་ཉམས་ཉེས་པར་གྱུར་པ་ལ། སྤྲུལ་པའི་རྒྱལ་པོས་ཆོས་ཀྱི་སྒྲོན་མེ་སྤར་བར་བརྩམ་པའང་ནག་ཕྱོགས་ཀྱི་འབྱུང་པོ་མ་རུང་པ་རྣམས་འཁྲུག་པའི་ཆོ་འཕྲུལ་འཐོར་རླུང་དྲག་པོ་མི་བཟད་པས་གཞན་དབང་དུ་གྱུར་པར་ཉེ་བའི་ཚེ། སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་ཐུགས་རྗེས་ལྷ་སྲིན་གདུག་པ་ཅན་དུ་གྱུར་ཏོ་ཅོག་བཏུལ་ནས་བོད་རྣམས་ཆོས་ཅི་བདེར་བྱེད་ཆོག་པ་མཛད། གཙུག་ལག་ཁང་དང་ཆོས་འཁོར་བཞེངས། སྔོན་ཆད་མ་གྲགས་པས་ཆོས་སྐད་ཙམ་སློབ་པ་ལའང་བློ་མཐུ་ཆུང་བའི་བོད་རྣམས་ལ་འབད་པ་ཆེན་པོས་ཆོས་ཀྱི་སྲོལ་བཙུགས། རབ་ཏུ་བྱུང་བ་བཏུབ་བམ་མི་བཏུབ་ཐོག་མར་ཉམས་སད་པ་ནས་བརྩམས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ལམ་གྱི་རྨང་གཞིར་བཞེངས་སུ་བཏིང༌། སྡེ་སྣོད་གསུམ་དང་གསང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་བསྒྱུར། འཐོར་བ་བསྡུས། གཅུས་པ་བསྲང༌། གཞི་གཏན་ལ་ཕབས། ལམ་ཉམས་འོག་ཏུ་བཅུག ཉན་བཤད་སྒོམ་གསུམ་གྱི་སྒོ་ནས་རྒྱལ་ཁམས་དཀར་འབྱམས་སུ་བཏང་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བག་ཡངས་སུ་སྤྱད་ཆོག་པ་འདི་སྔོན་བྱོན་མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དེ་རྣམས་ཀྱི་བཀའ་དྲིན་ཡིན་པས་སོ། །དེའི་ཕྱིར་ཕྱིས་སུ་འགྱུར་བ་ལ་གྲུབ་མཐའ་འཛིན་པའི་མཁས་པ་དང་ལོ་ཙཱ་བ་རྣམས་ཀྱང་སྔོན་གྱི་ཆེན་པོ་དེ་དག་གིས་ལམ་སྲོལ་བཏོད་པའི་ཤུལ་དུ་དཀའ་བ་མེད་པར་འཇུག་ཏུ་ཡོད་པ་དང༌། རང་གི་བློ་གྲོས་དེའི་སྣོན་མར་སོང་བ་ལ་ངོ་མཚར་དུ་མི་འཛིན་པའི་ཁར་སྔོན་གྱི་རྒྱུད་འགའ་ཞིག་རྒྱ་གར་ན་མེད་པས་བོད་དུ་བྱས་པར་བསྒྲགས་པ་སོགས་ཕྲག་དོག་གིས་དབྱེན་བཅོས་པ་ཤས་ཤིག་བྱུང་མོད་ཀྱི། རྒྱ་གར་ན་མེད་པ་ཙམ་གྱིས་རྒྱུད་ཡང་དག་མ་ཡིན་པར་མི་འགྲུབ་སྟེ། རྒྱ་གར་དུ་ཡོད་པའི་རྒྱུད་རྣམས་རྒྱ་གར་རང་ནས་བྱུང་བ་མ་ཡིན་ཞིང་ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་ལ་སོགས་པའི་གནས་དང༌། འཛམ་བུའི་གླིང་གི་ཆ་ཤས་ཟ་ཧོར་དང༌། ཤམྦྷ་ལ་དང༌། སིངྒ་ལའི་རི་མ་ལ་ཡ་དང༌། ཨོ་རྒྱན་དང༌། འགྲོ་ལྡིང་གི་ཡུལ་སོགས་གནས་ཆེན་པོ་གཞན་དང་གཞན་རྣམས་ནས་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་སྤྱན་དྲངས་ནས་དེར་བྱོན་པ་ཡིན་པས་རྒྱ་གར་ན་མི་བཞུགས་པ་ཙམ་གྱིས་རྒྱུད་ཡང་དག་མིན་པའི་ཁྱབ་པ་མེད་ལ། གལ་ཏེ་ཡུལ་དེར་བཞུགས་པ་འགའ་རེ་ཡོད་སྲིད་ཀྱང་ལན་རེ་ཙམ་ཕྱིན་པས་མཐོང་མི་ནུས་ཏེ། སྔོན་གྱི་སྤྲུལ་པའི་ལོ་པཎ་འཕགས་པའི་ས་ལ་བཞུགས་པ་རྣམས་ཡུལ་ཉེར་བཞི་ལ་སོགས་པར་རྫུ་འཕྲུལ་གྱིས་བྱོན་པ་ཡིན་ན་དེར་སོ་སྐྱེས་བགྲོད་པར་མི་ནུས་པའི་ཕྱིར་རོ།།

༈ རྒྱུ་མཚན་དེ་དག་གིས་ཇོ་བོ་ཆེན་པོ་ཨ་ཏི་ཤས་ཀྱང་ཆོས་གཏམ་མི་ནུས་པར་གསུངས་པའི་མཁས་པ་ཆེན་པོ་རོང་ཟོམ་པས་གསང་སྔགས་སྔ་འགྱུར་ལ་ཕྱི་འགྱུར་བ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད་ཅེས་གསུངས་ཏེ།

དང་པོ་སྤྱན་འདྲེན་ཡོན་བདག་གི་ཆེ་བ་ནི། སྔ་འགྱུར་གྱི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོ་རྣམ་པ་རྒྱལ་པོའི་ཚུལ་བཟུང་བ་མངའ་བདག་མེས་དབོན་རྣམ་གསུམ་ཡིན་པས་ཕྱི་འགྱུར་པ་རྣམས་ཀྱི་ཡོན་བདག་དང་མི་འདྲ།

གཉིས་པ་གང་དུ་བསྒྱུར་ཞིང་གཏན་ལ་ཕབ་པའི་གནས་ནི། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་དུ་ཡིན་པས། ད་ལྟའི་དགོན་ཕག་ཕུག་ཏུ་བསྒྱུར་བ་དང་མི་འདྲ།

གསུམ་པ་སྒྱུར་བྱེད་ལོ་ཙཱ་བའི་ཁྱད་པར་ནི། སྔོན་གྱི་ལོ་ཙཱ་བ་སྒྲ་བསྒྱུར་བཻ་རོ་ཙ་ན་དང༌། སྐ་ཅོག་ཞང་གསུམ། རྨ་གཉགས་སོགས་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་བའི་ཆོས་ཡིན། ད་ལྟའི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད། དགུན་རྒྱ་བལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་བ་དང་མི་འདྲ།

བཞི་པ་པཎྜི་ཏའི་ཁྱད་པར་ནི། སྔོན་གྱི་པཎྜི་ཏ་མཁན་པོ་ཞི་བ་འཚོ་དང༌། སངས་རྒྱས་གསང་བ་དང༌། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། པཎ་ཆེན་བི་མ་ལ་མི་ཏྲ་སོགས་སངས་རྒྱས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱིས་སྤྱན་དྲངས་པའི་ཆོས་ཡིན། ད་ལྟའི་གསེར་འཚོལ་དུ་འཁྱམས་པའི་པཎྜི་ཏ་དང་མི་འདྲ།

ལྔ་པ་ཞུ་རྟེན་མེ་ཏོག་གི་ཁྱད་པར་ནི། སྔོན་གསེར་ཤ་བའི་བླུད་བུ་གང་དང་བྲེ་ལ་གཞལ་ནས་ཕུལ་ཏེ་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་བཏོན་ནས་ཞུས་པ་དང་མི་འདྲ།

དྲུག་པ་ཆོས་ཀྱི་ཁྱད་པར་ནི། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ་བསྒྱུར་བ་མ་ཟད། འཕགས་ཡུལ་ན་མེད་པའི་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང༌། གྲུབ་པ་དང༌། རིག་པ་འཛིན་པ་དང༌། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ། དག་པའི་ཞིང་ན་བཞུགས་པ་དང༌། འཛམ་བུའི་གླིང་གི་ཆ་ཤས་སིངྒ་ལ་དང༌། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སོགས་ནས་སློབ་དཔོན་ཆེན་པོ་པདྨ་དང༌། བི་མ་ལ་མི་ཏྲ་སོགས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་དུ་པཎ་གྲུབ་ཡོངས་ལ་མ་གྲགས་པ་མང་པོ་ཞིག་ཀྱང་བོད་ཀྱི་བསོད་ནམས་ཀྱི་སྐལ་བར་བྱོན། འགྱུར་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་གཏན་ལ་ཕེབས་པས་གོ་སླ་ཞིང་བྱིངས་མཇལ་བ་ལ་རླབས་ཆེ། ཕྱིས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དོན་བསྒྱུར་མ་ནུས་པར་རྒྱ་དཔེའི་གོ་རིམ་ལྟར་སྒྲ་བསྒྱུར་བྱས་པས་ཚིག་གྲིམས་ལ་གོ་དཀའ། བྱིངས་འཇལ་བ་ལ་རླབས་ཆུང་བ་ལྟར་སྣང་བས་མི་འདྲ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ལ། བོད་དུ་བསྟན་པ་ཕྱི་དར་གྱི་བར་སྐབས་དེར་རྣམ་རིག་སྒྲིན་ཞིང་གསེར་ཅུང་ཟད་ཡོད་པ་ཐམས་ཅད་རྒྱ་བལ་དུ་འགྲོ་བའི་སྲོལ་ཞིག་དར། མཐའ་གཅིག་ཏུ་བསྟན་པ་དང་སེམས་ཅན་གྱི་ཆེད་དུ་ཡིན་ན་རྗེས་སུ་ཡི་རང་བར་གྱུར་མོད། འདི་ལྟར་ཕྲག་དོག་གི་ཀུན་སློང་ཅན་ཕལ་ཆེར་ཞིག་ནི་མཁས་པར་འདོད་པ་དང༌། གཞན་གྱི་རྙེད་བཀུར་ལ་ཆགས་པ་དང༌། གྲགས་པ་དོན་དུ་གཉེར་བ་དང༌། རང་གི་བླ་མ་དང་སྐལ་མཉམ་གྱི་བཤེས་གཉེན་ལ་འགྲན་སེམས་ཕྲག་དོག་གི་དབང་གིས་རྐང་པའི་འཁོར་ལོ་བསྐོར་བའང་མང་སྟེ། མར་པའི་ཕྱག་དཔེ་རྣམས་གྲོགས་ཀྱིས་ཆུ་ལ་དོར་བའི་རྣམ་ཐར་གྱིས་ཤེས་པར་ནུས་ལ། དེའི་ཕྱིར་ཀུན་མཁྱེན་རོང་པས། སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ། སྤྲུལ་པའི་ལོ་ཙཱ་བས་བཀའ་འཆུགས་པ་མེད་པར་གཏན་ལ་ཕབ་ནས། ཤེས་བྱ་དངོས་པོའི་འདུག་ཚུལ་གཏན་ལ་འབེབས་ཤིང༌། དེ་རྫོགས་པར་བྱེད་པའི་ཐབས་དུ་མས་བརྒྱན་པའི་ཆོས་དང༌། དུས་ད་ལྟའི་ལོ་ཙཱ་རྫུན་པོ་ཆེ་སྔོན་གྱི་འགྱུར་ལ་བཅོས་མ་སྣ་ཚོགས་བྱས་ནས། འགྱུར་ང་བཟང༌། ཁུངས་ང་བཙུན་ཟེར་ནས། སངས་རྒྱས་ཀྱི་བཀའ་དང༌། བླ་མའི་གསུང་ལ་རས་ཆོད་བྱས་ནས། མི་རེས་ཆོས་རེ་བཅོས། གཅིག་སྐྱོན་གཅིག་ལ་འགེལ། ཕའི་ཆོས་ལ་བུའི་དཔེ་མི་བཏུབ་པའི་ཆོས་དང་མི་འདྲ། ཞེས་གསུངས་པ་འདི་ཤིན་ཏུའང་མད།

༈ དངོས་གྲུབ་བརྙེས་པ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས། བོད་ཀྱི་ལོ་ཙཱ་བ་ཁ་ཅིག་རྒྱ་གར་ན་རྙིང་མ་བསྒྱུར་རྒྱུ་མེད་ཟེར། དེ་ལ་ཆག་ལོ་ཙཱ་བ་ཉིད་བདག་རང་གི་དབང་ཞུས་ཀྱི་བླ་མ་ཡིན་ཡང་རྒྱ་གར་ན་རྙིང་མའི་རྒྱུད་བསྒྱུར་རྒྱུ་མི་འདུག་ཟེར། དེ་འདྲ་ཁོང་རང་བློ་ཆུང་གི་གཏམ་ཡིན། ལོ་ཙཱ་བ་རྒྱ་གར་ཤར་ཕྱོགས་སུ་ཡུག་རེ་ལས་མ་ཕྱིན་པས་རྒྱ་གར་ན་གང་ཡོད་ཆ་ཅི་ཆོད། དེ་ལས་བོད་ན་གར་ཡོད་ཀྱི་ཆ་ཡང་མི་ཆོད། སྤྱིར་ཡང་རྒྱ་གར་ཚད་ཁུངས་ཆེ་བས་དཔེ་རྣམས་རུལ་བ་མང༌། སངས་རྒྱས་ཀྱི་བཀའ་ལ་ཚད་བཟུང་མེད་པ་ལ། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དེའི་ཁུངས་ཅི་ཆོད། ངས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་ཕྱིན་པ་ཡང་མུ་དང་མཐའ་མ་ཆོད། དེ་ཡང་དང་པོའི་རྒྱ་དཔེ་རྣམས་དུས་ཕྱིས་བལ་པོ་ན་མང་བ་ཡིན། དེ་བས་བལ་པོ་བྷེ་ཧ་རའི་གཙུག་ལག་ཁང་གཅིག་ན་རྙིང་མའི་རྒྱུད་རྣམས་ཀྱི་རྣམ་གྲངས་རང་ཡང་བསམ་གྱིས་མི་ཁྱབ་པར་བཞུགས་འདུག ངས་བོད་ཀྱི་རྙིང་མ་རྣམས་ལ་ངས་རྙིང་མའི་རྒྱ་དཔེ་དང༌། པཎྜི་ཏ་ཚུར་དགུག ཁྱེད་རང་རྣམས་ཀྱང་ཡུལ་སྐྱིད་གྲོང་དུ་འདོང༌། ངས་ལོ་ཙཱ་བ་བྱས་བསྒྱུར་ཟེར་བ་བྱས་དེ་མ་གྲུབ། རྙིང་མའི་འགྱུར་ད་རུང་བྱ་རྒྱུ་ཡོད་པ་ལ། ཡང་བོད་ཀྱི་ཤེས་པར་འདོད་པ་འགའ་ཞིག་ན་རེ། རྙིང་མའི་དགོངས་པ་འདུས་པ་བོད་ཀྱི་སྔགས་རྒན་ཚོས་བཅོས་པ་ཡིན་པས་མི་དག་ཟེར། དེ་འདྲ་ཡང་འོས་སུ་མི་འགྲོ་བའི་གཏམ་ཡིན། ཤེས་ན་དེ་འདྲ་བའི་ཆོས་རང་རེ་ཚོ་ཡང་འཆོས་དང་དེ་ལས་ལེགས་རྒྱུ་ནི་སངས་རྒྱས་ཀྱི་བཀའ་ལའང་མེད། ཅེས་དང༌། དེ་བཞིན་དུ་ཇོ་བོའི་རྣམ་ཐར་ན། ཡང་ཇོ་བོའི་ཐུགས་དགོངས་ལ། མི་ཡུལ་དུ་བཞུགས་པའི་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས་པེ་ཧར་གླིང་གི་དཀོར་མཛོད་གཅིག་སྒོ་ཕྱེ་ནས་རྒྱ་དཔེ་གཟིགས་པས། ཇོ་བོས་དེ་གོང་མ་གསན་མ་གཟིགས་པ་མང་པོ་བཞུགས་འདུག་ནས། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མི་ཤེས་པ་མེད་སྙམ། ཌཱ་ཀི་མས་ཀྱང་ནམ་མཁའ་ནས་གཞལ་ཡས་ཁང་དཔག་ཏུ་མེད་པ་བསྟན། རྒྱུད་སྡེ་མང་པོ་བསྟན་པ་ཡིན་པ་ལ། འདི་རྣམས་མི་གདའ། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་ཡོད་ཡོད་མི་འདྲ་གསུངས་ཐུགས་རྒྱལ་ཆགས། བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་བ་མང་པོ་ཕུལ། བོད་དུ་བསྟན་པ་དར་བ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བ་འདྲ་གསུངས། ཞེས་དང༌། སློབ་དཔོན་པདྨ་རྡོ་རྗེ་འཆང་གཉིས་པ་དེའི་དྲིན་ལས་རྒྱ་གར་ན་ཡོངས་སུ་མ་གྲགས་པའི་མཁའ་འགྲོའི་གསང་མཛོད་མང་པོ་བསྒྱུར་ནས་བསམ་ཡས་པེ་ཧར་གྱི་དཀོར་མཛོད་ན་བཞུགས་སོ། །ཞེས་དང༌།

རྗེ་བཙུན་ཏཱ་ར་ནཱ་ཐས། འགྲོ་ལྡིང་གི་གླིང་ན་སྔོན་བསྟན་པ་རྣལ་མ་མེད་པ་ལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་དང་པོར་བཙུགས། མར་མེ་མཛད་བཟང་པོས་ཀྱང་བྱོན། དེ་ནས་བརྩམས་ཏེ་ལོ་བརྒྱ་ཙམ་གྱི་བར་དུ་མ་ག་དྷ་དང༌། ཨོ་རྒྱན་དང༌། ཁ་ཆེ་ལ་སོགས་པའི་རྡོ་རྗེ་འཛིན་པ་མང་པོ་བྱོན་ཏེ། སྔགས་ཀྱི་ཐེག་པ་ལྷག་པར་རྒྱས་པར་མཛད། སྔོན་རྒྱལ་པོ་དྷརྨ་པཱ་ལའི་སྐབས་སུ་སྦས་ཏེ། རྒྱ་གར་དུ་ནུབ་པའི་རྒྱུད་ཀྱི་རིགས་དང༌། ཨོ་ཌཱི་ཡཱ་ན་ནས་སྤྱན་དྲངས་པའི་རིགས་ཀྱི་རྒྱུད་རྒྱ་གར་ན་མེད་པ་མང་དུ་ཡོད། ཅེས་ལེགས་པར་བཤད་པའི་ཐུགས་གཟུ་བོར་གནས་པ་རྣམས་ཀྱི་རྣམ་པར་དཔྱོད་པ་འདི་དག་གིས་འཕགས་ཡུལ་དུ་མི་འདུག་དང་མ་དག་ཟེར་བའི་རྫུན་གཏམ་དང་བཟང་བརྫུའི་མཚང་ཐམས་ཅད་དུས་གཅིག་ལ་བརྟོལ་བར་སྣང་སྟེ། སྡང་ཞུགས་ཀྱིས་སྨྲས་པ་དེ་དག་གིས་རང་ཉིད་ཆོས་སྤང་བར་འགྱུར་བའི་ཞར་ལ་བློ་གྲོས་དམན་ཞིང་བསོད་ནམས་ཆུང་བའི་འགྲོ་བ་གཞན་དག་ཐེ་ཚོམ་བསྐྱེད་པའི་ཕྱིར་དགེ་སློང་ལྷ་ཆེན་པོའི་སྤྱོད་ཚུལ་གྱིས་བསྟན་པའི་དབྱེན་ཙམ་དུ་འགྱུར་བར་སྲིད་ཀྱི་དེ་ལས་བསམ་པ་མཐར་ཐུག་པའི་ལམ་དུ་མ་སོང་ངོ༌།།

༈ ཡང་ཕྱིས་ཀྱི་མཁས་པ་བུས་སྔ་འགྱུར་གྱི་སྲོལ་འཛིན་པའི་རིགས་ཀྱི་ཐུགས་ཞེན་དང༌། ཉང་གཏེར་མགོན་པོ་ཕྱག་བཞི་སོགས་ལ་ཉམས་བཞེས་དང༌། གུ་རུ་མཚན་བརྒྱད་ཞལ་བསྟན་ནས་ལུང་བསྟན་པ་སོགས་དངོས་བསྟན་ལྟར་ཡིན་ན། རྙིང་མའི་རྒྱུད་རྣམས་བཏང་སྙོམས་སུ་གསུངས་པའང་དུས་སྐབས་དེའི་གྲུབ་མཐའི་ཁ་འཛིན་གཞན་གྱི་ངོ་ལ་དགོངས་པར་མངོན་ཏེ། ཚལ་པ་སི་ཏུ་སྨོན་ལམ་རྡོ་རྗེས་གངས་ཅན་དུ་འགྱུར་རོ་ཅོག་གི་གསུང་རབ་རྣམས་བཞེངས་པའི་ཞུ་དག་ལ་ཁོང་ཉིད་ཀྱིས་བྱོན་པར་མཛད་པས། རྙིང་མ་མདོ་སྒྱུ་སེམས་གསུམ་དང་སྒྲུབ་སྡེའི་སྐོར་བཅས་བཀའ་འགྱུར་གྱི་རྒྱུད་འབུམ་ཁྲོད་དུ་བཞུགས་པར་མཛད་པའི་ཕྱིར་དང༌། དེ་ཡང་གདོད་ནས་གྲུབ་པའི་རྒྱུད་གཞུང་དུ་ཚད་མས་གྲུབ་པའི་ཕྱིར་བཞག་པ་ཡིན་གྱི། གསར་མའི་ར་ལི་སོ་གཉིས་ཡོངས་རྫོགས་དང༌། གཉིས་མེད་རྣམ་རྒྱལ་སོགས་མང་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་བསྒྲུབས་ནས་དོར་བར་མཛད་པས་སོ། །པཎ་ཆེན་ཟི་ལུང་པ་ཤཱཀྱ་མཆོག་ལྡན་གྱིས་སྡོམ་གསུམ་རབ་དབྱེའི་དགོངས་པ་དངོས་བསྟན་དྲང་དོན་དུ་གསེར་གྱི་ཐུར་མས་འཆད་པ་ན་གང་ཟག་བློ་གྲོས་མ་བྱང་བ་རྣམས་ནེམ་ནུར་བསྐྱེད་ཅིང༌། བླུན་པོ་ཕྱོགས་ལྷུང་ཅན་རྣམས་ཀྱིས་རྒྱབ་བརྟེན་དུ་འཁྱེར་བ་ཞིག་བྱུང་མོད་ཀྱང༌། པཎ་ཆེན་ཉིད་ཀྱི་བཞེད་པ་ནི་འདི་སྐད་དུ། སྤྱིར་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དེའི་ཚེ་དེ་ལྟར་འདོད་པ་དེས་སྐ་ཅོག་ཞང་གསུམ་གྱིས་བསྒྱུར་བའི་སྡེ་སྣོད་གསུམ་གྱི་ཆོས་རྣམས་དང༌། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་གྱི་རྒྱུད་སོགས་ལོ་ཆེན་རིན་ཆེན་བཟང་པོ་མ་བྱོན་གོང་དུ་འགྱུར་བ་ཐམས་ཅད་ཆོས་མ་ཡིན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་རོ།།

བྱེ་བྲག་ཏུ་གསང་སྔགས་བླ་མེད་ཀྱི་རྒྱུད་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དཔལ་གསང་བ་འདུས་པ་དང༌། ཟླ་གསང་ཐིག་ལེ་དང༌། སངས་རྒྱས་མཉམ་སྦྱོར་རྣམས་ཆོས་མ་ཡིན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་གསུམ་རྙིང་མའི་ལུགས་ཀྱི་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པ་དེའི་གཙོ་བོར་གྱུར་པ་དང༌། རྩ་བ་དེ་གསུམ་ལ་བརྟེན་ནས་བོད་དུ་རྙིང་མར་གྲགས་པའི་ཆོས་མང་དག་ཅིག་བྱུང་བར་སྔོན་གྱི་ཆེན་པོ་དག་གིས་འཆད་པའི་ཕྱིར་རོ། །བྱེ་བྲག་ཏུའང་ཡང་ཕུར་ཆོས་མ་ཡིན་པར་ཁས་ལེན་པ་དག་ཡོད་ན། དེའི་རྒྱུད་ཀྱི་རྒྱ་དཔེ་དང༌། ལོ་ཙཱ་བ་ཚད་ལྡན་གྱིས་བསྒྱུར་བ་སོགས་ཀྱི་གཏན་ཚིགས་ལས་རྣམ་དག་ཏུ་གྲུབ་ཟིན་པ་དང༌། ཁྱད་པར་རྙིང་མའི་རྒྱུད་དུ་གྲགས་པ་གཞན་དང་གཞན་རྣམས་རྒྱུད་འབུམ་གྱི་དཀར་ཆག་ཏུ་འདེབས་པར་མཛད་པའི་ཆེན་པོ་དེ་དག་གིས་ཀྱང་ཡང་དག་དང་ཕུར་པ་རྩོད་མེད་དུ་གྲུབ་ཟིན་པའི་ཕྱིར། དཔེར་ན་རལ་གྲི་དང༌། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་ལས་བཤད་པ་བཞིན་ནོ། །ཞེས་གཞན་གྱི་འདོད་པ་ན་ཡམས་སུ་བཀོད་ནས་རང་གི་བཞེད་པའི་སྙིང་པོ་ནི། བསྟན་པ་འདིའི་བདག་པོ་སྟོན་པ་ཐུབ་པའི་དབང་པོས་ཆགས་བྲལ་གྱི་གཟུགས་སམ་འཁོར་ལོས་བསྒྱུར་བའི་གཟུགས་ཀྱིས་གསུངས་ཀྱང་རུང་སྟེ། སྟོན་པ་གཅིག་པུ་དེ་ཉིད་ཀྱི་ལྷ་དང་སྔགས་ཀྱི་རིམ་པ་ཁོ་ན་ཉམས་སུ་བླངས་པ་ལས་གྲུབ་པ་བརྙེས་པའི་སློབ་དཔོན་པདྨ་འབྱུང་གནས་དང༌། དེའི་སློབ་མ་རིམ་པ་གཉིས་ལ་བརྟན་པ་ཐོབ་ནས་གྲུབ་པའི་ས་བརྙེས་པ་དེ་དག་གིས། བོད་དུ་དམ་པའི་ཆོས་དར་བ་ལ་གེགས་སུ་གྱུར་པའི་ལྷ་འདྲེ་གདུག་པ་ཅན་འདུལ་བ་དང༌། རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་པ་རྣམས་རིག་འཛིན་གྱི་ས་ལ་འགོད་པའི་ཕྱིར་དུ། གང་དང་འཚམས་པའི་ལྷ་དང་སྔགས་དང་ལྟ་བའི་རིམ་པ་རྣམས་གསུངས་པ་དང༌། དེའི་དོན་སློབ་མས་ཚུལ་བཞིན་ཉམས་སུ་བླངས་པ་དང༌། དེ་ལས་གྲུབ་པའི་ས་བརྙེས་པའི་རིག་པ་འཛིན་པ་མང་དུ་བྱོན་པ་དང༌། དེ་དང་མཐུན་པའི་སྙན་བརྒྱུད་དང་དགོངས་པ་ཡི་གེར་བཀོད་པ་ལ་བརྟེན་ནས་རྙིང་མར་གྲགས་པའི་ཆོས་རྣམ་པར་དག་པ་འདི་ཉིད་བྱུང་བ་ཡིན་ལ། འདི་དག་ལའང་ཡང་དག་པར་ན་བསྟན་བཅོས་ཀྱི་མཚན་ཉིད་ཚང་བ་ཡིན་ཏེ། ཇི་སྐད་དུ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཅེས་སོགས་ཀྱི་མཚན་ཉིད་དེ་ཚང་བའི་ཕྱིར། སློབ་དཔོན་པདྨས་གསུངས་པའི་བསྟན་བཅོས་ནི་སངས་རྒྱས་ཀྱི་བཀའ་དང་ཁྱད་པར་ཡོད་པ་མ་ཡིན་ཏེ། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོར་བླངས། །ཞེས་གསུངས་པའི་ཕྱིར། དཔེར་ན་རྗེ་བཙུན་བྱམས་པའི་ཆོས་ལྔ་དང༌། དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་དང༌། དེའི་འགྲེལ་པ་དྲི་མ་མེད་པའི་འོད་ལ་སོགས་པ་བཞིན་ནོ། །ཞེས་སོ།།

༈ གཞན་ཡང་ཁ་ཅིག་གིས་ཕྱི་འགྱུར་གྱི་རྒྱུད་སྡེ་རྣམས་སུ་ཨ་ནུ་དང་ཨ་ཏིའི་ཆོས་སྐད་མ་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་འགོག་པ་ནི་སྨད་མི་མཁས་ཀྱི་བསྟོད་སྒྲར་འགྱུར་བ་སྟེ། རྒྱལ་བས་གདུལ་བྱ་ལ་ལྟོས་ནས་གསུང་རབ་ལ་མཆོག་དམན་མཛད་པའི་འོག་མ་འོག་མའི་ནང་དུ་གོང་མ་གོང་མའི་ཆོས་སྐད་དང་བཤད་པ་རྒྱས་པར་མི་འབྱུང་བ་སྤྱི་ལུགས་ཡིན་པའི་ཕྱིར། དཔེར་ན་ཉན་ཐོས་ཀྱི་སྡེ་སྣོད་དུ་ཕར་ཕྱིན་ཐེག་པ་དང༌། ཕར་ཕྱིན་གྱི་ཐེག་པའི་ནང་དུ་སྔགས་ཕྱི་རྒྱུད་དང༌། སྔགས་ཕྱི་རྒྱུད་དུ་གསང་བདེ་སོགས་བླ་མེད་ཀྱི་ཆོས་སྐད་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་གསང་བདེ་སོགས་སུ་ཨ་ནུ་དང་ཨ་ཏིའི་ཆོས་སྐད་དང་བཤད་པ་རྒྱས་པར་མི་འབྱུང་བ་ཉིད་ཀྱིས་རྫོགས་པ་ཆེན་པོ་ནི་ཐེག་པ་ཀུན་གྱི་རྩེ་མོར་གྲུབ་པ་ཡིན་ཏེ། ཞིབ་ཏུ་སྤྲོས་པས་ཆོག་གོ།

༈ ཡང་རྫོགས་པ་ཆེན་པོའི་གཤིས་ལ་བྱ་བ་དང་བྲལ་བའི་གྲུབ་མཐའ་རྒྱུ་རྐྱེན་འདུས་བྱས་ཀྱི་ཁམས་སུ་མི་གནས་པའི་ཡེ་ཤེས་ངེས་དོན་མཐར་ཐུག་པ་དྲང་ཐད་དུ་སྟོན་པའི་སྐབས་དཀར་ནག་རྒྱུ་འབྲས་འབད་རྩོལ་གྱི་བྱས་ཆོས་ལ་ལྟོས་འཆའ་མི་དགོས་པར་བཤད་པ་ལ། བོད་འགའ་ཞིག་གིས་སྤྱོད་པའི་ཕྱོགས་སྤངས་པས་ཧ་ཤང་དང་མཐུན་པར་ཐལ་ལོ་ཞེས་སྐྱོན་བརྗོད་ཧ་ལས་ལས་ཙམ་བྱེད་པ་བྱུང་མོད། ལར་བདེ་བར་གཤེགས་པས་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བའི་རིམ་པ་དང་པོ་དགེ་མི་དགེའི་རྒྱུ་འབྲས་མི་བསླུ་བ་སྟོན་པ་དེ་ཡང་འཇིག་རྟེན་གྱི་ངོ་ལ་ལྟོས་ནས་བསྟན་པའི་ཕྱིར་དྲང་དོན་དུ་བཞག་པ་ཡིན། བར་པ་དང་ཐ་མ་གཉིས་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་དུ་དོན་གྱི་མི་མཐུན་པ་མེད་པ་ལ། ངེས་དོན་ཟབ་མོའི་གནས་ལུགས་སྟོན་པ་ཟབ་པ་དང་ཆེས་ཟབ་པའི་ཁྱད་པར་ཙམ་ཡོད། དྲང་ངེས་ཀྱི་དོན་དེ་ཡང་འདུས་བྱས་དང་འདུས་མ་བྱས་ཀྱི་སྒོ་ནས་འབྱེད་ཅིང་བརྗོད་བྱ་དེ་དག་ཤས་ཆེ་ཆུང་གི་སྒོ་ནས་དབྱེ་བ་ཡིན་པར་མཁས་པ་ཀུན་ལ་གྲགས་ཤིང་གྲུབ་མོད། དེ་ལྟ་ཉིད་ཀྱིས་རེ་ཞིག་བཀའ་བར་པ་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་ངོ་བོ་སྟོང་པར་ཁས་བླངས་ནས་དེ་ངེས་དོན་དུ་འཆད་པའི་སྐབས། གང་ལ་དམིགས་པར་བྱ་བ་ཐམས་ཅད་དང་བྲལ་བ། རྣམ་པར་རྟོག་པ་ཐམས་ཅད་སྤངས་པ། གང་ལ་བླང་བར་བྱ་བ་དང༌། དོར་བར་བྱ་བའི་ཆོས་སུ་མི་དམིགས་པ་སྟེ། མདོར་ན་གཟུང་འཛིན་གྱི་ཆོས་རྣམས་ལས་ཡང་དག་པར་འདས་པའི་འདུས་མ་བྱས་ཀྱི་གནས་ལུགས་གང་ཡིན་པ་དེ་ལ་རྣམ་པར་ཐར་པ་གསུམ་གྱི་མཚན་ཉིད་ཀྱང་གནས་པའི་ཕྱིར། རྫོགས་ཆེན་པས་གཞིའི་དུས་སུ་འཁོར་འདས་མཉམ་པ་ཉིད་དུ་བལྟ་བས་རྒྱུ་འབྲས་ཐ་དད་དུ་མི་འབྱེད། ལམ་གྱི་དུས་སུ་ཅི་ལའང་རྣམ་པར་མི་རྟོག་པས་བླང་བ་དང་དོར་བའི་མཐའ་མི་སྤྱོད། འབྲས་བུའི་དུས་སུ་འཐོབ་བྱ་རེ་དོགས་དང་བྲལ་བའི་གདེང་ཆོས་ཀུན་ཟད་སར་འཁྱོལ་བ་ལ་གྲུབ་མཐའི་སྙིང་པོར་བྱེད་དེ། ཀུན་བྱེད་རྒྱལ་པོ་ལས། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པར་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང༌། །གཉིས་སུ་མ་མཐོང་རྣམ་གཞག་གཅིག་ཏུ་རྟོགས། །ཞེས་གསུངས་པ་བཞིན་ནོ།།

དེ་ལྟ་བུའི་གྲུབ་མཐའི་འཆའ་ལུགས་ཆེན་པོ་འདི་ནི་གཉིས་སུ་མི་གསུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངེས་དོན་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་པའང་དེ་ཁོ་ན་ཉིད་དུ་གནས་པ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ་བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ། ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བའོ། །ཞེས་གསུངས་པ་ལྟར་རོ།།

དེའི་ཕྱིར་ལྟ་བ་ཁས་བླངས་དང་བྲལ་བ། སྒོམ་པ་ཡིད་བྱེད་དང་བྲལ་བ། སྤྱོད་པ་བླང་དོར་དང་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ་བཞི་པོ་དེས་རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་ཉམས་ལེན་རྗེན་པར་དེ་ལས་གཏན་དུ་ཅི་ཞིག་ཕབ། ཁྱེད་ཉིད་ཀྱིས་ཚད་མར་ཁས་ལེན་སོར་བཞག་གི་རྒྱུད་སྡེ་དུ་མའི་རྫོགས་རིམ་མན་ངག་གིས་འཆད་པ་ན་གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་པ་འདི་ལ་ངོས་མ་བཟུང་ན་རྟོག་གེའི་བློས་བཞག་པའི་གྲུབ་མཐའ་དང་འདི་གཉིས་གཅིག་ཏུ་མཛའ་བའི་སྐབས་མི་འབྱུང་ངོ༌། །འོན་ཏེ་ལྟ་བའི་ལྡོག་པ་ནས་དེ་ལྟར་ཡིན་ཡང་སྤྱོད་པའི་ཕྱོགས་དོར་བས་སོ་ཟེར་ན། ལྟ་བ་དོན་དམ་པའི་བདེན་པ་མ་འཁྲུལ་བའི་གནས་ལུགས་མཐོང་བ་ལ་བཞག་ནས་སེམས་དང་སེམས་བྱུང་གི་ངོ་ན་གནས་པའི་བསླབ་པ་སོགས་འདུས་བྱས་ཀྱི་དགེ་རྩ་བྱས་ཆོས་དཀར་ནག་གི་འཆིང་གྲོལ་ལས་འདས་པའི་ཕྱིར་བླང་དོར་མེད་པར་གྲུབ་ཅིང་དེ་སྨོན་པ་མེད་པའི་མཚན་ཉིད་དུ་གནས་པ། འཕགས་པ་དཀོན་མཆོག་བརྩེགས་པ་འོད་སྲུང་གིས་ཞུས་པའི་མདོ་ལས། གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་བསླབ་པ་ཡང་མེད། བསླབ་པ་ལས་འདས་པ་ཡང་མེད་དོ། །གང་ལ་བསླབ་པ་ཡང་མེད་བསླབ་པ་ལས་འདས་པ་ཡང་མེད་པ་དེ་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད། གང་ལ་རྒྱུ་བ་ཡང་མེད་མི་རྒྱུ་བ་ཡང་མེད་རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ། །གང་ལ་སེམས་ཀྱང་མེད་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ། །གང་ལ་ལས་ཀྱང་མེད་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད། གང་ལ་བདེ་བ་ཡང་མེད་སྡུག་བསྔལ་བ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཏེ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཞེས་དང༌། དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང༌། དགེ་བ་ཡང་རྣམ་པར་དབེན་ལ། མི་དགེ་བ་ཡང་རྣམ་པར་དབེན། དགེ་བ་ཡང་མི་དགེ་བ་དང་མི་འདྲེ་ལ། མི་དགེ་བ་ཡང་དགེ་བ་དང་མི་འདྲེ་ཞིང༌། དགེ་བ་དང་མི་དགེ་བ་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་ཡང་མེད་དོ། །ཞེས་དང༌།

དགྱེས་རྡོར་ལས། སྒོམ་མེད་བསྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་པ་ལ་སོགས་པས་བསྟན་པ་རྨད་དུ་བྱུང་བའི་སྒྲ་བསྒྲགས་པ་འདི་ཡང་ཧ་ཤང་གི་ལུགས་སུ་འགྱུར་རམ་སོམས་ཤིག སྤྱིར་ཡང་ཤེས་རབ་ཕྱིན་ཅི་མ་ལོག་པར་རྟོགས་པས་ཐབས་དེའི་ཡན་ལག་ཙམ་དུ་གྱུར་པ་ནི་སངས་རྒྱས་ཀྱི་དགོངས་པ་མ་ནོར་བ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང༌། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་དེ་ལྟ་མ་ཡིན་ནོ།། ཞེས་བཤད་པ་ལྟར་ལྟ་བ་ཇི་བཞིན་པར་རྟོགས་ནས་སྤྱོད་པ་ཅི་ལ་སྤྱད་ཀྱང་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་འཐོབ་པ་རྒྱལ་བའི་སྲས་ཀྱི་གཞུང་ལམ་ཆེན་པོ་ཉིད་དུ་གནས་མོད་ཀྱི། རྫོགས་པ་ཆེན་པོའི་ལམ་འདིར་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་བླང་དོར་མེད་པར་བཞག་པས་དོན་འགྲུབ་པ་ལས་སྤྱོད་པ་ལ་ཆེད་འཛིན་གྱི་སྤྱོད་པས་མ་བསྒྲིབས་པ་ནི་ཁྱད་པར་གྱི་ཆོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དམ་པ་ལས། རིན་བྱིན་གྱིས་སྨྲས་པ། འདོད་ཆགས་མ་སྤངས་ཤིག ཞེ་སྡང་མ་གཞིལ་ཅིག གཏི་མུག་མ་བསམ་ཅིག རང་གི་ལུས་ལས་གྱེན་དུ་མ་སྤྱོད་ཅིག མི་དགེ་བ་སྤྱོད་ཅིག ལྟ་བ་ཚར་མ་གཅོད་ཅིག ཀུན་ཏུ་སྦྱོར་བ་རྣམས་མ་སྟོན་ཅིག ཕུང་པོ་རྣམས་ཡོངས་སུ་ཟུང་ཞིག ཁམས་རྣམས་རིལ་པོར་གྱིས་ཤིག སྐྱེ་མཆེད་རྣམས་ལ་སྤྱོད་ཅིག བྱིས་པའི་ས་ལས་འདའ་བར་མ་བྱེད་ཅིག མི་དགེ་བ་ལ་རྟོག་ཅིག དགེ་བ་སྤོངས་ཤིག སངས་རྒྱས་ཡིད་ལ་མ་བྱེད་ཅིག ཆོས་མ་སེམས་ཤིག དགེ་འདུན་ལ་ནི་མཆོད་པ་མ་བྱེད་ཅིག བསླབ་པ་དག་ཡང་དག་པར་མ་ལེན་ཅིག སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག ཆུ་བོ་ལས་མ་བརྒལ་ཅིག ཅེས་གདམས་ངག་འདི་ལྟ་བུས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱའོ། །རྗེས་སུ་བསྟན་པར་བྱའོ།།

དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་གནས་པ་འདི་ནི་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་བཤད་ཅིང༌། དེ་དང་མཐུན་པར་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བདག་ཉིད་ལྷ་ཡི་དཀྱིལ་འཁོར་རང་ལ་རང་སྣང་བས། །ལྷ་ལ་མཆོད་པ་མི་དབུལ་མཆོད་པ་ཕུལ་ན་འཆིང་བར་འགྱུར། །མཆོད་པ་ཕྱག་རྒྱ་ལ་སོགས་སྐུ་ལ་སྒྲིབ་པ་ཡིན། །ཕྱག་རྒྱ་མི་བསྒྱུར་བསྒྱུར་ན་རིན་ཆེན་བརླག་པར་འགྱུར། །འཁོར་བ་མི་སྤང་སྤངས་ན་སངས་མི་རྒྱ། །སངས་རྒྱས་གུད་ན་མེད་པས་རིག་པ་ཉིད་ལས་གང་ཡང་མེད། །འཁོར་བ་གུད་ན་མེད་དེ་རང་གི་སེམས་སུ་ཐམས་ཅད་འདུས། །འདུ་བྱེད་དགེ་རྩ་མི་བྱ་བྱས་ན་འཆིང་བར་འགྱུར། །མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་རྩ་སྤང༌། །བྱས་པའི་ཆོས་ནི་མི་ཟིན་བཞག་ན་ཟིན་པར་འགྱུར། །བྱ་བ་བཏང་བའི་རྣལ་འབྱོར་མི་སྤོང་སྤངས་ན་དེ་བཞིན་གཤེགས། །ཡང་དག་སངས་རྒྱས་ལམ་ནི་དེ་བཞིན་ཀུན་ལ་ཤེས་པར་བྱ། །ཞེས་གཤིས་ལ་བྱ་བ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོའི་དོན་ལ་གདིང་དུ་གྱུར་པའི་ལྟ་བས་ཟིན་པའི་ཚེ་འདུས་བྱས་པའི་དཀར་ནག་གི་ལས་ཀྱང་མཉམ་པ་ཉིད་དུ་སྒྲ་ཇི་བཞིན་པར་བསྟན་པ་འདི་ཉིད་ཀྱི་རྒྱུད་དུ། དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། །དགེ་སྡིག་གཉིས་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱས་ན་སངས་རྒྱས་མེད། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་འགྱུར། །ཞེས་སོ། །དེང་སང་གངས་ཅན་དུ་ལུགས་དེ་ཐོས་པ་ན་ནན་གྱིས་འགོག་པར་བྱེད་པ་དག་མང་མོད་ཀྱི། དེ་དག་གི་རང་བཞིན་ཁོང་དུ་མ་ཆུད་པས་བློར་མ་ཤོངས་པ་ལ་ཁག་མེད་དེ། འདི་ལྟར་འཕགས་པ་དོན་དམ་ཀུན་རྫོབ་ཀྱི་བདེན་པ་བསྟན་པའི་མདོ་ལས་ཀྱང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་མཚམས་མེད་པ་ལྔ་པོ་དག་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་ལྟ་བར་གྱུར་པ་རྣམས་ཀྱང་དེ་དང་མཉམ་མོ། །ཞེས་སོགས་གསུངས་པ་བཞིན་ནོ།།

དེ་ལྟར་བསྟན་པ་ཉིད་ཀྱིས་སྤྱོད་པའི་ཕྱོགས་རྣམས་ཡལ་བར་འདོར་བར་མི་འགྲུབ་སྟེ། རང་ལུགས་སེམས་སྡེའི་རྒྱུད་ཆེན་པོ་རྡོ་ལ་གསེར་ཞུན་དུ། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཞེས་ཤེས་རབ་ཀྱི་ཡན་ལག་ཏུ་གྱུར་པའི་ཐབས་སྤྱོད་པའི་ཕྱོགས་མི་འདོར་བའི་གྲུབ་པའི་མཐའ་ཆེན་པོ་འདི་ཡོད་བཞིན་ཐབས་ལ་མཁས་པའི་ཕྱིར་གནས་སྐབས་སུ་ཀུན་རྫོབ་བདེན་པ་འདོར་བ་མ་ཡིན་མོད་ཀྱི། འོན་ཀྱང་གནས་ལུགས་བདེན་པའི་ཆོས་ཉིད་མ་འཁྲུལ་བ་རང་གི་ངོ་བོ་མངོན་སུམ་རྟོགས་པའི་ཚེ་བདེན་གཉིས་རེས་འཇོག་ཕྱོགས་སུ་མ་ལྷུང་བར་ཕ་རོལ་ཏུ་ཕྱིན་པ་བཅུ་སོགས་བྱང་ཆུབ་ཕྱོགས་སུ་གྱུར་པའི་ལམ་བདེན་གྱི་ཆོས་རྣམས་ཀྱང་འདི་ཉིད་དུ་འདུ་བའི་ཚུལ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཉིད། །གསལ་འགྲིབ་སྣང་བའི་མུན་པ་སངས། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མུན་སྣང་གཉིས་ཀྱིས་གཟུང་དུ་མེད། །གཅིག་དང་དུ་མའི་ཆོས་ལས་འདས། །སྣང་དང་མི་སྣང་ཆོས་ལས་འདས། །སྐྱེ་དང་འཇིག་པའི་ཚིག་དང་བྲལ། །གོལ་སྒྲིབ་བདག་རྟོག་ག་ལ་ཡོད། །བསམ་པ་ཉིད་ལ་བསམ་དུ་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །རིག་གསལ་ཆོས་ཀྱི་སྐུ་ལ་འདུས། །བསམ་གཏན་ཕ་རོལ་ཕྱིན་པའི་མཐའ། །སྒྲོན་མ་ཅོག་བཞག་ངང་དུ་འདུས། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་མཐའ། །རྟོག་མེད་རང་བྱུང་དོན་ལ་འདུས། །བཟོད་པའི་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་གཅོད་ལ་འདུས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་མཐའ། །གྲོགས་མེད་གཅིག་པུར་འདུག་ལ་འདུས། །སྦྱིན་པའི་ཕ་རོལ་ཕྱིན་པའི་མཐའ། །འཁོར་བའི་འཛིན་ཆགས་ཐོང་ལ་འདུས། །སྨོན་ལམ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་རེ་དོགས་མེད་ལ་འདུས། །ཐབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །རིག་པ་ཅོག་བཞག་ངང་དུ་འདུས། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །འཁྲུལ་སྣང་རྒྱ་ཡིས་ཐེབས་ལ་འདུས། །ཡེ་ཤེས་ཕ་རོལ་ཕྱིན་པའི་མཐའ། །རྐྱེན་དང་བྲལ་བར་སྣང་ལ་འདུས། །དེ་བཞིན་ཕ་རོལ་ཕྱིན་པའི་དོན། །རང་བཞིན་ཀུན་ཁྱབ་ཡེ་ཤེས་སོ། །ཞེས་གསུངས་པ་བཞིན་དང༌། དེ་དང་མཚུངས་པར་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། གང་དུ་མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། མ་བསྲུངས་པ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཞེས་དང༌། དེ་བཞིན་དུ་ཀུན་བྱེད་ལས། དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ཏེ། །འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པར་གནས། །ཞེས་སོ།།

འོ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དགེ་སྡིག་བཅིང་གྲོལ་ལས་འདས་པའི་འདུས་བྱས་ཀྱི་ཁམས་སུ་མི་གནས་ན་ལས་དཀར་ནག་དང་རྒྱུ་འབྲས་མི་བསླུ་བའི་ཚུལ་གསུངས་པ་རྣམས་དགོས་པ་མེད་པར་འགྱུར་ཞེ་ན། རྣམ་ཤེས་ཀྱི་ངོ་ན་དགོངས་ནས་དེ་སྐད་དུ་གསུངས་པ་དཔེར་ན་རྨི་ལམ་གྱི་ཡུལ་དུ་ལེགས་ཉེས་གང་སྣང་རྨི་ལམ་དུ་བདེན་ཡང་སད་པའི་གནས་སྐབས་སུ་མི་བདེན་པ་ལྟ་བུ་ལ་དགོངས་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་ཞེས་མི་བདེན་པའི་དཔེས་གསུངས་པའི་ཕྱིར། རྣམ་ཤེས་ཀྱིས་བསྡུས་པའི་འཁྲུལ་སྣང་མ་ཟད་ཀྱི་བར་དུ་ནི་བླང་དོར་ཀྱང་ཡོད་ལ་ལས་དཀར་ནག་གི་རྒྱུ་དང་འབྲས་བུའི་རྣམ་པར་སྨིན་པའང་མི་བསླུ་བའི་ཚུལ་གྱིས་འབྱུང་མོད་ཀྱི། འཁྲུལ་པ་ཟད་ནས་བདེན་པ་མཐོང་བའི་ཡེ་ཤེས་ཀྱི་ལྡོག་པ་ལ་དེ་དག་མི་སྣང་སྟེ། ཡུལ་ཅན་གཟུང་འཛིན་གྱི་ཤེས་པ་མེད་པས་ཡུལ་ཀུན་རྫོབ་སྣང་བར་མི་འགྱུར་བ་ནི་སངས་རྒྱས་སྲས་དང་བཅས་པའི་དགོངས་པ་སྨྲ་བཞིན་པར་ངེས་ཤིང༌། མཆོག་གཟིགས་རྣམས་ཀྱི་ཐུགས་རྒྱུད་ལ་རང་བཞིན་གྱིས་གནས་པའི་ཕྱིར་ངེས་པའི་དོན་ཟབ་མོ་འགྲེལ་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གི་དགོངས་པ་ཡང་འདིར་མཐུན་པ་ཡིན་ཏེ། འཕགས་པ་ཀླུའི་ཞབས་ཀྱིས། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང༌། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེར་གྱུར་ཅིང༌། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དེ་བཞིན་མཁས་པ་ཡང་དག་གིས། །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་དང༌།

དེ་བཞིན་དུ་འཇུག་པ་ལས་ཀྱང༌། མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་དང༌། ཞི་བ་ལྷས་ཀྱང༌། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་ན། །དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར། །རྐྱེན་རྣམས་རྒྱུན་ནི་ཆད་པ་ན། །ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ༌། །གང་ཚེ་འཁྲུལ་པ་ཡོད་མིན་ན། །ཀུན་རྫོབ་གང་གིས་དམིགས་པར་འགྱུར། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་གྲུབ་པ་རྫོགས་པ་ཆེན་པོ་འདིར་ལྟ་སྤྱོད་མཉམ་པ་ཉིད་ཀྱི་ཡེ་ཤེས་དུ་མ་རོ་གཅིག་ཆེན་པོའི་ངང་དུ་ལ་བཟླ་བའི་དབང་དུ་བགྱིས་ན། གཞིའི་དུས་སུ་ཡེ་ཤེས་ཀྱིས་ཀུན་རྫོབ་རྫུན་པར་རྟོགས་པས་འདུས་བྱས་ཀྱི་དགེ་རྩ་ལ་མི་རེ་བས་ཤེས་རབ་ལ་སྒྲོ་མ་བཏགས། རྣམ་ཤེས་ཀྱི་ལྡོག་པ་ལ་བླང་དོར་ཡོད་པས་ཐབས་ལ་སྐུར་པ་མ་བཏབ། ལམ་གྱི་དུས་སུ་ཡིད་ལ་བྱེད་པ་ཐམས་ཅད་རྣམ་པར་རྟོག་པ་ལས་མ་འདས་པས་བསྒོམ་པར་བྱ་བ་རྡུལ་ཙམ་མེད་ལ། འབྲས་བུའི་དུས་སུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྒྱུན་འགག་ན་ཀུན་རྫོབ་གང་ལ་སྣང་བར་འགྱུར། གནས་འདི་བཀའ་འཁོར་ལོ་ཕྱི་མ་གཉིས་ཀྱི་དགོངས་པའི་ཞེ་ཕུགས་མཐར་ཐུག་པ་འཕགས་པའི་ཡུལ་དང་གངས་ཅན་གྱི་ཁྲོད་འདིར་བདེ་བར་གཤེགས་པའི་བསྟན་པ་མ་འཁྲུལ་བར་གཟུང་བ་རྣམས་ཀྱིས་ལེགས་པར་བཤད་པའི་ཚུལ་རྨ་མེད་པ་ཡིན་ཏེ། དེས་ན་རྔོག་ལོ་ཆེན་པོ་ནས་ཇོ་ཞལ་ཡན་ཆད་ཀྱི་ཀློག་པ་བ་མཁས་པ་རྣམས་དང་བསམ་གཏན་པ་འཁྲུལ་མེད་ཐམས་ཅད་ཀྱི་ཡིག་ཆར་འདི་བཞིན་བཤད་པས་སོ། །སྤྱིར་བདག་ཅག་གི་སྟོན་པས་རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་བླང་དོར་དང་རྒྱུ་འབྲས་ཀྱི་རྣམ་གཞག་རྨི་ལམ་གྱི་ཡུལ་དུ་དེའི་རྒྱུ་འབྲས་ཚད་མར་གྱུར་པ་ཙམ་ཞིག་བསྟན་པས་སངས་རྒྱས་ཀྱི་ཡེ་ཤེས་སུ་ཀུན་རྫོབ་ཚད་མར་གྲུབ་པའི་གོ་བ་ཞིག་ལ་གློ་བ་ཞེན། རྒྱུ་དེས་སྤྱོད་པའི་ཕྱོགས་སུ་ཞེན་པ་ཨ་འཐས་ཀོ་འཐས་སུ་སོང་བས་འཕགས་པའི་ཤེས་རབ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་བཅད་དྲས་བྱེད་པ་ཞིག་བྱུང༌། དེས་ཟབ་མོའི་གནས་ཕྱིན་ཅི་མ་ལོག་པའི་གྲུབ་མཐའ་ལའང་ཡིད་ཆེས་དཀའ་ཞིང༌། དེ་དག་གིས་བདེ་བར་གཤེགས་པའི་ཕྲིན་ལས་རྨད་པོ་ཆེ་ཡང་ཐེ་ཚོམ་གྱི་ཁྱོགས་ལ་འཕྱང་བར་བྱེད་དོ།།

༈ མཉམ་བཞག་གི་ཚེ་ཅི་ཡང་ཡིད་ལ་མི་བྱེད་པས་ཧ་ཤང་གི་སྒོམ་དུ་འགྱུར་ན། ཁྱེད་ཅག་གིས་དབུ་མའི་གཞུང་ཆེན་པོར་འདོད་པའི་སློབ་དཔོན་བྷ་བྱའི་དབུ་མ་རིན་ཆེན་སྒྲོན་མ་ལས། ཤེས་པ་ཅི་ལ་ཡང་མི་གནས། ཅིར་ཡང་མི་རྟོག ཅི་ལ་ཡང་སེམས་པ་མེད་པ། ཞེས་དང༌། འཕགས་པ་ཀླུའི་དགོངས་པ་ཇོ་བོས་བཀྲལ་བ་ལས། རྟོག་དཔྱོད་བྲལ་བའི་མཉམ་བཞག་གི་ཞི་གནས་དང་ལྷག་མཐོང་ལ་གནས་པའི་ཚེ་ཤིང་གཉིས་དྲག་ཏུ་དྲུད་པའི་མེའི་དཔེ་དང་བཅས་པས་བཤད་ཅིང༌། ཤེས་པ་གང་ལའང་མི་རྟོག ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཞེས་པ་ལ་སོགས་པས་རྒྱས་པར་བཤད་ལ། དེ་དང་མཐུན་པར་ཀཱ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་ཀར་ཡང་བཤད་པས་དབུ་མ་རང་རྒྱུད་པ་རྣམས་ལ་གྲགས་པའི་གཏམ་ཞིག་ཡིན་ནི་ཡིན། དེ་ཧ་ཤང་དང་མཐུན་རུང་མི་མཐུན་རུང་མཐུན་པར་ཁས་བླངས་ཟིན་པ་དེ་ཡིན། རྫོགས་ཆེན་གྱིས་རང་བྱུང་གི་རིག་པ་ལྷག་མཐོང་གི་ངོ་བོ་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སུ་ངེས་པས་དེ་ཉིད་སྒོམ་གྱི་རྟེན་དུ་བྱས་ནས་རྟོག་དཔྱོད་བྲལ་བའི་ཆོས་ཉིད་ལ་མཉམ་པར་བཞག་པས་རྣམ་པར་མི་རྟོག་པའི་ངང་དེར་མཐའ་གྲོལ་ཆེན་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གནས་པའི་ཚུལ། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང༌། །མཚན་བཅས་རང་སར་དག་པ་དང༌། །སྟོང་དང་ངོ་བོའི་མཐའ་གྲོལ་དང༌། །འགྱུར་ཟད་རྟོག་པ་མེད་པ་དང༌། །བློ་ཟད་ཡིད་ལས་འདས་པའོ། །ཞེས་སོ།།

འདི་ལྟར་མ་རྟོགས་པས་རྟོག་དཔྱོད་ཀྱི་འདུ་འཕྲོ་འབའ་ཞིག་པས་ལྷག་མཐོང་གི་ཆོས་ཉིད་ལ་མ་རེག་ཅིང་སེམས་དང་སེམས་བྱུང་གི་ལྡོག་པས་བཞག་པའི་སྟོང་པ་འབའ་ཞིག་ལྟར་སྣང་བ་ལ་དམིགས་པའི་དེར་འཛིན་གྱི་བློ་དང་བཅས་པའི་འཛིན་སྟངས་ཀྱིས་བསྒྲིབས་པ་ནི་མི་ཟད་པ་དང་སྐྱེ་བའི་བདག་ཉིད་ཅན་གྱི་ལྟ་བ་ཆེན་པོར་འགྱུར་བའང༌། མྱ་ངན་ལས་འདས་པའི་མདོ་ལས། འོད་སྲུང་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོན་པ་དེ་ནི་ངའི་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དེ། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་སླའི། མངོན་པའི་ང་རྒྱལ་སྟོང་པ་ཉིད་དུ་བལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སྟོན་པ་ཉིད་ཀྱིས་གསལ་བར་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་རེ་ཞིག་ཀླུའི་ཞབས་ཀྱིས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པས་དགག་སྒྲུབ་ཀྱི་རྣམ་དཔྱོད་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པའི་ཕྱིར་ཞེ་ན། ལུང་དེའི་གོ་བ་ནི་དོན་དམ་པའི་བདེན་པ་ཐོག་མར་བརྗོད་བྱ་རྗོད་བྱེད་ཀྱི་ཚུལ་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པ་ཙམ་ལས་མཐའ་གཅིག་ཏུ་རྟོག་གེའི་རིག་པས་དཔྱད་ནས་རྟོགས་དགོས་པར་གསུངས་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་རྟོག་གེ་བ། །རོ་དང་འདྲ་བས་རྣམ་པར་བརྟགས། །ཞེས་རྣམས་གྲངས་དུ་མས་སྨད་པར་མཛད་པ་བཞིན་རྟོག་དཔྱོད་ཀྱི་འཕྲང་ལ་གཏུགས། དགག་སྒྲུབ་ཀྱི་བྲག་རི་ལ་བསྐོར་བ་བྱས་ནས་རང་གནས་ཀྱི་ཡེ་ཤེས་སྒྲོ་སྐུར་གྱི་ལམ་དུ་སྤུར། བློས་བཅོས་པས་མཐའ་གཉིས་གསལ་བར་རློམ་པ་སྲིན་བུའི་ཁ་ཆུས་རང་ཉིད་བཅིངས་པ་ལྟར་ཆོས་ཉིད་ཡིན་ལུགས་ཀྱི་སྟེང་དུ་ཕེབས་པ་ཤིན་ཏུ་དཀའ་སྟེ། ཆོས་ཉིད་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཐ་སྙད་ཀྱིས་མཚོན་དུ་མེད་ལ། ཐ་སྙད་ནི་རྟོག་བཏགས་ཀྱི་ངོ་བོར་གནས་པ་སྟེ། དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པའི་ཕྱིར་རོ། །འདིར་ནི་རང་བཞིན་རྫོགས་པ་ཆེན་པོའི་འདུག་སྟངས་གསུམ་གྱིས་གཟེར་བསྡམ། ལྟ་སྟངས་གསུམ་གྱིས་གནད་གཅུན། སྒྲོན་མ་དྲུག་གི་ལམ་ནས་ཆོས་ཉིད་ཡིད་དཔྱོད་དང་བྲལ་བར་མངོན་སུམ་དུ་མཐོང་བའི་ཕྱིར་ལམ་ཁྱད་གནམ་ས་ལྟ་བུ་ཡོད་པ་ཡིན་ཏེ། སྒྲ་ཐལ་འགྱུར་ལས། དམ་པའི་དོན་དེ་བློ་བྲལ་ནས། །དབང་པོ་གཅིག་ཅར་རང་གྲོལ་ནས། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོང་ནས། །ཁམས་གསུམ་འཁོར་བའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེ་ལ་དགོངས་ནས་ས་པཎ་གྱིས། ཨ་ཏི་ཡོ་གའི་ལྟ་བ་ཡང༌། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །ཞེས་གསུངས་ལ། ལྟ་བ་ཟབ་མོའི་གནས་ལུགས་མ་འཁྲུལ་བར་གྲུབ་པའི་ལྡོག་པ་ནས་ཡེ་ཤེས་སུ་ལེགས་པར་བཤད་ཀྱང༌། དེ་ཉིད་ཐེག་པར་མི་འཐད་པར་གསུངས་པ་ནི་དགོངས་པ་ཅན་ཏེ། ཉན་རང༌། བྱང་སེམས། སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་དེ་ཉིད་མ་རྫོགས་པ་དང༌། ཅུང་ཟད་རྫོགས་པ་དང༌། ཡོངས་སུ་རྫོགས་པ་ལ་བརྟེན་ནས་འཕགས་བཞིའི་རྣམ་གཞག་དང་ཐེག་པའི་རིམ་པར་བཞག་པའང༌། རྒྱུད་བླ་མ་ལས། གཟུགས་ཀྱི་རྣམ་པ་དམན་པ་དང༌། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་སྣོད་བཟང་ངན་གྱི་ནམ་མཁའ་ལ་བཟང་ངན་མེད་པའི་དཔེས་སྒྲིབ་བྱེད་བྲལ་སྟོབས་ཆེ་ཆུང་གིས་ཡེ་ཤེས་མངོན་དུ་གྱུར་པར་རྒྱུ་ཡོད་པ་ལ་དགོངས་པའི་ཕྱིར་ཐེག་པར་བཞག་པ་ལ་འགལ་བའི་ཆ་ཅུང་ཟད་ཙམ་ཡང་མེད་དེ། སངས་རྒྱས་མ་ཡིན་པའི་འཕགས་པ་གསུམ་གྱི་རྒྱུད་ལ་ཡེ་ཤེས་མེད་པར་བཞེད་ན་དེར་ཟད། ཅུང་ཟད་མཐོང་བ་ནས་རྫོགས་པར་མཐོང་བའི་བར་ཡེ་ཤེས་གཅིག་པུའི་སྟེང་དུ་ས་ལམ་གྱི་རྣམ་གཞག་བྱུང་བས་ཐེག་པར་བཞག་པ་མདོ་རྒྱུད་ཀྱི་དགོངས་པ་ཟབ་མོ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། ཡེ་ཤེས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོ་ལ་རབ་ཏུ་གཞོལ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཞེས་དང༌། རབ་རྩལ་རྣམ་གནོན་གྱིས་ཞུས་པ་ལས། སངས་རྒྱས་ཀྱི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར་རོ། །གང་དག་གདོད་ནས་གྲུབ་པའི་མཐའ་རྫོགས་པ་ཆེན་པོ་ལ་ཡིད་མི་ཆེས་བཞིན་དུ་བློས་གསར་དུ་བཞག་པའི་གྲུབ་མཐའ་ལ་མཆོག་ཏུ་བཟུང་བས་རྣམ་ཐར་སྒོ་གསུམ་གྱི་དོན་ཡང་གཞན་དུ་འཕུལ་བར་འགྱུར་ཏེ་གཟུགས་བརྙན་སྤངས་པའི་གྲིབ་མ་བཞིན་ནོ།།

༈ དེ་བཞིན་དུ་རྒྱུའི་ཐེག་པར་ཕྱག་རྒྱ་ཆེན་པོའི་མིང་ཙམ་ཡང་མ་བསྟན་པར་སྒམ་པོ་པ་ཁོ་ནས་བཅོས་པར་སྨྲ་བ་སོགས་ཀྱིས་བསྟན་པ་རིགས་པ་མ་ཡིན་པའི་ལམ་དུ་འདྲེན་པའི་སྐབས་ཀྱང་བྱུང་མོད། རྣམ་པར་འདུས་མ་བྱས་པའི་དབྱིངས་ལ་ཕྱག་རྒྱའི་མཚན་གྱིས་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཀུན་དགའ་བོ། ཆོས་ཀྱི་ཕྱག་རྒྱ་དེ་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་མེད་པ་ཡིན་ནོ། །མ་བྱས་པའི་ཕྱག་རྒྱ་ཡིན་ནོ།།དབྱེར་མེད་པའི་ཕྱག་རྒྱ་ཡིན་ནོ། །ཀུན་དགའ་བོ། གང་དག་ཕྱག་རྒྱ་དེས་བཏབ་པ་དེ་དང་དེ་དག་གི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན། རིགས་བཙུན་པ་ཡིན། མི་ཡི་སེང་གེ་ཡིན། ཞེས་སོགས་གསུངས་པ་དང༌། སློབ་དཔོན་ཡེ་ཤེས་གྲགས་པས་དེ་ཁོ་ན་ཉིད་འཇུག་པར་ཡང༌། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པས་རྒྱས་པར་བཤད་པའ་ིཕྱིར། མདོའི་དངོས་བསྟན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐབས་འགར་ཕྱག་རྒྱ་ཆེན་པོའི་སྒྲས་སྨོས་པར་མཛད་ཅིང༌། སྔགས་སུ་དེ་ཉིད་བདེ་བ་ཆེན་པོའི་ཐབས་ཀྱིས་བསྒྲུབས་པས་བདེ་སྟོང་ཕྱག་རྒྱ་ཆེན་པོར་འགྱུར་བའི་ཕྱིར་མདོ་སྔགས་ཀྱི་ཁྱད་པར་ཙམ་ལས་མདོའི་ཐེག་པར་ཕྱག་རྒྱ་ཆེན་པ་གཏན་ནས་མ་བཤད་པར་སྨྲ་བའང་ཅུང་མི་ལེགས་ཏེ། བདེ་གཤེགས་སྙིང་པོ་སྤྱི་ཙམ་ཞིག་མདོའི་ལམ་དུ་བསྟན་ནས་ཤིན་ཏུ་རྒྱས་པའི་ཚུལ་རྣམས་སྔགས་སུ་བསྟན་པ་དང་མཚུངས་པའི་ཕྱིར་རོ། །དེ་བས་ན་དྲང་དོན་ཁོ་ནའི་ཕྱོགས་སུ་འཆེལ་བ་དང༌། ཐ་སྙད་ཀྱི་རྣམ་གཞག་ཙམ་ལ་ཞེན་པ་དང༌། ཚིག་གི་རྗེས་སུ་འབྲངས་པ་རྣམས་ཀྱིས་རང་འདོད་ཕྱོགས་ལྷུང་གི་ལུང་བསྒྲགས་པ་དེ་དག་གི་ཕུགས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དུ་མས་བརྟིབས་ཤིང༌། འོལ་ཚོད་ཀྱི་མུན་མདའ་རློམ་ཚོད་ཙམ་དུ་མ་སོང་བ་ཤིན་ཏུ་མང་བས་རིགས་དེ་ལ་ཚད་མས་འགོག་ནུས་པ་གང་ཡང་མེད་པར་འདི་ཙམ་གྱིས་ཀྱང་མཚོན་ནུས་སོ།།

༈ ཡང་རྙིང་མ་བཀའ་མ་མདོ་དབང་དུ་རྒྱུའི་ཐེག་པ་གསུམ་ལ་དབང་བསྐུར་གྱི་ཆོ་ག་གསུངས་པ་ཡང༌། བརྟག་གཉིས་ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་རྗེས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་ཐེག་པ་རིམ་གྱིས་འཇུག་པ་དང་མཐུན་པར་བཤད་པ་བཞིན་འདིར་སྔགས་ལམ་དུ་ཐེག་པ་ཀུན་གྱི་གཞུང་ལམ་ཚང་བར་བསྟན་པས་ཐེག་དམན་སོ་ཐར་བསམ་སྦྱོར་བྱང་ཆུབ་སེམས་ཀྱིས་ཟིན་པ་ན་ཐེག་ཆེན་སོ་ཐར་དུ་གནས་འགྱུར་བས་ཡོན་ཏན་ཡང་འོག་མ་ལས་ཁྱད་པར་འཕགས་པ་བཞིན། རྒྱུའི་ཐེག་པ་གསུམ་སྔགས་ཀྱི་ཐབས་མཁས་ཀྱིས་ཟིན་པས་རང་སའི་ཡོན་ཏན་ལས་ཁྱད་པར་དུ་འཕགས་པ་དང་མྱུར་ལམ་དུའང་འགྱུར་བའི་ཕྱིར་དོན་གྱི་འཐད་པ་ཁྱད་པར་ཅན་ཡོད་པར་མ་ཟད་དབང་བསྐུར་གྱི་ཐ་སྙད་དངོས་བསྟན་ཀྱང༌། སུམ་བརྒྱ་པ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང༌། །འཇིག་ཚོགས་ལྟ་བ་དོན་གྱི་རྩ་བ་འཇོམས། །དཔལ་འབྱོར་པ་དང་མེ་ཏོག་མདའ་ཅན་འཇོམས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་དགེ་ཚུལ་གྱི་སྡོམ་པ་ལ་དབང་བསྐུར་གྱི་ཐ་སྙད་གསུངས་ཤིང༌། སྤྱིར་དབང་གི་གོ་བ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་རྒྱལ་སྲིད་ལ་དབང་བསྐུར་བའི་ཚེ་རིན་པོ་ཆེའི་བུམ་པའི་ཆུས་ཁྲུས་བྱེད་ཅིང་བྲམ་ཟེ་རྣམས་ཀྱིས་ཤིས་པ་བརྗོད་ནས་རིན་ཆེན་བདུན་སོགས་རྒྱལ་སྲིད་དབང་དུ་བྱེད་འཇུག་པའི་སྲོལ་ཡོད་པ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས། མདོ་ལམ་དུ་ས་བཅུའི་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་འཚང་རྒྱ་ཀའི་ཚེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ལས་འོད་ཟེར་སྤྲོས་པ་སེམས་དཔའ་དེའི་སྤྱི་བོར་ནུབ་པ་ལ་འོད་ཟེར་ཆེན་པོའི་དབང་ཞེས་ཐ་སྙད་མཛད་པ་ལྟར། དོན་དུ་ལམ་གང་དུ་འཇུག་པ་དེའི་ལྟ་སྒོམ་སྤྱོད་འབྲས་ལ་དབང་དུ་བྱེད་པའི་ཐབས་སངས་རྒྱས་ཀྱི་བྱིན་རླབས་ལ་དབང་གི་བརྡ་བཏགས་པ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་སྡེ་ལས། བློ་གྲོས་ཆེན་པོ་གཞན་ཡང་བྱིན་གྱིས་བརླབས་གཉིས་ཀྱིས་བྱིན་དུ་བརླབས་པའི་བྱང་ཆུབ་སེམས་དཔའ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཞབས་ལ་གཏུག་ཅིང་འདྲི་བ་ཡོངས་སུ་འདྲིའོ། །བྱིན་གྱིས་བརླབས་གཉིས་པོ་གང་གིས་བྱིན་དུ་བརླབས་ཤེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་དང༌། སྐུ་དང༌། ཞལ་དང༌། ཕྱག་ཐམས་ཅད་ཀྱིས་དབང་བསྐུར་བའི་བྱིན་གྱིས་བརླབས་སོ། །དེ་ལ་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ས་དང་པོ་ལས་སངས་རྒྱས་ཀྱིས་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་ནས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞལ་བསྟན་ཏེ། སྐུ་དང་ཞལ་དང་གསུང་ཐམས་ཅད་ཡང་དག་པར་བསྟན་པས་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང༌། ཡོན་ཏན་དེ་ལྟའི་མཚན་ཉིད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་མཛད་དོ། །བློ་གྲོས་ཆེན་པོ་དེ་ལྟར་ས་དང་པོ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱིན་གྱི་རླབས་རབ་ཏུ་ཐོབ་བོ།།

བསྐལ་པ་བརྒྱ་སྟོང་ཀུན་ཏུ་བསགས་པའི་དགེ་བའི་རྩ་བ་དག་གིས་མཐར་གྱིས་སའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་པདྨ་ཆེན་པོའི་གཞལ་མེད་ཁང་དུ་སྟན་ལ་འདུག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཅོད་པན་ཅན། དེ་དག་མཐུན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལ་རྒྱལ་བའི་ཕྱག་ཕྱོགས་བཅུའི་འཇིག་རྟེན་ནས་བྱུང་བ། བ་བླ་དང༌། གསེར་དང༌། མེ་ཏོག་ཙམ་པ་ཀ་དང༌། ཟླ་བའི་འོད་ཟེར་དང༌། པད་མོ་འདྲ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མོ་ཆེན་པོའི་གཞལ་མེད་ཁང་ན་སྟན་ལ་འདུག་པ་དེ་ལ་དབང་བྱེད་པ་དང༌། འཁོར་ལོས་བསྒྱུར་བ་དང༌། དབང་པོའི་རྒྱལ་པོ་ལྟར་སྤྱི་བོ་ནས་དབང་བསྐུར་རོ། །སྐུ་དང་ཞལ་དང་ཕྱག་ཐམས་ཅད་ཀྱིས་དབང་བསྐུར་བས་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའ་འདི་དག་ནི་ཕྱག་གིས་དབང་བསྐུར་བའི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་ཞེས་བྱའོ། །ཞེས་དང༌། བདུད་ཀྱི་ལས་དང་ཉོན་མོངས་པས་མི་འཁྲུགས་པ་དང༌། ཉན་ཐོས་ཀྱི་བསམ་གཏན་དང་སར་མི་ལྟུང་བ་དང༌། དེ་བཞིན་གཤེགས་པའི་ས་སོ་སོ་རང་གིས་རིག་པར་བྱ་བ་དང༌། འཐོབ་པའི་ཆོས་དང༌། ཁོང་དུ་ཆུད་པ་རྣམ་པར་འཕེལ་བའི་ཕྱིར་བློ་གྲོས་ཆེན་པོ་རྒྱུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་བྱིན་གྱི་རླབས་ཀྱིས་བྱིན་དུ་རློབ་པར་མཛད་དོ། །བློ་གྲོས་ཆེན་པོ་བྱིན་གྱིས་མ་བརླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་མུ་སྟེགས་ཅན། ཉན་ཐོས་དང༌། བདུད་ཀྱི་བསམ་པར་ལྟུང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་སྟེ། དེ་ལྟར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་བཟུང་བ་ཡིན་ནོ། །ཞེས་སོགས་ཀྱིས་རྒྱས་པར་གསུངས་པ་བཞིན་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་དབང་ལ་བརྟེན་ནས་འཚང་རྒྱ་དགོས་པར་བཤད་པ་དེ་ལ་བསྙོན་དུ་མེད་པའི་ཕྱིར། ཉན་རང་བྱང་སེམས་གསུམ་གྱི་གནས་སྐབས་སུ་རང་ལམ་རྣམས་བསྒོམ་པར་དབང་བ་དང༌། མཐར་ཐུག་ཏུ་ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ཟིན་པའི་ཕྱིར་ཉན་རང་གཉིས་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་མྱུར་ལམ་དུ་འགྱུར་བའི་གནད་ཁྱད་པར་ཅན་ཡོད་པས་ན་རྡོ་རྗེ་འཆང་ཐབས་ལ་མཁས་ཤིང་ཐམས་ཅད་མཁྱེན་པའི་ཕྱིར་དེ་སྐད་གསུངས་པ་ཡིན་ལ། བླ་མེད་ཀྱི་དབང་གོང་མ་གསུམ་ལ་མ་བརྟེན་པར་སྔགས་ཕྱི་པའི་རྒྱུད་ཀྱིས་རྡོ་རྗེ་འཆང་གི་གོ་འཕང་མི་འཐོབ་པར་བཤད་པའང་དོན་གྱིས་འདིར་མཐུན་ཞིང༌། མདོ་ལམ་དུ་སྦས་ཏེ་འོད་ཟེར་ཆེན་པོའི་དབང་ངམ་བྱིན་རླབས་ཙམ་དུ་གསུངས་པའི་ཕྱིར་རོ།།

༈ ཡང་འགོས་ལྷས་བཙས་ཆོས་རྗེ་ཟུར་པའི་དྲུང་དུ་ཆོས་ཞུ་བར་ཕྱིན་པ་མ་ཐོབ་པའི་སྙིང་ནད་ལ་བརྟེན། ཁོང་རྒྱ་གར་དུ་ཕྱིན་པས་རྙིང་མའི་རྒྱུད་རྣམས་རྒྱ་གར་ན་མེད་པར་བསྒྲགས་ཤིང༌། དཔལ་གསང་བའི་སྙིང་པོ་ལ་སྐྱོན་བཞི་སོགས་ཀྱི་ཀླན་ཀ་བཀོད་པར་བྱས་པ་ལ་བོད་འགའ་ཞིག་གིས་སྐྱོར་ཟློས་རེ་བྱེད་པའང་བྱུང་མོད། ཁོང་ཉིད་རྒྱ་གར་དུ་ཕྱིན་པས་ཡུལ་ཕྲན་ཁ་ཤས་ཤིག་ལ་མ་གྲགས་པས་སྔ་འགྱུར་མེད་པར་མི་འགྲུབ་ཅིང༌། རྫོགས་པ་ཆེན་པོ་སོགས་ཆེས་ཟབ་པའི་རྒྱུད་སྡེ་རྣམས་ཞལ་ནས་སྙན་དུ་བརྒྱུད་པ་ཆིག་བརྒྱུད་ཙམ་མ་གཏོགས་དཔེ་ཡང་མི་སྣང་བར་མཛད། གདམས་པ་ཤུལ་དུ་བཞག་པ་ཙམ་ཡང་མེད་ན་བོད་དུ་ཁྱི་དང་བྱི་ལ་ཡན་ཆད་ལ་གསང་སྔགས་ཁྲོམ་ཆོས་བྱེད་པའི་སྲོལ་འདི་ལྟ་བུ་རྒྱ་གར་དུ་མེད་པས་ཁོང་གིས་མ་མཐོང་ཞིང་མ་ཐོས་པ་བདེན་མོད་ཀྱིས། འོན་ཀྱང་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ལྟ་བུའི་འཕགས་ཡུལ་ཙམ་ན་སྔགས་སུ་མཁྱེན་པ་ཆེ་བར་གྲགས་པས་ཀྱང་བོད་དུ་པེ་ཧར་དཀོར་མཛོད་གླིང་གི་རྒྱ་དཔེ་རྣམས་གཟིགས་པས། ཁོང་ཉིད་ཀྱིས་སྔོན་ཆད་གསན་གཟིགས་མ་མྱོང་བའི་རྒྱུད་སྡེ་མང་པོ་བཞུགས་པས་སྔགས་ལ་མཁས་པའི་ཐུགས་རྒྱལ་ཆགས་པའི་ལོ་རྒྱུས་ཇོ་བོ་ཉིད་ཀྱི་རྣམ་ཐར་དུ་གསལ་ན། ལྷས་བཙས་ལྟ་བུའི་སོ་སྐྱེས་ཀྱིས་མ་མཐོང་བ་ལ་ཁག་མེད་ཅིང༌། དེར་མ་ཟད་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཚུན་ཆད་ཆུ་བཞིན་ཉུལ་བའི་གཞན་སྣང་ཟིལ་གྱིས་གནོན་པར་ནུས་པ་ཨོ་རྒྱན་པ་རིན་ཆེན་དཔལ་ལྟ་བུས་ཀྱང་མི་ཡུལ་དུ་བྱོན་པའི་སྔགས་ཀྱི་མཐའ་མ་གཟིགས་པར་གསུངས་པས་མཚོན་ནུས་སོ།།

དེ་བཞིན་དུ་གསང་བ་སྙིང་པོ་བོད་མར་བསྒྲགས་པའི་རྫུན་ཕུགས་བཅོམ་ལྡན་རལ་གྲི། པཎ་ཆེན་ཤཱཀྱ་ཤྲཱི། ཐར་པ་ལོ་ཙཱ་བ། འགོས་ལོ་གཞོན་ནུ་དཔལ་བ། ཤ་གད་ལོ་ཙཱ་སོགས་ཀྱི་ཕྱག་ཏུ་རྒྱ་དཔེ་དངོས་སོན་པས་བརྟིབས་ཤིང༌། ཁྱད་པར་ཕྱིས་འགྱུར་ཙམ་ལ་མཁས་པའི་མཆོག་བསྟན་པའི་བྱི་དོར་བ་ཆེན་པོ་རིག་པའི་རལ་གྲིས་གསང་སྙིང་སྒྲུབ་པ་ལས་འདི་ལྟར་གསུངས་ཏེ། འདི་རྒྱུད་ཡང་དག་པ་ཡིན་པའི་རྒྱུ་མཚན་ནི། དཔལ་གསང་བ་འདུས་པའི་འགྲེལ་ཆེན་སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་ལས། ཡེ་ཤེས་སེམས་དཔའ་གང་རེག་པ། །ཞེས་པའི་འགྲེལ་པར། གསང་བ་སྙིང་པོ་ལས། འོག་མིན་གྱི་གནས་མཐའ་དང་མུ་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང༌། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་བྱ་བ་དང༌། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཞེས་བྱ་བ་དང༌། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །ཕོ་བྲང་གནས་ཞེས་བྱ་བ་ཡིན། །ཞེས་པའི་འགྲེལ་པར། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱང་སོ་སོ་མ་ཡིན། ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ་ཞེས་བྱ་བ་དང༌། རང་བཞིན་རང་བཞིན་མེད་པའི་རྒྱུ།།ཞེས་པའི་འགྲེལ་པར། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་དང༌། གསང་བའི་དོན་འཆད་པ་ན། གསང་སྙིང་ལས་རང་བཞིན་དང༌། གབ་པ་དང༌། སྦས་པ་དང༌། མི་བསྟན་པའི་གསང་བ་ཞེས་འབྱུང་བྱ་བ་དང༌། གསང་སྙིང་ལས་དབང་ལྔ་འབྱུང་ཞེས་བྱ་བ་དང༌། མཐིང་ག་དཀར་པོ་སེར་ལེ་བརྒན། །ཞེས་པ་ནས། མཐའ་དབུས་མེད་པར་ལྷུན་གྱིས་གྲུབ། །ཅེས་བྱ་བའི་བར་དང༌། གསང་སྙིང་ལས་དེ་ཁོ་ན་ཉིད་གསུམ་དུ་འབྱུང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ལ་གསང་སྙིང་གི་མཚན་སྨོས་ནས་དྲངས་སོ།།

ལོག་པའི་སྐྱོན་བཞི་ལ་སོགས་པ་སྤང་བ་ནི། འདི་སྐད་བཤད་པ་ནི། སངས་རྒྱས་ཀྱི་གསུང་ཐམས་ཅད་ས་བཅུ་པ་བས་ཀྱང་བསྡུ་བར་མི་ནུས་པས་སངས་རྒྱས་ཉིད་ཀྱིས་བསྡུས་པར་འདོད་པའི་ལུགས་ཡིན་ཏེ། གསང་འདུས་ཀྱི་འགྲེལ་པ་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་གསང་བ་གྲུབ་པ་ལས། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་བསྡུས་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་བཤད་པ་བཞིན་གསུང་མཁན་ཉིད་ཀྱིས་བསྡུས་པའི་ལུགས་ཡིན། གཞི་ཚད་མེད་པ་ནི་ཆོས་མངོན་པ་ནས་ཀྱང་འོག་མིན་ལ་ཚད་མེད་པར་བཤད་པ་ཡོད་དོ། །དུས་བཞི་ནི་བི་ཤྭ་མི་ཏྲའི་འགྲེལ་ཆེན་ནས་ཀྱང༌། དུས་བཞི་མཉམ་པ་ཉིད་དུ་དེ་བཞིན་རིག་པར་བྱ། །ཞེས་པ་དང༌། ཕྱོགས་བཅུ་དུས་བཞིའི་མགོན་པོ་ཀུན་གྱིས། ཞེས་གསར་མ་ནས་ཀྱང་བཤད་ལ། སངས་རྒྱས་གསང་བས་བསྐལ་པ་བཞི་ལ་བཤད་དོ། །རྡོ་རྗེ་སེམས་དཔའ་དབུས་སུ་འབྱུང་བ་ནི་དཀྱིལ་འཁོར་གྱི་གཙོ་བོ་འཕོ་བར་བྱ་བ་གསར་མ་ནས་ཀྱང་བཤད་དོ།།

ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཞེས་པ་ནི་གསང་སྙིང་གི་རྒྱ་དཔེ་ལས། སཱུ་ཏྲི་པྲཛྙཱ་ཏིཥྱ་ཏི་བྱ་བ་ཡོད་དེ། སཱུ་ཏྲི་ཐིག་གི་རྒྱ་སྐད་ཡིན། ཉི་འོད་སེང་གེའི་འགྲེལ་པ་ནས་ཀྱང་ཐིག་ལ་བཤད། ཏིག་གནའ་སྐད་ཡིན། རྒྱུད་གཞན་དུ་ཁ་འཕངས་པ་ནི། དགྱེས་པ་རྡོ་རྗེ་ལ་སོགས་པ་ཕྱིས་གསུངས་པ་ཐམས་ཅད་ཀྱང་དང་པོར་གསུངས་པའི་དེ་ཉིད་བསྡུས་པར་ཁ་འཕངས་ནས་ཡོད་དོ། །ཞེས་པ་ལ་སོགས་ཀྱིས་ལེགས་པར་བཤད་པ་ལྟར་འཕགས་ཡུལ་དུ་ཡོངས་སུ་གྲགས་པའི་བསྟན་བཅོས་ཆེན་མོར་རྒྱུད་འདི་ཉིད་ཀྱི་ལུང་དྲངས་ཤིང༌། སྔར་སྨོས་པའི་སློབ་དཔོན་དེ་དག་རྣམས་ཀྱིས་འགྲེལ་པའི་རྣམ་གྲངས་དུ་མ་དང་བཅས་པས་འཆད་ཉན་གྱིས་གཏན་ལ་ཕབ་པ་མངོན་སུམ་དུ་གྱུར་བཞིན་ལ་ལྟོས། དེས་ན་པཎ་ཆེན་ཤཱཀ་མཆོག་པས། རྙིང་མའི་ཆོས་རྣམས་འཕགས་ཡུལ་ནས། །བསྒྱུར་བར་འབད་པས་བསྒྲུབ་མི་དགོས། །སློབ་དཔོན་སྤྲུལ་པའི་སྐུ་ཉིད་ཀྱིས། །གསུངས་པ་ཉིད་དུ་གྲུབ་པས་ཆོག །འཕགས་པའི་ཡུལ་ནས་ཕྱིས་བསྒྱུར་བའི། །སྔགས་དང་བརྡ་སྐད་མ་མཐུན་ཀྱང༌། །མཆོག་དང་ཐུན་མོང་སྒྲུབ་པ་ལ། །མི་བསླུ་འགྲུབ་ཕྱིར་དེ་ཚད་མ། །དཔེར་ན་ཡུལ་ཆེན་སོ་སོ་ནས། །གྲུབ་པ་མཆོག་རྣམས་ཀྱིས་བླངས་པའི། །ཆོས་ཀྱང་གླེགས་བམ་སོ་སོ་ལས། །འཕགས་པའི་ཡུལ་དུ་བསྒྱུར་བ་མིན། །རྡོ་རྗེ་སེམས་དཔས་གནང་ཐོབ་པའི། །བཀའ་ཡི་བསྡུ་བ་པོ་ཉིད་ཀྱིས། །ཡུལ་ཁམས་སོ་སོའི་སྐད་ཉིད་དུ། །བཤད་པས་ཆོག་པར་གསུངས་པ་ཡིན། །རྙིང་མའི་ཆོས་ལུགས་འཕགས་ཡུལ་ནས། །བསྒྱུར་བར་ངེས་རྣམས་གྲུབ་མི་དགོས། །མ་ངེས་པ་རྣམས་བསྟན་བཅོས་སུ། །བསྒྲུབས་ལས་གྲུབ་པར་འགྱུར་འདི་ཡང༌། །གང་འདི་རྣམ་རྟོག་རང་བཟོའི་ལམ། །རྙེད་ནས་འཕྱན་པར་གྱུར་མིན་གྱི། །བོད་ཀྱི་ཡུལ་དུ་སྔོན་བྱོན་པའི། །ཆེན་པོ་རྣམས་ཀྱིས་དེར་བཤད་པའོ། །ཞེས་རིགས་པར་སྨྲས་པ་འདི་ནི་དྲང་པོར་གནས་པའི་རྟོག་དཔྱོད་ཀྱིས་ཤེས་བྱ་རིག་པའི་གཏན་ཚིགས་སུ་སྣང་ཞིང༌། སྤྱིར་རྒྱ་གར་ནས་བྱུང་བ་ཁོ་ནས་ཆོས་དེ་འགངས་ཆེ་རུ་མི་འགྲོ་སྟེ་བསྟན་བཅོས་རྣམས་ཀྱང་ཡུལ་གྱིས་སྒོ་ནས་བཟང་ངན་འབྱེད་པར་མཁས་པ་རྣམས་ལ་མ་གྲགས་ཤིང༌། མཛད་པ་པོ་གང་དག་གྲུབ་པའི་ས་ལ་བཞུགས་པ་ཞིག་ཡིན་ན་དེས་མཛད་པའི་བསྟན་བཅོས་རྣམས་ཀྱང་ཚད་མར་བྱེད་དགོས་པའི་ཕྱིར་རྒྱ་བོད་གང་དུ་བྱུང་ཡང་ཁྱད་མེད་པར་གྲུབ་པས། སྐབས་འགར་རྒྱ་གར་བའི་བསྟན་བཅོས་ལས་བོད་ཀྱི་བསྟན་བཅོས་བཟང་བའང་ཡོད་དེ། རྒྱ་པཎ་སོ་སྐྱེས་སྒྲ་ཚད་ལ་བྱང་བ་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་བརྩམས་པ་བས། བོད་ཀྱི་གྲུབ་བརྙེས་ཡེ་ཤེས་མངོན་དུ་གྱུར་པ་རྣམས་ཀྱིས་མཛད་པ་དག་བཙན་པར་བྱ་དགོས་པ་ཉིད་དོ།།

༈ གཞན་ཡང་གླང་དར་མས་བསྟན་པ་བསྣུབས་རྗེས་ཀྱི་བར་སྐབས་དེར་རྒྱ་གར་ནས་ཨ་ཙ་ར་དམར་པོ་བྱ་བ་དང༌། པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་བྱ་བ་བོད་དུ་འོངས་ནས་གྲོང་གསེབ་ཏུ་རྙེད་བཀུར་གྱི་ཆེད་དུ་སྦྱོར་སྒྲོལ་ཐུན་མོང་དུ་བྱེད་པའི་ལག་ལེན་སྤེལ་བ་བོད་རྣམས་དེ་ལ་འཇུག་པ་མང་ཙམ་བྱུང་བས་བསྟན་པར་རྨ་འབྱིན་བཀག་པའི་ཕྱིར། ལྷ་བླ་མ་ཁུ་དབོན་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་སྔགས་ལོག་སུན་འབྱིན་གྱི་སྤྲིངས་ཡིག་བཀྲམ་པ་ལ་བསྙད་དེ། གསར་མའི་ལོ་ཙཱ་བ་རྣམས་ཀྱིས་རང་རང་གི་ཆོས་ཀྱི་ཆེ་བ་སྒྲུབ་བྱེད་དུ་སྔ་འགྱུར་གསང་སྔགས་ཀྱི་བཀའ་རྣམས་འཆལ་ཟིན་པ་ལྟ་བུ་ཞིག་ཏུ་ཡང་ཡང་བསྒྲགས་པ་ལ་བརྟེན་ནས་ཐོས་ཆུང་གི་སྐྱེ་བོ་རྣམས་བློ་ཐེ་ཚོམ་གྱི་ཁྱོགས་ལ་འཕྱངས་པར་གྱུར་མོད་ཀྱི། དོན་དུ་རྒྱུད་ལུང་མན་ངག་གི་བཀའ་བབ་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་གནས་པའི་ཚུལ་ནི་སྔར་སྨོས་པའི་ལོ་རྒྱུས་ཀྱིས་ཤེས་ལ། མདོར་ན་གླང་དར་གྱིས་བསྟན་པ་བསྣུབས་སྐབས་མཚན་ཉིད་ཀྱི་ཆོས་གྲྭ་རྣམས་རྩ་བརླག་ཏུ་སོང་བ་ལས། སྔགས་ཀྱི་སྒྲུབ་གྲྭ་རྣམས་ནི་རི་སུལ་བྲག་ཕུག་སོགས་སུ་ཁོལ་བུར་གནས་པའི་ཕྱིར་དང༌། གནུབས་ཆེན་ལ་གླང་དར་རང་གིས་ཁས་བླངས་པ་བཞིན་སྔགས་པ་སུ་ལའང་སྐྱོན་གཏན་ནས་མ་བྱུང་ཞིང༌། སྐབས་དེ་དག་ཏུ་ཉང་བན་ཏིང་འཛིན་བཟང་པོ། ངན་ལམ་བྱང་ཆུབ་རྒྱལ་མཚན། གཉགས་ཛྙཱ་ནའི་སློབ་མ་དཔལ་གྱི་བུ་བརྒྱད་ཕལ་ཆེར། གནུབས་ཆེན་ཡབ་སྲས། རོག་ཤཱཀྱ་འབྱུང་གནས། བདེ་གཤེགས་ཟུར་པོ་ཆེ་སོགས་དངོས་གྲུབ་རྣམ་པ་གཉིས་ལ་དབང་འབྱོར་པའི་རིག་འཛིན་གྱི་སྐྱེས་བུ་བཟང་ལ་གྲངས་མང་བ་རྣམས་ཀྱིས་ནང་རྒྱུད་སྡེ་གསུམ་གྱི་བསྟན་པ་བཟུང་བཞིན་པ་ཡིན་པས་སོ། །སྔ་འགྱུར་གྱི་རྒྱུད་དང་རིག་པ་འཛིན་པའི་ས་ཆེན་པོར་བཞུགས་པ་དེ་དག་གིས་མཛད་པའི་མན་ངག་ལ་བརྟེན་ནས་ཉམས་སུ་བླངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མི་བསླུ་བར་མངོན་སུམ་དུ་གྱུར་པའི་ཚུལ་ཡང་རྫོགས་པ་ཆེན་པོ་ཀློང་སྡེའི་གདམས་པས་སྤང་མི་ཕམ་མགོན་པོ་སློབ་བརྒྱུད་བདུན་གྱི་རིམ་པ་དང༌། ཉང་ཏིང་འཛིན་བཟང་པོ་ནས་ལྡང་མ་སོགས་བདུན་བརྒྱུད་དུ་མན་ངག་འོད་གསལ་སྙིང་ཐིག་གི་ལམ་ནས་འཇའ་ལུས་འཕོ་བ་ཆེན་པོར་གཟུགས་སྐུ་དེངས་པ་དང༌། ཟུར་མེས་དབོན་གསུམ་སོགས་ཤི་བ་སློང་ནུས་པའི་བརྟུལ་ཞུགས་གྲུབ་པ་དང༌། སྐུ་དེ་ཉིད་ཀྱིས་མཁའ་ལ་མི་སྣང་བར་གྱུར་པའང་དུ་མ་བརྒྱུད་མར་བྱུང་ཞིང༌། ལྷོ་བྱང་གིས་མཚོན་པའི་རྫོགས་ཆེན་ཟབ་གཏེར་གྱི་ལམ་ནས་འཇའ་ལུས་སུ་གཤེགས་པ་ཇི་སྙེད་བྱུང་བའི་རྣམ་གྲངས་བརྗོད་ཀྱིས་མི་ལང༌། ཕྱི་མའི་དུས་འདིར་མཚོན་ནའང་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ལོར་གྲུབ་དབང་རིག་འཛིན་པདྨ་བདུད་འདུལ་འོད་ལུས་སུ་ཡལ་བ་དང༌། དེ་རྗེས་དེའི་ཞལ་སློབ་གཏེར་སྟོན་རང་རིག་རྡོ་རྗེ་སྨིན་གྲོལ་གླིང་དུ་སྐུ་གཤེགས་པའི་ཚེ་སྐུ་གདུང་འོད་དུ་ཡལ་བའི་ལྷག་མ་མཁྱིད་གང་ཙམ་དུ་གྱུར་པ་མདོ་ཁམས་སུ་གདན་དྲངས་པ་ད་ལྟའང་མཇལ་དུ་ཡོད། དེ་དང་དུས་མཚུངས་སུ་གཏེར་ཆེན་བདུད་འཇོམས་གླིང་པའི་བུ་སློབ་འཇའ་ལུས་ཐོབ་པ་བཅུ་གསུམ་བྱུང་བ་དང༌། ཤིན་ཏུ་ཉེ་བ་དེང་སང་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལ་མདོ་ཁམས་གླིང་ཚང་རྫ་པ་བཀྲ་ཤིས་འོད་ཟེར། དེ་རྗེས་མེ་གླང་ལ་དེའི་རྒྱལ་ཚབ་བློ་གྲོས་རྒྱལ་མཚན། དེ་རྗེས་ཆུ་འབྲུག་ལ་སྡེ་དགེ་ཡིད་ལྷུང་པ་བསོད་ནམས་རྣམ་རྒྱལ་བཅས་ཁོ་བོའི་དྲན་ཐོག་འདི་རང་ལ་ཕུང་པོ་ལྷག་མེད་འཇའ་ལུས་སུ་དེངས་པ་མང་དུ་བྱུང་བ་མངོན་སུམ་ཚད་མའོ།།

དེར་མ་ཟད་བདུད་འཇོམས་གཏེར་སྲས་དྲི་མེད་འོད་ཟེར། ཌཱ་ཀི་ཀུན་བཟང་ཆོས་ཉིད་བདེ་སྐྱོང་དབང་མོ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། རྫོགས་ཆེན་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་དང༌། དགེ་མང་གཉིས་པ་ཐུབ་དབང་བསྟན་པའི་ཉི་མ། བྱ་བྲལ་ཀུན་དགའ་དཔལ་ལྡན། གླིང་གཏེར་གསུམ་པ་འགྱུར་མེད་པདྨ་བསྟན་འཛིན། རྫོགས་ཆེན་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། བདག་གི་འདྲེན་མཆོག་གཏེར་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ་དང༌། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མ་ལྟ་བུ་སྒྲ་འོད་ས་གཡོ་སོགས་ཆོ་འཕྲུལ་སྣ་ཚོགས་པ་དང་བཅས་སྐུ་གཟུགས་ཕལ་ཆེར་འོད་དུ་ཡལ་བའི་ལྷག་མ་ཁྲུ་གང་ཙམ་པ་གདུང་ཆེན་ལྔ་དང་རིང་བསྲེལ་གྱི་ཕུང་པོར་གྱུར་པའང་བགྲང་གིས་མི་ལང་བ་ཉིད་དོ།།

གཞན་ཡང་འཕགས་པའི་བློ་གྲོས་ཀྱིས་བདེ་བར་གཤེགས་པའི་ཆོས་ཚུལ་ཟབ་མོའི་གནས་འཇལ་བ་ལ་བསྙེངས་པ་མི་མངའ་བ་འཛམ་གླིང་མཛེས་པའི་རྒྱན་མཆོག་ཀླུ་ཐོགས་རྣམ་གཉིས་ལྟ་བུའི་གོ་འཕང་ལ་ཞབས་སྟེགས་བཀོད་པ་རོང་ཟོམ་ཆོས་ཀྱི་བཟང་པོ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པ་སོགས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པའང་ཇི་སྙེད་བྱུང་བར་གྱུར་ལ། ཐུན་མོང་དུའང་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བའི་སྨན་གྱི་རྒྱུད་བཞིས་ཀྱང་འགྲ་ོབ་མཐའ་ཡས་པ་ལ་དབུགས་འབྱིན་ཆེན་པོ་སྟེར་བ་དང༌། གཞན་ཡང་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོ་སྟེ་ཕྲིན་ལས་བཞི་པོའི་སྒོ་ནས་ལས་རབ་འབྱམས་སྒྲུབ་པ་ལ་ཐབས་ཟབ་པས། གངས་ཅན་གྱི་ལྗོངས་ཙམ་དུ་ཆེ་བར་གྲགས་པ་འགའ་ཞིག་འཇིགས་པ་ཆེན་པོ་དག་གིས་ཉམ་ང་བར་གྱུར་པ་ན་སྔ་འགྱུར་རྗེས་འབྲང་དང་བཅས་པ་ལ་དངོས་དང་བརྒྱུད་པའི་སྒོ་ནས་སྐྱབས་སུ་འཆོལ་དགོས་པར་བྱུང་བ། ས་པཎ་གྱིས་འཕྲོག་བྱེད་དགའ་བོ་རིགས་པས་ཕམ་པར་ནུས་ཀྱང་ནམ་མཁའ་ལ་འཕུར་བར་བརྩམས་པ་ན་འདར་ཕྱར་བས་ཕུར་པའི་རིགས་སྔགས་ཀྱིས་བཅིངས་པ་ལྟ་བུ་མངོན་སུམ་ཚད་མ་ཡིན་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གཞན་ལ་སྨན་པ་འབའ་ཞིག་ཡིན་པས་མངོན་མཐོ་དང་ངེས་པར་ལེགས་པའི་ཕྲིན་ལས་ཅན་གྱི་བསྟན་པ་དེ་ཉིད་ཕྱོགས་གང་དུ་འཕུལ་བསམ་པར་བྱ་དགོས་སོ། །ཚུལ་དེ་ལ་དགོངས་ནས་མཁས་མཆོག་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས། སྤྱིར་ན་དར་མས་བསྟན་པ་བསྣུབས་ནས་ལོ་བདུན་ཅུ་ལྷག་ཅིག་གི་བར་དུ་དབུས་གཙང་ན་རབ་ཏུ་བྱུང་བ་ནི་གཅིག་ཀྱང་མེད། རྙིང་མ་བའི་སྔགས་འཆང་མང་དུ་ཡོད་པ་རྣམས་ཀྱིས་ཡུལ་སོ་སོར་སྒྲུབ་པ་ཁྱད་པར་ཅན་གྱིས་བཀྲ་ཤིས་པར་མཛད་ཅིང༌། ཁྱིམ་པ་རྣམས་ཀྱིས་ཀྱང་དེ་དག་ལ་དད་ཅིང་ཟས་གོས་སོགས་ཀྱིས་མཉེས་པར་བྱས། བུམ་དབང་ཙམ་རེ་བླངས་ཤིང༌། རྒྱུད་རིམ་གྱིས་སྨིན་པ་ལ་བརྟེན་ནས། ཀླུ་མེས་ལ་སོགས་པའི་དབུས་གཙང་གི་མི་དྲུག་གམ་བརྒྱད་དུ་གྲགས་པ་རྣམས་བྱོན་པའི་ཚེ། ཡུལ་དང་ཡུལ་ཕྲན་རྣམས་སུ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་གྲངས་མེད་པ་འཕེལ། སྔོན་རྒྱལ་བློན་གྱི་དུས་སུ་འགྱུར་བའི་བཀའ་བསྟན་བཅོས་རྣམས་ལ་མ་ཉམས་པར་ལོངས་སྤྱད་པས་ཆོག་པ་བྱུང༌། མཁས་པ་དང་གྲུབ་པའི་སྐྱེས་བུ་མང་དུ་བྱུང་བ་ཕལ་ཆེེར་ཡང་རྙིང་མ་བའི་གྲུབ་ཐོབ་བརྒྱུད་པ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་འཕགས་ཡུལ་གྱི་སློབ་དཔོན་ཨིནྡྲ་བྷུ་ཏི་དང༌། ཡེ་ཤེས་ཞབས་དང༌། ནཱ་རོ་པ་སོགས་ཀྱིས་མཛད་པའི་རྫོགས་ཆེན་གྱི་མན་ངག་ཐར་ཐོར་བོད་དུ་བྱུང་བ་ཙམ་ལས་གྲུབ་ཐོབ་གཞན་གྱིས་མཛད་པའི་བསྟན་བཅོས་སོགས་ཕལ་ཆེ་བ་བོད་དུ་མ་འགྱུར་ཡང༌། སློབ་དཔོན་འདི་དག་གསང་བ་བསྲུང་བ་ལ་ཐུགས་བརྟན་པས་མཆོག་ཏུ་ཟབ་པའི་མན་ངག་རྣམས་ཤུལ་དུ་བཞག་པའང་མེད་ན་ཐུན་མོང་དུ་འཆད་པ་ལྟ་ཞོག དཔེ་ཙམ་ཡང་མི་སྣང་བར་རྒྱས་བཏབ་པ་མང་བའི་ཕྱིར་མཆོག་གི་སྐལ་བ་དང་ལྡན་པའི་སློབ་མ་གཅིག་ཙམ་ལ་ཤིན་ཏུ་གསང་ནས་བསྟན་པ་སྲིད་པ་ཙམ་སྟེ། དཔེར་ན་མར་པས་མིང་ཙམ་མ་ཐོས་པའི་ནཱ་རོ་མཁའ་སྤྱོད་ཕམ་མཐིང་པ་ལ་གྲགས་པ་བཞིན་ནོ།།

དེ་བཞིན་དུ་པཎ་ཆེན་ཤཱཀྱ་ཤྲཱིས་སློབ་དཔོན་ཆེན་པོ་དངོས་ལས་རྡོ་རྗེ་ཕུར་བུ་ཐོས་པ་དང༌། ཕ་དམ་པས་རྫོགས་ཆེན་ལ་ཐུགས་དམ་གྱི་མཐིལ་དུ་བཟུང་བའི་ལོ་རྒྱུས་ཀྱང་ཡོད། དུས་ཕྱིས་གྲུབ་ཆེན་ཞི་བ་སྦས་པས་སློབ་དཔོན་པདྨ་དངོས་ལས་རྒྱུད་སྡེ་དུ་མའི་བཤད་བཀའ་དབང་བཀའ་མན་ངག་གི་བཀའ་སོགས་གསན་ནས་འགྲོ་ལྡིང་གི་ཡུལ་སོགས་གཞན་ལའང་སྤེལ་བའི་ལོ་རྒྱུས་སློབ་དཔོན་དེ་ཉིད་ཀྱི་སློབ་མ་བོད་དུ་བྱོན་པ་རྣམས་ཀྱིས་གསུངས་པ་དང༌། ཞང་གཡུ་བྲག་པས་སློབ་དཔོན་ཆེན་པོ་དང༌། བོ་དྷི་ས་ཏྭ། བི་མ་ལ་རྣམས་ལས་དངོས་སུ་གསན་པའི་རྫོགས་ཆེན་ཡོད་ལ༌། རྗེ་བཙུན་མི་ལས་ཐོག་མར་གནུབས་ཁུ་ལུང་པ་ལས་རྫོགས་ཆེན་སེམས་སྡེ་གསན་པ་ན་རིག་ཐོག་ཏུ་མཉམ་པར་མ་བཞག་པས་རེ་ཞིག་ཆོས་དང་གང་ཟག་སྣ་འཛོལ་བ་ལྟར་གྱུར་ཀྱང༌། མཐར་རྗེ་ལྷོ་བྲག་པའི་གཏུམ་མོའི་རྒྱུ་བྱས་ནས་རྫོགས་པ་ཆེན་པོ་བློ་ཟད་ཆོས་ཟད་ཀྱི་ལམ་ནས་གྲུབ་པ་བརྙེས་པ་ཡིན་ཏེ། རྡོ་རྗེའི་མགུར་དུ་ཡང༌། རྫོགས་པ་ཆེན་པོས་མདུན་ནས་གཟེར། །ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། །ཁ་ནས་གདམས་ངག་ཁྲག་ཏུ་སྐྱུགས། །ཞེས་སོགས་གསུངས་པས་མཚོན་ནུས། རྗེ་ཀརྨ་པ་པཀྵི་དགའ་རབ་རྡོ་རྗེའི་སློབ་མ་ཏོག་རྩེ་བར་གྱུར་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཁོང་དུ་ཆུད་པའི་སྔོན་གནས་རྗེས་དྲན་དང་ཀཿཐོག་པ་བྱམས་པ་འབུམ་ལས་རྫོགས་ཆེན་གསན་པ་སོགས་ཀྱིས་གྲུབ་པ་ཐོབ། ཀུན་མཁྱེན་རང་བྱུང་རྡོ་རྗེ་བི་མ་ལའི་སྤྲུལ་པར་ཞལ་གྱིས་བཞེས་ཤིང་སྙིང་ཐིག་གི་བསྟན་པའི་བདག་པོར་གྱུར་ནས་དགོངས་གཏེར་ཡང་བྱོན། གྲུབ་ཆེན་ཨོ་རྒྱན་པ་དང་རྗེ་རྒོད་ཚང་པ། ཡང་དགོན་པ་སོགས་འཁོར་འདས་རོ་མཉམ་དུ་རྟོགས་པ་དེ་རྣམས་གནས་སྐབས་ལམ་གང་ལ་བརྟེན་ཡང་གྲུབ་པ་རྫོགས་པ་ཆེན་པོའི་ཀློང་དུ་ཐོབ་པ་ཡིན་ཏེ་སོ་སོའི་དགོངས་པའི་ཞེ་ཕུགས་ལ་ལྟོས། དཔལ་ལྡན་ས་སྐྱ་པ་སློབ་དཔོན་པདྨ་དངོས་ཀྱི་སློབ་མ་རྦ་གསལ་སྣང་གི་བརྒྱུད་ལས་སྔ་འགྱུར་གྱི་བཀའ་སྲོལ་ལ་བརྟེན་ནས་གྲུབ་པ་བརྙེས་པ་ཤ་སྟག་བྱུང་ཞིང༌། ཡང་དག་དང་ཕུར་པ་གཉིས་ཀྱིས་ས་སྐྱ་པའི་ཡི་དམ་གྱི་སྲོག་བཟུང་བ་ནི་དུས་སྐབས་དེར་བོད་ཀྱི་མཁས་རློམ་རྣམས་ཀྱིས་སྔ་འགྱུར་ལ་ཆུ་བུན་འབྱུག་པར་འདོད་པའི་ཚེ། ཡང་ཕུར་གཉིས་ཆོས་ཀྱི་བདག་པོའི་གཟི་བྱིན་གྱིས་བསྲུངས་པས་རྣམ་པར་དག་པའི་གནས་སུ་བཀུར་བས་རང་གིས་བྲིས་པ་རང་གིས་ཟུབ་པར་བྱེད་པའི་སྐབས་ཀྱང་བྱུང༌། ཆོས་རྗེ་བླ་མ་དམ་པས་རྡོ་རྗེ་ཕུར་པ་ལ་བརྟེན་ནས་མངོན་རྟགས་བརྙེས་ཤིང་ཡིག་ཆ་མཛད། ཁྱད་པར་བདག་ཆེན་བློ་གྲོས་རྒྱལ་མཚན་ནས། ཀུན་སྤངས་རྡོ་རིང་པ་དང༌། ཆོས་རྗེ་ཚར་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སོགས་ས་ལུགས་ཀྱི་བསྟན་འཛིན་མཆོག་རྣམས་སློབ་དཔོན་ཆེན་པོས་དངོས་སམ་བརྒྱུད་པས་རྗེས་སུ་བཟུང་བ་དང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྫོགས་ཆེན་སོགས་སྔ་འགྱུར་གྱི་ལམ་ནས་དངོས་གྲུབ་བརྙེས་པ་མང་བ་སོ་སོའི་རྣམ་ཐར་སོགས་ཀྱིས་ཤེས་པར་ནུས་ཤིང་འདིར་སྨོས་ཀྱིས་མི་ལང་ལ། བརྒྱུད་སྲོལ་དེ་ལས་བྱུང་བའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་འདི་ཡང་དོན་དུ་སྔ་འགྱུར་ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ་ལས་དངོས་སུ་བསྟན་པའི། དབང་བཞི། སྒྲིབ་པ་བཞི། ལམ་བཞི། གྲུབ་མཐའ་བཞི། འདའ་ཀ་བཞི། འགྲོས་བཞི། སྐུ་བཞི་ལ་སོགས་པའི་རྣམ་གཞག་རྣམས་ཀྱི་རྫོགས་རིམ་བཤད་པ་འདི་ཉིད་དུ་གྲུབ་པའི་ཕྱིར་རྒྱུད་འདིའི་མན་ངག་ཏུ་ཚད་མས་གྲུབ་པ་ཡིན་ནོ།།

ཡང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནམ་ལས་ཀྱི་རྡོ་རྗེར་གྲགས་པ་གསང་བའི་བདག་པོ་ལས་དངོས་ཀྱིས་ལུང་ལེན་ནུས་ཤིང་བྱ་བ་གང་ཡིན་ལུང་སྟོན་པ་ཞིག་ཡོད་ལ། དེ་ལ་ཕྱག་ན་རྡོ་རྗེས་སྙན་བརྒྱུད་དུ་གནང་བའི་རིམ་པ་གཉིས་ཀྱི་མན་ངག་རྣམས་རྫོགས་པ་ཆེན་པོའི་ལམ་དངོས་རྐང་ཚུགས་པར་ཡོད་དེ། རྗེ་ཙོང་ཁ་པས་ཡང་དག་པའི་ལྟ་བ་ཟབ་མོ་ལ་དོགས་པ་གཅོད་པར་གྲུབ་ཆེན་ལ་གསོལ་བ་བཏབ་པས། ཁོང་གིས་གསང་བདག་ལ་ཞུས་ཤིང་དེས་བསྩལ་བའི་ཞུས་ལན་བདུད་རྩི་སྨན་མཆོག་ལས། ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ཡུམ་ཀུན་ཏུ་བཟང་མོའི་སྙིང་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག ཐེག་པའི་ཡང་རྩེ་སྨན་ཆེན་པོའི་སྒྲུབ་པ་ལ་སེམས་ཉིད་འོད་གསལ་རྩད་ཆོད་གསུངས་པ་དང༌། ལས་ཀྱི་རྡོ་རྗེ། རིག་པའི་ངོ་བོ་སྟོང་པ་འདི། སུས་ཀྱང་མ་བཅོས་པ། རྒྱུ་མེད་པ། རྐྱེན་མེད་པ། ཡེ་གདོད་མ་ནས་གནས་པ་ཡིན་གསུངས། འདི་ལ་བཅའ་བཅོས་མ་བྱེད་པར་ཁོ་རང་གང་འདུག་གི་སྟེང་དུ་ཞོག་དང་གོལ་ས་དེ་ཀ་དག་གི་ཀློང་དུ་སངས་རྒྱ་བ་ཡིན་གསུངས། དེ་བཞིན་དུ་རང་བཞིན་འོད་གསལ་བ་འདི། ཡེ་ནས་སྟོང་པ་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ། དེའི་གསལ་ཆ་ཐུགས་རྗེ་འགག་མེད། གང་ཤར་ཡང་རང་བཞིན་གྱིས་མ་གྲུབ་པར་ཟུང་འཇུག་ཆེན་པོར་ཤེས་པར་གྱིས་དང༌། དབྱེར་མེད་དུ་སངས་རྒྱ་བ་ཡིན་གསུངས། ཞེས་སོགས་དང༌། ཕྱག་ན་རྡོ་རྗེའི་བསྐྱེད་རྫོགས་བདུད་རྩིའི་ཐིགས་པ་ལས། ཡེ་ཤེས་ལྷའི་ཞལ་ནས། སྐྱེ་མེད་བློ་འདས་ཆོས་ཀྱི་དབྱིངས། །འགག་མེད་སྤྲོས་བྲལ་ཅིར་ཡང་སྣང༌། །འཁོར་འདས་གཉིས་མེད་ཀ་ནས་དག །རང་སྣང་སྐྱེ་མེད་དབྱིངས་སུ་ཐིམ། །ཞེས་དང༌། དངོས་འཛིན་འཁྲུལ་སྣང་མ་ཞིག་ན། །སྟོང་ཉིད་བསྒོམ་པ་གོལ་བའི་གནས། །སྟོང་ཉིད་བློ་དང་མ་བྲལ་ན། །གཉིས་སྣང་ཆོས་ཀྱིས་གྲོལ་མི་ནུས། །སྐུ་ལྔ་བསྒྲུབ་བྱར་འདོད་པ་དང༌། །དུག་ལྔ་སྤང་བྱར་འདོད་པ་དང༌། །སངས་རྒྱས་ཐོབ་བྱར་འདོད་པ་དང༌། །འཁོར་བ་སྤང་བྱར་འདོད་པ་སོགས། །དགག་སྒྲུབ་དེར་འཛིན་མ་ཆོད་ན། །ཡང་དག་སྙིང་པོའི་དོན་མི་རྙེད། །དམུས་ལོང་ནམ་མཁའི་མཐའ་འཚོལ་འདྲ། །ནམ་ཡང་འཁོར་བའི་གནས་སུ་འཁྱམས། །བློ་འདས་ཙམ་ལ་བློ་ཞེན་ཡང༌། །བློས་བྱས་ཆོས་ཀྱིས་གྲོལ་མི་ནུས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ཟད་ཆོས་ཟད་ཐེག་པའི་རྩེ། །རང་སེམས་ཆོས་སྐུ་དངོས་མེད་ལ། །རིག་པའི་མིང་འདོགས་མ་མཛད་ཅིག །བལྟ་རུ་མེད་པའི་བྱང་ཆུབ་སེམས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྨྲ་བསམ་བརྗོད་མེད་ངང་ལ་ཞོག །བློ་ལས་འདས་པའི་ངང་ལ་ཞོག །བྱར་མེད་ངང་ལ་ལྷུག་པར་ཞོག །ཞོག་ཅེས་བྱ་བ་བློ་ཡི་ཚིག །ཞོག་དང་མ་ཞོག་ཐ་སྙད་མེད། །མིང་མེད་བརྗོད་མེད་བརྟག་གཞི་བྲལ། །བརྟག་སྣང་བློ་ནི་དབྱིངས་སུ་ཞི། །དགག་གྲུབ་སྤང་ལེན་ཀློང་དུ་ཡལ། །སྤྲིན་ཚོགས་མཁའ་ལ་དེངས་པ་འདྲ། །རྣམ་རྟོག་མ་སྤངས་རང་སར་དག །ལར་ནི་ལྟ་སྒོམ་སྤྱོད་འབྲས་བཞི། །ལྟ་བ་ཞེ་འདོད་མེད་པར་གྱིས། །སྒོམ་པ་བློ་སྒོམ་འཛིན་པ་ཞིག །སྤྱོད་པ་བྱར་མེད་ཞེན་མེད་སྐྱོང༌། །འབྲས་བུ་ཆོས་སྐུ་རང་ཆས་ལ། །གཞན་ནས་བསྒྲུབ་འདོད་ཡིད་སྨོན་དོར། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་ཆོས། །རྒྱུད་འགྲེལ་མན་ངག་བརྗོད་མི་ལང༌། །དེ་དག་ཐམས་ཅད་འདུས་པའི་བཅུད། །མར་གྱི་ཡང་ཞུན་ལྟ་བུ་ཡི། །མན་ངག་བདུད་རྩི་ཐིགས་པ་འདི། །བཅུད་མཆོག་སེང་གེའི་འོ་མ་འདྲ། །སྣོད་མཆོག་གསེར་བུམ་ལྟ་བུ་ཡི། །ལས་ཀྱི་རྡོ་རྗེ་ཁྱོད་ལ་བྱིན། །ཞེས་པ་ལ་སོགས་རྫོགས་ཆེན་གྱི་ཆོས་སྐད་གྲུབ་མཐའ་གཞན་དང་མ་འདྲེས་པར་ཡོད་པའི་ཕྱིར་ལམ་འདི་ཉིད་ཀྱིས་གྲུབ་པ་བརྙེས་པར་མ་ཟད། རྗེ་ཙོང་ཁ་པའང་དབུ་ཚད་ཀྱི་གྲུབ་མཐའ་འཇོག་སྐབས་མ་གཏོགས་ཉམས་བཞེས་ཕྱག་རྫོགས་དང་མཐུན་ཚུལ་རྗེ་གུ་རུ་དང༌། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་བཤད་ཅིང༌། དོན་དུའང་གྲུབ་ཆེན་ལ་ལྟ་བའི་སྒྲོ་འདོགས་བཅད་པའི་ཞུས་ལན་བདུད་རྩི་སྨན་མཆོག་ཏུ་བལྟས་པས་ཤེས་ནུས་ལ། ཞུས་ལན་འདི་ནི་མཁའ་འགྲོ་སྙིང་ཐིག་གི་ཞུས་ལེན་གསེར་ཕྲེང་དང་ཕལ་ཆེར་ཞུས་དག་ཕེར་བ་ཡོད། དེ་ལྟར་མིན་ན་ཙོང་ཁ་པ་ཐ་སྙད་ཀྱི་གནས་ལ་མཁྱེན་རབ་ཉི་ཟླའི་སྣང་བ་ལྟར་རྒྱ་ཆེ་བའི་ཕྱིར་གོ་ཡུལ་གྱི་ལྟ་བ་ཙམ་ལ་གྲུབ་ཆེན་བསྟེན་མི་དགོས་པའི་ཕྱིར་རོ།།

དེས་ན་འཇམ་མགོན་ཙོང་ཁ་པ་ཉིད་ཀྱི་ཞལ་ནས། ཁྱད་པར་དུ་རྒྱལ་བ་སྲས་དང་བཅས་པའི་དགོངས་པའི་གནད་འདྲིལ་བའི་མན་ངག་འཕགས་པ་ལག་ན་རྡོ་རྗེའི་གསང་ཚིག ཞུས་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ་གསང་བདག་གི་ཞལ་སྔ་ནས་ཇི་ལྟར་གནང་བ་བཞིན་ལྷག་ཆད་ནོར་གསུམ་དང་བྲལ་བ་ཡི་གེར་བཀོད་པ་གནང་བ་འཕྲོད་པ་ན། གསང་བདག་གསུང་གི་བདུད་རྩི་ཡིས། །ཡིད་ཀྱི་རེ་བ་རྫོགས་པར་བྱས། །ཉོན་མོངས་ནད་ལས་རྒྱལ་བར་གྱུར། །ལྕང་ལོ་ཅན་དུ་ཕྱིན་པ་སྙམ། །ཞེས་སོགས་ཆེད་དུ་བརྗོད་པར་མཛད་དོ། །དེ་བཞིན་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཕྱག་ཆེན་གྱི་ཁྲིད་ཡིག་ཏུ། རྫོགས་ཆེན་ཕྱག་ཆེན་དབུ་མ་དང༌། །ལམ་འབྲས་གཅོད་ཡུལ་ཞི་བྱེད་སོགས། །སོ་སོའི་མིང་འདོགས་མང་ན་ཡང༌། །ཉམས་ལེན་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་པ་འདིའང་ཉམས་བཞེས་ཀྱི་ལྡོག་པས་སྤྱི་ཙམ་དུ་དེ་ལྟར་གསུངས་པ་རྗེས་སུ་ཡི་རང་བ་བསྐྱེད་པའི་གནས་སོ། །རྗེ་ཕ་ཝང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ནི་རང་གི་ཡབ་རྗེ་རིག་འཛིན་ཚེ་དབང་ནོར་རྒྱས་དང་རང་གྲོལ་ཉི་ཟླ་སངས་རྒྱས་ལ་བརྟེན་ནས་རྫོགས་ཆེན་སྙིང་ཐིག་གི་ལམ་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡིན་ཞིང༌། ཕྱག་རྫོགས་དབུ་གསུམ་སྤྱི་ཁྱབ་ཏུ་ངོ་སྤྲོད་པའི་ཁྲིད་ཡིག་སོགས་དང༌། སྙིང་ཐིག་ལ་གསལ་བྱེད་ཀྱི་ཡི་གེ་ཁ་ཤས་ཀྱང་མཛད། རྗེ་འདི་ལས་གོང་མ་ལྔ་པ་ཆེན་པོས་རྫོགས་ཆེན་གྱི་མན་ངག་རྣམས་གསན། སྤྱིར་ལྔ་པ་ཆེན་པོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སླར་ཡང་བོད་འབངས་ཀྱི་བདེ་སྐྱིད་སྤེལ་ཕྱིར་ཐུགས་བསྐྱེད་སྨོན་ལམ་དུས་སུ་བབ་ནས་བྱོན་པ་སྟེ། གངས་ལྗོངས་འདིར་རིས་སུ་མ་ཆད་པའི་བསྟན་པ་དང་ཆོས་འཁོར་རྣམས་ལ་སྲི་ཞུ་བླ་ལྷག་ཏུ་མཛད་ཅིང༌། བྱེ་བྲག་གསང་སྔགས་སྔ་འགྱུར་གྱི་ཕྱོགས་སུ་རྒྱུ་མཚན་མཁྱེན་པའི་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲངས་པས་བཀའ་གཏེར་གྱི་གསན་པ་ཁོ་ནའི་རྣམ་གྲངས་ཀྱང་པུསྟི་གསུམ་དུ་ལོངས་པར་བཞུགས་ལ། ལོག་པར་སྨྲས་པ་དག་ཀྱང་ཚར་བཅད་པའི་རིགས་ལམ་གྱི་དགག་སྒྲུབ་ལྷུར་བཞེས་པ་དག་ཀྱང་གསན་ཡིག་གངྒཱའི་ཆུ་རྒྱུན་གྱི་གླེགས་བམ་བཞི་པའི་སྙིང་རྒྱུད་སྐོར་དུ་གསལ་བ་ལྟར་ཡིན།

༈ དེ་བཞིན་དུ་རྙིང་མ་གཏེར་མའི་ཕྱོགས་ཀྱང་སྔོན་འཕགས་པའི་ཡུལ་དུ་གྲུབ་ཐོབ་ས་ར་ཧ་པ་དང༌། དགའ་རབ་རྡོ་རྗེ། བི་རཱུ་པ། རྟ་མཆོག ཀླུ་སྒྲུབ། པདྨ་འབྱུང་གནས། མཚོ་སྐྱེས། རོལ་པའི་རྡོ་རྗེ། སྤྱོད་འཆང་དབང་པོ་སོགས་ཀྱིས་སྤྱན་དྲངས་པར་བཤད་པའི་རྒྱུད་སྡེ་རྣམས་ཀྱང་དོན་དུ་གཏེར་གྱི་ཆོས་ཡིན་ཏེ་དེའི་གོ་བ་ཡང་རེ་ཞིག་དབང་པོའི་མངོན་སུམ་དུ་མི་སྣང་བའི་ལྐོག་གྱུར་ཞིག་ལ་བཤད་པའི་ཕྱིར་རོ། །དེའི་ཕྱིར་མཚོན་བྱེད་ཡི་གེའི་རྒྱུད་རྣམས་རེ་ཞིག་བསྟན་པའི་སྣོད་མ་གཟིགས་པས་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་ནས་མཁའ་འགྲོ་མ་རྣམས་ཀྱིས་གཉེར་བྱེད་ཅིང་བསྲུངས་པ་ལ། གྲུབ་པའི་སྐྱེས་བུ་དེ་དག་ལ་ལྷག་པའི་ལྷས་ལུང་བསྟན་ཅིང་དུས་ལ་བབ་པ་ན་ཨོ་རྒྱན་གྱི་གནས་དྷརྨ་གཉྫི་སོགས་སྔགས་ཀྱི་ཕོ་བྲང་ཆེན་པོ་རྣམས་སུ་མཁའ་འགྲོ་མའི་ཚོགས་ཀྱིས་གནང་བ་བྱིན་ཅིང་དབང་བསྐུར། གཏད་རྒྱ་བཀྲོལ་ནས་རྒྱུད་ཀྱི་གླེགས་བམ་བྱིན་ནས་རང་གི་ཉམས་སུ་བསྟར། སྣོད་ལྡན་གྱི་སློབ་མ་གཞན་ལའང་ཅུང་ཟད་རེ་བསྟན་པ་ཡིན། དེ་བཞིན་དུ་བོད་ཀྱི་དབང་དུ་བྱས་ན་སློབ་དཔོན་ཐམས་ཅད་གཟིགས་པས་ཕྱི་རབས་ཀྱི་གདུལ་བྱའི་སྣང་ཚུལ་ཇི་ལྟ་བར་མཁྱེན་ནས་ཟབ་ཅིང་རྒྱ་ཆེ་བའི་རྒྱུད་སྡེ་རྣམས་ལས་སྒྲུབ་ཐབས་ལས་ཚོགས་མན་ངག་སོགས་ལམ་གྱི་ཆ་རྐྱེན་ཚང་བ་རེ་མཛད་ཅིང་ཤོག་སེར་ཚིག་རྒྱུད་དུ་བཀོལ་ནས་རིའི་སུལ། བྲག་གི་སྒྲོམ། གཡང་ཞག་གི་མཚོ་ལ་སོགས་པར་གཏེར་བདག་མི་མ་ཡིན་སོ་སོ་ལ་གཉེར་གཏད་ནས་མ་འོངས་པ་ན་ལས་སྐལ་དང་ལྡན་པའི་གང་ཟག་འདི་ཉིད་ལ་དབང་བ་དེས་ཐོན་པར་ཤོག་ཅིག་པའི་སྨོན་ལམ་གྱི་གཏད་རྒྱ་དང་བཅས་པས་མི་སྣང་བར་སྦས་པ། དུས་ཕྱིས་སྐལ་བ་དང་ལྡན་པའི་སྐྱེས་བུ་ལ་སྨོན་ལམ་གྱི་མཐུ་སད། དུས་རྟགས་དང་ལུང་བསྟན་འཛོམ། སློབ་དཔོན་ཆེན་པོས་དངོས་སུ་ཞལ་བསྟན་ཅིང་དབང་བསྐུར། གཏད་རྒྱ་ལུང་བསྟན་དང་བཅས་པས་དབུགས་དབྱུང་བ་ལ་བརྟེན། གཏེར་བདག་བཀའ་སྲུང་རྣམས་དམ་ཚིག་དང་བརྟུལ་ཞུགས་ཀྱི་ཟིལ་གྱིས་མནན་ནས་ཆོས་དང་ནོར་གྱི་གཏེར་ཅི་རིགས་པ་གཏེར་སྟོན་གྱི་ཕྱག་ཏུ་སོན་པས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པ་ནི་རྒྱལ་བའི་ཕྲིན་ལས་རླབས་པོ་ཆེའི་ཕྱོགས་གཅིག་ཡིན་ཏེ། འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཏེར་རི་དང༌། རིའི་སུལ་དང༌། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང༌། ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་སྤོབས་པ་སྒྲུབ་པར་བྱེད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཚེ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ལྷ་རྣམས་ཀྱིས་ཚེ་དང་སྟོབས་སྒྲུབ་པར་བྱེད་དོ།།

སངས་རྒྱས་ཀྱི་བྱིན་གྱིས་རླབས་དང༌། ལྷའི་བྱིན་གྱི་རླབས་ཀྱིས་དེ་དག་འདོད་ན་ལོ་སྟོང་དུའང་འཁོད་དོ། །ཞེས་དང༌། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ། གང་གི་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དག་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན། དེས་དེ་ཉིད་ཐོབ་པ་བཅུ་ཐོབ་སྟེ། ཀུན་དགའ་བོ་གང་གི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར་དང༌། ལྷའི་རྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང༌། ཕྱིར་མི་ལྡོག་པས་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང༌། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་གཏེར་དང༌། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པས་གཟུགས་ཀྱི་གཏེར་དང༌། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང༌། སྤོབས་པ་རབ་ཏུ་ཐོབ་པས་དམ་པའི་གཏེར་དང༌། ཕས་ཀྱི་རྒོལ་བ་ཚར་གཅོད་པས་མི་འཇིགས་པའི་གཏེར་དང༌། སེམས་ཅན་རྣམས་ཉེ་བར་འཚོ་བས་འཚོ་བ་བསོད་ནམས་ཀྱི་གཏེར་རོ། །ཞེས་པ་ལ་སོགས་བདེ་བར་གཤེགས་པས་སེང་གེའི་སྒྲ་བསྙོན་དུ་མེད་པར་བསྒྲགས་པ་ལས་ལེགས་པར་ཁོང་དུ་ཆུད་པར་བྱའོ།།

༈ སྤྱིར་ཡང་སྔོན་གྱི་ཆོས་ལོག་སུན་འབྱིན་དུ་གྲགས་པའི་འབྱམས་ཡིག་དང་དཀར་ཆག་རྣམས་སུ་དགག་བྱ་དང་འགོག་བྱེད་རྣམས་དབྱེ་བ་ཞིབ་ཏུ་མ་དཔྱད་པར་རྙིང་མ་འགོག་བྱེད་ཁོ་ནར་འགྲོ་བ་དཀའ་ཞིང༌། དེ་རྣམས་ལ་བློ་གཟུ་བོས་ཞིབ་ཏུ་དཔྱད་ན་ཐུབ་ཆོད་མཛད་པའང་མང་དུ་སྣང༌། བོད་ཀྱི་མཁས་གྲུབ་རྣམས་ཀྱི་དགག་པ་བྱས་ཚད་ཆོས་མ་ཡིན་ན་ཡང་དག་པའི་ཆོས་འགའ་མི་རྙེད་དེ། ས་པཎ་གྱིས་རབ་དབྱེའི་བསྟན་བཅོས་སུ་ཆོས་དྲུག་དང་ཕྱག་ཆེན་སོགས་དྭགས་པོ་བཀའ་བརྒྱུད་ལ་དགག་པ་ཚན་པོ་ཆེར་མཛད་པ་དང༌། བཀའ་གདམས་པའི་དགེ་བཤེས་ནམ་མཁའ་འབུམ་གྱི་དྲིས་ལན་ལས་འབྲི་སྟག་ཕྱག་རྒྱ་ཆེན་པོའི་ཆོས་ལུགས་འདི་རྒྱུད་སྡེ་གང་དང་ཡང་མི་མཐུན་པར་གདའོ།།

འདི་ཡང་དག་པའི་ལམ་མ་ལགས་པ་སྙམ་དུ་སེམས། ཚིག་འདི་གཞན་ལ་མ་སྤེལ་བར་མཛོད། ཅེས་གསུངས་པ་སོགས་བཀའ་བརྒྱུད་ཕྱོགས་ཤིན་ཏུ་བཀག་པ་དང༌། བཀའ་གདམས་པ་ལའང་ཕ་དམ་པ་སོགས་ཀྱིས་དགག་པ་མཛད་པ་དང༌། དྭགས་པོ་ལྷ་རྗེས་བཀའ་གདམས་པའི་རྣམ་ཐར་བསྐྱངས་པ་ལ་རྗེ་མི་ལས་བཀའ་བསྐྱོན་མཛད་པ་དང༌། ཕ་དམ་པའི་ཞི་བྱེད་ཀྱི་མན་ངག་རྣམས་ཞིག་པོ་ཉི་སེང་དང་ཇོ་སྲས་རྟེན་འབྲེལ་སོགས་ཀྱིས་བློ་བཟོའི་ཆོས་ཡིན་ཟེར་བ་དང༌། གཅོད་ཡུལ་ལའང་མ་ཇོ་སྨྱོན་མའི་བརྡོལ་ཆོས་ཡིན་ཟེར་བ་དང༌། ཤངས་པའི་གསེར་ཆོས་བཞི་ཡང་ཁྱུང་པོ་ཚུལ་ཁྲིམས་མགོན་པོས་བརྩམས་ཆོས་ཞེས་བསྟན་འགྱུར་གྱི་གྲལ་དུ་མ་བཙུད་པ་དང༌། ས་སྐྱའི་གཡག་རོང་གཉིས་དང་གོ་ཤཱཀ་སྟག་གསུམ་གྱིས་རྗེ་ཙོང་ཁ་པའི་ལྟ་བ་དང་གྲུབ་མཐའ་ཤིན་ཏུ་བཀག་ཅིང་རྗེའི་ཞལ་གཟིགས་ཀྱི་འཇམ་དབྱངས་ཀྱང་ཡང་དག་པ་མ་ཡིན་པར་འདོད་པ་དང༌། མཁས་མཆོག་རིག་རལ་གྱིས་དུས་ཀྱི་འཁོར་ལོ་གཟའ་སྐར་ཤར་དུ་འགྲོ་བ་དང༌། རྒྱ་ནག་བོད་ཀྱི་བྱང་དུ་ཡོད་པར་གསུངས་པ་སོགས་ལ་རྒྱུད་ཡང་དག་པ་མ་ཡིན་པར་གསུངས་པ་དང༌། རྗེ་བཙུན་རེད་མདའ་བས། དུས་ཀྱི་འཁོར་ལོ་ལ་སོགས་ས་བཅུ་ཡི། །དབང་ཕྱུག་རྣམས་ཀྱིས་མཛད་པར་གྲགས་ན་ཡང༌། །རིགས་དང་མི་རིགས་རྣམ་དབྱེ་བློ་ལྡན་གྱིས། །རྣམ་པར་དཔྱད་ན་འཐད་པའི་ཚུལ་མ་མཐོང༌། །རྩ་བའི་རྒྱུད་ལ་ཨེ་ཝཾ་ཡིག་གཉིས་མེད། །བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང༌། །གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན། །ཞེས་སོགས་རྣམ་གྲངས་དུ་མའི་སྒོ་ནས་དུས་འཁོར་བཀག་པ་དང༌། འགོས་ལྷས་བཙས་ཀྱིས། མ་མོའི་རྒྱུད་ལུང་དཀྲུགས་པ་ལས། །གྷ་ཡ་ངྷ་རའི་གསེར་ཆོས་བྱུང༌། །ཞེས་ལམ་འབྲས་བཀག་ཅིང་ཆོས་དེ་སྤེལ་མཁན་འབྲོག་མི་ལོ་ཙཱ་བ་ལ་ཕྲག་དོག་བྱས་པ་ཡིན་ཞེས་གྲགས་པ་ལྟ་བུའོ།།

དེས་ན་འདི་རྣམས་ལ་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་རེ་ཡོད་པར་གོར་མ་ཆགས་ལ། གཞན་དུ་དཔེར་ན་མཉམ་མེད་དྭགས་པོ་བཀའ་བརྒྱུད་ལས་གྲུབ་ཐོབ་ཀྱི་ཚང་བརྡོལ་བ་དང༌། འཇམ་མགོན་ཙོང་ཁ་པ་རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པའི་ཕྲིན་ལས་ཅན་དུ་ཡོངས་སུ་གྲུབ་པ་ལྟ་བུས་མཚོན། སངས་རྒྱས་ཉིད་དང་སློབ་དཔོན་ཆེན་པོའི་རྡོ་རྗེའི་ལུང་གིས་བསྔགས་པའི་སྐྱེས་ཆེན་དེ་རྣམས་ཀྱིས་ལེགས་པར་བཀྲལ་བའི་དངོས་བསྟན་དོན་ལ་གནས་པའི་ཆོས་རྣམས་མ་དག་པ་ཡིན་ན་གངས་ཅན་པ་ཕལ་ཆེར་རྒྱལ་བསྟན་གྱི་ཁྲོད་ནས་ཕྱི་རོལ་དུ་བཞེངས་དགོས་པ་འདྲའོ། །མདོར་ན་སངས་རྒྱས་ཀྱི་ཕྲིན་ལས་རླབས་པོ་ཆེའི་ཡུལ་ཐེག་པ་དང་གྲུབ་མཐའི་རྣམ་གཞག་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ་ལ་ཤེས་བྱས་གཞལ་བའི་ཐོས་བསམ་གྱི་རྣམ་དཔྱོད་རྣོན་པོའི་རྟོག་དཔྱོད་ལྟར་སྣང་དང་མ་མཐུན་ཡང༌། བདེ་བར་གཤེགས་པ་ནི་ཐམས་ཅད་མཁྱེན་ཅིང་གསུང་བ་ཡིན་པའི་ཕྱིར། གང་ཞིག་འཁོར་བ་སྤོང་ཞིང་ཐར་པ་དང་མྱང་འདས་ཀྱི་ལམ་དུ་འཇུག་པའི་མཚན་ཉིད་གང་ལ་གནས་པ་ཉིད་སངས་རྒྱས་ཀྱི་གྲུབ་པའི་མཐའ་བཟང་པོ་མ་ནོར་བ་ཡིན་པར་ཤེས་དགོས་ཏེ། རྗེ་བཙུན་མ་ཕམ་པས། ཁམས་གསུམ་དག་ན་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་པ་ལ་དྲན་པ་ཉེ་བར་མ་བཞག་ན་ཆོས་ཁམས་རྒྱ་མཚོའི་གཏིང་ཐུག་པ་ནི་སངས་རྒྱས་ཁོ་ནའི་ཡུལ་ལས་འཕགས་པ་རྣམས་ཀྱིས་ཀྱང་རྟོགས་པའི་སྐབས་མེད་ན་གངས་རིའི་ཁྲོད་ཀྱི་མཁས་སུ་རེ་བའི་ཕྱོགས་འཛིན་ཅན་དག་གིས་སྤྱོད་ཡུལ་དུ་གྱུར་པ་ལྟ་ག་ལ་ཡོད། ལེགས་པར་མ་རྟོགས་པ་དང༌། དྲང་དོན་ཁོ་ནར་འཆེལ་བ་དང༌། ཕྱོགས་འཛིན་གྱི་ལམ་དུ་ལྷུང་བ་དང༌། རང་མཉམ་གྱིས་ཕྲག་པ་དོག་པ་དང༌། རྙེད་བཀུར་དང་གྲགས་འདོད་ཁོ་ན་ཁོང་དུ་བཅུག་པའི་ཀུན་སློང་གིས། སྐུར་པ་བཏབ་པ་འདི་རིགས་བདེན་པའི་དོན་ལ་རེག་པ་རྡུལ་ཙམ་མེད་དེ། འདི་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཐེག་ཆེན་བཤད་པས་ཉན་ཐོས་རྣམས་ཀྱིས་མགོན་པོ་ཀླུ་སྒྲུབ་ལ་ལུང་བསྟན་ངན་པ་བཅོས་ཤིང་གསུང་རབ་ཏུ་བཅུག་ནས་ཐེག་ཆེན་བཀའ་མ་ཡིན་པར་བསྒྲགས། འཕགས་པ་ཐོགས་མེད་ཀྱིས་བཀའ་ཐ་མ་རྒྱལ་ཚབ་ཆེན་པོའི་དགོངས་པ་བཞིན་བཀྲལ་བས་རྗེས་འབྲངས་དང་བཅས་པ་ཐེག་ཆེན་གྱི་ནང་ནས་ཕུད། རྒྱལ་པོ་དྷརྨ་པཱ་ལའི་སྐབས་ཐེག་དམན་པ་རྣམས་ཀྱིས་ཧེ་རུ་ཀའི་དངུལ་སྐུ་བཤིགས་ནས་རྙེད་པ་བྱས། སྔགས་ཀྱི་གླེགས་བམ་རྣམས་མེ་ལ་བསྲེགས། ཐེག་པ་ཆེན་པོ་དང་གསང་སྔགས་བདུད་ཀྱིས་བྱས་པར་བསྒྲགས་པས་རྒྱལ་པོའི་ཆད་པ་ཕོག་པར་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བསྐྱབས་པའི་ལོ་རྒྱུས་ཡོད། བོད་དུའང་རྗེ་ཟླ་འོད་གཞོན་ནུས་མདོ་ལས་བཤད་པའི་གནས་ལུགས་ཕྱག་ཆེན་བསྟན་པས་དྭགས་པོའི་རྟོག་ཆོས་ཞེས་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པ་ཙམ་དུ་བྱེད། ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་ཆོས་གྲགས་རྒྱ་མཚོས་བཀའ་ཐ་མའི་དགོངས་པ་ཚུལ་བཞིན་བཤད་ཀྱང་ཕྱིས་མི་བསྐྱོད་རྡོ་རྗེ་སོགས་ཀྱིས་ལྟ་བ་དེ་མི་འཛིན། སློབ་དཔོན་དོལ་པོ་པས་དོན་དམ་བདེན་པ་རྟག་བརྟན་དུ་གསུངས་པས་བོད་རྣམས་ཀྱིས་མུ་སྟེགས་གྲངས་ཅན་པ་ཙམ་དུ་བརྩི། རྗེ་ཙོང་ཁ་པས་ཀུན་རྫོབ་ཚད་གྲུབ་ཏུ་བཤད་པ་ལ་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཧཱུྃ་རུབ་ཕཊ་རུབ་བརྒྱབ། པཎ་ཆེན་ཟི་ལུང་པས་རབ་དབྱེ་དྲང་པོར་བཤད་པས་ས་སྐྱའི་ཁྲོད་ནས་བཞེངས་དགོས་པ་དེ་བྱུང༌། ཀུན་མཁྱེན་ལྔ་པ་ཆེན་པོས་ཡང་དག་པའི་བསྟན་པ་ཕྱོགས་སུ་མ་ལྷུང་བར་གསན་བསམ་མཛད་པས་དགེ་ལྡན་པའི་ཁྲོད་དུ་མ་ཚུད་ལ་ཁད་པ་ལྟ་བུས་མཚོན་ལོག་པའི་ངག་དེ་དག་ལ་ཡིད་ཆེས་སུ་བཟུང་ནས་ལོག་པར་བལྟས་པས་ཆོས་སྤང་བར་འགྱུར་པའི་སྒྲིབ་པ་ནི་ཚད་མེད་པའོ། །བསྟན་པ་ལ་མ་ཞུགས་པའི་ཁྱིམ་པའི་སྐྱེ་བོས་སྡིག་པའི་ལས་མི་བཟད་པ་བགྱིས་པ་ཡང་ཟབ་མོའི་གནས་ལ་དམིགས་པ་ཙམ་གྱིས་ཞི་བར་འགྱུར་པའི་སྐབས་ཡོད་ནའང་དམ་པའི་ཆོས་ལ་སྐུར་པ་བཏབ་པའམ་སྤངས་པས་དེ་ལྟར་མ་ཡིན་ཏེ། མྱ་ངན་ལས་འདས་པའི་མདོ་ལས། འོད་སྲུང་འཇིག་རྟེན་ན་གང་ཟག་རྣམ་པ་གསུམ་གྱི་ནད་ནི་ཤིན་ཏུ་གསོ་དཀའོ།།

གང་ཞེ་ན། ཐེག་པ་ཆེན་པོ་ལ་སྐུར་བ་དང༌། མཚམས་མེད་པ་ལྔ་བྱས་པ་དང༌། ལོག་སྲེད་ཅན་ཏེ། ནད་རྣམ་པ་འདི་གསུམ་ནི་འཇིག་རྟེན་ན་ཤིན་ཏུ་གསོ་དཀའ་སྟེ། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔས་ཀྱང་གསོ་ནུས་པ་མ་ཡིན་ནོ། །ཞེས་དང༌། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། འཇིག་རྟེན་ཆོས་རྣམས་མི་ཤེས་ཤིང༌། །འདུ་ཤེས་གཉིས་ལ་གང་གནས་པ། །འདི་བདེན་འདི་ནི་རྫུན་ནོ་ཞེས། །མི་མཁས་དེ་དག་རྩོད་པར་འགྱུར། །འདི་ལྟར་འཇིག་རྟེན་ཆོས་རྣམས་ཀྱི། །ཡང་དག་ཆོས་ཉིད་ངས་ཤེས་པས། །ང་ནི་འཇིག་རྟེན་རྣམས་དང་ཡང༌། །ནམ་ཡང་རྩོད་པར་མི་བྱེད་དོ། །རྩོད་པ་མེད་པའི་ཆོས་འདི་ནི། །སངས་རྒྱས་ཀུན་གྱིས་བཤད་པ་སྟེ། །འཇིག་རྟེན་མཉམ་པ་ཉིད་ཤེས་ན། །འདི་ལ་བདེན་པའམ་བརྫུན་པ་མེད། །བརྫུན་པའམ་ཡང་ན་བདེན་པ་ཞིག །བསྟན་པ་ལ་ནི་རྙེད་གྱུར་ན། །མཐར་འཛིན་པ་ནི་ང་འགྱུར་ཏེ། །མུ་སྟེགས་ཅན་དང་ཁྱད་པར་མེད། །གང་ཕྱིར་ཆོས་རྣམས་ཡང་དག་མིན། །བདེན་པ་དང་ནི་བརྫུན་པ་མེད། །དེ་ཕྱིར་འཇིག་རྟེན་འདས་པའི་ཆོས། །ངས་འདི་གཉིས་སུ་མེད་པར་བཤད། །འཇིག་རྟེན་ཆོས་ཉིད་ཇི་ལྟ་བར། །གང་གིས་འཇིག་རྟེན་འདི་ཤེས་པ། །མཁས་པ་དེ་དག་བདེན་པ་འམ། །རྫུན་པའི་ལྟ་བར་མི་འཛིན་ཏོ། །ནམ་མཁའ་ལྟ་བུར་རྣམ་དག་པ། །གང་གི་འཇིག་རྟེན་འདི་ཤེས་པ། །གྲགས་པ་ཆེན་པོ་འཇིག་རྟེན་གྱི། །སྣང་བ་ལྟ་བུ་འགྱུར་བ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། གཞན་ཡང་རྒྱལ་ཚབ་ཆེན་པོ་མ་ཕམ་པས་ཀྱང༌། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱང་མེ་དང་ནི། །མི་བཟད་སྦྲུལ་དུག་གཤེད་མ་དང་ནི་ཐོག་ལའང་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱིས་འགྲོ་བ་ཤིན་ཏུ་འཇིགས་སར་འགྲོ་མི་འགྱུར། །གང་ཞིག་གང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་གང་བྱ་བ་མི་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམ་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་དང༌། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་བཟུང་བར་རུང་གིས། གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་སོགས་རྣམ་གྲངས་དུ་མས་གསུངས་པའི་དོན་ལ་བསམ་པར་བྱ་དགོས་ཏེ། ཆོས་དང་གང་ཟག་གི་གནས་ལ་བདེན་པ་མཐོང་བའི་ཆོས་ཀྱི་མིག་རྣམ་པར་དག་པ་མ་ཐོབ་པ་དེ་སྲིད་དུ་འདི་ནི་ལོག་པའོ། །འདི་ནི་མ་དག་པའོ། །འདི་ནི་བཅོས་མའོ། །ཞེས་སྒྲོ་སྐུར་གྱིས་ཤན་འབྱེད་པ་ནི་མི་བཟད་པའི་ལས་རྔམས་པོ་ཆེའོ།།

༈ ཡང་གཏེར་ལུང་ལྟ་བུར་མཚོན་ན་གཏེར་སྟོན་ཚད་ལྡན་རང་འདོད་མེད་པ་ཞིག་གིས་གཏེར་ཆོས་སུ་ལུང་བསྟན་པ་ཡོད་དུ་ཆུག་ཀྱང་ལུང་དེའི་དགོངས་གཞི་དང་དགོས་པ་ཤེས་ཤིང་དངོས་ལ་གནོད་བྱེད་མེད་པ་ཞིག་གིས་ངེས་པར་བྱ་དགོས་པ་ལས། དྲང་ངེས་མ་ཕྱེད་པའི་ཚིག་ཙམ་ཐད་ཀར་བཟུང་ནས་ལུང་དོན་ཕྱོགས་གཅིག་ཏུ་བདེན་ཞེན་བྱ་བ་མ་ཡིན་ཏེ། ཤེས་བྱེད་ཀྱང་དུས་སོགས་བཟང་ངན་འདི་འབྱུང་གི་ལུང་རེ་འགའ་གནས་སྐབས་རྒྱུ་རྐྱེན་རྟེན་འབྲེལ་གྱིས་བསྒྱུར་བས་ལུང་བསྟན་པའི་ཐོག་ཏུ་མ་ཁེལ་བའང་སྣང་བའི་ཕྱིར་རོ། །སྔོན་བྱོན་རྣམས་ལས་མཆོག་གི་སྤྲུལ་སྐུ་རྣམ་པ་གསུམ་དང་གླིང་ཆེན་ཁ་ཤས་ཙམ་ལས་ལུང་དོན་མཐར་ཕྱིན་པའང་དཀོན་པར་གྱུར་ན། དེང་སང་དུས་ཀྱི་སྙིགས་མ་ཆེས་བདོ་ཞིང་སེམས་ཅན་བསོད་ནམས་རིམ་པར་བྲི་བའི་སྐབས་སུ་སོང་བས་རྟེན་འབྱུང་ཕུན་སུམ་ཚོགས་པར་འགྱུར་བ་ནི་ཤིན་ཏུ་དཀའ་བ་ལྟར་སྣང་མོད། འོན་ཀྱང་སློབ་དཔོན་ཆེན་པོའི་ཐུགས་རྗེ་དང་བྱིན་རླབས་ཇེ་མྱུར་དུ་འགྲོ་བས་ན། རྡོ་རྗེའི་གསུང་ལས། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང་༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ ཆ་ལུགས་སྤྱོད་པ་ངེས་མེད་ཅི་ཡང་བྱེད༔ དད་ལྡན་སྣང་བ་ཐེབས་རེ་མི་ལྡོག་མེད༔ ཀུན་གྱིས་ཚད་འཛིན་དཀའ་བ་མང་དུ་འབྱུང་༔ ཞེས་དང༌། པདྨའི་བརྒྱུད་འཛིན་གཏེར་སྟོན་གཏེར་སློབ་ཀུན༔ སྤྱོད་པ་ཁྱི་ཕག་འདྲ་ཡང་ལས་ཅན་ཡིན༔ ཕལ་པ་གཞན་དང་མི་འདྲ་ཁྱད་དུ་འཕགས༔ སངས་རྒྱས་སྦས་ཐབས་ཐམས་ཅད་ངེས་མེད་འཕྱོ༔ ཟོག་པོ་བསླུ་བྲིད་མཁན་རྣམས་ཚུལ་འཆོས་ཆེ༔ གསེར་དང་བོང་བ་མ་སྙོམས་འགྲོ་བ་རྣམས༔ ཞེས་དང༌། དྲི་མེད་ཀུན་དགའི་གཏེར་ལུང་ལས། གཏེར་སྟོན་ལང་མ་ལིང་མ་འོང་༔ གཏེར་ཆོས་ཤ་མོང་སུལ་ལྟར་བརྡོལ༔ དེ་ཡང་འབྲས་མེད་མ་ཡིན་ཏེ༔ ཨོ་རྒྱན་ང་ཡི་བརྗེད་ཐོ་ཡིན༔ ཞེས་དང༌། རཏྣའི་གཏེར་ལུང་ལས་ཀྱང༌། ཡུལ་ཆེན་རེ་ལ་གཏེར་ཆེན་རེ༔ དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན༔ ཡུལ་ཕྲན་རེ་ལ་གཏེར་ཕྲན་རེ༔ དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན༔ ཞེས་དང༌། གཞན་ཡང༌། དུས་ངན་མེ་ལྟར་འབར་བའི་དུས༔ གསང་སྔགས་ནུས་པ་མེ་ལྟར་འབར༔ ཞེས་གསུངས་པ་ལྟར་ངེས་པས་ན། ཁུངས་མེད་ཀྱི་འཆལ་གཏམ་དང་རང་འདོད་ཕྱོགས་གཅིག་གི་མཐའ་ལ་མི་ཞེན་པར་དག་སྣང་གི་མིག་ཡངས་པོར་ཕྱེས་ཏེ་འཇུག་ལྡོག་གི་ལམ་མ་འཁྲུལ་བ་གནད་དུ་ཆེའོ།།

༈ ཡང་ཁ་ཅིག་རྙིང་མ་བ་དང་བོན་པོའི་ཟེར་ལུགས་དབྱིབས་མཚུངས་པར་འདུག་པས་བོན་རྫོགས་གཉིས་ཐུགས་ནང་གཤིམ་པོ་ཡོད་འདྲའོ་ཞེས་ཟེར་ཡང༌། ཆོས་སྐད་ལ་སོགས་པ་འདྲ་བའང་མང་དུ་འདུག་མོད། དེ་དག་གིས་བན་ཆོས་ལ་ཕྱོགས་བསྟུན་ནས་བྲིས་པས་ན་འདྲ་བར་ཅིས་མི་འོང་སྟེ། དཔེར་ན་རྒྱ་གར་དུ་ནང་པའི་གྲུབ་མཐའ་ཉན་ཐོས་ལ་མགོ་སྙོམས་པ་ཐ་དད་པ་དང༌། དེ་བཞིན་རང་རྒྱལ་སེམས་ཙམ་དང༌། བྱ་སྤྱོད་རྣལ་འབྱོར་ཕ་རྒྱུད་མ་རྒྱུད་གཉིས་མེད་ལ་མགོ་སྙོམས་པ་བཅུ་བཤད་པ་སོགས་བཞིན་དུ། བོད་དུའང་བོན་པོ་ལ་དབུ་ཕར་འདུལ་མཛོད་སྔགས་ཀྱི་གཞུང་རྣམས་ཀུན་དང༌། བདེ་མཆོག་འཇིགས་བྱེད་ཕུར་པ་སོགས་ལྷ་རྣམས་དང༌། གཏུམ་མོ་ཕྱག་ཆེན་རྫོགས་ཆེན་སོགས་བན་ཆོས་ལ་ཇི་ཡོད་འདྲ་བཟོ་རེ་ཡོད་པར་འདུག་ལ། དེ་དག་གདོད་ནས་ཡོད་པ་མ་ཡིན་པས་གློ་བུར་ཀུན་བཏགས་མཐའ་མེད་ལ་དགག་པར་ག་ལ་ལངས། འོན་ཀྱང་ཕྱྭ་གཤེན་དང་སྔགས་ལ་སོགས་པ་འཕྲལ་དུ་ཕན་པ་དག་ཀྱང་སྣང་བ་རྣམས་ནི་སངས་རྒྱས་བྱང་སེམས་ཀྱི་ཕྲིན་ལས་དང་སྤྲུལ་པས་བསྟན་པ་ཡིན་ཡང་སྲིད་དེ། རྒྱལ་བ་དང་རྒྱལ་སྲས་རྣམས་ཀྱི་ཐབས་ལ་མཁས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཕྱིར། ཀུན་ཏུ་རྒྱུ་བདེན་སྨྲའི་རྣམ་ཐར་བཞིན་ནོ། །སྤྱིར་ཡང་བོན་དུ་མིང་བཏགས་པ་ཙམ་ལས་དོན་ལ་ཆོས་སུ་མངོན་པའང་ཤིན་ཏུ་མང་བས། མཐའ་གཅིག་ཏུ་འཐད་ལྡན་ཡིན་མིན་གྱི་ཁ་ཚོན་བཅད་དེ་གྲུབ་མཐའི་དབང་དུ་བྱས་པའི་སྡང་ཞེན་བསྐྱེད་པར་མི་རིགས་སོ། །ལར་རྒྱ་གར་ན་ཕྱི་པ་དང་ནང་པ། བོད་ན་མུ་སྟེགས་དངོས་སུ་མེད་ཀྱང་བན་དེ་དང་བོན་པོ། རྒྱ་ནག་ན་ཧ་ཤང་དང་ཧོ་ཤང་ཞེས་ཟུང་དུ་བྱུང་བའང་རྟེན་འབྲེལ་གྱིས་ཡིན་པར་གསུངས་སོ། །དེས་ན་ལུགས་གཞན་དག་ཀྱང་བསྟན་པ་ལ་མ་གནོད་ན་རང་གར་གཞག་པར་བྱ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། འཇིག་རྟེན་དག་ན་མུ་སྟེགས་ཅན་གཞན་གང༌། །འཁོད་པ་དེ་དག་རྣམས་ལ་ཡིད་མི་སྡང༌། །དེ་དག་རྣམས་ལ་སྙིང་རྗེ་ཉེར་འཇོག་པ། །འདི་ནི་བཟོད་པ་དང་པོའི་ཁྱད་པར་ཡིན། །ཞེས་གསུངས་པ་ལྟར་རོ།།

༈ གཞན་ཡང་ཕྱིས་སུ་ཁ་ཅིག་རྙིང་མ་བའི་ཆོས་ལུགས་བྱས་ན་ལམ་འགྲོ་མི་འདུག་ཅེས་སྐྱབས་ཡུལ་ཆོས་རྒྱུན་སྤོང་ལེན་བྱེད་པའང་ཇི་སྙེད་ཅིག་མཐོང་མོད། རྒྱུ་མཚན་ཤེས་ཤིང་སྙིང་ནས་ཡིད་ཆེས་བརྟན་པའི་གང་ཟག་ལ་ནི་གནས་སྐབས་ཀྱི་ལམ་འགྲོ་ཡོད་མེད་ཙམ་དུ་མ་ཟད་སངས་རྒྱས་སྟོང་གིས་ཞལ་བསྟན་ནས་ཁྱོད་ཀྱི་ཆོས་ལུགས་ནོར་འདུག་པས་དེ་སྤོང་ལ་གཞན་ཞིག་སྒྲུབས་གསུངས་ཀྱང་བ་སྤུའི་རྩེ་མོ་ཙམ་གཡོ་བར་མི་འགྱུར་ནའང༌། ཐུན་མོང་གི་སྐྱེ་བོ་བློ་ཆགས་སྡང་རྨོངས་གསུམ་གྱི་རྒྱ་ལས་མ་གྲོལ་བ་རྣམས་རེ་དོགས་སྐྱེ་བ་ལ་ཁག་མེད་ཅིང་ཅུང་ཟད་ལམ་འགྲོ་ཞན་པར་བསྙད་འདོགས་སུ་རུང་བ་ལྟ་བུའང་ཡིན་ཏེ། དེའི་རྒྱུ་མཚན་ཡང༌། སྔོན་བོད་ཀྱི་ཡུལ་ཁམས་མཐའ་དག་གཟུགས་མེད་ལྷ་འདྲེ་ནག་ཕྱོགས་པ་རྣམས་ཀྱིས་བདག་ཏུ་བཟུང་བ་ལ། སློབ་དཔོན་ཆེན་པོས་དྲག་ཤུལ་བརྟུལ་ཞུགས་ཀྱི་ནུས་པས་དབང་མེད་དུ་གནད་ལ་བཀར། དམ་ཚིག་གི་བཀའ་ལ་ཉན་པ་རྣམས་ཀྱི་སྲོག་སྙིང་བླངས་ཏེ་སྲུང་མར་བསྐོས། དམ་ལ་མི་གནས་པ་ཐམས་ཅད་བསྒྲལ་ཏེ་ཚར་བཅད། དེ་བཞིན་གཟུགས་ཅན་མི་ལ་མཚོན་ན། བློན་མ་ཞང་གིས་བསྟན་པ་འཛུག་ཏུ་མ་བཅུག་པས་གསོན་དུར་དུ་སྦས། བོན་བློན་གཞན་མང་པོའང་ཁྲིམས་ལ་སྦྱར་ཞིང༌། ཐང་ཡིག་ལས།

ཆོས་བོན་གཉིས་ནི་གཤེད་མ་འཕྲད་པ་འདྲ༔ གཅིག་གིས་གཅིག་ལ་དག་ནི་མི་སྟེར་བས༔ ལོ་ཙཱ་མཁས་པ་མང་པོ་སྤྱུགས་དགོས་བྱུང་༔ ཞེས་པ་ལྟར་རྗེའི་བཞེད་པ་དམ་ཆོས་བསྒྱུར་བཤད་ཀྱིས་མཚོན་བསྟན་པ་བཙུག་པ་ལ་འོ་བརྒྱལ་མང་པོ་བྱུང༌། མཐར་བོན་པོ་རྣམས་ཀྱི་ལྟ་སྤྱོད་མཁན་སློབ་གཉིས་ཀྱིས་སུན་ཕྱུངས་ཤིང་གྲུབ་རྟགས་རྫུ་འཕྲུལ་གྱིས་ཕམ་པར་མཛད་པ་ན། མངའ་བདག་གིས་བོན་རྣམས་ལ་དམ་པའི་ཆོས་གྱིས་གསུངས་པས། ཉུང་ཤས་ཤིག་ལས་ཉན་དུ་མ་བཏུབ་སྟེ་གསུང་རབ་མང་པོ་བོན་དུ་བསྒྱུར། དེ་རྒྱལ་པོས་གསན་ནས་བོན་མང་རབས་ཀྱི་སྐེ་བཅད། གུ་རུས་བོད་ཀྱི་ལྷ་འདྲེ་རྣམས་བོན་ལ་དགའ་བར་འདུག་གསུངས་ཏེ། མོ་རྩིས། ལྷ་གསོལ། གཡང་འགུགས་རྣམས་རང་སར་བཞག གཞན་ཐམས་ཅད་བསྣུབས་ཏེ་བོན་པོ་རྣམས་རྔ་ཕྱེད་རྔ། རོལ་ཆས་ཤངས། ཞྭ་ཝ་ཞྭ། མིང་ཕ་ཇོ། ཁལ་བོང་བུ་ལ་བྱས་ནས་ཡུལ་བཏོན་ཏེ་མཐའ་ལ་སྤྱུགས། དེ་རྗེས་མངའ་བདག་ཁྲི་རལ་གྱི་དུས་སུ་ཆོས་ཁྲིམས་ཤིན་ཏུ་དམ་པས་བདུད་བློན་རྣམས་སྡུག་བསྔལ་བར་གྱུར་ཏེ་དགེ་འདུན་རྣམས་ལ་སྡང་མིག་བལྟས་ཤིང་མཛུབ་ཆུང་ཀེར་བ་སོགས་བྱས་པས་དེ་རྣམས་ཀྱི་མིག་བཏོན་ཅིང་ལག་པ་བྲེག་པ་སོགས་མང་པོ་ཞིག་ཁྲིམས་ལ་སྦྱར། བདུད་བློན་རྣམས་ཀྱི་རྐྱེན་ལ་བརྟེན་ནས་ལྷ་ཀླུ་དམ་བཞག་གསུམ་པའང་མ་གྲུབ་སྟེ། མ་འོངས་པ་ན་མི་རྣམས་ནག་ཕྱོགས་ཀྱི་ལྷ་སྲིན་དང་འགོང་པོས་རྒྱུད་བརླམ་ནས་དམ་སྡོམ་ལས་འབྲས་འཆོལ་བར་སྤྱོད་པས་ཆོས་ཁྲིམས་དང་རྒྱལ་ཁྲིམས་འཇིག ད་ལྟའི་བོན་ནག་བདུད་བློན་འདི་རྣམས་གཟུགས་ཅན་གཟུགས་མེད་ཅི་རིགས་པར་བརྫུས་ཏེ་ཐབས་སྣ་ཚོགས་ཀྱི་སྒོ་ནས་བོད་ཀྱི་བསྟན་པ་ལ་བར་དུ་གཅོད་པར་གསུངས་ཤིང༌། ལྷག་པར་དམ་འགོང་ཨར་ལ་གཏད་པ། རྒྱལ་བསེན་ཤི་ས་བསྟན་པ། མཐའ་དམག་དུས་འཁྲུག་ཟློག་པ་སོགས་སྙིགས་དུས་ཀྱི་བདུད་འགོང་དམ་སྲིའི་གཉེན་པོ་རྣོ་ལ་འདྲིལ་བ་རྣམས་སྔ་འགྱུར་ཟབ་གཏེར་ཁོ་ན་ལས་འབྱུང་བའི་ཕྱིར། རིང་ལུགས་དེ་འཛིན་པ་རྣམས་ལ་བདུད་རིགས་ཀུན་ཀྱང་མི་བཟོད་པའི་སྡང་སེམས་སྐྱེ་བར་ངེས་པས་ན། རང་རང་རྣམས་སྨོན་ལམ་ཚུལ་མ་ཡིན་པའི་མཐུ་དང་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ལ་ལོངས་སྤྱོད་པ་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དེས་ན་དེ་རྣམས་ཀྱང་སྙིང་རྗེའི་ཡུལ་དུ་བཟུང་ནས་རང་གི་བཟོད་པའི་རྟེན་དུ་སྒྲུབ་པ་ལས་ཁོང་ཁྲོ་བའི་བློ་སྐད་ཅིག་ཙམ་ཡང་བསྐྱེད་པར་རིགས་པ་མ་ཡིན་ཏེ་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་ལས་ཉམས་དམད་པར་འགྱུར་བ་ཡིན་ནོ་ཞེས་ཞར་ལ་འཕྲོས་པའི་གཏམ་དུ་ཐལ་ལ། ཁྱད་པར་གངས་ཅན་པའི་སྐྱོབ་པ་གཅིག་པུ་སློབ་དཔོན་ཆེན་པོ་ལྟ་བུ་ལའང་བཀའ་དྲིན་རྗེས་སུ་མི་དྲན་པའི་སྟེང་དུ་ལོག་ལྟའི་སྐུར་འདེབས་ཞུ་བའང་ཇི་སྙེད་འབྱུང་སྲིད་ཀྱང༌། དེ་དག་རྣམས་ནི་རང་རང་གནས་སྐབས་བསོད་ནམས་མ་ཡིན་པ་སྒྲུབ་པའི་ཉེར་ལེན་ཙམ་ལས་གུ་རུའི་རྣམ་ཐར་ཕྲིན་ལས་རྒྱ་མཚོ་ནམ་ཡང་འགོག་པར་ནུས་པ་མ་ཡིན་ཞིང༌། ངན་འབྲེལ་ཙམ་ཡང་འཁོར་བ་མཐའ་ཅན་དུ་མཛད་པ་བྱང་འཕགས་རྣམས་ཀྱི་ཁྱད་པར་གྱི་ཆོས་སུ་ངེས་པའི་ཕྱིར་མི་མོས་པའི་ཁ་ཟེར་བ་རྣམས་ཀྱང་ནམ་ཞིག་གུ་རུའི་གདུལ་བྱར་གྱུར་ཏེ་གཏན་བདེའི་སྐལ་བཟང་ཉམས་སུ་མྱོང་བར་གདོན་མི་ཟའོ་ཞེས་པདྨའི་ཕོ་ཉ་བདག་གིས་ལུང་སྦྱིན་པ་ཡིན་ནོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་ལས། སྔོན་གྱི་དུས་སུ་ལོག་པར་བལྟས་པའི་ཕྱོགས་འགའ་ཞིག་བྱུང་བའི་སྐྱོན་ཅུང་ཟད་བསལ་བའི་སྐབས་ཏེ་བདུན་པའོ།། །།

ལེའུ་བརྒྱད་པ་བསྟན་པའི་གནས་ཚད་བསྟན་པ།

ད་ནི་བསྟན་པའི་བབ་ཚུལ་སོགས་དང་འབྲེལ་བར་དུས་ཚིགས་ཀྱི་ངེས་པ་ཅི་རིགས་ལ་ཅུང་ཟད་དཔྱད་ཅིང་བསྟན་པའི་གནས་ཚད་བསྟན་པར་བྱ་སྟེ། དེ་ལ་བསྐལ་བཟང་ཞིང་གི་བསྟན་པ་འདིའི་སྟོན་པ་མཉམ་མེད་རྣམ་འདྲེན་བཞི་པ་འདི་ཉིད་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་སྐུ་བལྟམས་པ་དང༌། མངོན་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་རྣམས་ཀྱི་ལོའི་ངེས་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཉིད་ཀྱིས་རྒྱ་བོད་མཁས་པ་རྣམས་ཀྱི་བཞེད་གཞུང་མི་མཐུན་པ་མང་ཞིང༌། མྱ་ངན་ལས་འདས་ནས་ཅི་ཙམ་སོང་གི་དུས་ཀྱང་ཚུལ་དེ་དང་འདྲ་བར་སྣང་ལ། དེ་བཞིན་རྒྱལ་བའི་བསྟན་པ་ཇི་ཙམ་གནས་པའི་ཡུན་ཚད་ཀྱང་དགོངས་པའི་དབང་གིས་རྣམ་གྲངས་དུ་མ་ཅན་དུ་བྱུང་སྟེ། འདུལ་བ་ལུང་ཕྲན་ཚེགས་དང༌། གསེར་ཅན་གྱི་རྟོགས་བརྗོད། མདོ་སྡེ་བསྐལ་པ་བཟང་པོ། སྤྲིན་ཆེན་པོའི་མདོ། བློ་གྲོས་མི་ཟད་པས་བསྟན་པའི་མདོ་འགྲེལ། མཛོད་འགྲེལ་རྣམས་མཐུན་པར་བསྟན་པ་དངོས་དང༌། བཏགས་པ་ལྔ་བརྒྱ་རེ་བྱས་པ་ལོ་སྟོང་དུ་གནས་པར་གསུངས་པ་དང༌། སྙིང་རྗེ་པད་དཀར་ནས་དངོས་སྟོང༌། བཏགས་པ་ལྔ་བརྒྱ་དང༌། ཆོས་ཉིད་རང་ངོ་མི་གཡོ་བ་ཐ་དད་སྣང་བའི་མདོར་ཉིས་སྟོང་ལྔ་བརྒྱ་དང༌། བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོས་ཞུས་པའི་མདོ་ད་ལྟའི་དཔེ་ཉིས་སྟོང་བྱས་པ་མང་ཡང་སུམ་སྟོང་བྱས་པ་ཡོད་ཅེས་དམ་པ་མཆོག་དག་གིས་གསུངས་པས་ངེས་པ་ཉིད་དང༌། བྱམས་པ་ལུང་བསྟན་གྱི་མདོ་ཐར་ལོའི་འགྱུར་དང༌། དབྱིག་གཉེན་གྱི་གནོད་འཇོམས་དང༌། མཆེ་སྡེའི་འབུམ་ཊཱིཀ་སོགས་སུ་ལྔ་སྟོང་བཤད་པ་སོགས་མིའི་གདུལ་བྱ་སྤྱིར་བཏང་གཙོ་བོ་དང༌། མི་མ་ཡིན་ཕལ་པ་དང་བཅས་པའི་སྣང་ངོ་ལ་དགོངས་ཤིང༌། གཞན་དུ་མི་མ་ཡིན་ཆེན་པོ་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་དང༌། སུམ་ཅུ་རྩ་གསུམ་དང༌། དགའ་ལྡན་གྱི་གནས་རྣམས་སུ་ནི་སངས་རྒྱས་སྟོང་གི་བསྟན་པ་བསྐལ་པ་ཆེན་པོ་འདི་མ་རྫོགས་ཀྱི་བར་དུ་ཆོས་ཀྱང་ནུབ་པར་མི་འགྱུར་བར་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོར་གསུངས་པ་སོགས་ཀྱིས་མཚོན་པ་དང༌། ཐེག་ཆེན་ངེས་དོན་འཁོར་ལོ་གསུམ་པའི་ནང་ཚན་གསེར་འོད་དམ་པ་མདོ་སྡེའི་དབང་པོ་དང༌། སྔགས་བླ་མེད་སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་དང༌། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱལ་སྤྲུལ་པ་རྒྱུན་མི་ཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད། །ཅེས་སོགས་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་བསྟན་པའི་གནས་ཚད་ངེས་ཅན་དང༌། ངེས་པ་མེད་པ་དང༌། ནུབ་པ་མེད་པར་གསུངས་པ་སོགས་མང་དུ་འབྱུང་བའི་ལུང་ཚིག་རྒྱས་པར་འདིར་མི་སྤྲོ་ལ།

དེ་ལྟར་བསྟན་པའི་གནས་ཚད་དེ་དག་གི་སྟེང་ནས་སྔོན་ཆད་དུས་ཇི་ཙམ་ཞིག་སོང་སྙམ་ན། དེ་ལ་ཡང་འདོད་པ་མི་འདྲ་བ་མང་དུ་བྱུང་བ་ལས། འདིར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་འདུལ་བའི་ལུང་དང་མདོ་སྡེ་རྣམས་དང༌། དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་དང༌། གཞན་ཡང་སྔགས་རྒྱུད་ཁྱད་པར་མཆོག་ཏུ་འཕགས་ཤིང་དྲི་མ་མེད་པ་རྣམས་ནས་ཟླ་བ་དང་ལོའི་ངེས་པ་གསལ་བར་བསྟན་པ་དང༌། དེ་བཞིན་དུ་གསུང་རྡོ་རྗེ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཀཱ་ར་དང༌། མ་ཧཱ་པཎྜི་ཏ་བི་མ་ལ་མི་ཏྲ་དང༌། ལོ་ཙཱ་བ་བཻ་རོ་ཙ་ན་རྣམས་ཀྱི་གསུང་དྲི་མ་མེད་པ་ཐུན་མོང་མ་ཡིན་པ་རྣམས་ལ་བརྟེན་ཞིང༌། དེའང་སྐར་རྩིས་ཀྱི་རི་མོ་རྣམ་པར་དག་པའི་ལམ་ནས་གཞལ་བ་ན་བོད་ཡུལ་གྱི་དུས་འཁོར་མཁན་སྤྱི་དང་ཁྱད་པར་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོར་གྱུར་པ་དག་གི་བཞེད་པ་དང་ཤིན་ཏུ་མཐུན་པར་གྱུར་པས་ན་གཞན་དག་ཐེ་ཚོམ་ཆུང་ཞིང་ཚུལ་དེ་ལེགས་པར་རྟོགས་པས་སྐབས་འདི་ཉིད་དུ་དེ་བཞིན་བརྗོད་པར་བྱ་སྟེ། དེ་ཡང་བདག་ཅག་གི་སྟོན་པ་འདི་ཉིད་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔའི་མཚན་གུང་རྒྱུ་སྐར་རྒྱལ་ནུབ་པའི་དུས་སྦྱོར་ལ་ཡུམ་ལྷ་མོ་སྒྱུ་འཕྲུལ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས། དེ་ནས་ཟླ་བ་དགུ་དང་ཞག་ཉི་ཤུ་རྩ་གསུམ་སྟེ་ཟླ་ངོ་བཅུ་འདས་པ་དྲག་པོ་ལྕགས་སྤྲེལ་ས་གའི་དཀར་ཕྱོགས་ཚེས་བདུན་གྱི་སྔ་དྲོ་རེས་འགྲོགས་ཟླ་བའི་སྐར་མ་རྒྱལ་དང་ལྡན་ཞིང་རྒྱལ་འཆར་བའི་རྐང་པ་དང་པོར་བབས་པའི་སྐབས་སུ་ལུམྦིའི་ཚལ་དུ་སྐུ་བལྟམས། དགུང་ལོ་ཉེར་དགུ་པ་ཀུན་འཛིན་ས་བྱི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ཀྱི་ནམ་གྱི་ཆ་སྟོད་དུ་གྲགས་འཛིན་མ་ལ་རིགས་ཀྱི་ས་བོན་བསྐྲུན་ཅིང་ནམ་གུང་རྒྱུ་སྐར་རྒྱལ་འཆར་བ་གཟིགས་པའི་དུས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ལོ་དྲུག་ཏུ་དཀའ་བ་སྤྱད། དགུང་ལོ་སུམ་ཅུ་སོ་ལྔ་བཞེས་པ་ཤིང་རྟ་ས་གའི་ཉ་ལ་བྱང་ཆུབ་ཤིང་དྲུང་དུ་གཤེགས་ཏེ་སྲོད་ལ་བདུད་བཏུལ། ནམ་གྱི་གུང་ཡོལ་རྡོ་རྗེ་ཟླ་བ་སྒྲ་གཅན་དང་སྙོམས་པར་ཞུགས་པའི་སྐབས་སུ་མཉམ་པར་བཞག ཟླ་བ་སྒྲ་གཅན་ལས་གྲོལ་ལ་ཁད་སྐད་ཅིག་གཅིག་གིས་ཐོགས་པ་ཐོ་རངས་སྐྱ་རེངས་འཆར་བ་རྒྱལ་རྔ་བརྡུང་དུ་ཉེ་བའི་ཚེ་ན་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྲས་སྒྲ་གཅན་འཛིན་ཡང་ཡུམ་གྱི་མངལ་དུ་ལོ་དྲུག་བཞུགས་ནས་དུས་དེར་བཙས་ཤིང༌། དེའི་བཙས་སྟོན་གྱིས་སྐྱེ་བོ་ཀུན་དགའ་བར་གྱུར་པ་ན་ཀུན་དགའ་བོའང་བཙས་སོ། །འདིའི་ཟླ་འཛིན་ནམ་གུང་ཡོལ་མ་ཐག་པ་གླང་དུས་སྔ་ཆར་ཟླ་བའི་བྱང་ཤར་ཉེའི་ཕྱོགས་ནས་དུས་མེས་ཟླ་དཀྱིལ་དྲུག་ཆ་གཅིག་མ་གཏོགས་བསྒྲིབས་པ་ལས་བསྒྲིབས་མནན་གྲོལ་ཡུན་ཆུ་ཚོད་བཅུ་གསུམ་ལྷག་ཙམ་ན་སླར་ཉ་རྒྱས་ཡོངས་སུ་གང་བ་ཡིན་ནོ།།

དེ་ལྟར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་འདས་པ་ན་ཝ་ར་ཎཱ་སིར་བདེན་པ་བཞི་ཡི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་ཞིང༌། དེ་ནས་རིམ་པར་བྱ་རྒོད་ཕུང་པོའི་རིར་བཀའ་བར་པ་མཚན་ཉིད་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མ་ལ་ཡ་དང་གྱད་ཀྱི་ཡུལ་ལ་སོགས་པ་གནས་སྣ་ཚོགས་པར་ཕྱིར་མི་ལྡོག་པ་ངེས་དོན་སྙིང་པོའི་ཐེག་པ་སྟེ། གདུལ་བྱའི་དབང་པོ་དང་འཚམས་པར་འཁོར་ལོ་རིམ་པ་གསུམ་དུ་བསྟན་པར་མཛད་པ་ཡིན་ལ། འཁོར་ལོ་གསུངས་པའི་ལོ་འདི་ཙམ་ཞེས་དམ་པ་འགའ་ཞིག་གིས་གྲངས་ནས་སྨོས་ཀྱང་རྣམ་པ་ཙམ་ལས་ཇི་བཞིན་དཔག་པར་དཀའ་ཞིང༌། སྤྱིར་ཡང་ཐེག་པའི་གོ་རིམ་ལས་དུས་སྔ་ཕྱི་ཁོ་ནར་ཡང་འདོད་མི་ནུས་སོ། །དེ་བཞིན་གཤེགས་པ་དགུང་ལོ་ཧྲིལ་པོ་བརྒྱད་ཅུ་རྩ་གཅིག་བཞེས་ཤིང་སངས་རྒྱས་ནས་ལོ་བཞི་བཅུ་རྩ་བདུན་ལ་འཁོད་པ་གནམ་གནོན་ལྕགས་འབྲུག་དཔྱིད་ཟླ་འབྲིང་པོ་ནག་པའི་ཚེས་བཅོ་ལྔའི་ཉི་མ་ཕྱི་དྲོ་བདུད་འཇོམས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུས་སྦྱོར་དང་ལྡན་པའི་ཆ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དཔལ་མཆོག་དང་པོའི་སངས་རྒྱས་སོགས་བླ་མེད་ཀྱི་ཐེག་པ་མཐའ་ཡས་པ་གསུངས། དེའི་ཟླ་བ་ཕྱི་མ་ས་གའི་ཚེས་བཅོ་ལྔའི་མཚན་མོའི་ཐུན་ཐ་མའི་འགོ་ལ་གྱད་ཀྱི་ཡུལ་རྩྭ་ཅན་དུ་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ལྷག་མ་མེད་པར་གཤེགས་སོ། །གཞན་ནི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ཀྱི་ནམ་གུང་ལ་ཆོས་ཀྱི་སྐུར་གཤེགས་ཞེས་རྒྱ་གར་གྱི་སློབ་དཔོན་ཚུལ་ཁྲིམས་བསྐྱང་དང་པཎ་ཆེན་ཤཱཀྱ་ཤྲཱིའི་བཞེད་པ་ཡིན་ལ། བོད་ཀྱི་མཁས་མཆོག་བུ་སྟོན་སོགས་ཀྱིས་ཀྱང་འདི་ཉིད་ཁས་བླངས། ཡང་ཁ་ཅིག་ནས་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདའ་བར་བཞེད་པ་དང༌། ཁ་ཅིག་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ཡིན་པར་འདོད་པའང་བྱུང་ངོ༌། །འདི་ལ་བར་སྐབས་ཀྱི་བསྟན་རྩིས་མཁན་ཁ་ཅིག་མྱ་ངན་ལས་འདས་པའི་ལོ་ཕྱི་མ་ནས་བགྲང་བ་ཡོད་ཀྱང་མཁས་པ་ཆེན་པོར་གྱུར་པ་རྣམས་ཀྱིས་མྱ་ངན་ལས་འདས་པའི་ལོ་ཉིད་ནས་བགྲང་བར་མཛད་པས། ཇི་སྐད་དུ། རྒྱལ་བ་མྱ་ངན་འདས་པའི་ལོ། །དེ་ནི་འདས་ལོའི་ཐོག་མ་ཡིན། །ཞེས་སྨྲ་བ་འཐད་པ་ཉིད་དོ།།

དེ་ལྟར་སངས་རྒྱས་མྱ་ངན་ལས་འདས་པའི་ལྕགས་འབྲུག་ནས་བགྲང་སྟེ་ད་ལྟ་རབ་བྱུང་བཅུ་དྲུག་པའི་དགེ་བྱེད་ཆུ་སྟག་བརྩིས་པ་ཡན་ལ་མི་ལོ་ཉིས་སྟོང་བརྒྱད་བརྒྱ་བཞི་བཅུ་རྩ་གསུམ་འདས་པར་གྱུར་ལ། སླད་ཀྱི་འདས་ལོའི་རྣམ་གཞག་གཞན་རྣམས་ཀྱང་འདི་ཁོ་ནས་བརྩི་བར་བྱ་སྟེ། བསྟན་རྩིས་ཞིབ་པར་ཤམྦྷ་ལའི་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་རབས་དང་སྦྱར་ནས་འཆད་པར་འོས་ཀྱང་འདིར་ཡིག་ཚོགས་ཀྱི་ངལ་བས་འཇིགས་ཏེ་སྐབས་དོན་འགའ་ཞིག་ཁོལ་བུར་བཏོན་ནས་འཆད་ན། རྒྱལ་བའི་འདས་ལོ་ལྔ་པ་ཤིང་སྤྲེལ་སྣྲོན་ཟླའི་ཚེས་བཅུའི་ཉི་ཤར་སིན་དྷུའི་མཚོ་གླིང་པདྨའི་སྙིང་པོ་ལས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སྐུ་བལྟམས་ནས་ད་ལྟའི་བར་ལོ་ཉིས་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་བརྒྱད། འདས་ལོ་ཉེར་དགུ་པ་ས་སྤྲེལ་ལ་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོར་དམ་པའི་རིགས་ཅན་དྲྭ་མ་ལྔ་ལ་གསང་བདག་དཔའ་བོས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། ས་ཧོ་རའི་རྒྱལ་པོ་ཛཿལ་ཏནྟྲའི་གླེགས་བམ་བབས་ནས་ལོ་ཉིས་སྟོང་བརྒྱད་བརྒྱ་བཅུ་བཞི། བརྒྱ་ཐམ་པའི་ངོ་མཐོང་ས་ལུག་ལ་ཆོས་རྒྱལ་མྱ་ངན་མེད་འཁྲུངས་ནས་ལོ་ཉིས་སྟོང་བདུན་བརྒྱ་ཞེ་གསུམ། བརྒྱ་ཐམ་པ་འདས་པའི་ལྕགས་སྤྲེལ་ཁ་བ་ཅན་གྱི་མཚོ་བྲི་ཞིང་སཱ་ལའི་ཚལ་སོགས་སྣོད་བཅུད་ཆགས་ནས་ལོ་ཉིས་སྟོང་བདུན་བརྒྱ་ཞེ་བཞི། བརྒྱ་དང་བཅུ་གཅིག་པ་ལྕགས་རྟ་ལ་བཀའ་བསྡུ་བར་པ་བྱས་ནས་ལོ་ཉིས་སྟོང་བདུན་བརྒྱ་སུམ་ཅུ་སོ་གསུམ། བརྒྱ་དང་དྲུག་ཅུ་རེ་དྲུག་པ་ཤིང་གླང་ལ་ཐེག་མཆོག་སྟོན་པ་དགའ་རབ་རྡོ་རྗེ་འཁྲུངས་ནས་ལོ་ཉིས་སྟོང་དྲུག་བརྒྱ་བདུན་ཅུ་དོན་བརྒྱད། བཞི་བརྒྱ་འདས་པའི་ལྕགས་སྤྲེལ་འཕགས་པ་ཀླུ་སྒྲུབ་འཁྲུངས་ནས་ལོ་ཉིས་སྟོང་བཞི་བརྒྱ་བཞི་བཅུ་ཞེ་གསུམ། གོང་གི་ལྕགས་སྤྲེལ་ཁ་བ་ཅན་གྱི་སྣོད་བཅུད་ཆགས་པ་ནས་མ་སངས་སྤུན་དགུ་དང་རྒྱལ་ཕྲན་སིལ་མ་བཞི་བཅུ་སོགས་བོད་ཡུལ་དབང་བྱས་པའི་ཡུན་ལ་ལོ་ལྔ་བརྒྱ་སུམ་ཅུ་སོ་བཞི་འདས་པའི་ཤིང་སྟག་ལ་རྗེ་གཉའ་ཁྲི་བཙན་པོ་བོད་སྤྱི་ལ་དབང་བའི་རྗེ་བོར་བྱོན་ནས་ལོ་ཉིས་སྟོང་ཉིས་བརྒྱ་དང་དགུ། སངས་རྒྱས་ཀྱི་འདས་ལོ་བརྒྱད་བརྒྱ་བརྒྱད་ཅུ་གྱ་གཅིག་པ་ལྕགས་སྤྲེལ་ལ་ཕྱི་གླིང་པའི་སྟོན་པ་ཡེ་ཤུ་མ་ཤི་ཀའི་འདས་ལོ་དང་པོ་ཚུགས་ནས་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གསུམ། འདི་ནས་རིམ་པར་གོ་བདེ་བར་བསྡུས་ཏེ་བརྗོད་ན། ཤིང་སྟག་གཉའ་ཁྲི་ནས་བརྩིས་པའི་བོད་ཀྱི་རྒྱལ་རབས་ཉི་ཤུ་རྩ་བདུན་གྱི་རིང་ལ་ལོ་དྲུག་བརྒྱ་བཅུ་དགུ་འདས་པའི་ཤིང་ཁྱི་ལ་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས་ཤིང༌། དེ་ཉིད་དྲུག་ཅུ་བཞེས་པའི་ཆུ་བྱ་ལ་མཁར་སྟེང་དུ་གཉན་པོ་གསང་བ་བབས་ཏེ་བོད་ལ་དམ་པའི་ཆོས་ཀྱི་དབུ་ཐོག་མར་བརྙེས། སངས་རྒྱས་ཀྱི་འདས་ལོ་ཆིག་སྟོང་ལྔ་བརྒྱ་འདས་པའི་ལྕགས་འབྲུག་ལ་རྒྱལ་བའི་བསྟན་པ་ལྔ་བརྒྱ་ཕྲག་བཅུ་ལས་འབྲས་བུའི་དུས་ལྔ་བརྒྱ་ཕྲག་གསུམ་རྫོགས་ཏེ་སྒྲུབ་པའི་དུས་ཐོག་མར་སླེབས། ཆུ་བྱ་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་ནས་ལོ་བརྒྱ་དང་བརྒྱད་ཅུ་གྱ་ལྔ་པ་མེ་གླང་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་བལྟམས།

དེ་ནས་ལོ་ཉི་ཤུ་རྩ་ལྔ་པ་ལྕགས་གླང་ལ་ར་ས་འཁྲུལ་སྣང་སོགས་བཏབ་ཅིང་དམ་པའི་ཆོས་དང་ཡི་གེའི་སྲོལ་གཏོད། དེ་ནས་ལོ་བརྒྱ་དང་ལྔ་བཅུ་པ་ལྕགས་རྟ་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས། དེ་ནས་ཉེར་གཅིག་པ་ལྕགས་སྟག་ལ་སློབ་དཔོན་ཆེན་པོ་བོད་དུ་ཕེབས་ཤིང་ཆོས་འཁོར་དཔལ་གྱི་བསམ་ཡས་བཏབ། དེ་ནས་བཅོ་བརྒྱད་པ་མེ་ལུག་ལ་སད་མི་མི་བདུན་རབ་ཏུ་བྱུང་ཞིང་མདོ་སྔགས་དམ་ཆོས་སྒྲ་བསྒྱུར་བཤད་སྒྲུབ་ཀྱི་བསྟན་པ་གཞིར་བཞེངས་སུ་བཙུགས། དེ་ནས་སོ་བརྒྱད་པ་ཤིང་སྤྲེལ་ལ་སློབ་དཔོན་ཆེན་པོ་རྔ་ཡབ་གླིང་དུ་གཤེགས། དེ་ནས་གསུམ་པ་མེ་ཁྱི་ལ་མངའ་བདག་ཁྲི་རལ་པ་ཅན་འཁྲུངས། འདི་ནས་ཉེར་བདུན་པ་ཆུ་བྱི་ལ་བླ་ཆེན་དགོངས་པ་རབ་གསལ་འཁྲུངས། དེ་ནས་བཅུ་ཐམ་པ་ལྕགས་བྱ་ལ་གླང་དར་མས་དབུས་གཙང་གི་བསྟན་པ་བསྣུབས། དེ་ནས་ལོ་དྲུག་པ་མེ་སྟག་ལ་ལྷ་ལུང་དཔལ་རྡོར་གྱིས་གླང་དར་བསྒྲལ། དེ་ནས་ཉེར་བཞི་པ་ས་གླང་ལ་ཁེངས་ལོག་གིས་བོད་ཀྱི་རྒྱལ་ས་སིལ་བུར་འཐོར། དེ་ནས་ཉེར་ལྔ་པ་ཆུ་གླང་ལ་བླ་ཆེན་དང་དབུས་གཙང་གི་མི་བཅུས་ཁམས་ནས་དབུས་སུ་བསྟན་པ་ཕྱི་དར་གྱི་འགོ་ཚུགས། དེ་ནས་ལོ་དྲུག་པ་ས་རྟ་ལ་གསར་མའི་ལོ་ཙཱ་བ་ཐམས་ཅད་ཀྱི་ཐོག་མ་ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས། དེ་ནས་ཉེར་གཅིག་པ་ས་སྟག་ལ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཚུལ་ཁྲིམས་མགོན་པོ་འཁྲུངས། དེ་ནས་ལྔ་པ་ཆུ་རྟ་ལ་དཔལ་ལྡན་ཇོ་བོ་རྗེ་ཨ་ཏི་ཤ་སྐུ་འཁྲུངས། དེ་ནས་ཉེར་གསུམ་པ་ཤིང་འབྲུག་ལ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་འཁྲུངས། དེ་ནས་ལོ་དགུ་པ་ཆུ་བྱི་ལ་མར་པ་ལོ་ཙཱ་དང༌། གཏེར་སྟོན་གྲྭ་པ་མངོན་ཤེས་འཁྲུངས། དེ་ནས་ལོ་གསུམ་པ་ཤིང་སྟག་ལ་ཟུར་ཆུང་པ་འཁྲུངས། དེ་ནས་བཅུ་བཞི་པ་མེ་ཡོས་ལ་དུས་འཁོར་རྒྱུད་འགྲེལ་བོད་དུ་ཐོག་མར་ཕེབས་ཤིང་རབ་བྱུང་དང་པོ་འདི་ནས་བརྩིས་སྟེ། དེ་ནས་བཟུང་ད་ལྟའི་བར་གྱི་རབ་བྱུང་སྐོར་རེའི་ནང་དུ་གྲགས་ཆེ་བའི་སྐྱེས་ཆེན་འགའ་ཞིག་གི་དགུང་ལོའི་ཚད་དང༌། དུས་ཀྱི་འཕོ་འགྱུར་ཆེ་ལོང་ཇི་ལྟར་བྱུང་བ་བཅས་སྦྱར་ཏེ་གོ་བདེ་བར་བཤད་ན།

༈ རབ་བྱུང་དང་པོ་ཤར་བ་ན། ལོ་ཆེན་རིན་ཆེན་བཟང་པོ་དགུང་ལོ་བདུན་ཅུ་ཐམ་པ། ཁྱུང་པོ་རྣལ་འབྱོར་ལྔ་བཅུ་ཐམ་པ། ཇོ་བོ་རྗེ་ཞེ་དྲུག འབྲོམ་སྟོན་ཉེར་བཞི། མར་པ་དང༌། གྲྭ་པ་མངོན་ཤེས་བཅུ་དྲུག ཟུར་ཆུང་བཅུ་བཞི་པའོ། །རབ་བྱུང་དང་པོ་འདིའི་ནང་དུ་ཇོ་བོ་ཡབ་སྲས་ཀྱི་ཆོས་བརྒྱུད་ལས་ཆོས་མིང་བརྒྱུད་འཛིན་ལ་ཐོགས་ཏེ་བཀའ་གདམས་པ་ཞེས་པའི་རིང་ལུགས་ཐོག་མར་བྱུང་ལ། སློབ་དཔོན་ཆེན་པོའི་དངོས་སློབ་འཁོན་ཀླུ་དབང་སྲུང་བ་ནས་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་བར་གདུང་བརྒྱུད་བཅུ་ཙམ་གྱི་རིང་ལ་སྔགས་རྙིང་མ་བ་ཡིན་ཡང༌། འཁོན་དཀོན་མཆོག་རྒྱལ་པོས་འབྲོག་མི་ཤཱཀྱ་ཡེ་ཤེས་སོགས་གསར་མའི་ལོ་ཙཱ་བ་ལས་ཆོས་མང་པོ་གསན་པ་ནས་སྔགས་གསར་མ་བར་གནས་འགྱུར་ཞིང༌། དེ་ཉིད་ཀྱིས་སྤང་པོ་རིའི་ངོས་འགྲམ་ས་དཀར་དབུས་ཀྱི་ལོགས་སུ་རབ་བྱུང་དང་པོའི་ཆུ་གླང་ལོར་སྒོ་རུམ་གྱི་གཙུག་ལག་ཁང་བཏབ་པ་ནས་བཟུང་ཡུལ་མིང་ཆོས་ལ་ཐོགས་ཏེ་ས་སྐྱ་པ་ཞེས་པའི་རིང་ལུགས་དེ་བྱུང༌། འདི་དང་དུས་ཐོག་མཚུངས་པར་མཁས་གྲུབ་ཁྱུང་པོས་ཤངས་པའི་གསེར་ཆོས་དང༌། མར་པ་ལོ་ཙཱས་བཀའ་བརྒྱུད་ཀྱི་བསྟན་པའི་ཆུ་འགོ་བོད་དུ་དྲངས་སོ།།

༈ རབ་བྱུང་གཉིས་པ་ཤར་བ་ན། མ་གཅིག་ལབ་སྒྲོན་ལྕགས་ལུག་ང་བདུན། གླིང་རྗེ་གེ་སར་ས་སྟག་ལྔ་བཅུ་ཐམ་པ། རྗེ་བཙུན་མི་ལ་ལྕགས་འབྲུག་ཞེ་བརྒྱད། རྔོག་ལོ་ཙཱ་བ་ལྕགས་ཕག་བཅུ་བདུན། གསང་བདག་སྒྲོ་ཕུག་པ་ཤིང་སྟག་བཅུ་བཞི། དྭགས་པོ་ཟླ་འོད་གཞོན་ནུ་ས་ལུག་དགུ་པའོ། །དྭགས་པོའི་སློབ་མ་ཁམས་པ་མི་གསུམ་སོགས་ལས་རིམ་པར་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྱེས་ཏེ་རྒྱ་ཆེར་འཕེལ་ལོ།།

༈ རབ་བྱུང་གསུམ་པ་ཤར་བ་ན། བྱ་འདུལ་འཛིན་ཆེན་པོ་ལྕགས་ལུག་ང་བདུན། ལོ་འདིར་དམ་པ་སངས་རྒྱས་དིང་རིར་ཕེབས། ས་ཆེན་ཀུན་དགའ་སྙིང་པོ་ཆུ་སྤྲེལ་ང་དྲུག ཕག་མོ་གྲུ་པ་དང༌། ཀརྨ་པ་དུས་གསུམ་མཁྱེན་པ་ལྕགས་སྟག་སོ་བརྒྱད། ཀཿཐོག་དམ་པ་བདེ་གཤེགས་དང་ཞང་དར་མ་གྲགས་ཆུ་སྟག་ཉེར་དྲུག མངའ་བདག་ཉང་རལ་ཤིང་འབྲུག་ཉེར་བཞི། ས་སྐྱའི་རྗེ་བཙུན་བསོད་ནམས་རྩེ་མོ་དང༌། དཔལ་སྟག་ལུང་ཐང་པ་ཆུ་ཁྱི་དྲུག་པ། འབྲི་གུང་སྐྱོབ་པ་ཆུ་ཕག་ལྔ་པའོ། །གོང་གི་ས་གླང་ལོར་བོད་ཀྱི་རྒྱལ་ས་འཐོར་ནས་རྒྱལ་རྒྱུད་སིལ་ཆད་རྣམས་ཀྱིས་མངའ་རིས་ཁོལ་བུ་ཁོལ་བུར་སྲིད་བསྐྱངས་སྟེ་གནས་པའི་ཡུན་ལ་ལོ་ཉིས་བརྒྱ་སུམ་ཅུ་སོ་བདུན་སོང་བ་ལས། རབ་བྱུང་གསུམ་པ་འདིའི་ཤིང་བྱ་ལོར་རྒྱ་དོར་རྟ་ནག་པོའི་དམག་དཔུང་བོད་དུ་ལྷགས་ཏེ་བོད་ཁ་བ་ཅན་པ་རྒྱའི་བཙན་འོག་ཏུ་བསྡུས།

༈ རབ་བྱུང་བཞི་པ་ཤར་བ་ན། གུ་རུ་ཆོས་དབང་ཆུ་སྤྲེལ་ང་དྲུག མཁས་པ་ཉི་འབུམ་ས་སྟག་ལྔ་བཅུ་ཐམ་པ། གླིང་རས་པངྨ་རྡོ་རྗེ་དང་ཇོ་མོ་སྨན་མོ་ས་སྤྲེལ་ཉི་ཤུ། ས་སྐྱ་པཎ་ཆེན་ཆུ་སྟག་ཉེར་དྲུག སྟག་ལུང་སངས་རྒྱས་ཡར་བྱོན་ཆུ་ཕག་ལྔ་པའོ། །འདིའི་ཆུ་གླང་ལོ་ནས་བླ་ཆེན་ས་སྐྱ་པས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་དབང་བསྒྱུར།

༈ རབ་བྱུང་ལྔ་པ་ཤར་བ་ན། གཙང་པ་རྒྱ་རས་ལྕགས་སྦྲུལ་ཞེ་བདུན། གྲུབ་ཆེན་ཨོ་རྒྱན་པ་ལྕགས་སྟག་སོ་བརྒྱད། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཤིང་ལུག་སོ་གསུམ། གྲུབ་ཆེན་མེ་ལོང་རྡོ་རྗེ་ཆུ་ཡོས་ཉེར་ལྔ། རིག་འཛིན་ཀུ་མཱ་རཱ་ཛ་མེ་སྟག་དགུང་ལོ་གཉིས་པའོ།།

༈ རབ་བྱུང་དྲུག་པ་ཤར་བ་ན། ཀརྨ་པ་རང་བྱུང་རྡོ་རྗེ་དང༌། གཡུང་སྟོན་རྡོ་རྗེ་དཔལ་ཤིང་སྤྲེལ་ཞེ་བཞི། བུ་སྟོན་ཐམས་ཅད་མཁྱེན་པ་ལྕགས་སྟག་སོ་བརྒྱད། ཇོ་ནང་ཀུན་གཟིགས་དོལ་པོ་པ་ཆུ་འབྲུག་སོ་དྲུག ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ས་སྤྲེལ་ཉི་ཤུ་ཐམ་པའོ། །འདིའི་ས་གླང་ནས་ཕག་གྲུ་ཏཱ་སིས་བོད་ཁམས་ལ་དབང་བསྒྱུར།

༈ རབ་བྱུང་བདུན་པ་ཤར་བ་ན། གཏེར་ཆེན་སངས་རྒྱས་གླིང་པ་ལྕགས་འབྲུག་ཞེ་བརྒྱད། རྡོ་རྗེ་གླིང་པ་མེ་ཁྱི་ཞེ་གཉིས། འཇམ་མགོན་བློ་བཟང་གྲགས་པ་མེ་བྱ་སོ་གཅིག བོ་དོང་ཀུན་མཁྱེན་འཇིགས་བྲལ་ཤིང་ཡོས་བཅུ་གསུམ། ཀརྨ་པ་དེ་བཞིན་གཤེགས་པ་ཤིང་བྱི་བཞི་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཤིང་གླང་དགུང་ལོ་གསུམ་པའོ། །འདིའི་ཤིང་ཡོས་ནས་སྡེ་སྲིད་རིན་སྤུངས་པས་བོད་ཁམས་ལ་དབང་བསྒྱུར། རྗེ་ཙོང་ཁ་པས་བཀའ་གདམས་པའི་གཞུང་དང་གསར་མའི་སྔགས་རྒྱུད་ཟུང་དུ་འཇུག་པའི་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་སྤེལ་ཞིང་འདིའི་ས་གླང་ལོར་འབྲོག་རི་བོ་དགའ་ལྡན་གྱི་ཆོས་སྡེ་བཏབ་ནས་གདན་སའི་མིང་ཆོས་བརྒྱུད་ལ་ཐོགས་ཏེ་དགེ་ལུགས་སུ་གྲགས་པའི་རིང་ལུགས་དེ་བྱུང༌།

༈ རབ་བྱུང་བརྒྱད་པ་ཤར་བ་ན། རྒྱ་མཚོ་རྣམ་གསུམ་དུ་གྲགས་པས་སྐར་རྩིས་ཀྱི་བསྟན་བཅོས་པད་དཀར་ཞལ་ལུང་བརྩམས། པཎ་ཆེན་དགེ་འདུན་གྲུབ་པ་ལྕགས་ལུག་ང་བདུན། འགོས་ལོ་གཞོན་ནུ་དཔལ་ཆུ་སྤྲེལ་ང་དྲུག གཏེར་ཆེན་རཏྣ་གླིང་པ་ཆུ་ལུག་ཞེ་ལྔ། ཀརྨ་པ་མཐོང་བ་དོན་ལྡན་མེ་སྤྲེལ་སོ་གཉིས། པཎ་ཆེན་ཤཱཀྱ་མཆོག་ལྡན་ས་སྤྲེལ་ཉི་ཤུ་ཐམ་པ། ཆོས་རྗེ་གོ་རམས་པ་ས་བྱ་བཅུ་དགུ། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལྕགས་བྱ་དགུང་ལོ་བདུན་པའོ།།

༈ རབ་བྱུང་དགུ་པ་ཤར་བ་ན། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེ་དང༌། རྗེ་བཙུན་ཀུན་དགའ་གྲོལ་མཆོག་སྐུ་བལྟམས། གཏེར་ཆེན་པདྨ་གླིང་པ་ལྕགས་རྟ་ང་བརྒྱད། གཙང་སྨྱོན་སངས་རྒྱས་མཚན་ཅན་ཆུ་སྤྲེལ་ང་དྲུག དཔའ་བོ་གཙུག་ལག་ཕྲེང་བ་ཤིང་ཁྱི་ང་བཞི། འབྲུག་སྨྱོན་ཀུན་དགའ་ལེགས་པ་ཤིང་ཕག་ང་གསུམ། དབུས་སྨྱོན་ཀུན་དགའ་བཟང་པོ་ས་སྟག་ལྔ་བཅུ་ཐམ་པ། པཎ་ཆེན་དགེ་འདུན་རྒྱ་མཚོ་མེ་སྤྲེལ་སོ་གཉིས་པའོ། །འདིའི་ཤིང་གླང་ནས་སྡེ་སྲིད་གཙང་པས་བོད་ཁམས་ལ་དབང་བསྒྱུར།

༈ རབ་བྱུང་བཅུ་པ་ཤར་བ་ན། སྒམ་པོ་པ་བཀྲ་ཤིས་རྣམ་རྒྱལ་ཆུ་སྤྲེལ་ང་དྲུག ཟུར་མཁར་འཚོ་བྱེད་བློ་གྲོས་རྒྱ་མཚོ་ས་འབྲུག་དྲུག་ཅུ་ཐམ་པ། གཏེར་ཆེན་ཤེས་རབ་འོད་ཟེར་མེ་གླང་ང་གཅིག འབྲུག་པ་ཀུན་མཁྱེན་པདྨ་དཀར་པོ་མེ་ཕག་ཞེ་གཅིག སོག་ཟློག་པ་བློ་གྲོས་རྒྱལ་མཚན་ཆུ་བྱི་བཅུ་དྲུག ཀརྨ་པ་དབང་ཕྱུག་རྡོ་རྗེ་ཤིང་སྟག་བཅུ་བཞིའོ།།

༈ རབ་བྱུང་བཅུ་གཅིག་པ་ཤར་བ་ན། རྗེ་བཙུན་ཏཱ་ར་ནཱ་ཐ་ཤིང་ཕག་ང་གསུམ། རིག་འཛིན་འཇའ་ཚོན་སྙིང་པོ་ཤིང་བྱ་ཞེ་གསུམ། ལྷོ་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་ཤིང་རྟ་སོ་བཞི། ལྷ་བཙུན་ནམ་མཁའ་འཇིགས་མེད་མེ་བྱ་སོ་གཅིག གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ས་ཁྱི་སུམ་ཅུ་ཐམ་པ། སྒམ་པོ་པ་ནོར་བུ་བརྒྱན་པ་ས་ཕག་ཉེར་དགུ། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ཤིང་སྦྲུལ་ཉེར་གསུམ། གསང་བདག་ཕྲིན་ལས་ལྷུན་གྲུབ་ལྕགས་ཕག་བཅུ་བདུན། གཏེར་ཆེན་བདུད་འདུལ་རྡོ་རྗེ་ཤིང་ཡོས་བཅུ་གསུམ། རྒྱལ་མཆོག་ལྔ་པ་བློ་བཟང་རྒྱ་མཚོ་མེ་སྦྲུལ་བཅུ་གཅིག་གོ །འདིའི་ལྕགས་སྦྲུལ་ལོར་སོག་པོའི་དཔུང་གིས་ཀར་གཙང་གི་ཆོས་སྲིད་ལ་ཉམས་ཉེས་ཆེན་པོ་བྱུང་ཞིང༌། ཆུ་རྟ་ནས་དགའ་ལྡན་ཕོ་བྲང་པས་བོད་ཁམས་ཡོངས་རྫོགས་ལ་དབང་བསྒྱུར།

༈ རབ་བྱུང་བཅུ་གཉིས་པ་ཤར་བ་ན། བྱང་བདག་པདྨ་ཕྲིན་ལས་དང༌། པད་གླིང་ཐུགས་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེ་ལྕགས་སྦྲུལ་ཞེ་བདུན། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་མེ་ཁྱི་ཞེ་གཉིས། ལོ་ཆེན་དྷརྨ་ཤྲཱི་ཤིང་རྟ་སོ་བཞི། ཀརྨ་པ་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་མེ་འབྲུག་བཅུ་གཉིས། ཁམས་སྤྲུལ་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་ལྕགས་སྤྲེལ་བརྒྱད་པའོ། །འདིའི་མེ་བྱ་ལོར་ཇུན་གར་པའི་དམག་དཔུང་གིས་རྙིང་མའི་བསྟན་དགོན་ལ་གནོད་འཚེ་ཆེན་པོ་བྱུང༌།

༈ རབ་བྱུང་བཅུ་གསུམ་པ་ཤར་བ་ན། རིག་འཛིན་ཚེ་དབང་ནོར་བུ་ས་སྟག་ལྔ་བཅུ་ཐམ་པ། སི་ཏུ་ཆོས་ཀྱི་འབྱུང་གནས་ལྕགས་འབྲུག་ཞེ་བརྒྱད། རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་ས་བྱི་བཞི་བཅུ་ཐམ་པ། རིག་འཛིན་འཇིགས་མེད་གླིང་པ་ས་བྱ་བཅུ་དགུ། ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་ཆུ་གླང་བཅོ་ལྔ། རྫོགས་ཆེན་རྒྱལ་སྲས་གཞན་ཕན་མཐའ་ཡས་ལྕགས་སྤྲེལ་བརྒྱད་པ། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་ཤིང་གླང་གསུམ་པའོ།།

༈ རབ་བྱུང་བཅུ་བཞི་པ་ཤར་བ་ན། ཆོས་གླིང་གར་དབང་འཆི་མེད་རྡོ་རྗེ་ཆུ་ལུག་ཞེ་ལྔ། སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པ་དང༌། རིག་འཛིན་རྡོ་རྗེ་ཐོགས་མེད་གཉིས་ཀྱང་འདི་དང་དུས་མཉམ་ཞིང༌། སྦས་ཡུལ་པདྨ་བཀོད་ཀྱི་གནས་སྒོ་འབྱེད་པའི་སྤྲུལ་སྐུ་རིག་འཛིན་རྣམ་གསུམ་དུ་གྲགས། རྒྱལ་དབང་དགུ་པ་ལུང་རྟོགས་རྒྱ་མཚོ་ཤིང་གླང་གསུམ་པའོ། །འདིའི་ཤིང་ཡོས་ལོར་གོརྵའི་དཔུང་དམག་གིས་བོད་ལ་རྒོལ་འཚེ་བྱུང༌།

༈ རབ་བྱུང་བཅོ་ལྔ་པ་ཤར་བ་ན། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ས་འབྲུག་དྲུག་ཅུ་ཐམ་པ། འཇམ་མགོན་བློ་གྲོས་མཐའ་ཡས་ཆུ་བྱ་ང་ལྔ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལྕགས་འབྲུག་ཞེ་བརྒྱད། མཆོག་གྱུར་བདེ་ཆེན་གླིང་པ་ས་གླང་སོ་དགུ། གཏེར་ཆེན་བདུད་འཇོམས་གླིང་པ་ཤིང་ལུག་སོ་གསུམ། མི་ཕམ་རྣམ་རྒྱལ་རྒྱ་མཚོ་མེ་རྟ་ཉེར་གཉིས། གྲུབ་དབང་ཤཱཀྱ་ཤྲཱི་ཆུ་གླང་བཅོ་ལྔ། གཏེར་སྟོན་ལས་རབ་གླིང་པ་མེ་འབྲུག་བཅུ་གཉིས་སོ། །འདིའི་ས་བྱི་ལོར་དབྱིན་ཇི་བོད་དུ་ཐོག་མར་སླེབས་ཤིང༌། ཤིང་འབྲུག་ལོར་དབྱིན་བོད་འཁྲུགས་ཟིང་དང༌། ལྕགས་ཁྱི་ལོར་རྒྱ་དམག་གི་དཔུང་རྒོལ་བྱུང༌། ཤིང་སྟག་ལོར་འཛམ་གླིང་དམག་ཆེན་དང་པོ་ལངས།

༈ རབ་བྱུང་བཅུ་དྲུག་པ་ཤར་བ་ན། ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་ལྕགས་ལུག་ང་བདུན། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཆུ་སྤྲེལ་ང་དྲུག རྒྱལ་མཆོག་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མེ་བྱི་ང་གཉིས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལྕགས་འབྲུག་ཞེ་བརྒྱད། པཎ་ཆེན་ཆོས་ཀྱི་ཉི་མ་ཆུ་ལུག་ཞེ་ལྔའོ།།

འདིའི་ས་ཡོས་ལོར་འཛམ་གླིང་དམག་ཆེན་གཉིས་པ་བྱུང་ཞིང༌། ལྕགས་སྟག་ལོར་བོད་དུ་རྒྱ་ནག་དམར་པོའི་གཡོ་འཁྲུགས་ཀྱི་འཚུབ་མ་ལྡང་འགོ་ཚུགས། སླད་འཛེས་བྱེད་ཆུ་ཡོས་ནས་ཟད་པ་མེ་སྟག་གི་བར་ལོ་གྲངས་ཉེར་བཞི་འདས་པའི་རབ་བྱུང་བཅུ་བདུན་པ་འཆར་བ་ན། ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེ་ཤིང་བྱི་རེ་བཞི། སྨིན་གླིང་ཁྲི་གདུང་ཀུན་བཟང་དབང་རྒྱལ་ལྕགས་ལུག་ང་བདུན། བདག་ཅག་རྣམས་ཀྱི་གཙུག་གི་ནོར་བུ་རྒྱལ་མཆོག་ཕྱག་ན་པདྨོ་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ཤིང་ཕག་ང་གསུམ། ས་སྐྱ་སྒྲོལ་མ་ཕོ་བྲང་པའི་བདག་ཁྲི་ཀུན་དགའ་ཕྲིན་ལས་དབང་རྒྱལ་ཤིང་བྱ་ཞེ་གསུམ་པའི་ཐོག་ཏུ་ཕེབས་པར་འགྱུར་བ་སྟེ། སྐྱེས་བུ་ཆེན་པོ་དེ་རྣམས་ཀྱི་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་བསྟན་འགྲོའི་དོན་ཆེན་མཛད་ཕྲིན་རྟག་ཁྱབ་ལྷུན་གྱིས་འགྲུབ་པར་གསོལ་བ་འདེབས་སོ།།

སྔར་གྱི་ཆོས་འབྱུང་དང་བསྟན་རྩིས་འགའ་ཞིག་ཏུ་ཡིག་སྐྱོན་བྱུང་བའམ། དུས་རབས་དང་མ་བསྟུན་པའི་ཧང་ཟོམ་ཤོར་བའམ། གང་ལྟར་གཉའ་ཁྲི་བོད་རྗེར་བྱོན་ལོ་ནས་བསྟན་པ་ཕྱི་དར་གྱི་བར་ལ་ལོ་ཁམས་སོགས་མི་མཐུན་པ་ཅི་རིགས་སྣང་མོད། འདིར་ནི་སངས་རྒྱས་ཀྱི་འདས་ལོ་ནས་བགྲངས་ཤིང་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཁུངས་ལྡན་དག་དང་བསྒྲིགས་ཏེ་ཤིན་ཏུ་ངེས་པ་རྙེད་པའི་ལུགས་སུ་བཀོད་པར་བྱས་ཤིང༌། སྤྱིར་ཡང་བོད་དུ་སྔོན་ཆད་སྲིད་ཕྱོགས་སུ་འཕོ་འགྱུར་ཇི་སྙེད་ཅིག་བྱུང་མོད་ཀྱང༌། ཆོས་ཕྱོགས་སུ་སྟོན་པ་རང་ཉིད་ཀྱིས་བསྟན་པ་བྱང་ནས་བྱང་དུ་རྒྱས་པར་ལུང་བསྟན་པའི་བདེན་དོན་མངོན་དུ་གྱུར་ཏེ། གངས་ལྗོངས་གདུལ་བྱའི་བསོད་ནམས་ཀྱི་ཉེར་ལེན་དང༌། རྒྱལ་རྣམས་ཐུགས་རྗེའི་འཇུག་པ་དུས་ལས་མི་ཡོལ་བའི་མཐུས། སྔོན་བསྟན་པ་བཙུགས་པ་ནས་ད་ལྟའི་བར་བསྟན་འཛིན་གྱི་སྐྱེས་བུ་མཁས་བཙུན་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་བ་ཤ་སྟག་བརྒྱུད་མར་བྱོན་ནས་བསྟན་པ་རིན་པོ་ཆེ་བསྐྱངས་དང་སྐྱོང་བཞིན་པའི་ཕྱིར་བོད་ཀྱི་ཆོས་རྒྱུན་ལ་ཉམས་རྒུད་ཡེ་བྱུང་མ་མྱོང་བས་ན། འདས་ལོའི་རྣམ་གྲངས་སུ་སྨོས་པ་འདི་རྣམས་ལའང་ནོར་འཁྲུལ་ཡོང་བའི་དོན་མ་མཆིས་སོ།།

འབྱུང་འགྱུར་ད་ལྟའི་ཆུ་སྟག་ནས་བརྩིས་པའི་ལོ་བཞི་བརྒྱ་དྲུག་ཅུ་རེ་གསུམ་འདས་པ་ཤིང་ཕོ་སྤྲེའུའི་ལོ་འཆར་བ་ན། ཤམྦྷ་ལ་ནས་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་སྤྲུལ་པའི་དཔུང་ཚོགས་དང་བཅས་པ་ལྗོངས་འདིར་ལྷགས་ཏེ། ཀླ་ཀློའི་སྡེ་དཔུང་མ་ལུས་པ་ལྷག་མེད་དུ་བཅོམ་པར་མཛད་ནས་དུས་བཞི་ཕྱི་མའི་རྫོགས་ལྡན་འཆར་བར་འགྱུར་ལ། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཚུལ་སྤྱི་དང་བྱེ་བྲག་བཀའ་གསང་རྫོགས་པ་ཆེན་པོའི་བསྟན་པའི་གནས་ཚད་ཀྱང༌། སྤྱིར་ཚེ་ལོ་དཔག་མེད་ནས་ཚེ་ལོ་སྟོང་གི་བར་ནི་སྐུའི་བསྟན་པའི་དུས། དེ་ནས་བདུན་ཅུའི་བར་གསུང་གི་བསྟན་པ། དེ་ནས་བཅུ་པའི་བར་ཐུགས་ཀྱི་བསྟན་པའི་དུས་ཏེ་སྤྱིར་བཏང་ཡིན་ལ། བྱེ་བྲག་ཏུ་བསྟན་པ་དངོས་ཀྱི་ཚད་ནི། སྐུའི་བསྟན་པ་ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གསུམ། གསུང་དང་ཐུགས་ནི་ལྔ་བརྒྱ་སྟོང་ཕྲག་རེར་གསུངས། སྒྲོན་མེའི་བསྟན་པ་ཐ་མ་ད་ལྟའི་འདི་ཉིད་འཛིན་པ་པོའང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས།

ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨོ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །ཞེས་དགའ་རབ་རྡོ་རྗེ་ནས་བཟུང་རིམ་པར་ལུང་བསྟན་པའི་མཐའ་མར། དེ་ནས་མཁའ་འགྲོ་དཔལ་འཛིན་མས། བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་ས་འོ། །ཞེས་ཚེ་ལོ་བཅུ་པའི་འོག་ཏུ་འདིའི་གདུལ་བྱ་རྫོགས་ནས་བསྟན་པའི་བཙས་དང་བཅས་ཏེ་མཛེས་ལྡན་བཀོད་པའི་ཞིང་དང༌། ཡངས་པ་སྤྱོད་པའི་ཞིང་དང༌། གཙུག་ཕུད་དབྱངས་ལྡན་གྱི་ཞིང་རྣམས་སུ་རིམ་པར་འཕར་ཞིང༌། དེ་རྣམས་ཀྱི་བསྟན་པ་བདུན་ཚར་རེ་རྫོགས་ནས་སྤྲུལ་སྐུའི་ཞིང་གངས་ཆེན་མཚོའི་ཐུགས་དཔལ་བེའུའི་ཐད་ཀྱི་འཇིག་རྟེན་སྟོངས་ཏེ་རྡོ་རྗེ་འཆང་ཆེན་པོའི་མཛད་པ་སྐོར་གཅིག་རྫོགས་ལ། སླར་དེའི་འཇིག་རྟེན་འོག་མ་ལ་བསྐལ་པ་ས་ཡ་དྲུག་འབུམ་དུ་འཕེལ་འགྲིབ་མེད་པར་གནས་པ་སོགས་ནམ་མཁའ་སྐྱེ་འགག་མེད་པ་ལ་སྤྲིན་སྐྱེ་འགག་དང་བཅས་པ་མི་འགལ་བའི་ཚུལ་གྱིས་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་ཕྲིན་ལས་རྒྱུན་མི་འཆད་པར་གསུངས་སོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་ལས། ཐེག་པའི་བབ་ཚུལ་སོགས་དང་འབྲེལ་བར་དུས་ཚིགས་ཀྱི་ངེས་པ་ཅི་རིགས་ལ་ཅུང་ཟད་དཔྱད་ཅིང་བསྟན་པའི་གནས་ཚད་སྨོས་པའི་བདག་ཉིད་ཅན་གྱིས་རེ་ཞིག་བཤད་ཟིན་ཏོ།། །།

༈ དེ་ལྟར་ན་འདིར་ཇི་སྐད་བཤད་པའི་ཁུངས་ནི་རྙིང་མ་བཀའ་མའི་ལོ་རྒྱུས་ནང་ཚན་སྤྱི་དང་ཁྱད་པར། ཀུན་མཁྱེན་ཀློང་ཆེན་པའི་སྙིང་ཐིག་མ་བུའི་ལོ་རྒྱུས་སྟོང་ཐུན་ཆེན་མོ། ལོ་ཆེན་དྷརྨ་ཤྲཱིའི་འདུས་པ་མདོའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ། གཡག་སྡེ་འདུལ་འཛིན་མཁྱེན་རབ་རྒྱ་མཚོའི་ཆོས་འབྱུང་དྲིས་ལན་ནོར་བུའི་བང་མཛོད། མཁས་མཆོག་ངག་དབང་བློ་གྲོས་ཀྱི་སྔ་འགྱུར་ཆོས་ཀྱི་འབྱུང་ཁུངས་མཁས་པ་དགའ་བྱེད། འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་དང༌། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་རྙིང་མའི་སྐབས། འབྲུག་པ་ཀུན་མཁྱེན་པདྨ་དཀར་པོའི་ཆོས་འབྱུང་བསྟན་པ་རྒྱས་པའི་ཉིན་བྱེད། རྗེ་བཙུན་ཏཱ་ར་ནཱ་ཐའི་ཨོ་རྒྱན་རྣམ་ཐར་ཡིད་ཆེས་གསུམ་ལྡན། ཀུན་མཁྱེན་འཇིགས་མེད་གླིང་པའི་རྙིང་རྒྱུད་དཀར་ཆག་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན། ཀཿཐོག་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་རྒྱུད་འབུམ་དཀར་ཆག་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་རིན་ཆེན་བཻ་ཌཱུརྱའི་ཕྲེང་མཛེས། མི་ཕམ་རྣམ་པར་རྒྱལ་བའི་ལེགས་བཤད་རྒྱ་མཚོའི་ཆ་ཤས་སོགས་ཚད་མར་གྱུར་པའི་ཡིག་ཆ་རྣམས་ལས་ལེགས་པར་བཏུས་ཤིང༌། ཀུན་གཟིགས་ལྔ་པའི་གསན་ཡིག་ཆེན་མོ་དང༌། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གསན་ཡིག རིག་འཛིན་ཚེ་དབང་ནོར་བུའི་བསྟན་རྩིས་ཀྱི་རྣམ་གཞག་སོགས་ལའང་ཞིབ་པར་གཏུགས། ཚོད་ཡོད་ཀྱི་འོལ་སྤྱི་དང་རང་འདོད་ཀྱི་སྟོང་ལྡིར་སོགས་སྒྲོ་སྐུར་གྱི་དྲི་མས་ཆ་ཙམ་མ་བསླད་ཅིང༌། རང་ཉིད་མཁས་འདོད་དང་གྲགས་འདོད་སོགས་ཀུན་སློང་མ་དག་པའི་བློ་ངན་རིང་དུ་སྤངས་ནས། དེང་སང་ཡུལ་དུས་ཀྱི་དབང་ལས་སྔ་མའི་ཆོས་འབྱུང་མཐའ་དག་གི་དཔེ་རྒྱུན་ལག་ཏུ་འབྱོར་བར་དཀའ་ཞིང་ད་ལྟའི་བར་གྱི་ལོ་རྒྱུས་རྣམས་ཀྱང་ཕྱོགས་གཅིག་ཏུ་མི་གསལ་བར་བརྟེན། བྱ་ལམ་རྗེས་མེད་དུ་མི་འགྲོ་བར་ཆོས་ཀྱི་རྗེས་སུ་འབྲངས་པའི་སྐྱེ་བོ་དོན་གཉེར་ཅན་རྣམས་ལ་སྨན་པའི་རེ་བ་དང༌། དུས་ཀྱི་ཐ་མའི་ཚེ་ན་གསང་ཆེན་བསྟན་པའི་བྱུང་ཚུལ་ལོ་རྒྱུས་ཙམ་ཡང་ཡི་གེའི་ལམ་དུ་སའི་སྟེང་ན་ཡུན་དུ་གནས་པར་གྱུར་ན་ཅི་མ་རུང་སྙམ་པའི་ལྷག་བསམ་འབའ་ཞིག་གིས་ཀུན་ནས་བསླངས་ཏེ། ཁོ་བོ་རང་ཉིད་བྱང་ཕྱོགས་ཁ་བ་ཅན་ནས་ལྷོ་ཕྱོགས་འཕགས་ཡུལ་གྱི་ལྗོངས་སུ་བཙན་བྱོལ་དུ་བརྟོལ་ཏེ་གནས་པའི་སྐབས་བརྩོན་པ་ཆེན་པོས་ཡིད་གཞུངས་པའི་སྒོ་ནས་སྦྱར་བ་འདི་ཉིད་དག་གཙང་འདུས་གསལ་ལྟ་བུར་རློམ་པ་ཡིན་པས་ཀུན་གྱིས་ངེས་པར་ཡིད་རྟོན་དུ་རུང་བར་ཡོད་དོ།། །།

སླར་སྨྲས་པ།

གང་ཞིག་རྒྱལ་བའི་ཆོས་མཛོད་ཀུན་གྱི་རྩེ་མོར་ཡོངས་བསྔགས་སྲིད་འདིར་འབྱུང་དཀའ་ཞིང་ཁམས་རྒྱ་མཚོར་གྲགས་སྙན་པ། །ངེས་གསང་ཐེག་མཆོག་བསྟན་པ་རིན་ཆེན་ཇི་བཞིན་སྣང་མཛད་ངོ་མཚར་ཕུལ་བྱུང་ཨུ་དུམ་ཝ་རར་ཅོ་འདྲི་བའི། །བགྲང་ཡས་ཡོན་ཏན་ཡལ་འདབ་ལྷུན་སྟུག་སྨིན་གྲོལ་བྱེ་བའི་འཁྲི་ཤིང་གིས་འཁྱུད་གྲུབ་གཉིས་འབྲས་བཟང་གཡུར་ཟ་བ། །རྨད་བྱུང་དམ་པའི་དཔག་བསམ་དགའ་ཚལ་བསིལ་ལྗོངས་གདུལ་བྱའི་ཉེར་འཚོར་ཐོབ་གང་ཨེ་མ་བསོད་ནམས་སྐལ་བ་སྦོམ། །གསང་ཆེན་རིག་འཛིན་སྡེ་སྣོད་མཐོ་རིས་ཀླུང༌། །བརྒྱུད་གསུམ་མེས་པོའི་རལ་པར་བསྒྱིངས་པ་ལས། །མཁན་སློབ་ཆོས་རྒྱལ་ཐུགས་བསྐྱེད་རྩོལ་བ་བརྒྱས། །གངས་ཅན་སྐལ་བཟང་བདུད་རྩིའི་རྒྱུད་དུ་དྲངས། །ངོ་མཚར་བཤད་སྒྲུབ་ལམ་ཆེན་གྱིས་ཕྱེ་བའི། །དོན་བརྒྱུད་དངོས་གྲུབ་འོད་ཟེར་སྟོང་འབར་བ། །ཆོས་མཆོག་ཉིན་བྱེད་འདྲེན་པའི་ཤིང་རྟ་རྣམས། །བཀའ་དྲིན་མཁའ་མཐའི་མུ་ཁྱུད་སུ་ཡིས་བརྒལ། །མངོན་སུམ་དགོངས་བརྒྱུད་ཕབས་རྩིས་ཉེར་བསླངས་པའི། །མན་ངག་ཛ་གད་ཉིང་ཁུའི་རོ་བཅུད་ལ། །སྤྱོད་པའི་སྐལ་ཆེན་དེ་ཀུན་ཉམས་རྟོགས་ཀྱིས། །རབ་མྱོས་འཕོ་ཆེན་གར་གྱིས་རྩེན་ཞེས་གྲགས། །ཕ་ཕོར་གཙང་ཞེན་བླུན་པོའི་ངག་ཚིག་གིས། །གྲགས་སྐམ་བརྗོད་པ་ཙམ་མིན་སྔ་འགྱུར་བསྟན། །མདོ་སྔགས་ལམ་བཟང་ཚང་ལ་མ་འཁྲུལ་གནད། །མཁས་གྲུབ་བྱེ་བའི་བཤུལ་ལམ་སྣང་དེས་སྟོན། །གང་ཚུལ་འོད་ཀྱི་དོ་ཤལ་གྱིས་རེག་པས། །རྨོངས་མུན་ཉེས་པའི་ཀུ་མུཏ་ཉམས་བྱས་ནས། །དད་གསུམ་ཆུ་གཏེར་ལས་སྐྱེས་ངེས་ཤེས་ཀྱི། །པད་དཀར་འཛུམ་རྒྱ་དེ་ཡི་ཕྱོགས་སུ་གྲོལ། །གཞལ་དཀའི་ཟོང་གིས་རིན་དུ་ཁུག་མིན་པ། །ཆོས་འབྱུང་གཏམ་གྱི་བདུད་རྩིའི་ཆ་ཤས་ཙམ། །ཐོས་པའི་རྣ་བ་དེ་ཡི་སྐལ་བཟང་ནི། །ལེགས་བྱས་ཡོན་ཏན་འབུམ་གྱིས་འཁྱུད་ལ་ལྟོས། །མི་བཟད་སྙིགས་དུས་རྒུད་པའི་འཐོར་རླུང་གིས། །རྒྱལ་བསྟན་གྲུ་གཟིངས་འཇིག་ལ་མངོན་ཕྱོགས་འདིར། །བློ་ཆུང་དེད་དཔོན་བདག་ཀྱང་ལྷག་བསམ་གྱིས། །ཐབས་མཁས་སྒྱུ་རྩལ་འགྱེད་རློམ་འདི་བགྱིས་སོ། །བསིལ་ལྗོངས་ཐུབ་བསྟན་ལྷ་ལམ་སྔ་འགྱུར་གྱི། །མཁས་གྲུབ་རྒྱུ་སྐར་བྱེ་བས་མཛེས་བྱས་མོད། །ཆེར་སྙིགས་དུས་ཀྱི་ནམ་མཐའ་བཏེགས་པ་ན། །སྨྲ་འདོད་སྐར་རྗེན་ལུས་པ་ཁོ་བོ་ཙམ། །ཚིག་སྦྱོར་བྱད་ཀྱི་མཚར་སྡུག་མི་ཆེ་ཡང༌། །དོན་བཟང་ལང་ཚོ་དར་བའི་འཇོ་སྒེག་མོས། །ཟོལ་སྤངས་སྨྲ་བའི་འཛུམ་དཀར་དམུལ་བ་ན། །བློ་གསལ་མཁས་གཞོན་ཡིད་དབང་འཕྲོག་ཀྱང་སྲིད། །ཚུལ་འདིས་མོས་ལྡན་ཀུན་ལ་བལྟ་བའི་མིག།མང་ཐོས་དམ་པ་རྣམས་ཀྱི་མགྲིན་པའི་རྒྱན། །དོན་བརྒྱུད་འཛིན་ལ་སྙིང་གི་བདུད་རྩི་སྟེ། །ཡིད་བཞིན་ནོར་བུའི་བྱ་བ་བྱེད་པ་སྙམ། །འབྱུང་ལུས་བགྲང་བྱའི་ཁུར་མང་བརྩེགས་མོད་ཀྱང༌། །སེམས་ཀྱི་གཞོན་པ་བློ་ཤེད་མ་བྲི་བས། །ད་དུང་ཆོས་མཆོག་སྣང་བའི་སྐྱེད་ཚལ་ན། །འཆད་རྩོམ་སྒྱུ་རྩལ་ཅི་ཡང་རྩེ་སྙིང་འདོད། །སྔོན་བྱོན་ཚོགས་རྣམས་འབད་བརྒྱས་ལེགས་བཙལ་བའི། །ངེས་གསང་ཐེག་མཆོག་རིང་ལུགས་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་མཆོད་པའི་ཁུར། །འུ་ཅག་རྗེས་འཇུག་ལ་བབ་མཁྱེན་འཚལ་ལོ།།

དེ་ལྟར་ཅུང་ཞིག་འབད་པའི་ལེགས་བྱས་མ་དྲོས་འཇིངས་ལས་བསོད་ནམས་མཐའ་ཡས་ཆུ་འཛིན་ཕུང་པོ་ཆོས་དབྱིངས་ལྷ་ལམ་ཁྱོན་ཀུན་ཁེངས་པར་དཀྲིགས་ལས་འདིར། །ངོ་མཚར་ཕན་བདེ་སྤྲིན་གྱི་མེ་ཏོག་ཅི་དགར་འཇོ་བས་འཇིག་རྟེན་རྒུད་པའི་ཐ་བ་བརླན་བྱས་ཕུན་ཚོགས་དཔལ་འབྱོར་མཐོ་རིས་སྨན་ལྗོངས་སྐྱེད་བསྲིངས་ཤིང༌། །ཡང་དག་ལྟ་བའི་པད་རྫིང་ཉེར་བརྟེན་རྣམ་དཀར་གེ་སར་རྡུལ་མང་རབ་འཛག་དམ་པའི་ཆུ་སྐྱེས་ནགས་ཀླུང་དར་བབ་ཀུན་དགའི་དྲི་བསུང་ཕྱོགས་བརྒྱར་འཐུལ། །མཆོག་གསུམ་ཉིན་བྱེད་སྣང་བས་ཡོངས་བཟུང་སྲིད་ཞིའི་དགེ་མཚན་གསེར་གྱི་སྙེ་མ་གཡུར་དུ་ཟ་བ་རྫོགས་ལྡན་དགའ་སྟོན་སླར་ཡང་འཆར་བས་མངོན་འཚོ་ཤོག །འདྲེན་པ་ཐུབ་མཆོག་མི་ཡི་སེང་གེའི་རིང་ལུགས་དྲི་མེད་སྨྲ་བའི་ཤིང་རྟ་ལྷ་རྣམས་དབང་པོས་ཚད་མ་གསུམ་ལྡན་ཞོ་འཐུང་རུས་པའི་མཚོན་ཆེན་གྱིས། །ལོག་རྟོག་ལྟ་ངན་ཀླ་ཀློའི་ཀླད་པ་གཅིག་ཅར་འགེམས་བྱས་མེ་ཏོག་མདའ་ཅན་དཔུང་དང་བཅས་པའི་གཡུལ་ལས་རབ་རྒྱལ་མཐའ་བྲལ་ལྟ་བའི་དབྱུ་གུ་ཡིས། །ཟབ་དོན་ཆོས་ཀྱི་རྔ་བོ་ཆེ་ཉིད་ཀུན་ཏུ་བརྡུངས་ལས་མི་ཤེས་སྟུག་པོའི་གཉིད་ཀྱི་མུན་པ་ཆེན་པོར་འཐོམས་པའི་འགྲོ་བ་རྣམ་མང་ཇི་སྙེད་པ། །གསུང་རབ་འབྲུག་སྒྲ་ལྷ་ཡི་དབྱངས་སྙན་ཐོས་ཙམ་ཉིད་ནས་ཡོངས་སུ་སད་དེ་མི་ཟད་གནས་བཏང་ཆོས་རབ་རྣམ་འབྱེད་བློ་གྲོས་ཆེན་པོའི་དགའ་ཐོབ་ཤོག །གསང་ཆེན་ཆོས་ཚུལ་རྒྱ་མཚོའི་བྱུང་བ་ཇི་བཞིན་བརྗོད་པ་རྡོ་རྗེ་དབྱངས་ཀྱི་མགྲིན་པའི་རྒྱུད་མངས་ཡི་གེའི་གཟུགས་སུ་ཉེ་བར་འཕོས་པ་འདི་ཀོ་ཡང༌། །མཐའ་ཡས་སྐྱེ་རྒུའི་གདུང་སེལ་ཉིད་དུ་ནམ་ཞིག་ཞིང་འདིར་རྣམ་འདྲེན་ལྔ་པའི་ཆོས་རྔ་སྒྲོག་པ་དེ་སྲིད་མི་ནུབ་རྟག་ཁྱབ་ཕྲིན་ལས་དཔལ་དུ་འབར། །རྩོལ་མེད་ཐེག་རྒྱལ་ལྷུན་གྲུབ་སྣང་བཞིའི་ལྟེ་བ་མངོན་མཐོ་སྤྲོས་བྲལ་ཀ་དག་རྩིབས་སྟོང་རྣམ་བཀྲ་ཕར་ཕྱིན་སྤྱོད་པའི་མུ་ཁྱུད་ཀུན་ནས་བཟང་འཁྲིལ་ལྡན། །རྡོ་རྗེ་སྙིང་པོ་གསེར་གྱི་འཁོར་ལོ་ཐུབ་བསྟན་གླིང་བཞིའི་མཁའ་ལ་ཡོངས་འཕགས་ས་གསུམ་བཀྲ་ཤིས་བདེ་ལེགས་ལྷུན་པོ་ནམ་ཡང་གཡོ་བ་མེད་གྱུར་ཅིག།

དེ་ལྟར་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའ་ིརྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། འོད་གསལ་གནམ་གྱི་ལྷ་བྱ་ཁྲི་བཙན་པོས་སྤུ་བོ་རོང་གི་ཞིང་ཁམས་བདག་གིར་བཟུང་བ་ལས་ཡུལ་གྱི་རྗེ་བོ་ཀཿགནམ་ཆོས་རྒྱལ་དུ་གྲགས་པའི་རིགས་རྒྱུད་དྲི་མ་མེད་པའི་མྱུ་གུ་ལས་སྐྱེས་ཏེ་ལུས་ཀྱི་ལྟེ་བ་སྦས་ཡུལ་པདྨ་བཀོད་པའི་ལྗོངས་སུ་བཅད་པ། ཨོ་ཌཱི་ཡ་ནའི་སློབ་དཔོན་ཆེན་པོའི་ཐུགས་རྗེའི་ཉི་ཟེར་སྙིང་ལ་འཕོས་པས་བློ་གྲོས་ཀྱི་པདྨོ་ཅུང་ཟད་ཁ་བྱེ་བར་རློམ་པའི་ཤཱཀྱའི་དགེ་བསྙེན་རིག་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེའམ། བརྡ་སྤྲོད་ཀྱི་བཏགས་མིང་མཚོ་བྱུང་དགྱེས་པའི་ལང་ཚོ་གཙུག་ལག་སྨྲ་བའི་ཉི་མ་ཞེས་སུ་འབོད་ཅིང༌། སྲང་མདོའི་ཁྲོད་ན་ཡོངས་གྲགས་སུ་བདུད་འཇོམས་སྤྲུལ་སྐུར་གླེང་བའི་རྒྱལ་ཁམས་པས། རང་ལོ་བཅུ་ཕྲག་ལྔ་དང་ཉག་མ་བཀྲ་ཤིས་པའི་གྲངས་ཀྱིས་མདུན་ནས་བསུས་པ་རབ་བྱུང་བཅུ་དྲུག་པའི་དགེ་བྱེད་ཆུ་ཕོ་སྟག་གི་ལོ། གཉིས་སུ་མེད་པ་རྒྱུད་ཀྱི་རྒྱལ་པོའི་གསང་ཚིག་བདུད་རྩི་ཐོག་མར་ལེན་པའི་སྐལ་བཟང་འཛིན་པ་ནག་པ་ཅན་གྱི་ཉ་ལ་དབུ་བརྩམ་སྟེ། རྒྱུ་དང་མི་རྒྱུའི་འགྲོ་རྣམས་ཕུན་ཚོགས་དབྱར་གྱི་དགའ་སྟོན་ལ་སྤྱོད་ཅིང་འབྲས་བུ་བཅུད་དུ་སྨིན་པའི་དུས་ཀྱིས་ཀུན་ནས་ཉེ་བར་བརྟེན་པ་དབང་ཆེན་སྤྲེལ་ཟླའི་ཡར་ངོའི་ཚེས་བཅུ་ལ། རྒྱ་གར་ཟ་ཧོར་རཏྣ་པཱུ་རིའི་གྲོང་ཁྱེར་བདེ་བ་ཆེན་པོ་པདྨ་སམྦྷ་ཝས་ལས་ཅན་རྒྱལ་པོ་གཙུག་ལག་འཛིན་ཚོམ་བུར་བཅས་པ་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་དུ་སྨིན་པར་མཛད་དེ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་སྒྱུ་མའི་ཟློས་གར་མཁའ་ཁྱབ་ཏུ་རྩེན་པའི་གནས་མཆོག་ག་ལ་བ་ཉིད་དུ་ཡོངས་སུ་གྲུབ་པར་བགྱིས་པ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ན་ིལྷོ་མོན་ཤིང་ལོའི་ཚལ་གྱི་སྔགས་སྟོན་རིག་བྱེད་སྨྲ་བ་ཆོས་གྲགས་རྒྱ་མཚོས་གུས་ཤིང་བརྩོན་པའི་རིམ་གྲོ་དང་བཅས་པར་ལེགས་པར་བསྒྲུབས་པའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་གསང་ཆེན་སྙིང་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཕྱོགས་དང་དུས་དང་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་མི་ནུབ་ཡུན་དུ་གནས་པ་ལས། སྐྱེ་རྒུ་མཐའ་དག་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་དགའ་སྟོན་བཟང་པོས་དུས་རྟག་ཏུ་འཚོ་བའི་གཞིར་གྱུར་ཅིག། །།

༈ མཁན་སློབ་ཆོས་གསུ༵མ་རིང་ལུགས་ཆེ།།

འཛམ་གླིང་ས་གསུ༵མ་ཁྱབ་པར་འཕེལ།།

འགྲོ་རྒྱུད་མཆོག་གསུ༵མ་སྣང་བ་དང༌།།

མི་འབྲལ་དུས་གསུ༵མ་དགེ་ལེགས་ཤོག །ཛ་ཡནྟུ།། །།

མ་དཔེའི་ནང་ལོ་ཚིགས་མི་མཐུན་པ་འགའ་འདུག་པ་ལས་འདིར་བཀའ་འབུམ་ཕྱག་བྲིས་མ་གཞིར་བཅོལ་ནས་བཀོད་པ་ཡིན་ལགས།