Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླང་ཆེན་མཆེ་བ་དྲུག་ལྡན་སོགས་བསྟན་པ།
   
   
   


 
previousགླང་ཆེན་མཆེ་བ་དྲུག་ལྡན་སོགས་བསྟན་པ།next

གླང་ཆེན་མཆེ་བ་དྲུག་ལྡན་སོགས་བསྟན་པ།


DKG002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། མཆེ་བ་དྲུག་དང་རི་བོང་དང་། །ཕ་དང་མ་དང་ཆུ་སྐྱེས་དག །ཚལ་ཚིག་གླང་པོ་ཀླུ་དང་ནི། །ཡུལ་འཁོར་སྐྱོང་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་རྣམས་ལ་བྱམས་པའི་སེམས་བསྐྱེད་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ནགས་ཚང་ཚིང་རི་དང་འབབ་ཆུ་མང་པོས་གང་བ། རྩྭ་སྔོན་པོ་དང་གེལ་བ་དང་ཤིང་སཱ་ལ་དང་བ་ལ་ཤས་མཛེས་པར་བྱས་པའི་ཕྱོགས་ཞིག་ན་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པ་ཞིག་ཏུ་གྱུར་ཏོ། །དེའི་ཆུང་མ་བལ་གླང་མོ་བཟང་མོ་ཞེས་བྱ་བ་བལ་གླང་མོ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་བྱུང་བ་དེ་དང་དེ་ལྷན་ཅིག་ཁྱུ་ལས་གར་ཏེ་ཕྱོགས་གཞན་ཞིག་ཏུ་དགའ་མགུར་རྒྱུ་ཞིང་གནས་པ་ན། ཇི་ཙམ་ན་བལ་གླང་མོ་མཆོག་མཆོག་ཏུ་ཡིད་འཕྲོག་མ་གཞན་ཞིག་ཡིད་ལའང་མི་བསམ་པ་ལས་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པའི་དྲུང་དུ་ཕྱིན་ཏོ། །དེ་ནས་དེ་ཡང་མཁས་པའི་ཡོན་ཏན་དང་ལྡན་པ་ཞིག་པས་གླང་པོ་ཆ་དེ་ཇི་ལྟར་དེ་ལ་ཆགས་པའི་སེམས་དང་འབྲེལ་པས་དེ་འགྲོ་ན་ཡང་ཕྱི་བཞིན་འབྲང་། འདུག་ན་ཡང་འདུག་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་བསྙེན་བཀུར་བྱས་སོ། །དེ་ནས་བལ་གླང་མོ་བཟང་


DKG002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཕྲག་དོག་གི་སྐྱོན་གྱིས་མི་བཟོད་པ་སྐྱེས་ནས་བལ་གླང་མོ་དེ་ལ་ཡང་ཀླན་ཀ་ཚོལ་བར་གྱུར། གླང་པོ་ཆེ་མཆེ་བ་དྲུག་པ་ལ་ཡང་ཤིན་ཏུ་ཚིག་པ་ཟའོ། །གནས་སྐབས་ཐམས་ཅད་དུ་ནམ་ཡང་གླགས་མ་རྙེད་པ་དེའི་ཚེ་སྨོན་ལམ་ལོག་པར་གདབ་པར་བརྩམས་པ། གང་དུ་གླང་པོ་ཆེ་བྱས་པ་ཆུང་གཟོན་པ་འདིའི་སྲོག་གཅོད་པར་འགྱུར་བདེར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་དེས་རི་ཁ་ནས་བདག་ཉིད་མཆོངས་ཏེ་ཤི་བ་ལས་ལུས་འཕགས་ཀྱི་རྒྱལ་པོའ་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཟླ་བ་དགུ་འདས་ནས་བུ་མོ་ཞིག་བཙས་ཏེ་བསྐྱེད་བསྲིངས་ནས་ཆེན་མོར་གྱུར་ཏོ། །གང་གི་ཚེ་བག་མར་གཏང་རན་པ་དེའི་ཚེ་ཡུལ་ཀ་ཤིའི་རྒྱལ་པོ་ཚངས་སྦྱིན་ལ་བྱིན་ཏེ། དེས་བཙུན་མོ་དམ་པར་བྱས་སོ། །དེས་ཚེ་རབས་སྔ་མའི་ཤ་ཁོན་ཡོད་པས་བྱ་ར་བ་རྣམས་ཀྱིས་གླང་པོ་ཆེ་མཆེ་བ་དྲུག་པ་བྱ་རས་སོང་པར་བྱེད་དུ་བཅུག་སྟེ། དེ་ནས་དེས་རྒྱལ་པོ་ཚངས་སྦྱིན་ལ་སྨྲས་པ། ལྷོ་ཕྱོགས་ཆེ་གེ་མོ་ཞིག་ན་གང་པོ་ཆེ་མཆེ་བ་དྲུག་པ་མཆིས་ཞེས་མཆི་ན་དེའི་མཆེ་བ་བདག་ལ་འཚལ་བ་ཞིག་མཆིས་ཀྱི་ལྷས་གྲོང་མི་རྣམས་ལ་བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོས་ཡུལ་ཐམས་ཅད་ན་གནས་པའི་རྔོན་པ་རྣམས་བཀུག་སྟེ་བསྒོ་བ། ཤེས་ལྡན་དག་དེང་ལ་ཕྱོགས་ཆེ་གེ་མོ་ཞིག་ན་གླང་པོ་ཆེ་མཆེ་བ་དྲུག་པ་ཞིག་འདུག་པ་དེའི་མཆེ་བ་དགོས་ཀྱིས་མྱུར་དུ་ཁྱེར་ཏེ་ཤོག་ཤིག །ལྷ་བཀའ་བཞིན་དུ་འཚལ་ཞེས་རྔོན་པ་དེ་རྣམས་ཀྱིས་རྒྱལ་པོ་ཚངས་སྦྱིན་ལས་མཉན་ཏོ། །དེ་ནས་རྔོན་པ་དེ་རྣམས་ཀྱི་སྡེ་དཔོན་གང་ཡིན་པ་དེས་རྔོན་པ་དེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རང་རང་གི་ལས་ལ་འབོད་ཅིང་འདུག་ཤིག་དང་། ཁོ་བོ་ཁོ་ན་འགྲོའི་ཞེས་དེས་གཏོར་མའི་ཆོ་ག་བྱས་གོ་བགོས་མདའ་དུག་ཅན་ལག་ན་ཐོགས་གཞུ་བདུངས་ཏེ་གླང་པོ་ཆེ་ཚོལ་ཞིང་སོང་བ་ལས་ཕྱོགས་དེར་ཕྱིན་པ་དང་། དེས་དེ་ཁྱུ་ལས་གར་ཏེ་ཆུང་མ་དང་ལྷན་ཅིག་དགའ་མགུར་རྒྱུ་ཞིང་བག་བརྐྱང་སྟེ་འདུག་པ་མཐོང་ངོ་སྨྲས་པ། ཨུཏྤལ་པད་མོ་མོད་བའི་ཆུ་ལྡན་ཡུལ་ཕྱོགས་སུ། །གླང་ཆེན་དམ་པ་མེ་ཏོག་ཀུན་ད་ཟླ་བ་དང་། །བ་ཡིའོ་མ་དང་ནི་བ་མོའ་མདོག་ཅན་དེ། །


DKG002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གངས་རི་བརྩེགས་པ་འགྲོ་བལྟ་བུར་དེ་ཡིས་མཐོང་། །གླང་ཆེན་མཆོག་གི་དབང་པོ་ཟླ་བ་འདྲ་བ་དེའི། །མཆེ་པ་དྲུག་པོ་ཟླ་བའི་འོད་ཟེར་ལྟར་སྤ་བ། །པད་མ་དཀར་པོའ་ཕུང་ཆེན་གྱེན་དུ་འཕགས་པ་ལ། །པད་མའི་རྩ་ལག་དྲི་མེད་སྡུག་ཅིག་རྟེན་ཀོ་ལྟ། །དེ་ནས་རྔོན་པ་དེ་ལུས་ལ་གོས་ངུར་སྨྲིག་བགོས། མདའ་གཞུ་མཆན་དུ་བཅུག་ནས་འཁྲི་ཞིང་ཚང་ཚིང་གི་ནང་ནས་འཇབ་ཅིང་གོམ་པ་བརྟན་ཏེ་དལ་བུས་ཉེ་བར་སོང་བ་དང་། དེ་ནས་བལ་གླང་མོ་དེས་རྒྱང་རིང་པོ་ཁོ་ན་ནས་མཐོང་ནས་དེས་ཁྱིམ་ཐབ་དེ་ལ་སྨྲས་པ། ལྷ་ཚུར་སྤྱོན་མི་ཞིག་མཆི་ཡིས་གཞན་དུ་བཞུད་དོ་དེས་སྨྲས་པ། མི་ཅི་འདྲ་བ་ཞིག་དེས་སྨྲས་པ། གོས་ངུར་སྨྲིག་ཅན་ཞིག་གོ །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟ་ཡིན་ཏེ་ཅི་སྟེ་དེ་ལ་ངུར་སྨྲིག་ཡོད་ན་བག་མ་ཚ་ཞིག །ངུར་སྨྲིག་ལས་ནི་མི་དགེ་བ་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་སྙིང་རྗེའི་བདག་ཉིད་བྱམས་པའི་ཡིད་ལྡན་པ། །གཞན་གསོད་དགའ་བ་སྤངས་པ་རྣམས་ཀྱི་རྒྱལ་མཚན་ཏེ། །ཟླ་བས་སིམ་པ་འབའ་ཞིག་བྱེད་ཀྱི་གདུང་མིན་ལྟར། །འདི་ལས་འཇིགས་པ་མི་འབྱུང་འདི་ལས་ཞི་བ་འཐོབ། །དེ་ནས་བལ་གླང་མོ་དེ་དང་བྱང་ཆུབ་སེམས་དཔའ་དེ་ཡང་བག་ཚ་བ་མེད་པར་རྒྱུ་བར་བརྩམས་པ་ལས། དེ་ནས་རྔོན་པ་དེས་ཚང་ཚིང་གི་ནང་དུ་ཞུགས་ནས་མདའ་དུག་ཅན་གྱིས་གནང་དུ་བསྣུན་ཏོ། །དེ་ནས་བལ་གླང་མོ་དེས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ལྷ་ཅི་ད་ཆོས་གོས་ཅན་ལས་བསྙེངས་པ་བྱུང་ངམ་མ་བྱུང་། བྱང་ཆུབ་སེམས་དཔས་སྨྲས་པ། །སྙིང་གི་གདུག་པ་མ་བྱེད་མ་བྱེད་ཅིག །ཉེས་འདི་ཐུབ་པའི་ན་བཟའ་འདིའི་མིན་གྱི། །ཉེས་འདི་ཉོན་མོངས་དབང་དུ་སོང་བ་ཡི། །སེམས་ལྡན་སྙིང་རྗེ་རྣམ་པར་སྤངས་པ་ཡིན། །སྐྱེ་བོ་མ་རྨོངས་སེམས་ཅན་རྟོག་པ་ཅན། །སུ་ཡིས་གསེར་གྱིས་གཡོགས་པའི་ལྕགས་ལ་ནི། །མི་རྣམས་སླུ་བར་བྱེད་ཅེས་བསམས་ནས་སུ། །གསེར་དེ་ལྕགས་དང་འདྲ་བ་ཉིད་དུ་ལྟ། །འདི་ཡི་མདའ་དང་གཞུ་དང་ཡིད་གདུག་པ། །གང་ཡིན་དེ་ནི་གདུག་པ་ཉིད་དུ་ཤེས། །ངུར་སྨྲིག་མཆོག་ཏུ་ཞི་བ་འདི་ཡང་ནི། །རྟག་ཏུ་ཞི་བ་ཉིད་དུ་བློ་


DKG002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་རྟོགས། །དེ་ནས་བལ་གླང་མོ་དེ་མི་བཟོད་པ་སྐྱེས་ནས་ཁྱིམ་ཐབ་ལ་སྨྲས་པ། བདག་ནི་ཚིག་འདི་དག་གིས་བདེ་བར་བསྐྲུན་པ་ཁྱོད་གསོད་པ་བཏང་སྙོམས་སུ་བགྱིད་རྡོ་མི་ཐོག་པས་བདག་གིས་འདིའི་ཡན་ལག་དང་ཉིང་ལག་རྣམས་སྤྲུག་གཡེང་དབུག་གཤེར་གཞོམ་པར་བགྱིའོ། དེ་ནས་བྱང་ཆུབ་སེམས་དཔས་འཛུམ་ཕྱུང་ནས་སྨྲས་པ། ཨེ་མའོ་ཉོན་མོངས་པའི་འབྱུང་པོ་གསོ་བའི་བྱང་ཆུབ་སེམས་དཔའི་ཆུང་མའི་མངོན་པར་ཞེན་པ་རུང་བ་མ་ཡིན་ནོ། །ཅི་འདི་ཡང་མི་ཤེས་སམ། འབྱུང་པོའ་གདོན་གྱིས་ཐེབས་པ་སེམས་རྨོངས་པ། །ནད་མེད་པ་དེས་སྨན་པ་མི་བཀུར་ཏེ། །དེ་ལ་སྨན་པ་གནོད་པར་མི་བྱེད་ཀྱི། །འབྱུང་པོ་དེ་ཉིད་ཟིལ་གྱིས་མན་ན་ནས་འཇོམས། །དེ་བཞིན་ཉོན་མོངས་གདོན་གྱིས་ཐེབས་པ་ཡི། །སྐྱེ་བོ་སེམས་རྨོངས་འདི་ནི་སྡིག་རབ་བྱེད། །དེ་ལ་བདག་ཤེས་ཉོན་མོངས་གནོད་བྱེད་ཀྱི། །ཉོན་མོངས་པ་ཡིས་ཕམ་བྱས་རྣམས་ལ་མིན། །ལྷན་ཅིག་སྤྱོད་མ་བདག་གིས་བྱང་ཆུབ་ཐོབ་ནས་སྲིད་གསུམ་འདི། །གྲགས་པས་ཀུན་བཀང་ཉོན་མོངས་གཡོན་ཅན་དྲན་འདུལ་བརྟན་པ་དང་། དང་པོ་འཇོམས་བྱེད་ཕྱེར་བརླགས་བཅད་དང་བཏག་ཅིང་བསྐམ་པ་དང་། །རབ་ཏུ་བསྐམ་པས་རིང་པོར་མི་ཐོགས་ཤིན་དུ་ཚར་གཅད་བྱ། །དེ་ནས་བྱང་ཆུབ་སེམས་དཔའི་ཚིག་རྣམས་ཀྱིས་བལ་གླང་མོ་དེ་སྙིང་རྩ་བྲི་བར་བྱས་པས་ཅང་མི་སྨྲ་བར་འདུག་གོ །དེ་ནས་གླང་པོ་ཆེའི་ཚོགས་དེ་བྱང་ཆུབ་སེམས་དཔའི་དྲུང་དུ་འོང་བ་དང་། བྱང་ཆུབ་སེམས་དཔས་བསམས་པ་གླང་པོ་ཆེ་འདི་དག་གིས་འདི་ཉིད་དུརྔོན་བ་འདི་ལ་གནོད་པ་བསྐྱེད་ན་མི་རུང་ངོ་སྙམ་མོ། །འདི་ནི་ཆོས་ཉིད་ཡིན་ཏེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱིས་ལོག་པར་ལྟུང་བར་འགྱུར་གྱི་སེམས་ཀྱིས་ནི་མ་ཡིན་པས་དེ་རྔོན་པ་དེའི་མདུན་དུ་སོང་ནས་མིའི་སྐད་ཀྱིས་མ་འཇིགས་ཤིག་ཅེས་སྨྲས་ཏེ་དབུགས་ཕྱུང་ནས་བྲང་འོག་དུ་སྦས་ཏེ་འདུག་གོ །གླང་པོ་ཆེ་དེ་རྣམས་ཀྱང་སྙད་ཅིག་བཏགས་ནས་ཕྱོགས་དེ་ནས་གཞན་དུ་བཏང་ངོ་། །གླང་པོ་ཆེ་རྣམས་དོང་བ་དང་དེས་རྔོན་པ་ལ་སྨྲས་པ། ཀྱེ་ནང་རྗེ་ཤེས་པར་གྱིས་


DKG002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །གླང་པོ་ཆེ་རྣམས་དོང་གིས་ད་ནི་རང་གི་དགོས་པ་བྱོས་ཤིག །རྔོན་པས་བསམས་པ། བདག་འདྲ་བའི་མི་ནི་ཐ་ཤལ་ཡིན་ཏེ། བདག་ལ་དུད་འགྲོའི་སྐྱེ་གནས་སུ་སོང་བ་འདིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་གིས་དད་པ་བསྐྱེད་དོ་སྙམ་ནས་དེས་སྐད་ཕྱུང་སྟེ་དུས་པ་དང་། དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། ཀྱེ་ནང་རྗེ་ཅིའི་ཕྱིར་དུ། རྔོན་པས་སྨྲས་པ་བརྒྱབ་བོ། །བྱང་ཆུབ་སེམས་དཔའ་མི་དགའ་ནས་བསམས་པ། མ་ལ་བདག་གིས་འདི་སྐྱབས་བྱས་པའི་ཚེ་གནོད་པར་གྱུར་པའམ། བལ་གླང་མོ་འདིས་བདག་གསོད་པ་ལ་མི་བཟོད་པ་སྐྱེས་པས་འདི་ལ་མི་དགའ་བ་ཅུང་ཟད་ཅིག་བྱས་པར་མ་གྱུར་ཏམ་སྙམ་ནས་རྔོན་པ་དེ་ལ་སྨྲས་པ། ཀྱེ་ནང་རྗེ་ཁྱོད་སུ་ཞིག་གིས་བརྒྱབ། དེ་ནས་རྔོན་པ་དེ་མིག་མཆི་མའི་དབའ་རླབས་ཀྱིས་གང་བཞིན་དུ་སྨྲས་པ། གླང་ཆེན་དབང་པོ་ཁྱོད་ཀྱི་ནི། །ལུས་ལ་བདག་གི་མདའ་ཡིས་བརྒྱབ། །ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་མདས། །བདག་གི་སེམས་ལ་བརྒྱབ་པར་གྱུར། །དུག་ཅན་མདའ་ཡིས་ཕོག་པ་ཡི། །ལུས་རྣམས་སྐྱེ་བར་འགྱུར་བ་སྟེ། །ཡོན་ཏན་གྱི་ནི་མདས་ཕོག་པའི། །མི་མཁས་རྣམས་ནི་སྐྱེ་མི་འགྱུར། །གཤེད་མ་ལ་ཡང་སྙིང་རྗེ་བ། །འདི་འདྲ་གང་ལ་ཡོད་གྱུར་པ། །ཡོན་ཏན་རྒྱ་མཚོ་ཁྱོད་ཀྱི་ནི། །ཡོན་ཏན་དེང་བརྗོད་སུ་ཡིས་ནུས། །མདོར་ན་བདག་ནི་མི་སྙམ་པའི། །བློ་ཡང་བདག་ལ་མི་འབྱུང་གི །བདག་ལུས་ཡོན་ཏན་གྱིས་སྟོད་པ། །འདི་ལ་ཚིག་པ་ཟ་བ་སྐྱེས། །མི་ཡི་ཤ་ཚུགས་ལྡན་ཡང་བདག །དུད་འགྲོའི་སྐྱེ་གནས་སོང་བ་ཡིན། །གླང་ཆེན་མཆོག་ཁྱོད་དུད་འགྲོ་ཡི། །སྐྱེ་གནས་ཤ་ཚུགས་འཆང་ཡང་མི། །ཤ་ཚུགས་ཙམ་གྱིས་དུད་འགྲོ་འམ། །མིར་ཡང་བརྩི་བ་མ་ཡིན་གྱི། །གང་ལ་ཡོན་ཏན་ཉེར་དམིགས་པ། །དེ་ནི་མི་ཞེས་བྱ་བར་དྲན། །བྱང་ཆུབ་སེམས་དཔས་སྨྲས་པ། །ཡོན་ཏན་གྱིས་སྟོད་པར་བྱེད་པའི་ཚིག་གིས་གཏམ་གྱི་བར་ཆད་བྱེད་པ་ཐོང་ལ་དོན་ཅི་ཞིག་གི་ཕྱིར་ཁྱོད་ཀྱིས་ང་ལ་མདས་བསྣུན་པ་མྱུར་དུ་སྨྲོས་ཤིག །དེས་སྨྲས་པ།


DKG002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ནན་ཏུར་གྱིས་བདག་གིས་བྱ་བ་མ་ཡིན་པ་འདི་བྱས་ཏེ། ཁྱོད་ལས་དགོས་པ་ཞིག་ཡོད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟ་ན་དལ་བུས་ཐོང་ལ། ལག་པ་གཉིས་ནི་མྱུར་རྐྱོང་ལ། །ཅི་འདོད་པ་ནི་བླང་བར་གྱིས། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །མི་གཏོང་ཅུང་ཟད་མེད་པས་ལོང་། །བདག་གི་ཤ་འདི་བཅད་ནས་ཁྱེར་བའམ། །མཆེ་བ་རྣམས་ཀྱང་འདོད་པར་བྱེད་ལ་རག །འདི་ནི་གཞན་ལ་བརྩེ་བའི་ཕྱིར་བསྐྱེད་པས། །ལུས་འདི་ལ་ནི་ཇི་ལྟར་དགའ་བར་གྱིས། །མྱ་ངན་འདས་པའི་གྲོང་ཁྱེར་འཇུག་ནུས་ཀྱང་། །འཁོར་བ་བགྲོད་དཀའ་བདག་ནི་ཞུགས་པ་གང་། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞིར་གྱུར་པ། །གཞན་ལ་བརྩེ་བ་དེ་ཡི་རྒྱུ་ཡིན་ནོ། །དེ་ནས་རྔོན་པ་དེ་ངོ་ཚ་བ་སྐྱེས་ཀྱང་རྒྱལ་པོའ་ནན་ཏུར་ལ་བསམས་ནས་སྨྲས་པ། ཁྱོད་ཀྱི་མཆེ་བ་རྣམས་དགོས་ལགས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། དལ་གྱིས་ཕྱུང་ལ་ཁྱེར་ཅིག་དེས་སྨྲས་པ། ཁྱོད་ཉིད་ཀྱིས་ཐུགས་བག་མཛོད་ཅིག །བདག་ནི་ཁྱོད་ཀྱི་མཆེ་བ་འབྱིན་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྙིང་རྗེའི་བདག་ཉིད་ཅན། །ཁྱོད་ཀྱི་མཆེ་བ་རྣམས་ཕྱུང་ན། །བྱམས་པའི་མེ་ཡིས་ངེས་བསྲེགས་ནས། །བདག་གི་ལག་གཉིས་མི་ལྟང་ངམ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟ་ན་ང་ཉིད་ཀྱིས་ཕྱུང་ལ་སྦྱིན་ནོ་ཞེས་དེ་ནས་དེས་མཆེ་བ་རྩ་བ་ཤིན་ཏུ་རིང་དུ་ཇུག་པ་དག་ཕྱུང་བ་དང་བདག་ཉིད་ཆེན་པོ་དེ་ལས་ཁྲག་བྱུང་སྟེ། དེ་མཐོང་ནས་གཞན་དག་གི་དཔེར་བྱས་པ། མཆེ་བ་བཏོན་པ་ལས་བྱུང་ཁྲག་གིས་མཐོང་ཀ་ཀུན་ནས་གཤོས་པ་དེ། །མེ་ཏོག་ཀུ་མུ་ད་བཀྲམ་མདོག་ལྟ་བུ་ཡི་ལུས་དེ་དཔལ་ལྡན་རྣམ་པར་མཛེས། །རི་སྟེང་ཁ་བ་ས་ཁེབས་པའི་རི་བོ་འོད་ཟེར་མཛེས་དང་ལྡན་གྱུར་པའི། །རྩེ་མོ་ཚོན་རྩི་བཙག་གིས་ཁ་བསྒྱུར་ཆུ་ཡིས་གསབ་གསེབ་གཏོར་བ་བཞིན། །དེ་ནས་བྱང་ཆུབ་སེམས་དཔའ་བདག་ཉིད་སྤྲོ་བསྲིང་བའི་ཕྱིར་སྨྲས་པ། སྙིང་ཁྱོད་ད་ནི་བརྟན་པར་གནོས་ཤིག་རྨོངས་སུ་ཅི་ཞིག་ཡོད། །ཕོངས་


DKG002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་དང་མགོན་མེད་འཇིག་རྟེན་ལ་ཡང་བལྟ་བར་གྱིས། །ཁྱོད་ནི་སྐྱེ་བོ་འཆི་བའི་དབང་དུ་སོང་བ་རྣམས་ཀྱི་མགོན། །དེ་ལྟས་འདིར་ནི་དེ་རིང་ཞུམ་པར་བྱ་བའི་ཆ་མ་ཡིན། །བར་སྐབས་དེར་ནམ་མཁའི་ངོས་ཀྱང་ཡ་མཚན་གྱིས་ཡི་རངས་པའི་ལྷ་རྣམས་ཀྱིས་གང་། ཡ་མཚན་རྣམ་པ་སྣ་ཚོགས་ཀྱང་བྱུང་ངོ་། །དེ་ནས་ལྷ་ཞིག་གིས་བྱང་ཆུབ་སེམས་དཔའི་ལས་ཤིན་ཏུ་དཀའ་བ་སྤྱོད་པ་དེ་མཐོང་ནས་སྨྲས་པ། གྲོགས་པོ་བདག་ཉིད་ཆེན་པོའ་གནས་གང་ཡིན་པ་འདི་ནི་ཡ་མཚན་ཆེ་སྟེ། མཆེ་བ་རྣམས་ནི་ཕྱུང་བ་ཡི། །ཚོར་བས་ཉམ་ཐག་གྱུར་ཀྱང་དེ། །ལྟག་པའི་བསམ་དང་ལྡན་པའི་སེམས། །བྱང་ཆུབ་ལས་ཀྱང་མི་ལྡོག་གོ །དེ་ནས་ལྷ་གཞན་ཞིག་གིས་དེ་ལ་སྨྲས་པ། མཆེ་བ་ཕྱུང་བ་ལས་བྱུང་བའི། །སྡུག་བསྔལ་རང་གིས་མྱོང་ཡང་དེའི། །སྙིང་རྗེ་དམྱལ་བ་ལ་གནས་པའི། །སེམས་ཅན་རྣམས་ལ་མངོན་འཕེལ་བ། །གང་ཡིན་པ་དེ་ཡི་སེམས། །བུང་ཆུབ་ལས་ལྡོག་ག་ལ་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་མཆེ་བ་དེ་དག་ཕྱུང་ནས་རང་ཉིད་ཐོགས་ཏེ་ཅང་མི་སྨྲ་བར་འདུག་གོ །དེ་ནས་རྔོན་པ་མི་དགའ་བ་སྐྱེས་ཏེ། ཅི་འདིས་རང་གི་མཆེ་བ་དེ་དག་བཟུང་ནས་སྦྱིན་པར་གཏོང་མི་འདོད་དམ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་དེའི་བསམ་པ་ཤེས་ནས་མེ་ཏོག་ཀུན་ད་ལྟ་བུའི་སྣ་མངོན་དུ་བརྐྱང་ནས་གྲོགས་པོ་བག་མ་ཚ་ཞིག་ཅེས་སྨྲས་ཏེ། ཀུ་མུ་ད་དང་ཟླ་བ་དང་། །པད་མའི་རྩ་འདྲ་མཆེ་བའི་མཆོག །དྲུག་པོ་འདི་དག་ཁྱོད་སྦྱིན་ཞེས། །བདག་གིས་བཟུང་གིས་བདེ་བར་འདུག །སྐད་ཅིག་ཙམ་ཞིག་སྡོད་ཅིག་དང་། །ལེན་པ་པོ་དང་ཉེ་བར་ནི། །དེ་ཡི་བར་དུ་སྡུག་བསྔལ་གྱིས། །གདུངས་པའི་ཡིད་རབ་དང་བར་བྱ། །གལ་ཏེ་ཁྱོད་ནི་ཅི་སྟེ་བདག་བརྟགས་ནས། །ཁྱོད་ཀྱིས་སེམས་ནི་རབ་ཏུ་དང་བར་བྱ། །བདག་ནི་གསོད་འཁུ་གཡོན་ཅན་ངོ་ཚ་མེད། །དེ་ལ་གོ་བར་གྱིས་ཤིག་སྙམ་སེམས་ན། །ཁྱོད་ཀྱིས་ཉེས་སྤྱད་གདུག་དང་གཞུ་གདུག་པ། །དེ་དང་མདའ་རྣོན་ཁྱད་དུ་བསད་


DKG002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ངུར་སྨྲིག་འཕགས་པའི་རྒྱལ་མཚན་གྱུར་པ་དེ། །མཐོང་ནས་ཡིད་ནི་རབ་ཏུ་དང་བར་བྱ། །སྦྱིན་པ་ཁ་ཅིག་ལེན་པ་ལས་འདག་སྟེ། །དེ་བཞིན་གཞན་ནི་སྦྱིན་པ་པོ་ལས་འདག །དེའི་ཕྱིར་ནི་འདིར་ནི་རང་སེམས་ལས། །ཡོན་གྱི་དག་པ་ཡང་དག་བསྐྱེད་པར་འབད། །དེ་ནས་བྱང་ཆུབ་སེམས་དཔས་འདི་ནི་འདོད་ཆགས་དང་བྲལ་བའི་རྒྱལ་མཚན་ཡིན་ནོ་སྙམ་ནས་ངུར་སྨྲིག་དེ་ཉིད་ལ་རྟོག་ཅིང་སེམས་རབ་ཏུ་དང་བར་བྱས་ཏེ། མཆེ་བ་དེ་རྣམས་རང་གི་ལག་ནས་བྱིན་ནས་སྨྲས་པ། དུག་ཅན་མདའ་ཡིས་ཕོག་ནས་བདག་གི་སྙིང་ལ་ནི། །མི་དགའ་ཅུང་ཟད་མ་གྱུར་བདེན་པ་གང་ཡིན་པའི། །བདེན་པ་དེ་ཡིས་ཡང་དག་བྱང་ཆུབ་མཆོག་ཐོབ་ནས། །འགྲོ་བ་ཉམ་ཐག་སྡུག་བསྔལ་དག་ལས་ཡོངས་ཐར་བྱ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པ་ཞེས་བྱ་བར་གྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ན་ངས་བྱམས་པའི་སེམས་ཉེ་བར་བསྒྲུབས་པ་དང་། བྱ་དཀའ་བའི་སྦྱིན་པ་ཡོངས་སུ་བཏང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་བྱམས་པའི་སེམས་དང་གཏང་དཀའ་བའི་སྦྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་རྐྱེན་ཙམ་དང་ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་རི་བོང་དུ་གྱུར་པ་ན་དྲང་སྲོང་ལ་བདག་ཉིད་ཀྱི་ཤ་བྱིན་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པ་ན་རི་ཁྲོད་ཆུ་མིག་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་ཕུན་སུམ་ཚོགས་པ་ཞིག་ན་དྲང་སྲོང་དཀའ་ཐུབ་དྲག་པོ་ཅན་འབྲས་བུ་དང་རྩ་བ་དང་ཆུ་སྤྱོད་པ། གཡང་གཞི་དང་ཤིང་ཤུན་གྱོན་པ། མེའི་སྦྱིན་སྲེག་བྱེད་པ་ཞིག་གནས་སོ། །དྲང་སྲོང་དེའི་གྲོགས་པོ་རི་བོང་མིའི་སྐད་དུ་སྨྲ་བ་ཞིག་ཡོང་དེ། དེ་ཉིན་པར་དྲང་སྲོང་གི་


DKG002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་སོང་ནས་སོན་པ་དང་ཕྱག་བྱས་ཏེ་གཏམ་རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་མགུ་བར་བྱེད་པས་དེ་གཉིས་ཕ་དང་བུ་ཁོ་ན་བཞིན་དུ་སྡུག་པས་གནས་པར་གྱུར་ཏོ། །ཇི་ཙམ་དུས་འདས་པ་དང་ཐན་ཆེན་བྱུང་སྟེ། དེས་འབབ་ཆུ་དང་ཀླུང་རྣམས་ཆུ་ཆུང་བར་གྱུར་ཅིང་ཤིང་རྣམས་མེ་ཏོག་དང་འབྲས་བུར་མི་ལྡན་བར་གྱུར་ཏོ། །དེ་ནས་དྲང་སྲོང་དེ་བསྟི་གནས་དེ་ན་ཁ་ཟས་དང་བྲལ་བས་ལྷག་པར་དགའ་བར་མ་གྱུར་ནས། དེས་གཡང་གཞི་དང་ཤིང་ཤུན་རྣམས་བསྡུ་བར་བརྩམས་སོ། །དེ་ནས་རི་བོང་གིས་དེ་དེ་ལྟ་བུ་ལ་ཞུགས་པ་མཐོང་ནས་དྲིས་པ། དྲང་སྲོང་ཆེན་པོ་གང་དུ་བཞུད། དྲང་སྲོང་གིས་སྨྲས་པ། གྲོང་འདབ་ཏུ་སོང་ལ་དེར་བཅོས་པའི་བསོད་སྙོམས་ཀྱིས་འཚོ་བར་བྱའོ། །དེ་ནས་དེས་དྲང་སྲོང་གི་ཚིག་ཐོས་ནས་གདུང་བ་བསྐྱེས་ཏེ་ཕ་མ་དང་བྲལ་བ་འདྲ་བར་སེམས་ཤིང་རྐང་པ་གཉིས་ལ་གཏུགས་ནས་དྲང་སྲོང་དེ་ལ་སྨྲས་པ། བདག་མ་དོར་ཅིག །གཞན་ཡང་ཁྱིམ་ན་གནས་པ་ནི་ཉེས་པ་དུ་མས་དཀྲུགས་པ་ལགས་ལ། དགོན་པ་ན་གནས་པ་ནི་ཡོན་ཏན་དུ་མ་ཕུན་སུམ་ཚོགས་པ་ལགས་སོ། །དེས་ལན་དུ་མ་སྨྲས་ན་ཡང་ལྡོག་ཏུ་མ་བཏུབ་ནས་དེ་ནས་རི་བོང་གིས་སྨྲས་པ། གལ་ཏེ་དེས་ན་འོན་ཀྱང་ཁྱོད་རེ་ཞིག་དེང་ལ་གཞེས་ལ་ཇི་ལྟར་དགྱེས་པ་བཞིན་དུ་སང་བཞུད་ཅིག །དེ་ནས་དྲང་སྲོང་དེ་འདི་སྙམ་དུ་སེམས་ཏེ། འདིས་དེ་རིང་ངེས་པར་བདག་ཁ་ཟས་ལ་མགྲོན་དུ་འབྲོད་པར་འདོད་དེ། འདི་ལྟར་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་འདི་དག་ནི་སོགས་པ་ལ་བརྩོན་པ་ཡིན་ནོ་སྙམ་ནས་དེས་དེ་ལ་ཁས་བླངས་སོ། །དེ་ནས་མེའི་སྤྱད་པ་བྱས་ནས་ཁ་ཟས་ཀྱི་དུས་ལ་བབ་པ་དང་རི་བོང་སོང་ནས། དྲང་སྲོང་དེ་ལ་བསྐོར་བ་བྱས་ཏེ་བཟོད་པ་གསོལ་བར་བརྩམས་པ། དྲང་སྲོང་ཆེན་པོ་བདག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པས་བླང་བ་དང་དོར་བ་མ་འཚལ་ནས་ཁྱོད་ལ་ནོངས་པ་ཅུང་ཟད་ཅི་བགྱིས་པ་བདག་ལ་བཟོད་པར་མཛོད་ཅིག །ཅེས་སྨྲས་ནས་དེ་མ་ཐག་ཏུ་མེའི་ནང་དུ་མཆོངས་སོ། །དེ་ནས་དྲང་སྲོང་དེ་མི་དགའ་བ་སྐྱེས་ཏེ་ངོམ་


DKG002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཟུམ་གནག་ལ་མཆི་མ་ཟག་ཅིང་བུ་སྡུག་པ་གཅིག་པུ་ལ་བྱ་བ་བཞིན་དུ་འཁྱུད་ནས་སྨྲས་པ། བུ་འདི་ཅི་ཞིག་བྱེད་པར་བརྩམས། རི་བོང་གིས་སྨྲས་པ། དྲང་སྲོང་ཆེན་པོ་དགོན་པར་དགྱེས་པར་མཛོད་ལ་བདག་གི་ཤས་ཉིན་ཞག་གཅིག་གི་འཚོ་བ་མཛོད་ཅིག །གཞན་ཡང་ནགས་སུ་སྐྱེས་པའི་རི་བོང་ལ་ནི་ཏིལ་དག་དང་། །མོན་སྲན་སྔེའུ་དང་འབྲས་ཐུག་ཆེན་པོ་ཅི་མ་མཆིས། །བདག་གི་ལུས་ནི་ཞུགས་སུ་ལེགས་པར་བསྒྲལ་བ་འདི། །འདི་རུ་གསོལ་ལ་དེང་ལ་དཀའ་ཐུབ་ནགས་སུ་བཞུགས་པར་མཛོད། །དེ་ནས་དྲང་སྲོང་དེས་རི་བོང་གི་ཚིག་ཐོས་ནས་མི་དགའ་བ་སྐྱེས་ཏེ་སྨྲས་པ། གལ་ཏེ་དེ་ལྟ་ན་ཁྱོད་དགའ་བ་ལྟར་ཅི་བྱུང་བ་བྱུང་། འདི་ཉིད་དུ་སྲོག་དོར་བར་བྱ་སྟེ་གྲོང་གི་མཐར་མི་འགྲོའོ། །རི་བོང་གིས་ཚིག་དེ་ཐོས་ནས་ཡིད་དགའ་བར་གྱུར་ཏེ་མགོ་བསྟོད་ནས་ནམ་མཁའི་ངོས་ལོགས་སུ་བལྟས་ཏེ་གསོལ་བ་འདེབས་པར་ཞུགས་ཤིང་སྨྲས་པ། དགོན་པ་ལ་ནི་གནས་བཅས་ཏེ། ། བདག་ཉིད་དབེན་པ་ལ་དགའ་ན། །བདེན་པའི་ཚིག་ནི་དེ་ཡིས་སུ། །དབང་ཆེན་ལྷ་ཡིས་ཆར་ཕོབ་ཤིག །ཅེས་སྨྲས་པའི་མོད་ལ་བྱང་ཆུབ་སེམས་དཔའི་མཐུས་དབང་པོ་ཆེན་པོའ་གནས་གཡོས་པར་གྱུར་ཏོ། །ལྷ་རྣམས་ཀྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་ཅི་ལས་གྱུར་བལྟས་ན་བྱང་ཆུབ་སེམས་དཔའི་མཐུ་ཡིན་ནས། ཇི་ཙམ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དབང་ཕྱུག་ཆེན་པོའ་ཆར་ཕབ་སྟེ། དེས་བསྟི་གནས་དེ་སླར་རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ནས་དྲང་སྲོང་དེས་དགེ་བའི་བཤེས་གཉེན་རི་བོང་ལ་བརྟེན་ནས་དེ་ན་གནས་ཏེ་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་ནས་དྲང་སྲོང་གིས་སྨྲས་པ། ཀྱེ་རི་བོང་བྱ་དཀའ་བའི་བརྩོན་འགྲུས་འདི་དང་། སྙིང་རྗེ་འདི་ལྟ་བུས་ཅི་ཞིག་དོན་དུ་གཉེར། དེས་སྨྲས་པ། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་མ་གྲོལ་བ་རྣམས་


DKG002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དགྲོལ་བ་དང་དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དག ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟླ་བའི་སངས་རྒྱས་སུ་འགྱུར་བར་བྱའོ། །དེ་ནས་དྲང་སྲོང་དེས་ཚིག་འདི་ཐོས་ནས་རི་བོང་ལ་སྨྲས་པ། གང་གི་ཚེ་ཁྱེད་སངས་རྒྱས་སུ་གྱུར་པ་དེའི་ཚེ་བདག་ལ་ཡང་དགོངས་ཤིག །རི་བོང་གིས་སྨྲས་པ་དེ་བཞིན་དུ་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཉིད་དེའི་ཚེ་དེའི་དུས་ན་རི་བོང་དེར་གྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ན་ངས་བྱ་དཀའ་བ་བདག་ཉིད་ཡོངས་སུ་བཏང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་རྐྱེན་ཙམ་དང་ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་ཕ་དང་མ་ལོང་བ་ཕྲག་པས་ཁྱེར་བ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བརྒྱལ་སྲིད་བྱེད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ་འཐབ་པ་དང་། ཐབ་མོ་དང་། ཁྲག་ཁྲུག་དང་། འགྱེད་པ་དང་། ཆོམ་རྐུན་མེད་ཅིང་ནད་རབ་དུ་ཞི་བར་གྱུར་པ། འབྲས་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ལ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དོ། །དེའི་མདུན་ན་འདོན་གྱི་བྲམ་ཟེ་དེའི་བུ་ལྗང་གུ་ཞེས་བྱ་བ་རིག་པའི་གནས་བཅྭ་བརྒྱད་ཀྱི་ཕ་རོལ་དུ་ཕྱིན་པ། དད་པ་བཟང་བ། དགེ་བའི་བསམ་པ་ཅན། བདག་ལ་ཕན་པ་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན། ཕ་དང་མ་ལ་སྲི་ཞུ་བྱེད་པ་ཡོད་དེ་བུ་ནི་གཅིག་པུ་དེར་ཟད་ལ་ཕ་དང་མ་དེ་དག་ཀྱང་རྒས་ནས་མིག་ཉམས་ཏེ་མདོངས་ལ་ཐུག་པ་དང་། དེ་ནས་དེའི་ཕ་མས་རྒྱལ་


DKG002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཚངས་སྦྱིན་ལ་གསོལ་པ། རྒྱལ་པོ་ཆེན་པོ་གཞོན་ནུ་ལྗང་གུ་འདི་མདུན་ན་འདོན་དུ་དབང་བསྐུར་དུ་གསོལ། བདག་ཅག་དཀའ་ཐུབ་ཀྱི་ནགས་སུ་མཆི་ལགས་སོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་ལྗང་གུ་ཁྱོད་མདུན་ན་འདོན་གྱིས་ཤིག་དེས་སྨྲས་པ། རྒྱལ་པོ་ཆེན་པོ་བ་དག་མདུན་ན་འདོན་པ་མི་འཚལ་ཏེ། བདག་ནི་རྒས་པ། ཉམ་ཆུང་བ། དབང་པོ་ཉམས་པ་རྣམས་ཀྱི་རིམ་གྲོ་འཚལ་བ་ལགས་སོ། །དེ་ནས་ལྗང་གུས་ཁྱིམ་ན་གནས་པ་དང་། མདུན་ན་འདོན་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་ཕ་མའི་གྲོགས་སུ་ནགས་ན་གནས་སོ། །དེ་ནང་པར་སྔར་ལངས་ནས་ཕ་དང་མ་གཉིས་ལ་སོ་ཤིང་དང་ཆུ་གཙང་མས་བསྙེན་བཀུར་བྱེད་དོ། །དེ་ནས་དེའི་འོག་ཏུ་ལྷ་ལ་མེའི་སྦྱིན་སྲེག་གི་མཆོད་སྦྱིན་བྱས་ནས་ཕྱིས་འབྲས་བུ་དང་རྩ་བའི་ཕྱིར་ནགས་ཁྲོད་དུ་འཇུག་གོ །དེ་ནས་འབྲས་བུ་དང་། རྩ་བ་དང་། ཆུ་བསིལ་བ་ཁྱེར་ཏེ་ཕ་མ་ལ་བྱིན་ནས་དེའི་འོག་ཏུ་ཕྱོགས་གཅིག་ཏུ་སོང་ནས་བསམ་གཏན་ལ་བརྩོན་པར་གནས་ཏེ་རིམ་པ་དེ་ལྟ་བུས་དུས་འདའ་བར་བྱེད་དོ། །ཇི་ཙམ་ཉི་མ་གཞན་ཞིག་ལ་ནང་པར་སྔར་ལངས་ཏེ་ཕ་དང་མའི་རྐང་པ་གཉིས་ལ་ཕྱག་བྱས་ནས་གསོལ་ཏེ་རྨི་ལམ་དུ་ཡང་མཐོང་བ་རིག་པར་བྱེད་ཅིང་སྨྲས་པ། བདག་གི་གཡར་ལམ་སྦྲུལ་ནག་པོས། །བདག་ལུས་ཤིན་ཏུ་ཟོས་པ་དང་། །བདག་ནི་ཞགས་པ་ནག་པོ་ཡིས། །བཅིངས་ནས་ལྷོ་ཕྱོགས་ཁྲིད་པ་རྨིས། །གཡར་ལམ་འཇིགས་བྱེད་མཐོང་བདག་གི །སྙིང་ལ་དོགས་པ་དེང་བདག་ལ། །བླ་མ་དང་བྲལ་ཤིན་ཏུ་ནི། །མི་བཟད་འབྱུང་བར་འགྱུར་སྙམ་བ་གྱིད། །ཇི་ཙམ་ན་ཕ་མ་དེ་གཉིས་ཀྱི་དབུགས་ཕྱུང་ནས་ཉི་མ་ལ་ཁ་བལྟས་ཏེ་འདུག་ནས་བདེན་པས་གསོལ་བ་བཏབ་སྟེ་རིལ་བ་ཁྱེར་ནས་ཆུ་ལེན་དུ་སོང་ངོ་། །དེའི་ཚེ་རྒྱལ་པོ་ཚངས་སྦྱིན་རི་དགས་འཆོར་དུ་ཆས་ཏེ་དཀའ་ཐུབ་ཀྱི་ནགས་དེར་ཞུགས་པ་དང་། རྒྱལ་པོ་དེ་སྒྲ་གྲགས་པར་ཕོག་པ་ཞིག་སྟེ། དེས་རི་དགས་ཀྱི་སྒྲ་ལྟ་བུ་ཞིག་ཐོས་ནས་གཞུ་རྣ་དྲུང་དུ་བཀང་སྟེ་མདའ་


DKG002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་པས་ལྗང་གུའི་སྙིང་གར་ཕོག་པར་གྱུར་ཏོ། །དེ་ནས་མདས་གནད་དུ་ཕོག་པས་ས་ལ་འགྱེལ་ཀྱང་དེ་རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་ཕ་མ་ཁོ་ནའི་མྱ་ངན་བྱེད་ཅིང་སྨྲས་པ། མདའ་གཅིག་བསྣུན་པས་བདག་དང་ནི། །དབང་པོ་ཉམས་པར་གྱུར་པ་ཡི། །ཕ་དང་དེ་བཞིན་མ་དག་དང་། །བདག་ཅག་སྐྱེ་བོ་གསུམ་བསད་དོ། །དེ་ནས་རྒྱལ་པོས་དེ་ཐོས་ནས་འོངས་ཏེ་དྲིས་པ། ཅི་སྟེ་ངའི་མདའ་གཅིག་བསྣུན་པས་སྐྱེ་བོ་གསུམ་བསད། དེ་ནས་ལྗང་གུ་སྙིང་རྗེ་རྗེ་སྐད་དུ་དུས་ནས་རྒྱལ་པོ་ལ་སྨྲས་པ། བདག་པས་ཆེས་ནི་ཉམ་ཆུང་བའི། །ཕ་མ་ཡང་ནི་ལྡོངས་པར་གྱུར། །བདག་ཀྱང་མདའ་ཡིས་བསྣུན་པས་ན། །སྐྱེ་བོ་གསུམ་ནི་འཆི་བར་འགྱུར། །དེ་ནས་རྒྱལ་པོ་འཇིགས་ཤིང་སྐྲག་ལ་སྡངས་ནས་ལྗང་གུ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ངས་ཉེས་པ་བྱས་ཏེ་མ་ཤེས་ནས་མདའ་འཕངས་ཀྱིས་ང་ལ་དམོད་པ་འདོར་དུ་མི་གཞུག་པར་ཕ་མ་ལ་གསོལ་བ་བྱ་བའི་རིགས་སོ། །དེ་ནས་ལྗང་གུས་གུས་པ་དང་བཅས་པས་རྒྱལ་པོ་དབུགས་འབྱིན་པར་བྱེད་དེ། རྒྱལ་པོ་ཆེན་པོ་བདག་དང་ཉེ་བར་མཆིས་པ་རྣམས་ལ་དབང་ཞིག་མཆིས་ན་སྙིང་རྗེ་ཅན་དང་། སྐྱེ་བོ་ལ་བྱམས་པ་དང་། འཇིག་རྟེན་ཕ་རོལ་ལ་ལྟ་བ་ལགས་པས་དམོད་པས་མ་བསྙེངས་ཤིག །ཡང་སྨྲས་པ། བདག་གི་བླ་མ་གང་ན་བར། །རིལ་བ་འདི་ནི་སྣོམས་མཛོད་ཅིག །དེ་དག་གི་ནི་རྐང་བཀྲུ་བ། །ཐ་མ་འདི་ནི་ལགས་པར་འགྱུར། །བདག་གི་ཚིག་གིས་རྐང་པ་ལ་ཕྱག་མཛོད་ལ་འདི་སྐད་རིང་པོར་མི་ཐོགས་པར་མཐར་ནི་གདོན་མི་ཟ་བར་འབྲལ་བར་འགྱུར་རོ་ཞེས་ཀྱང་གསུངས་ཤིག །དེ་ནས་རྒྱལ་པོ་རང་ཁོ་ནས་རིལ་བ་ཁྱེར་ཏེ་ནགས་ཁྲོད་དུ་ཆས་པ་དང་། དེའི་ཚེ་ཕྱོགས་བཞིར་མི་མ་ཡིན་པ་ཆེ་ཐང་དུ་འཁྲུགས་པར་གྱུར་ཏོ། །དེ་ནས་ལོང་བ་དེ་གཉིས་གཅིག་ལ་གཅིག་སྨྲས་པ། ལྗང་གུ་འདི་ནི་མཚོའ་འགྲམ་དུ་རིང་མོ་ཞིག་ལོན་ནོ། །དེ་ནས་དེའི་མས་སྨྲས་པ། ད་ལྟར་ཁོ་མོའ་ལྗང་གུ་དེ། །པད་མ་ཨུཏྤལ་གང་བའི་མཚོ། །


DKG002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ངང་པ་སྒྲ་སྙན་འབྱིན་པ་ན། །རི་དགས་ལྷན་ཅིག་རྩེ་བར་བྱེད། །དེ་ནས་རྒྱལ་པོས་དྲུང་དུ་ཕྱིན་པ་དང་། དེའི་རྟིང་སྒྲ་ལས་དྲང་སྲོང་དེ་དག་གིས་སྨྲས་པ། སྙིང་དུ་སྡུག་ཅིང་མཐོང་དགའ་བ། །ལྗང་གུ་ཅི་སྟེ་ནང་དུ་འཇུག །ཕ་མ་ཉམ་ཆུང་བཀྲེས་པ་ཡིས། །ཉམ་ཐག་པ་ལ་ཅི་ཞིག་གཙེ། །དེ་ཡིད་མི་དགའ་ནས་སྙིང་རྗེ་རྗེ་སྐད་དུ་སྨྲས་པ། ཁོ་བོ་ནི་ལྗང་གུ་མ་ཡིན་གྱི་ཁོ་བོ་རྒྱལ་པོ་ཚངས་སྦྱིན་ནོ། །བྱོན་པ་ལེགས་ཚུར་ཁྱོད་བདེ་འམ། །གདན་འདི་ལ་ནི་བཞུགས་ཤིག་དང་། །ལྗང་གུ་ཆབ་དང་འབྲས་བུ་དག །ཐོགས་ནས་དེའུ་རེ་འདིར་མཆིའོ། །མི་དབང་ལྗང་གུ་ཞེས་བགྱི་བ། །ཡོན་ཏན་རྣམས་ལྡན་རང་བཞིན་བྱམས། །དེ་ཡི་བྱམས་པའི་སྟོབས་ཀྱིས་འདིར། །རི་དགས་དང་ནི་བྱ་རྣམས་གནས། །དེ་ནས་རྒྱལ་པོས་དྲང་སྲོང་གི་རྐང་པ་གཉིས་ལ་གཏུགས་ནས་མཆིམ་ཟག་ཅིང་སྐད་འདར་འདར་པོར་སྨྲས་པ། ལྗང་གུ་ནི་ནགས་ཚལ་འདིའི་ནང་དུ་སྙིང་ལ་མདས་ཕོག་སྟེ་སྲོག་གི་ལྷག་མ་ཅུང་ཟད་ཅིག་ལུས་ཤིང་འདུག་གོ །རིལ་བ་ཆུས་བཀང་བ་འདི་ནི་དེས་བསྐུར་ཏེ། འདིས་ཁྱེད་གཉིས་ཀྱི་རྐང་པའི་ཁྲུས་ཐམ་མཛོད་ཅིག །དེ་གཉིས་ཀྱིས་ཐོས་ནས་བརྒྱལ་ཏེ་སའི་སྟེང་དུ་འགྱེལ་ཏོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་ཆུས་གཏོར་ནས་བསླང་བ་དང་། དེ་གཉིས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པ། རྒྱལ་པོ་ཆེན་པོ་དེ་གུམ་པས་བདག་ཅག་ཀྱང་འགུམ་དུ་བས་སོ། །དེ་ལྟ་མོད་ཀྱི་དེ་ཕྱོགས་གང་ན་མཆིས་པ་དེར་བདག་ཅག་ཁྲིད་ཅིག་དང་ཅི་ནས་བུ་དེ་མ་གུམ་པ་ལ་རེག་པར་བགྱིའོ། །དེ་ནས་རྒྱལ་པོས་ཁྱོ་ཤུག་གཉིས་ཀ་ཁྲིད་དེ་ཕྱོགས་དེར་ཕྱིན་པ་དང་། དེ་ཡང་སྲོག་གི་ལྷག་མ་ཆུང་ཞིག་ལུས་ནས་དེ་ནས་དེའི་ཕ་མས་ལྗང་གུའི་ལུས་ལ་ཀུན་དུ་བྱུགས་ནས་སྨྲས་པ། སྡུག་པ་འདི་ནི་སུ་ཡིས་བསྒྱེལ། །ལྗོན་ཤིང་དམ་པ་སུ་ཡིས་བཅད། །དེ་ནས་རྒྱལ་པོས་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ཁོ་བོས་སྡིག་པའི་ལས་ཀྱིས་སུ། །ནགས་ཚལ་ནང་ནས་རྒྱུ་བ་ན། །ཁྱེད་ཅག་གི་ནི་བུ་གཅིག་པ། །


DKG002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་མདའ་ཡིས་བསྣུན་པར་གྱུར། །དེ་ནས་དེའི་ཕ་མ་དག་སྙིང་རྗེ་རྗེ་སྐད་དུ་སྨྲེ་ཞིང་བདེན་པས་གསོལ་བ་བྱེད་པ། བུ་ཁྱོད་ཀྱིས་ནི་ཕ་མ་ལ། །བསྙེན་བཀུར་ལྷ་ལ་མེ་ཡི་ནི། ། སྦྱིན་སྲེག་བྱས་པའི་བདེན་པ་གང་། །དེས་ནི་དུག་ཀྱང་ཞི་བར་ཤོག །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་གནས་གཡོས་པར་གྱུར་ནས་དེས་གཡོས་པ་འདི་ཅི་ལས་གྱུར་ཅེས་བརྟགས་ན། བསྐལ་པ་བཟང་པོའ་བྱང་ཆུབ་སེམས་དཔའ་གནད་དུ་མདས་ཕོག་སྟེ་དུག་གིས་གློངས་པས་སྡུག་བསྔལ་བར་གྱུར་བ་མཐོང་ངོ་། །དེ་ནས་གནས་ནས་བབས་ནས་བདུད་རྩིས་བཏབ་སྟེ་ཕ་མའི་བདེན་པའི་ཚིག་གང་ཡིན་པ་དང་། ལྷ་རྣམས་ཀྱི་དབང་པོའ་མཐུ་གང་ཡིན་པ་དང་ཟུག་རྡུ་ཕྱུང་བ་གང་ཡིན་པ་དེས་རྨ་ཡང་རུབ་དུག་གི་ཤུགས་དེ་ཡང་ཞི་ནས་ལྗང་གུ་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་ནས་ཡུན་རིང་པོར་ཕ་དང་མ་གཉིས་ལ་བསྙེན་བཀུར་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ལྗང་གུ་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ང་ཉིད་ཡིན་ཏེ། རྒྱལ་པོ་ཆེན་པོ་ངས་ཕ་མ་གཉིས་ལ་བསྙེན་བཀུར་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ།། །།འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་དགུ་པ། རྒྱལ་པོ་ཆེན་པོ་གཞན་ཡང་ངས་སེམས་ཅན་ལ་ཕན་པ་བྱས་པ་དེ་ཉོན་ཅིག །འཇིག་རྟེན་ཆོས་ཀྱི་འདུ་ཤེས་ཀྱིས་ཕ་མ་དག་སྨྱུང་བ་ལ་འཇོག་པར་བྱེད། མེད་འཇུག་པ་དང་། ཆུར་འཇུག་པར་བྱེད་པ་དམ་པ་མ་ཡིན་པའི་ཆོས་དེ་ངས་ཐམས་ཅད་ཀྱི་ཐམས་ཅད་དུ་བཅད་དོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་པའི་ཕྱིར་ཉན་ཐོས་དུ་མ་མངོན་པར་ཤེས་པ་ལྔ་ལ་


DKG002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་པ། འཐབ་པ་དང་། ཐབ་མོ་དང་། ཁྲག་ཁྲུག་དང་། འགྱེད་པ་དང་། ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བ། འབྲས་དང་། བུ་རམ་ཤིང་གི་ཕྲེང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བྱེད་དུ་འཇུག་གོ །རྒྱལ་པོ་ཚངས་སྦྱིན་དེའི་ཆུང་མ་ནི་ཚངས་ལྡན་མ་ཞེས་བྱའོ། །རྫིང་ནི་ཚངས་ལྡན་ཞེས་བྱའོ། །རྒྱལ་པོ་ཚངས་སྦྱིན་བུ་མེད་ཅིང་བུ་མངོན་པར་འདོད་པས་ཞི་བ་དང་། ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷའི་ཁྱད་པར་ལ་གསོལ་བ་འདེབས་ཤིང་། འདི་ལྟ་སྟེ་ཀུན་དགའ་ར་བའི་ལྷ་དག་དང་། ཚལ་གྱི་ལྷ་དག་དང་། བཞི་མདོའ་ལྷ་དག་དང་། སུམ་མདོའ་ལྷ་དག་དང་། གཏོར་མ་ལེན་པའི་ལྷ་དག་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་མཐུན་པ་དང་། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དག་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་གང་དག་གསོལ་བ་འདེབས་པའི་རྒྱུ་ལས་བུ་ཕོ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བའི་གཏམ་དེ་ལྟ་བུ་ཡོད་དོ། །དེ་ནི་དེ་ལྟར་མ་ཡིན་ཏེ། གལ་ཏེ་དེ་ལྟར་འགྱུར་དུ་ཟིན་ན་རེ་རེ་ལ་ཡང་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་གསུམ་པོ་དག་མངོན་དུ་གྱུར་པ་ལས་མའི་མངལ་དུ་བུ་འཆགས་པར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང་། མ་ཡང་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་པ་སྟེ། གནས་གསུམ་པོ་དེ་དག་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་རོ། །དེ་དེ་ལྟར་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ།


DKG002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅས་པ་ལ་བརྟན་པའི་སེམས་ཅན་ཞིག་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ་བཙུན་མོ་ཚངས་ལྡན་མའི་མངལ་དུ་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ལ་ལ་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་ན་གནས་པ་ཞུགས་པ་ཤེས་པ་དང་། གང་ལས་མངལ་ན་གནས་པ་ཞུགས་པ་དེ་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ། །དེ་ཡིད་དགའ་ཞིང་ཡིད་དགའ་ནས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་བདག་ལ་སེམས་ཅན་ཞུགས་པར་གྱུར་པ་ནི་འདི་ལྟར་བདག་གི་དཀུ་གཡས་པར་རྟེན་ཅིང་མཆིས་པས་ངེས་པར་ཁྱེའུར་འགྱུར་གྱིས་དགྱེས་པ་བསྐྱེད་དུ་གསོལ། དེ་ཡང་ཡིད་དགའ་ཞིང་ཡིད་དགའ་ནས་ཁོ་བོ་ཡུན་རིང་པོ་ནས་མངོན་པར་འདོད་པའི་བུའི་ངོ་མཐོང་བ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའ་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། བགོ་སྐལ་ལ་སྤྱོད་པ་དང་། ཁོ་བོའ་རིགས་རྒྱུད་ཡུན་རིང་དུ་གནས་པར་སྒྲུབ་པ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་དག་ལ་ཉུང་དུ་འམ་མང་པོ་ཡང་རུང་བའི་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་སྔོ་བ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་རྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་འདི་ལྟ་སྟེ་མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟངས་ཀྱི་གཞིར་གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བཅས་པའི་ཁ་ཟས་ཧ་ཅང་མི་གྲང་བ་དང་། ཧ་ཅང་མི་དྲོ་བ་དང་། ཧ་ཅང་མི་ཁ་བ་དང་། ཧ་ཅང་མི་སྐྱུར་བ་དང་། ཧ་ཅང་ལན་ཚྭ་མི་ཆེ་བ་དང་། ཧ་ཅང་མི་མངར་བ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་


DKG002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚ་བ་དང་། བསྐ་བ་རྣམ་པར་སྤངས་པའི་ཟས་དག་དང་། དོ་ཤལ་དང་། སེ་མོ་དོ་དང་། རྒྱན་གྱིས་བཀླུབས་པའི་ལུས་ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་སྤྱོད་པ་ལྟ་བུ་དང་། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱིས་གཞིར་མི་འབབ་པ་དང་། དེས་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་བཅུག་གོ །དེ་ནས་བཙུན་མོ་ཚངས་ལྡན་མ་དུས་གཞན་ཞིག་ན་འདི་ལྟ་བུའི་འདོད་པ་སྐྱེས་ཏེ། ཀྱེ་མའོ་ལྷས་གྲོང་ཁྱེར་གྱི་ཤར་སྒོར། སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་ཤིང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཆོགས་དང་། དབུས་དང་སུམ་མདོ་རྣམས་སུ་ཡང་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་ལ་བཙོན་ཐམས་ཅད་ཐར་བར་བྱས་ཀྱང་ཅི་མ་རུང་སྙམ་པ་དང་། དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་བཙུན་མོ་ཚངས་ལྡན་མ་ལས་མཉན་ནས། གྲོང་ཁྱེར་གྱི་ཤར་སྒོར་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་སོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་སྒོ་དང་། གྲོང་ཁྱེར་གྱི་དབུས་དང་། སུམ་མདོ་རྣམས་སུ་ཡང་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས་བཙོན་ཐམས་ཅད་ཐར་བར་བྱས་སོ། །གཞན་ཡང་བཙུན་མོ་ཚངས་ལྡན་མ་འདི་ལྟ་བུའི་འདོད་པ་སྐྱེས་ཏེ། ཀྱེ་མའོ་བདག་ལྷ་དང་ཐབས་ཅིག་གྲུ་བོ་ཆེའི་ལྡིང་ཁང་དུ་ཞུགས་ཏེ་ཚངས་ལྡན་གྱི་རྫིང་དུ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱང་ཅི་མ་རུང་སྙམ་པ་དང་། དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་བཙུན་མོ་ཚངས་ལྡན་མ་ལས་མཉན་ནས་བཙུན་མོ་ཚངས་ལྡན་མ་དང་ཐབས་ཅིག་ཏུ་གྲུ་བོ་ཆེའི་ལྡིང་ཁང་དུ་ཞུགས་ནས་ཚངས་ལྡན་གྱི་རྫིང་ན་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དེ་གྲུ་དེ་ཉིད་དུ་ཁྱེའུ་གཟུགས་བཟང་པོ་བལྟ་ན་སྡུག་པ་མཛེས་པ། པགས་པའི་མདོག་གསེར་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ། སྐྱེ་བ་དྲན་པ་ཞིག་བཙས་སོ། །དེ་བཙས་པ་ན་དེའི་ཉེ་དུ་དག་


DKG002_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལྷགས་ཤིང་འདུས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས། ཁྱེའུའི་མིང་ཅིར་གདགས་ཞེས་དེའི་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་ནི་ཆུའི་ནང་དུ་བཙས་པ་ཡིན་པས་ཁྱེའུ་ཆུ་སྐྱེས་ཞེས་བྱ་བར་བཏགས་སོ། །གཞོན་ནུ་ཆུ་སྐྱེས་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་ཞོ་དང་མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་ནས་གཞོན་ནུ་ཆུ་སྐྱེས་འདི་སྙམ་དུ་སེམས་ཏེ། གང་ནས་ཤི་འཕོས་སྙམ་ན་སེམས་ཅན་དམྱལ་བ་ནས་སོ། །ལས་ཅི་ཞིག་བྱས་ན། དེས་ན་སེམས་ཅན་དམྱལ་བར་སྐྱེས་སྙམ་ན། རྒྱལ་ཚབ་ལོ་དྲུག་བཅུ་བྱས་པས་སོ། །ད་ལྟ་གང་དུ་སྐྱེས་སྙམ་ན། མིའི་རྒྱལ་པོའ་རིགས་སུ་སྐྱེས་ཏེ། གལ་ཏེ་སླར་ཡང་རྒྱལ་སྲིད་བྱས་ན་སླར་ཡང་སེམས་ཅན་དམྱལ་བར་གཞོལ་བར་འགྱུར་བས་མ་ལ་བདག་གིས་ཅི་ནས་ཀྱང་ཐབས་ཤིག་བྱའོ་སྙམ་ནས་དེས་འཕྱེ་བོར་རྫུས་ཏེ་འདུག་གོ །གང་གི་ཉི་མ་ལ་གཞོན་ནུ་ཆུ་སྐྱེས་བཙས་པ་དེ་ཉིད་ཀྱི་ཉི་ན་པར་བློན་པོ་ལྔ་བརྒྱའི་བུ་ཡང་བཙས་སོ། །དེ་ནས་ཉིན་རེ་ཞིང་གཞོན་ནུ་རྣམས་རྒྱལ་པོ་ཚངས་སྦྱིན་བལྟ་བའི་ཕྱིར་འོང་ངོ་། །དེ་ནས་དུས་གཞན་ཞིག་ན་གཞོན་ནུ་དེ་རྣམས་མཆོང་བ་དང་རྒྱུག་ནུས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་གཞོན་ནུ་ཆུ་སྐྱེས་འཕྱེ་བོར་མ་གྱུར་ན་དེ་ཡང་དེ་ཙམ་མཆོང་བ་དང་རྒྱུག་ནུས་པར་གྱུར་པ་ཞིག་འོན་ཀྱང་བདག་གིས་འདི་འཕྱེ་བོར་གྱུར་པ་བཞིན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་གཞག་གོ་སྙམ་མོ། །དེ་ནས་གཞོན་ནུ་ཆུ་སྐྱེས་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་འདི་ནི་དོན་མེད་པ་ལ་གཙིགས་ཆེར་འཛིན་པས་མ་ལ་བདག་ལྐུགས་པ་ཉིད་དུ་རྫུའོ་སྙམ་ནས་དེས་ཐབས་བྱ་བར་ལྐུགས་པ་ཉིད་དུ་རྫུས་ཏེ་འདུག་གོ །དེ་ནས་དུས་


DKG002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་ན་གཞོན་ནུ་དེ་རྣམས་སྨྲ་ཤེས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་གཞོན་ནུ་ཆུ་སྐྱེས་ལྐུགས་པར་མ་གྱུར་དང་། དེ་ཡང་ད་ཙམ་སྨྲ་ཤེས་པར་གྱུར་པ་ཞིག་སྙམ་མོ་དེའི་མིང་གཞོན་ནུ་ཆུ་སྐྱེས་བྱ་བ་དེ་ནུབ་པར་གྱུར་ཅིང་། གཞོན་ནུ་ལྐུགས་འཕྱེ་གཞོན་ནུ་ལྐུགས་འཕྱེ་ཞེས་བྱ་བར་གྲགས་སོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཚངས་སྦྱིན་ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་ནས་ཐུགས་མི་དགྱེས་ཤིང་བཞུགས། རྒྱལ་པོས་སྨྲས་པ། ད་ལྟར་རྒྱལ་སྲིད་ཀྱི་དབང་ཕྱུག་འདི་འདྲ་བ་ཐོབ་ན་བུ་ཕོ་ཡང་མེད། བུ་མོ་ཡང་མེད་པས་ང་ཤི་ན་གདུང་རྒྱུད་ཆད་པར་འགྱུར་ལ། བུ་གཅིག་ཡོད་པ་གང་ཡིན་པ་དེ་ཡང་ལྐུགས་ཤིང་འཕྱེ་བོར་གྱུར་ན་ད་ང་ཉིད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་པར་མི་འགྱུར། བློན་པོ་དག་གིས་སྨན་པ་རྣམས་བསྡུས་ཏེ་སྨན་པ་རྣམས་ཀྱིས་བལྟས་ནས་སྨྲས་པ། ལྷ་གཞོན་ནུ་འདི་ནི་དབང་པོ་གསལ་ཞིང་འདི་ལ་ནད་ཀྱི་རིགས་ཅུང་ཟད་ཀྱང་མ་མཆིས་པར་མཐོང་ན། འོན་ཀྱང་སྐྲག་པ་ཞིག་མཛོད་ཅིག །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་གཤེད་མ་པ་བཀུག་ནས་གསང་སྟེ་བསྒོ་བ། ངའི་གཞོན་ནུ་ལྐུགས་འཕྱེ་སྐྱེ་བོའ་ཚོགས་ཆེན་པོའ་མངོན་སུམ་དུ་སྤོང་གིས་ཁྱེད་ཅག་གིས་མ་གསད་ཅིག །ལྷ་བཀའ་བཞིན་འཚལ་ཞེས་དེ་ནས་གཤེད་མ་བའི་མི་རྣམས་ཀྱིས་རྒྱལ་པོ་ཚངས་སྦྱིན་ལས་མཉན་ནས་གཞོན་ནུ་ལྐུགས་འཕྱེ་ཤིང་རྟར་བཅུག་སྟེ། བཱ་རཱ་ཎ་སཱིའི་དབུས་ཐོག་ཐག་ཁྲིད་པ་དང་། དེ་ནས་གཞོན་ནུ་ལྐུགས་འཕྱེས་བཱ་རཱ་ཎ་སཱིའི་འབྱོར་ཅིང་རྒྱས་པ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཅི་བཱ་རཱ་ཎ་སཱི་འདི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཞིག་ཡོད། གཤེད་མ་བའི་མི་རྣམས་ཀྱིས་གཞོན་ནུ་ལྐུགས་འཕྱེ་རྒྱལ་པོ་ལ་ཕུལ་ནས། ལྷ་གཞོན་ནུ་འདིས་ནི་འདི་སྐད་ཀྱི་ཚིག་སྨྲས་སོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་གཞོན་ནུ་ལྐུགས་འཕྱེ་པང་དུ་བླངས་ནས་འདི་སྐད་ཅེས་སྨྲས་སོ། །སུ་ཞིག་གསང་། སུ་ཞིག་གཏག །སུ་ཞིག་སྲོག་དང་དབྲལ། སུ་ལ་ཅི་ཞིག་སྦྱིན་


DKG002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་སྨྲས་ན་གཞོན་ནུ་ལྐུགས་འཕྱེ་ཅང་མི་སྨྲའོ། །ཡང་རྒྱལ་པོ་ཚངས་སྦྱིན་གྱིས་གཤེད་མ་པ་རྣམས་ལ་སྨྲས་པ། ངས་གཞོན་ནུ་ཡོངས་སུ་སྤངས་སོ། །ལྷ་བཀའ་བཞིན་འཚལ་ཞེས་གཤེད་མ་བའི་མི་རྣམས་ཀྱིས་སླར་ཡང་གཞོན་ནུ་ལྐུགས་འཕྱེ་ཤིང་རྟར་བཅུག་ནས་བཱ་རཱ་ཎ་སཱིའི་དབུས་ཐོག་ཐག་ཁྲིད་པ་དང་གཞོན་ནུ་ལྐུགས་འཕྱེས་མི་རོ་ཞིག་མི་བཞིས་ཁྱེར་བ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འདི་ཅི་ཤི་བ་ཉིད་ཤི་འམ་འོན་ཏེ་གསོན་པོ་ཤི། གཤེད་མ་རྣམས་ཀྱིས་སླར་ཡང་གཞོན་ནུ་ལྐུགས་འཕྱེ་རྒྱལ་པོ་ལ་ཕུལ་ནས་ལྷ་གཞོན་ནུ་འདིས་ནི་འདི་སྐད་ཀྱི་ཚིག་སྨྲས་སོ། །རྒྱལ་པོ་ཚངས་སྦྱིན་གྱིས་ཡང་གཞོན་ནུ་པང་དུ་བླངས་ནས་འདི་སྐད་ཅེས་སྨྲས་སོ། །སུ་ཞིག་གསད། སུ་ཞིག་གཏག །སུ་ཞིག་སྲོག་དང་དབྲལ། སུ་ལ་ཅི་ཞིག་སྦྱིན། དེ་སྐད་ཅེས་སྨྲས་ན་གཞོན་ནུ་ལྐུགས་འཕྱེ་ཅང་མི་སྨྲའོ། །ཡང་རྒྱལ་པོ་ཚངས་སྦྱིན་གྱིས་གཤེད་མ་པ་རྣམས་ལ་སྨྲས་པ། ངས་གཞོན་ནུ་ཡོངས་སུ་སྤངས་སོ། །ལྷ་བཀའ་བཞིན་འཚལ་ཞེས་གཤེད་མ་བའི་མི་རྣམས་ཀྱིས་སླར་ཡང་གཞོན་ནུ་ཞ་བོ་ལྐུགས་པ་ཤིང་རྟར་བཅུག་ནས། བཱ་རཱ་ཎ་སཱིའི་དབུས་ཐོག་ཐག་དྲངས་པ་དང་། གཞོན་ནུ་ལྐུགས་འཕྱེས་འབྲས་ཀྱི་ཕུང་པོ་ཆེན་པོ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འབྲས་ཀྱི་ཕུང་པོ་ཆེན་པོ་འདི་གལ་ཏེ་དང་པོ་ཉིད་ནས་མ་ཟོས་དང་དྲུང་ཟུག་པར་འགྱུར་བ་ཞིག །གཤེད་མ་པ་རྣམས་ཀྱིས་སླར་ཡང་གཞོན་ནུ་ཞ་བོ་ལྐུགས་པ་རྒྱལ་པོ་ལ་ཕུལ་ནས་ལྷ་གཞོན་ནུ་འདིས་ནི་འདི་སྐད་ཀྱི་ཚིག་སྨྲས་སོ། །སླར་ཡང་རྒྱལ་པོ་ཚངས་སྦྱིན་གྱིས་གཞོན་ནུ་ལྐུགས་འཕྱེ་པང་དུ་བླངས་ནས་འདི་སྐད་ཅེས་སྨྲས་སོ། །སུ་ཞིག་གསད། སུ་ཞིག་གཏག །སུ་ཞིག་སྲོག་དང་དབྲལ། སུ་ལ་ཅི་ཞིག་སྦྱིན། དེ་སྐད་ཅེས་སྨྲས་ན་གཞོན་ནུ་ལྐུགས་འཕྱེ་ཅང་མི་སྨྲའོ། །ཡང་རྒྱལ་པོ་ཚངས་སྦྱིན་གྱིས་གཤེད་མ་པ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ངས་གཞོན་ནུ་ཡོངས་སུ་སྤངས་ཀྱིས་དེང་ལ་མྱུར་དུ་གཞོན་ནུ་ཚལ་གྱི་ནང་དུ་དོང་རྐོས་ཏེ་ཆུག་ཤིག །ལྷ་བཀའ་བཞིན་འཚལ་ཞེས་གཤེད་མ་བའི་མི་རྣམས་ཀྱིས་གཞོན་ནུ་ལྐུགས་འཕྱེ་ཤིང་རྟར་བཅུག་ནས་ངུར་


DKG002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཆེན་པོ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་དེར་བརྐོ་བར་བརྩམས་སོ། །དེ་ནས་གཞོན་ནུ་ལྐུགས་འཕྱེས་ཚིགས་སུ་བཅད་དེ་སྨྲས་པ། ཁ་ལོ་སྒྱུར་ཁྱོད་ཅི་ཡི་ཕྱིར། །དོང་ནི་མྱུར་དུ་རྐོ་བྱེད་པའི། །དོང་དེ་ཅི་བྱ་ཞེས་དྲི་ཡིས། །མྱུར་དུ་ང་ལ་སྨྲ་བར་གྱིས། །ཁ་ལོ་སྒྱུར་བས་སྨྲས་པ། །རྒྱལ་པོའ་སྲས་པོ་བཙས་པ་ནི། །ཞ་བོ་ལྐུགས་པ་སྨྲ་མི་ཤེས། །དེས་འདི་ཚལ་ཁྲོད་མྱུར་དུ་ནི། །དོང་རྐོས་ཆུག་ཅེས་བཀའ་སྩལ་ཏོ། །དེ་ནས་གཞོན་ནུ་ལྐུགས་འཕྱེ་འདི་སྙམ་དུ་སེམས་ཏེ། འདི་དག་ནི་གདུག་པ། ལག་དམར་བ། གསོད་པ་དང་། གཅོད་པ་ལ་ཆགས་པ། གཞན་གྱི་སྲོག་འཕྲོག་པ། ཕ་རོལ་གྱི་སྲོག་གཅོད་པས་འཚོ་བར་བྱེད་པ་ཡིན་ནོ་སྙམ་ནས། དེ་འཇིགས་ཤིང་བརྒྱ་ལམ་ན་འདི་དག་གིས་བདག་གསད་པར་འགྱུར་རོ། །སྙམ་དུ་རིག་ནས་གཤེད་མ་པ་རྣམས་ལ་སྨྲས་པ། ལྷས་གལ་ཏེ་བདག་ལ་མཆོག་ཅིག་གནང་ན་བདག་རྐང་གིས་གྲོང་ཁྱེར་དུ་འཇུག་ཅིང་ཚིག་ཀྱང་སྨྲའོ། །གཤེད་མ་བའི་མི་རྣམས་ཀྱིས་རྒྱལ་པོའ་དྲུང་དུ་སོང་ནས་རྒྱས་པར་སྨྲས་པ་དང་། རྒྱལ་པོས་སྨྲས་པ། གལ་ཏེ་གཞོན་ནུ་རྒྱལ་སྲིད་འདོད་ན་ཡང་ངས་དེ་ཡང་གཞོན་ནུ་ལ་སྦྱིན་བར་བྱའོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་ཡིད་དགའ་ཞིང་། ཡིད་དགའ་ནས། བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་གྲོང་ཁྱེར་ཐམས་ཅད་རྡོ་བ་དང་། གསེག་མ་དང་། གྱོ་མོ་རྣམས་མྱུར་དུ་སོལ་ལ་པོག་གི་དུད་པ་དང་ཕྱེ་མས་འཁྲིགས་པར་བྱོས་ཏེ་རྒྱལ་མཚན་དང་བ་དན་བསྒྲེང་ལ། མེ་ཏོག་སྣ་ཚོགས་ཀྱི་སིལ་མ་ཁྲོམ་ཤིག་ཅེས་བསྒོའོ། །ས་བདག་རྣམས་ནི་ཚིག་གིས་འགྲུབ་ལ། ལྷ་རྣམས་དང་། རྣལ་འབྱོར་བ་རྣམས་ནི་སེམས་བསྐྱེད་མ་ཐག་ཏུ་ཐམས་ཅད་འགྲུབ་ཅེས་བྱ་བས་ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལས་མཉན་ནས་གྲོང་ཁྱེར་ཐམས་ཅད་རྡོ་བ་དང་། གསེག་མ་དང་། གྱོ་མོ་རྣམས་བསལ་ཅིང་། པོག་གི་དུད་པ་དང་ཕྱེ་མས་འཁྲིགས་པར་བྱས་ནས་རྒྱལ་མཚན་དང་བ་དན་བསྒྲེང་སྟེ། མེ་ཏོག་སྣ་ཚོགས་ཀྱི་སིལ་མ་བཀྲམ་མོ། །གཞོན་ནུ་ལྐུགས་འཕྱེ་རྐང་པས་གྲོང་ཁྱེར་དུ་འཇུག་པ་ན་ཡ་མཚན་སྐྱེས་པའི་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་


DKG002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འདུས་སོ། །དེ་ནས་གཞོན་ནུ་ལྐུགས་འཕྱེས་རྐང་གིས་གྲོང་ཁྱེར་དུ་ཞུགས་ནས་རྒྱལ་པོ་ཚངས་སྦྱིན་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་པོ་ཚངས་སྦྱིན་གྱི་རྐང་པ་གཉིས་ལ་གཏུགས་ནས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། མི་དབང་བདག་ནི་ལྐུགས་འཕྱེ་དང་། །བླུན་པོ་བློ་མི་ལྡན་མ་ལགས། །རྣམ་པར་གསལ་བར་བགྱིད་པ་ཡི། །ཚིག་གིས་གསལ་བར་བགྱིད་པ་ལགས། །མི་དབང་བདག་ནི་ལྐུགས་འཕྱེ་དང་། །བླུན་པོ་བློ་མི་ལྡན་མ་ལགས། །དབང་པོ་རྣམས་ནི་ཚང་བ་དང་། །གསལ་བ་དག་དང་ལྡན་པ་ལགས། །རྒྱལ་བོས་སྨྲས་པ། བུ་ཅིའི་ཕྱིར་ཚིག་མི་འབྱིན་ཅིང་རྐང་གིས་མི་འགྲོ། ལྷ་དེའི་སླད་ནས་གསོན་ཅིག །བདག་གིས་སྔོན་གྱི་ཚེ་རབས་དྲན། །ལོ་ནི་དྲུག་བཅུའི་བར་དག་ཏུ། །མི་ཡི་ནང་དུ་རིགས་བརྒྱུད་པའི། །རྒྱལ་ཚབ་བདག་གིས་བགྱིས་པ་གང་། །ལོ་ནི་དྲུག་ཁྲིའི་བར་དག་ཏུ། །དམྱལ་བའི་ནང་དུ་མི་བཟད་སྨིན། །དམྱལ་བའི་སྡུག་བསྔལ་མི་བཟད་པ། །དྲག་པོ་འཇིགས་བྱེད་དེ་དྲན་ནས། །དམྱལ་བར་ཡང་མཆི་མི་རུང་བས། །རྒྱལ་སྲིད་ལ་ནི་མངོན་མི་དགའ། །ཡབ་གཅིག་གནང་བར་མཛོད་ཅིག་དང་། །ད་ནི་རབ་ཏུ་འབྱུང་བར་བགྱི། །རྒྱལ་པོས་སྨྲས་པ། བུ་དྲང་སྲོང་རྣམས་ཀྱིས་གང་དཀའ་ཐུབ་ཅུང་ཟད་ཅི་བྱས་པ་དང་། མཆོད་སྦྱིན་དང་སྦྱིན་སྲེག་ཅི་བྱས་པ་དེ་དག་ཐམས་ཅད་ནི་རྒྱལ་སྲིད་ཀྱི་ཕྱིར་ཡིན་ན་ཁྱོད་ཅིའི་ཕྱིར་རྒྱལ་སྲིད་ལག་མཐིལ་དུ་འོངས་པ་སྤངས་ཏེ་རབ་ཏུ་འབྱུང་། དེ་ནས་གཞོན་ནུ་ལྐུགས་འཕྱེས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཀིམ་པའི་འབྲས་བུ་འདྲ་བ་ཡི། །འདོད་པ་རྣམས་ལ་སྤྱོད་མི་འཚལ། །བདུད་རྩིའི་འབྲས་བུའི་རོ་ལྟ་བུའི། །ཚངས་པར་སྤྱོད་པ་སྤྱད་པར་བགྱི། །རྒྱལ་པོས་སྨྲས་པ། བུ་བདེ་བ་གང་ཅི་ཉམས་སུ་མྱོང་བ་དེ་ཐམས་ཅད་རྒྱལ་སྲིད་ཀྱི་ཡིན་ན། ཅིའི་ཕྱིར་ཁྱོད་རྒྱལ་སྲིད་ཀྱི་བདེ་བ་སྤངས་ཏེ་རབ་ཏུ་འབྱུང་། གཞོན་ནུ་ལྐུགས་འཕྱེས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། གང་ལས་སྡུག་བསྔལ་རབ་འབྱུང་བའི། །བདེ་དེ་བདེའོ་སྙམ་མི་བགྱིད། །གང་ལས་བདེ་བ་རབ་སྐྱེ་བའི། །སྡུག་བསྔལ་སྡུག་བསྔལ་སྙམ་མི་བགྱིད། །ཡབ་


DKG002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བདག་ལ་གནང་བར་མཛོད། །དཀའ་ཐུབ་ནགས་སུ་མཆི་བར་བགྱི། །རྒྱལ་པོས་སྨྲས་པ། བུ་རེ་ཞིག་ཁང་བཟངས་ཀྱི་གཞི་པོག་གི་དུད་པ་དང་ཕྱེ་མས་འཁྲིགས་པ་དང་། མེ་ཏོག་སྣ་ཚོགས་བཀྲམ་པར་མལ་འཇམ་པོ་སྟེང་གཡོགས་བཟང་པོ་ཅན་བཤམས་ལ་གང་ནས་ཀྱང་འཇིགས་པ་མེད་པར་ནི་ཉལ། རོལ་མོའ་སྒྲ་སྙན་པས་ནི་སད། གོས་འཇམ་པོ་ནི་བགོ ཟས་ཞིམ་པོ་ནི་ཟ། བཏུང་བ་ཞིམ་པོ་ནི་བཏུང་བར་བྱའོ། །དགོན་པར་ནི་རབ་ཏུ་བྱུང་བས་རྟག་ཏུ་ཤིང་དྲུང་དུ་རྩྭའི་གདིང་བ་དང་། ལོ་མའི་གདིང་བ་ལ་འཇིགས་ཤིང་བག་ཚ་བའི་སེམས་ཀྱིས་གཅན་གཟན་གདུག་པ་རྣམས་དང་ལྷན་ཅིག་ཉལ། ཅེ་སྤྱང་གི་སྒྲས་ནི་སད། གཡང་གཞི་དང་། ཤིང་ཤུན་གྱི་གོས་ནི་གྱོན། རྩ་བ་དང་། འབྲས་བུ་ནི་ཟ། ཆུ་དྲོན་པོ་དང་། ཆུ་རྙོག་པ་ཅན་གྱི་བཏུང་བ་ནི་བཏུང་དགོས་ན་ཁྱོད་ཅིའི་ཕྱིར་རྒྱལ་སྲིད་སྤངས་ཏེ་རབ་ཏུ་འབྱུང་། དེ་ནས་གཞོན་ནུ་ལྐུགས་འཕྱེས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ནགས་ན་ཤིང་ཤུན་གཡང་གཞི་གྱོན་ཞིང་འབྲས་བུ་ཟ། །གཅན་གཟན་གདུག་པ་རྣམས་དང་ལྷན་ཅིག་འདུག་པ་བླའི། །མཁས་པ་འཇིག་རྟེན་ཕ་རོལ་དག་གིས་འཇིགས་པ་ཡིས། །རྒྱལ་སྲིད་ཕྱིར་ནི་གསོད་དང་། རྡེག་དང་འཆིང་མི་རུང་། །ཡབ་གཅིག་བདག་ལ་གནང་བར་མཛོད། །དཀའ་ཐུབ་ནགས་སུ་མཆི་བར་བགྱི། །རྒྱལ་པོས་སྨྲས་པ། བུ་རེ་ཞིག་ངའི་ཐེ་ཚོམ་གསུམ་པོ་འདི་དག་ཆོད་ཅིག་དང་དེའི་འོག་ཏུ་ཁྱོད་རབ་ཏུ་འབྱུང་བ་མི་དཀའ་བར་འགྱུར་རོ། །གང་ཁྱོད་ཀྱིས་བཱ་རཱ་ཎ་སཱིའི་འབྱོར་ཅིང་རྒྱས་པ་མཐོང་ནས། བཱ་རཱ་ཎ་སཱི་འདི་ཅི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཞིག་ཡོད་ཅེས་སྨྲས་པ། དེ་ཁྱོད་ཀྱིས་ཅི་ཞིག་ལས་བསམས་ཏེ་སྨྲས། ལྷ་དེའི་སླད་དུ་གསོན་ཅིག །ལྷས་བདག་ནོངས་པ་མ་མཆིས་པར་འགུམ་པར་བཀའ་སྩལ་པ། འགས་ཀྱང་གཞོན་ནུ་འདི་ཅིའི་ཕྱིར་གསད་ཅེས་ཆོས་ཀྱི་ཚིག་མ་སྨྲས་པ་དེ་ལས་བསམས་ཏེ་བདག་གིས་སྨྲས་ལགས་སོ། །བཟང་ངོ་། །གང་ཁྱོད་ཀྱིས་མི་རོ་མཐོང་ནས་ཅི་འདི་ཤི་བ་ཉིད་ཤིའམ། འོན་ཏེ་གསོན་པོ་ཤི་ཞེས་སྨྲས་པ་དེ་ཅི་ལས་བསམས་ཏེ་སྨྲས། ལྷ་དེའི་སླད་དུ་


DKG002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་ཅིག །གང་ཞིག་ཉེས་པར་བགྱིད་པའི་ལས་བགྱིད་བགྱིད་ནས་གུམ་པ་དེ་ནི་གུམ་པ་ཉིད་གུམ་པ་ལགས་ལ་གང་ཞིག་ལེགས་པར་བགྱིད་པའི་ལས་བགྱིད་བགྱིད་པ་དེ་གུམ་པ་དེ་ནི་གསོན་པ་གུམ་པ་ལགས་པ་དེ་ལས་བསམས་ནས་བདག་གིས་སྨྲས་ལགས་སོ། །བཟང་ངོ་། །གང་ཁྱོད་ཀྱིས་འབྲས་ཀྱི་ཕུང་པོ་ཆེན་པོ་མཐོང་ནས། འབྲས་ཀྱི་ཕུང་པོ་ཆེན་པོ་འདི་དང་པོ་ཉིད་ནས་མ་ཟོས་དང་དྲུང་ཟུག་པར་འགྱུར་བ་ཞིག་ཅེས་སྨྲས་པ་དེ་ཅི་ལས་བསམས་ཏེ་སྨྲས། ལྷ་དེའི་སླད་དུ་གསོན་ཅིག །ཞིང་པ་འདི་རྣམས་ཀྱིས་འབྲས་བུན་བླངས་ཏེ་འཚལ་ནས་ལས་བགྱིད་ཅིང་། དེ་དག་ལོ་ཐོག་སྨིན་ནས་འབྲས་ཀྱི་ཕུང་པོ་ཆེན་པོ་བཅེར་ནས་བུ་ལོན་པ་རྣམས་ལ་འཇལ་ཏེ། དེ་ལྟར་ན་དེ་དག་གི་དྲུང་དེ་ནི་སྔ་ནས་འཚལ་བ་ཉིད་ལགས་སོ། །དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་མི་ཉིད་ཐོབ་ལ་དེ་ཐོབ་ནས་དགེ་བའི་ལས་ཀྱི་ལམ་མི་སོགས་ན་དེ་ལྟ་ན་དེའི་སྔོན་གྱི་དགེ་བ་དེ་རྒྱུན་ཆད་པར་འགྱུར་རོ། །དགེ་བའི་རྩ་བ་དེ་རྒྱུན་ཆད་ན་བདེ་འགྲོ་ལས་ཉམས་ཤིང་ངན་འགྲོར་གནས་པར་འགྱུར་བ་དེ་ལས་བསམས་ནས་བདག་གིས་སྨྲས་ལགས་སོ། །དེ་ནས་རྒྱལ་པོས་བུའི་ཚིག་ཐོས་ནས་མཆི་མས་བརྣངས་བཞིན་བུ་ལ་འཁྱུད་དེ་སྨྲས་པ། བརྟུལ་ཞུགས་ངེས་ལོང་རང་གི་ཆོས་སྤྱོད་ཅིག །བདག་ཀྱང་ཁྱོད་ཀྱི་སློབ་མར་ཁས་བླང་ངོ་། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གལ་ཏེ་གཞོན་ནུ་ལྐུགས་འཕྱེ་རབ་ཏུ་མ་བྱུང་ན་ཅིར་འགྱུར། ལྷ་རྒྱལ་པོར་འགྱུར་རོ། །ཁྱོད་ཅག་གི་བུ་རྣམས་ཅིར་འགྱུར། ལྷ་དེའི་གཡོག་ཏུ་འགྱུར་རོ། །དེ་རབ་ཏུ་འབྱུང་ན་ཁྱེད་ཅག་གི་བུ་རྣམས་ཅིའི་ཕྱིར་རབ་ཏུ་མི་འབྱུང་། ལྷ་བཀའ་ཅི་སྩལ་དུ་བས་སོ། །དེའི་ཚེ་བཱ་རཱ་ཎ་སཱི་དང་ཧ་ཅང་ཡང་མི་རིང་བའི་བསྟི་གནས་ཞིག་ཡོད་དེ། དེ་ན་དྲང་སྲོང་བྱམས་པའི་བདག་ཉིད་སྙིང་རྗེ་ཅན་སྙིང་བརྩེ་བ། སེམས་ཅན་ཐམས་ཅད་ལའོ་བྱམས་པ་ཞིག་གནས་སོ། །དེ་ནས་གཞོན་ནུ་ལྐུགས་འཕྱེ་འཁོར་ལྔ་བརྒྱ་དང་འབྱོར་པ་ཆེན་པོས་དྲང་སྲོང་དེ་ལས་རབ་ཏུ་བྱུང་ནས་དེས་དེ་ལ་གདམས་ངག་བྱིན་ཏེ། དེས་འབད་པ་དང་། བརྩལ་བ་དང་། བརྩོན་འགྲུས་དྲག་པོས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་ནས་དུས་གཞན་ཞིག་ན་དྲང་སྲོང་དེ་དུས་ཀྱི་ཆོས་དང་ལྡན་པར་གྱུར་ནས་གཞོན་ནུ་ལྐུགས་འཕྱེས་དྲང་སྲོང་དེའི་རོ་དྲི་སྣ་ཚོགས་ཀྱི་ཤིང་ཕུང་པོར་སྤུངས་ནས། བསྲེགས་ཏེ་མཆོད་པ་དང་བཀུར་སྟི་ཆེར་བྱས་སོ། །གཞོན་ནུ་ལྐུགས་འཕྱེས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་རྣམས་ལ་གདམས་ངག་བྱིན་ནས། དེ་རྣམས་ཀྱིས་འབང་པ་དང་། བརྩལ་བ་དང་། བརྩོན་འགྲུས་དྲག་པོས་མངོན་


DKG002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གཞོན་ནུ་ལྐུགས་འཕྱེ་རྒྱལ་སྲིད་ལག་མཐིལ་དུ་འོངས་པ་ཡོངས་སུ་སྤངས་ཏེ། བྲམ་སེའི་ཁྱེའུ་ལྔ་བརྒྱ་དང་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་སེམས་ཅན་ཐམས་ཅད་ལ་ཕན་པ་བྱས་པ་དང་། རྒྱལ་སྲིད་སྤངས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངས་སེམས་ཅན་ལ་ཕན་པ་བྱས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་རི་དགས་དང་བྱའི་ཚོགས་མེའི་འཇིགས་པ་ལས་ཐར་བར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་ནགས་ཚལ་སྟུག་པོ་རི་དང་ཆུ་དང་། རྩྭ་སྔོན་པོ་དང་། གེལ་པ་དང་། ཤིང་སཱ་ལ་དང་པ་ལ་ཤ་རྣམས་ཀྱིས་མཛེས་པར་བྱས་པ་ཞིག་གི་ཚལ་གསེབ་ན་བྱའི་ཚོགས་ཆེན་པོ་ཞིག་གནས་སོ། །ཚལ་སྟུག་པོ་དེ་ན་ཡང་ཤིང་གཉིས་ཕན་ཚུན་འདྲུད་པས་མེ་བྱུང་བར་གྱུར་ཏོ། །དེ་ན་བྱའི་ཚོགས་གང་དག་འཕུར་ནུས་པ་དེ་དག་ནི་དོང་ངོ་། །འཕུར་མི་ནུས་པ་གང་ཡིན་པ་དང་། སྒོ་ང་རྣམས་ནི་དེ་ཉིད་དུ་བོར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སྲེག་བ་ཞིག་ཏུ་སྐྱེས་སོ། །བྱང་ཆུབ་སེམས་དཔས་མེ་ཆེན་པོ་སྲེག་ཅིང་རྒྱང་རིང་པོ་ཁོ་ན་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་སེམས་


DKG002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དེ་རྣམས་ལ་སྙིང་བརྩེ་བ་ཆེན་པོ་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་སོ། །བདག་གིས་སེམས་ཅན་སྡུག་བསྔལ་བར་གྱུར་པ་འདི་རྣམས་ཀྱི་དོན་ལ་བརྩོན་བར་མ་བྱས་ན་བདག་གསོན་ཏེ་ཡང་ཅི་རུང་། བདག་གིས་སེམས་ཅན་རྣམས་འཁོར་བ་ལས་ཇི་ལྟར་བསྒྲལ་བར་བྱ་སྙམ་དུ་བསམས་ནས། བྱང་ཆུབ་སེམས་དཔའི་འདབ་མཆུས་གཤེར་བར་བྱས་ནས་མེའི་ཕུང་པོའ་སྟེང་གི་ནམ་མཁའ་ལ་འདུག་ནས་འདབ་མ་སྤྲུག་ཅིང་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་འདབ་མ་ཡོད་མོད་ཀྱི། །འདི་དག་འཕུར་བར་མི་ནུས་སོ། །འདི་དག་རྐང་པ་ཡོད་མོད་ཀྱི། །འདི་དག་འགྲོ་བར་མི་ནུས་སོ། །འདི་དག་ཕ་མ་འཕུར་ཏེ་དོང་། །མེ་ནི་མ་གཡོ་བར་འདུག་ཤིག བྱམས་པ་ཤིན་ཏུ་བསྒོམས་པ་ཡི། །བདེན་པའི་ཚིག་ནི་གང་ཡིན་པ། །བདེན་པའི་ཚིག་ནི་དེ་ཡིས་སུ། །མེ་ནི་མ་གཡོ་བར་འདུག་ཤིག །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་པར་བྱེད་པ་དེ་མཐོང་ངོ་། །མཐོང་ནས་ཀྱང་མི་དགའ་བར་གྱུར་ཏེ། འདིས་བདག་ཉིད་ཡོངས་སུ་བཏང་བས་དེ་རྣམས་ལ་ཕན་པ་ཅི་ཞིག་ནུས། གཞན་ཡང་བསྐལ་པ་བཟང་པོའ་བྱང་ཆུབ་སེམས་དཔའ་འདི་སེམས་ཅན་རྣམས་ལ་ཕན་པ་བྱེད་པ་ལ་སྐྱོ་བར་འགྱུར་གྱིས། མ་ལ་བདག་གིས་འདིའི་གྲོགས་བྱའོ་སྙམ་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཆར་ཆེན་པོ་རབ་ཏུ་ཕབ་པས་མེ་དེ་རབ་ཏུ་ཞི་བར་གྱུར་ཏེ། དེས་ན་སེམས་ཅན་དེ་ཐམས་ཅད་མེའི་འཇིགས་པ་ལས་ཐར་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྲེག་པ་གང་ཡིན་པ་དེ་ནི་ང་ཉིད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེས་ན་ངའི་བྱང་ཆུབ་སེམས་དཔའི་སྤྱོད་པས་སེམས་ཅན་ལ་ཕན་པ་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་


DKG002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ངས་སེམས་ཅན་ལ་ཕན་པ་བྱས་ཏེ་བློན་པོ་ལྔ་བརྒྱ་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དོ། །དེའི་བློན་པོ་ལྔ་བརྒྱ་ཙམ་ཡོད་པ་ལས་ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་བློན་པོ་ལྔ་བརྒྱ་པོ་དེ་རྣམས་ཁ་ཕྱུང་བའི་གླེང་གཞི་དེ་དག་རྒྱལ་པོས་ཐོས་ནས། རྒྱལ་པོ་དེ་ཡང་ཆོས་དང་ལྡན་པ་སྙིང་བརྩེ་བ་ཅན། ཆོས་འདོད་པ། སྐྱེ་བོ་ལ་འོ་བྱམས་པ། བདག་ལ་ཕན་པ་དང་། གཞན་ལ་ཕན་པར་ཞུགས་པ་ཞིག་པས་དེས་བསམས་པ། འདི་དག་བསད་དེ་ཅི་རུང་སྙམ་ནས་དེས་དེ་རྣམས་སྤྱུགས་ཏེ། དེ་རྣམས་སྨྱགས་བཅད་དེ་དོང་བ་ལས་བྱེ་གླིང་ཞིག་ལ་ཕྱིན་ཏོ། །དེ་ན་དེ་རྣམས་སྐོམ་པས་ཉེན་ནས་ཕན་ཚུན་བརྟགས་ན་ཆུ་གང་ན་ཡར་མ་མཐོང་ནས། དེ་རྣམས་ཀྱིས་མགྲིན་གཅིག་ཏུ་སྒྲ་ཕྱུང་བ་དང་། དེའི་ཚེ་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་རྣམས་ཀྱི་ནང་དུ་ཡན་ལག་བདུན་ལེགས་པར་གནས་པ་གླང་པོ་ཆེ་ས་སྲུང་གི་བུའི་ཤ་ཚུགས་ལྟ་བུ་ཞིག་ཏུ་སྐྱེས་པ་དེའི་བསོད་ནམས་ཀྱི་མཐུས་རི་སུལ་དག་མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་ཤིང་རྫོང་དང་། མཚེའུ་དང་། ཆུ་འབབ་པ་དང་ལྡན་ནོ། །གླང་པོ་ཆེའི་གཙོ་བོ་དེས་ཐག་རིང་པོ་ན་གནས་བཞིན་དུ་ཚོར་ནས་དེས་སྣ་ཆུས་བཀང་ནས་བརྒྱུགས་ཏེ། དེས་བློན་པོ་དེ་རྣམས་ཀྱི་དྲུང་དུ་ཕྱིན་པ་དང་དབུགས་ཕྱུང་ནས་ཆུས་དེ་རྣམས་ཀྱི་ཁ་བཤལ་ཏེ་རྒྱབ་ཏུ་ཞོན་ནས་རི་སུལ་དེར་བཙུད་དེ། འབྲས་བུ་དང་། རྩ་བ་དང་། ཆུས་ཚིམ་པར་བྱས་ཤིང་ལམ་གྱིས་དུབ་པ་བསལ་ནས། དེ་ནས་དེས་དེ་རྣམས་ལ་སྨྲས་པ། རི་སུལ་འདིའི་ཕ་རོལ་ངོས་ན་གླང་པོ་ཆེའི་གཙོ་བོའ་རོ་ཞིག་ཡོད་ཀྱིས། དེའི་རྒྱུ་ལྟོ་ཁྲུས་ཏེ་ཆུས་ཁོང་ལ་རྩ་བ་དང་། འབྲས་བུ་དག་བསྡུས་ཏེ་དེང་ཤིག་དང་། དེ་ལྟར་ན་འབྲོག་འདི་རྟོལ་བར་འགྱུར་རོ། །དེ་སྐད་ཅེས་བསྟན་ནས་དེ་ནས་གླང་པོ་ཆེའི་གཙོ་བོ་དེ་རི་དེ་ལ་འཛེགས་ནས་སེམས་བསྐྱེད་སྨོན་ལམ་བཏབ་པ། ཇི་ལྟར་བདག་གིས་སྡུག་བསྔལ་ཉམ་ང་བ་འདི་ལས་ཡོངས་སུ་བསྐྱབ་པ་དང་། འབྲོག་འདི་ལས་རྟོལ་


DKG002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་བསྟན་པ་དང་། འདི་དག་གི་དོན་དུ་རང་གི་སྲོག་ཕངས་པ་ཡོངས་སུ་བཏང་བ་དེ་བཞིན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བདག་གིས་འདི་དག་ཉིད་འཁོར་བའི་དགོན་པ་ལས་སྒྲོལ་བར་གྱུར་ཅིག །ཅེས་སྨྲས་ནས་གླང་པོ་ཆེ་དེས་ལག་པ་གཉིས་ཀྱིས་སྣ་བརྫེས་ནས་བདག་ཉིད་རི་དེའི་ཁ་ནས་མཆོངས་པ་དང་། གླང་པོ་ཆེའི་གཙོ་བོ་ལུས་ཆེན་པོ་ལྷུང་མ་ཐག་ཏུ་མོད་ལ་ཤི་བར་གྱུར་ཏོ། །བློན་པོ་དེ་རྣམས་ཀྱིས་བཙལ་བ་ན་མཐོང་སྟེ་དེ་རྣམས་གནས་དེར་སོང་ནས། དེ་རྣམས་ཀྱིས་གླང་པོ་ཆེ་གཙོ་བོ་དེ་མཐོང་བ་དང་། གཅིག་ལ་གཅིག་སྨྲས་པ། གླང་པོ་ཆེའི་གཙོ་བོ་གང་གིས་བདག་ཅག་གི་སྲོག་བྱིན་པ་དེ་ནི་ཡང་འདི་ཡིན་ཏེ། གལ་ཏེ་དེའི་སྟེང་དུ་ལག་པ་བཞག་ན་ཇི་ལྟར་བདག་ཅག་གི་ལག་པས་ལ་ལྷུང་བར་མི་འགྱུར། དེ་ནས་གནས་གཙང་མའི་ལྷ་རྣམས་ཀྱིས་བདག་ཉིད་ཆེན་པོ་འདིས་གང་གི་དོན་དུ་སྲོག་ཡོངས་སུ་བཏང་བའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་སྒྲ་ཕྱུང་ངོ་། །དེ་ནས་བློན་པོ་དེ་རྣམས་ཀྱིས་གླང་པོ་ཆེ་གཙོ་བོ་དེའི་རྒྱུ་ལྟོ་ཕྱུང་ནས་བཀྲུས་ཏེ་ཆུས་བཀང་ནས་རྩ་བ་དང་འབྲས་བུ་རྣམས་ཁྱེར་ནས་གླང་པོ་ཆེ་གཙོ་བོ་དེའི་རོ་ལ་མཆོད་པ་བྱས་ཏེ་འབྲོག་དེ་རྟོལ་ནས་ཕྱིས་སྨོན་ལམ་བཏབ་པ། ཇི་ལྟར་བདག་ཉིད་ཆེན་པོ་འདིས། བདག་ཅག་རྣམས་རྗེས་སུ་གཟུང་བའི་ཕྱིར་རང་གི་སྲོག་ཡོངས་སུ་བཏང་བ་དང་། བདག་ཅག་འབྲོག་འདི་ལས་ཡོངས་སུ་བསྐྱབས་པ་དེ་བཞིན་དུ་བདག་ཉིད་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བདག་ཅག་འཁོར་བའི་འབྲོག་ཆེན་པོ་ལས་ཡོངས་སུ་ཐར་བར་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གླང་པོ་ཆེ་གཙོ་བོ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་བདག་ཉིད་ཡོངས་སུ་བཏང་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངས་བདག་ཉིད་


DKG002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཏང་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྲོག་ཆགས་སྟོང་ཕྲག་མང་པོ་ལ་རང་གི་ཤས་ཚིམ་པར་བྱས་ཀྱང་ངའི་སེམས་ཉམས་པ་མེད་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་ཀླུ་གཞོན་ནུ་ཙམ་པ་སྐྱེས་ཞེས་བྱ་བ་དད་པ་བཟང་བ། དགེ་བའི་བསམ་པ་ཅན་དེ་ཚེས་བརྒྱད་དང་བཅུ་བཞི་ལ་གནས་ནས་བྱུང་ནས་ཡན་ལག་བརྒྱད་དང་ལྡན་བའི་གསོ་སྦྱོང་བླངས་ཏེ་གནས་གསལ་བར་ལུས་ཆེན་པོར་བྱས་ནས་བཏང་སྟེ་གནས་ཤིང་འཇིག་རྟེན་ན་འགྲོ་བ་དང་གནས་པ་ལ་ཅུང་ཟད་ཀྱང་གནོད་པ་མི་བྱེད་དོ། །ལོ་ཉེས་བྱུང་ནས་ལས་ལ་མི་ལྟ་བའི་མི་གནག་རྫི་དང་། ཕྱུགས་རྫི་དང་། ཤིང་ཐུན་དང་། ལམ་གྱིས་འཚོ་བ་དང་། ལམ་གོལ་བས་འཚོ་བའི་མི་རྣམས་ཀྱིས་ཀླུའི་ཤ་ལས་བཅད་ཅིང་བཅད་ཅིང་བཟའ་བར་བརྩམས་ཏེ། དེ་ནས་ངས་དུས་མང་པོར་རང་གི་ཤས་ཚིམ་པར་བྱས་ན་ཡང་ངའི་སེམས་མཉམས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཀླུ་གཞོན་ནུ་ཙམ་པ་སྐྱེས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་རང་གི་ཤ་ཡོངས་སུ་བཏང་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་ལ་ཕན་པར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་མཚོ་ཆེན་པོ་མ་དྲོས་པ་ན་ངང་པ་རྣམས་ཀྱི་སྡེ་དཔོན་ཡུལ་འཁོར་སྐྱོང་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ། །དེ་ལ་བུ་གཉིས་ཡོད་དེ། གང་བ་དང་། བཞིན་རྒྱས་ཞེས་བྱ་སྟེ། ཕུ་བོ་ནི་གང་བའོ། །ནུ་བོ་ནི་བཞིན་རྒྱས་སོ། །གང་བ་ནི་གཏུམ་པ། གཟུ་ལུམས་ཅན། བརླང་བ་ཞིག་པས་རྒྱུན་ཁོ་ནར་ངང་པ་


DKG002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྡིགས་པར་བྱེད་དེ། ཁ་ཅིག་ལ་སྒྲོ་འབྱིན། ཁ་ཅིག་ལ་ནི་སྡེར་མོས་རྨ་འབྱིན་ཏེ། དེ་ལྟ་བུ་དང་། གནོད་པ་གཞན་ཡང་བརྒྱ་ཕྲག་དག་བྱས་ནས་ངང་པ་རྣམས་ངང་པའི་སྡེ་དཔོན་ཡུལ་འཁོར་སྐྱོང་གི་དྲུང་དུ་སོང་ནས་ཉི་མ་རེ་རེ་ཞིང་ཡང་གོ་བར་བྱེད་པ་དང་། དེས་བསམས་པ། གང་བ་ནི་གཏུམ་པ། གཟུ་ལུམས་ཅན། བརླང་བ་ཡིན་ཏེ། གལ་ཏེ་འདི་རྒྱལ་ཚབ་ཏུ་བཅུག་ན་བདག་འདས་པ་དང་འདིས་ངང་བའི་ཁྱུ་བཤིག་པར་འགྱུར་གྱིས་དེ་ལ་ཐབས་ཞིག་བཤམ་པར་བྱའོ་སྙམ་ནས། དེས་གང་བ་དང་། བཞིན་རྒྱས་གཉིག་བཀུག་སྟེ་སྨྲས་པ། འབབ་ཆུའི་དངོ་དང་། མཚོ་དང་། མཚེའུ་རྣམས་བལྟས་ཏེ་ངའི་དྲུང་དུ་ཐོག་མར་སུ་འོངས་པ་དེ་ངས་ངང་པ་རྣམས་ཀྱི་སྡེ་དཔོན་དུ་གཞུག་གོ །དེ་གཉིས་ཕན་ཚུན་འགྲན་པས་འཁོར་ལྔ་བརྒྱ་ལྔ་བརྒྱ་དང་དོང་བ་ལས་དེ་གཉིས་ཀྱིས་འབབ་ཆུའི་དངོ་དང་། མཚོ་དང་། མཚེའུ་རྣམས་ཕན་ཚུན་དུ་བལྟས་ནས་དེ་གཉིས་རིམ་གྱིས་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་ཕྱིན་ཏོ། །དེའི་ཚེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དེ། འབྱོར་པ་དང་། རྒྱས་པ་དང་ཞེས་བྱ་བ་ནས་སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་ཞེས་བྱ་བའི་བར་དུ་སྟེ། བཱ་རཱ་ཎ་སཱིའི་སྐྱེད་མོས་ཚལ་ན་དེའི་རྫིང་ཚངས་ལྡན་ཞེས་བྱ་བ་མཚོ་བས་ཁྱད་པར་དུ་འཕགས་པར་ཟབ་པ་ཞིག་ཡོད་དེ། དེ་ལས་ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་སྣ་ཚོགས་བསྐྱེད་ཅིང་ཕྱོགས་བཞི་འཁོར་བར་ཡང་མེ་ཏོག་དང་འབྲས་བུའི་ཤིང་སྟོང་ཕྲག་དུ་མ་དག་བསྐྲུན་ནས། དེ་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་ཁེ་བས་ལ་ཤིང་རྣམ་པ་དུ་མས་སྟུག་པོར་བརྒྱན་ནས་བྱ་རྣམ་པ་མང་པོ་དག་སྐད་འབྱིན་ཏོ། །དེའི་འབྱོར་པ་དེ་མཐོང་ནས་གང་བ་དང་བལྔ་བརྒྱས་ཡོངས་སུ་བསྐོར་ཏེ་བབས་ནས་ཅི་དགར་རྒྱུ་ཞིང་དེས་རྩེ་བར་བརྩམས་སོ། །བཞིན་རྒྱས་ལ་ཡང་རང་གི་ཁྱུས་སྨྲས་པ། ཁྱོད་ཀྱང་བོབས་ལ་རྩེད་མོ་མཛོད། དེས་སྨྲས་པ། རེ་ཞིག་རྒྱལ་སྲིད་ཇེ་བླངས་ལ། དེ་ནས་ཕྱིས་འོངས་ཏེ་རྩེ་བར་བྱའོ། །ཞེས་དེས་མྱུར་བ་མྱུར་བར་སོང་ནས་


DKG002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་བླངས་ཏེ། དེ་ནས་ངང་པ་ལྔ་བརྒྱས་ཡོངས་སུ་བསྐོར་ནས་བཱ་རཱ་ཎ་སཱིར་ལྷགས་ཏེ་ཚངས་ལྡན་གྱི་རྫིང་དུ་བབས་ནས་རྩེ་བར་བརྩམས་ཏེ། དེ་དེ་ལྟ་བུའི་བག་ཡོད་པས་གནས་པ་སྐྱེ་བོའ་ཚོགས་ཀྱིས་མཐོང་ནས་ཡ་མཚན་སྐྱེས་ཏེ། ཨེ་མ་འོ་ངང་པའི་སྡེ་དཔོན་མཆོག་ཏུ་བལྟ་ན་སྡུག་པའི་གཟུགས་ཅན་གང་ནས་འདིར་འོངས། ཚངས་ལྡན་གྱི་རྫིང་གི་རྒྱན་དུ་གྱུར་ཅིང་ཆུ་ན་རྒྱུ་བའི་བྱ་ཐམས་ཅད་གཟུགས་མཛེས་པས་ཟིལ་གྱིས་མནན་ཏེ་འཇིག་རྟེན་དགའ་བ་སྐྱེད་ཅིང་ཅི་དགའ་མགུར་གནས་སོ། །དེ་བཱ་རཱ་ཎ་སཱི་ན་གནས་པའི་སྐྱེ་བོའ་ཚོགས་ཐམས་ཅད་ཀྱིས་ཐོས་ནས་ཚངས་ལྡན་གྱི་རྫིང་གི་མཐའ་ཡོངས་སུ་བསྐོར་ཏེ། དེ་བག་རྐྱོང་ཞིང་གནས་པ་དང་། གཟུགས་མཛེས་པ་ལ་ལྟ་ཞིང་གནས་སོ། །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་རིག་པར་བྱས་པ་ལྷ་ངང་པའི་སྡེ་དཔོན་ཞིག་ག་ཞིག་གཅིག་ནས་མཆིས་ནས་དེ་ཚངས་ལྡན་གྱི་རྫིང་དུ་འཁོར་བརྒྱ་ཕྲག་དུ་མ་དང་བབས་ཏེ་ཆུ་ན་རྒྱུ་བའི་བྱ་ཐམས་ཅད་གཟུགས་མཛེས་པས་ཟིལ་གྱིས་མནན་ནས་འཇིག་རྟེན་དགའ་བ་སྐྱེད་ཅིང་བག་བརྐྱང་སྟེ་གནས་ཤིང་མཆིས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟར་གྱུར་ན་བྱ་བ་རྣམས་ཁུག་ཤིག །དེ་རྣམས་ཀྱིས་བཀུག་ནས་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཚངས་ལྡན་གྱི་མཚོ་ན་བྱ་མཆོག་ཏུ་གཟུགས་མཛེས་པ་བལྟ་ན་སྡུག་པ་ངང་པའི་སྡེ་དཔོན་ཞིག་ག་ཞིག་གཅིག་ནས་འོངས་སོ་ཞེས་ཐོས་ཀྱིས། ཁྱེད་ཅག་གིས་དེ་གཅིག་པུ་མ་སྣད་པར་རྙིས་ཟུང་ལ་ངའི་དྲུང་དུ་ཁྱེར་ཏེ་ཤོག་ཤིག །དེས་དེ་རྙི་མཆོག་ཏུ་འཇམ་པོས་རྨ་མ་བྱུང་བར་བཟུང་བ་དང་། དེས་ཚིགས་སུ་བཅད་དེ་སྨྲས། བདག་ནི་དམ་པོར་རྙིས་བཟུང་བས། །མི་ཡི་དབང་སོང་བྱར་མེད་ཀྱིས། །ཅི་ནས་ངང་པའི་ཁྱུ་དག་ནི། །མྱུར་དུ་མ་དྲོས་འདེང་བར་གྱིས། །ངང་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་ནི་བྲོས་སོ། །དེ་ནས་གཅིག་པུ་རྙིས་བཟུང་བས་མྱ་ངན་གྱིས་ནོན་ཅིང་གནས་པ་དེ་བྱ་པ་རྣམས་ཀྱིས་མཐོང་ནས་ངོ་མཚར་སྐྱེས་ཏེ་རྒྱལ་པོས་འཇིགས་ནས། མ་སྣད་པ་དང་། མ་ཤི་བར་དེ་དག་གིས་ངང་པའི་


DKG002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དཔོན་དེ་ཁྱེར་ནས་རྒྱལ་པོའ་དྲུང་དུ་སོང་ངོ་། །ཅིག་ཤོས་དེ་ཡང་མ་བཟུང་བཞིན་དུ་ཆགས་པའི་རྙིས་བཅིངས་པས་རང་ཉིད་སོང་ངོ་། །ངང་པའི་སྡེ་དཔོན་རྒྱལ་པོ་ལ་ཕུལ་བ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཅིག་ཤོས་འདི་ཅི་སྟེ་ཁྱེར་ཏེ་འོངས། དེ་རྣམས་ཀྱིས་སྨྲས་པ། ལྷ་བདག་ཅག་གིས་ནི་འདི་མ་བཟུང་ན་འོན་ཀྱང་རང་ཉིད་མཆིས་ལགས་སོ། །རྒྱལ་པོ་མཆོག་ཏུ་ངོ་མཚར་དུ་གྱུར་ཏེ་དད་པ་ཆེན་པོ་སྐྱེས་སོ། །དེ་ནས་རྒྱལ་པོས་ངང་པའི་སྡེ་དཔོན་སེང་གེའི་ཁྲིའི་སྟེང་དུ་བཞག་གོ །དེ་ནས་ངང་པའི་སྡེ་དཔོན་གྱིས་མིའི་སྐད་ཀྱིས་གང་ཐོས་ནས་རྒྱལ་པོ་འཁོར་དང་བཅས་པ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དེ་ལྟ་བུའི་ཆོས་བཤད་པར་བྱས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་དྲིལ་སྒྲོགས་སུ་ཆུག་ལ། ངའི་ཡུལ་ན་ཆུ་ན་རྒྱུ་བའི་སྲོག་ཆགས་རྣམས་སུས་ཀྱང་མ་བསད་ཅིག །དེ་རྣམས་ཀྱིས་དྲིལ་སྒྲོགས་སུ་བཅུག་ནས་སུ་ཡང་ཆུ་ན་རྒྱུ་བའི་སྲོག་ཆགས་མ་གསོད་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ངང་པའི་སྡེ་དཔོན་བཞིན་རྒྱས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེ་ན་ངས་སེམས་ཅན་དེ་སྙེང་ལ་ཕན་པ་བྱས་སོ། །རྒྱལ་པོ་ཆེན་པོ་ངས་སེམས་ཅན་ལ་ཕན་པ་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངས་སེམས་ཅན་ལ་ཕན་པ་བྱས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་ལ་ཕན་པ་བྱས་ཏེ་དགེ་བ་ལ་བཙུད་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་སྟོན་པ་མིག་མཛེས་ཞེས་བྱ་བ་ཕྱི་རོལ་པའི་མུ་སྟེགས་རྫུ་འཕྲུལ་དང་ལྡན་པ་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཞིག་བྱུང་སྟེ། སྟོན་པ་མིག་མཛེས་ཀྱི་ཉན་ཐོས་བརྒྱ་ཕྲག་དུ་མ་


DKG002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྟོང་ཕྲག་དུ་མ་དང་། བརྒྱ་སྟོང་ཕྲག་དུ་མ་བྱུང་ངོ་། །སྟོན་པ་མིག་མཛེས་ཉན་ཐོས་རྣམས་ལ་ཆོས་སྟོན་པ་ནི་ཤིན་ཏུ་ཟད་པར་འགྱུར་བ་མ་ཡིན། ཤིན་ཏུ་དྲི་མ་མེད་པར་འགྱུར་བ་མ་ཡིན། ཤིན་དུ་ཚངས་པར་སྤྱོད་པ་ལ་གནས་པར་འགྱུར་བ་མ་ཡིན་ཏེ། ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པའི་བར་ཡིན་ནོ། །སྟོན་པ་མིག་མཛེས་ཀྱི་ཉན་ཐོས་ཐམས་ཅད་ཀྱི་ཐམས་ཅད་དུ་བསླབ་པ་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་དག་ནི་ཚངས་པའི་གནས་པ་བཞི་བསྒོམས་ནས་འདོད་པ་རྣམས་ལ་འདོད་པའི་འདུན་པ་སྤངས་ཏེ། དེ་ལ་ལན་མང་དུ་གནས་ཤིང་ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པར་སྐྱེས་སོ། །ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་པ་གང་ཡིན་པ་གང་དག་ཡིན་པ་དེ་ལས་ཁ་ཅིག་ནི་འཕྲུལ་དགར་རོ། །ཁ་ཅིག་ནི་དགའ་ལྡན་དུ་འོ། །ཁ་ཅིག་ནི་སུམ་བཅུ་རྩ་གསུམ་པ་དང་། རྒྱལ་ཆེན་བཞིའི་རིས་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་སྟོན་པ་མིག་མཛེས་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་ཉན་ཐོས་རྣམས་དང་ལྷན་ཅིག་འགྲོ་བ་མཉམ་པ་དང་། སྐྱེ་བ་མཉམ་པ་དང་། ཚེ་ཕྱི་མ་མཉམ་པ་ནི་འོས་པ་མ་ཡིན་གྱིས། མ་ལ་བདག་གིས་གོང་དུ་བསམ་གཏན་གཉིས་པ་བྱམས་པས་བསྒོམ་པར་བྱའོ་སྙམ་ནས། དེས་བསམ་གཏན་གཉིས་པ་བསྒོམས་པས་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་སྟོན་པ་མིག་མཛེས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་སྟོན་པ་མིག་མཛེས་ཞེས་བྱ་བ་ཕྱི་རོལ་པའི་མུ་སྟེགས་རྫུ་འཕྲུལ་དང་ལྡན་པ་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་དེ་ཡིན་པར་གྱུར་ཏོ། །ང་ཉིད་ཀྱི་ཉན་ཐོས་བརྒྱ་ཕྲག་དུ་མ་དང་། སྟོང་ཕྲག་དུ་མ་དང་། བརྒྱ་སྟོང་ཕྲག་དུ་མ་བྱུང་བར་གྱུར་པའི་ཉན་ཐོས་རྣམས་ལ་ང་ཉིད་ཀྱིས་ཤིན་ཏུ་ཟད་པར་


DKG002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མ་ཡིན། ཤིན་ཏུ་དྲི་མ་མེད་པར་འགྱུར་བ་མ་ཡིན། ཤིན་ཏུ་ཚངས་པར་སྤྱོད་པ་ལ་གནས་པར་འགྱུར་བ་མ་ཡིན་གྱི་ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པའི་བར་གྱི་ཆོས་བཤད་དོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། ངས་སེམས་ཅན་ལ་ཕན་པ་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་ལ་ཕན་པ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་སྟོན་པ་ལྐུགས་འཕྱེ་ཞེས་བྱ་བ་ཕྱི་རོལ་པའི་མུ་སྟེགས་རྫུ་འཕྲུལ་དང་ལྡན་པ། འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཞིག་བྱུང་བར་གྱུར་ཏེ། དེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་སློབ་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་སྟོན་པ་ལྐུགས་འཕྱེ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བྲམ་ཟེའི་ཁྱེའུ་འདི་རྣམས་ཀྱིས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་མ་བྱས་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། འདི་རྣམས་གཡང་གཞི་དང་། ཤིང་ཤུན་དང་། དབྱུག་གུ་དང་། རིལ་བ་སྤྱི་བླུགས་དང་། བླུགས་གཟར་གྱི་སྣོད་ལྷག་པ་འཆང་ཞིང་། ཚོད་རྔད་དང་། ཨུཏྤ་ལའི་རྩ་བ་སྦྱོར་བ་ལ་བརྩོན་པར་གནས་པ་ལས་གྱུར་ཏོ་སྙམ་མོ། །དེ་ནས་སྟོན་པ་ལྐུགས་འཕྱེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བྲམ་ཟེའི་ཁྱེའུ་རྣམས་ལ་ནན་ཐུར་ཞིག་མ་བྱས་ན་དབྲལ་བར་དཀའོ་སྙམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདུལ་བ་ལ་མཁས་པ་ནི་བླ་ན་མེད་པ་ཡིན་པས། དེ་ནས་སྟོན་པ་ལྐུགས་འཕྱེས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཟླ་བ་གསུམ་པོ་འདི་དག་ལ་ཁོ་བོ་ནང་དུ་ཡང་དག་འཇོག་འདོད་ཀྱིས། ཁོ་བོ་ལ་འབྲས་བུ་དང་རྩ་བ་སྟོབས་པའི་བྲམ་ཟེའི་ཁྱེའུ་གཅིག་དང་། གསོ་སྦྱོང་བཅྭ་ལྔ་


DKG002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་མ་གཏོགས་པར་བྲམ་ཟེའི་ཁྱེའུ་སུ་ཡང་མ་འོང་ཤིག །བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་ཀྱང་ཁྲིམས་སུ་བཅས་པ། བདག་ཅག་ལས་དབྱར་གྱི་ནང་ལོགས་སུ་རྩ་བ་དང་འབྲས་བུ་སྟོབས་པའི་བྲམ་ཟེའི་ཁྱེའུ་གཅིག་དང་། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་མ་གཏོགས་པར་བྲམ་ཟེའི་ཁྱེའུ་སུ་ཡང་མཁན་པོ་ལྟ་ཞིང་འགྲོ་བར་མི་བྱའོ། །བདག་ཅག་ལས་དབྱར་གྱི་ནང་ལོགས་སུ་རྩ་བ་དང་འབྲས་བུ་སྟོབས་པའི་བྲམ་ཟེའི་ཁྱེའུ་གཅིག་དང་། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་མ་གཏོགས་པར་གང་ཞིག་མཁན་པོ་ལྟ་ཞིང་སོང་བར་གྱུར་ན་དེ་ནི་བདག་ཅག་གིས་ཉེས་པ་ཅན་དུ་བརྩིའོ་ཞེས་བྱས་ནས། སྟོན་པ་ལྐུགས་འཕྱེ་ཟླ་བ་གསུམ་པོ་དེ་ལ་ནང་དུ་ཡང་དག་འཇོག་ལ་ཞུགས་པ་དང་། རྩ་བ་དང་འབྲས་བུ་སྟོབས་པའི་བྲམ་ཟེའི་ཁྱེའུ་གཅིག་དང་། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་མ་གཏོགས་པར་བྲམ་ཟེའི་ཁྱེའུ་སུ་ཡང་དེའི་དྲུང་དུ་མི་འགྲོའོ། །སྟོན་པ་ལྐུགས་འཕྱེས་རྒྱང་རིང་པོ་ཁོ་ན་ནས་རི་དགས་ཞིག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །རི་དགས་འོངས་པ་ལེགས་སོ་ཚུར། རི་དགས་ཁྱོད་དང་ཁོ་བོ་ནི་མཚུངས་ཏེ། ཁྱོད་ཀྱང་ཟས་ལྟོ་འགྲངས་ཙམ་གྱིས་ཆོག་ཅིང་ཀུན་དུ་ཆོག་ལ། ཁོ་བོ་ཡང་ལྟོ་འགྲངས་ཙམ་གྱིས་ཆོག་ཅིང་ཀུན་དུ་ཆོག་ན། འདི་ན་ཁ་ཅིག་ནི་དེ་ལྟ་མ་ཡིན་ཏེ། ཧ་ཀྱང་ཚོད་རྔད་དང་། ཨུཏྤ་ལའི་རྩ་བ་སྦྱོར་བ་ལ་བརྩོན་པར་གནས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་འདི་སྙམ་དུ་སེམས་ཏེ། གདོན་མི་ཟ་བར་མཁན་པོ་ནི་བརྟུལ་ཞུགས་རྫོགས་པར་གྱུར་ཏེ། འདི་ལྟར་མཁན་པོ་རི་དགས་དང་ལྷན་ཅིག་སྨྲ་བར་བྱེད་དོ་སྙམ་དུ་བསམས་ནས། སྟོན་པ་ལྐུགས་འཕྱེ་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། སྟོན་པའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་སྟོན་པ་ལྐུགས་འཕྱེ་ཅང་མི་སྨྲའོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་འདི་སྙམ་དུ་སེམས་ཏེ། གདོན་མི་ཟ་བར་མཁན་པོ་ནི་བརྟུལ་ཞུགས་རྫོགས་པར་གྱུར་ཏེ། འདི་


DKG002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མཁན་པོ་རི་དགས་དང་ལྷན་ཅིག་སྨྲ་བར་བྱེད་དོ་སྙམ་དུ་བསམས་ནས། སྟོན་པ་ལྐུགས་འཕྱེ་ནི་གང་གི་ཕྱིར་རི་དགས་དང་ལྷན་ཅིག་སྨྲ་བར་བྱེད་ཀྱི། མི་རྣམས་དང་ནི་མ་ཡིན་ནོ། །ཞེས་སྨྲས་ནས་སྟན་ལས་ལངས་ཏེ་དོང་ངོ་། དེ་ནས་རི་དགས་གྱི་བརྟུལ་ཞུགས་ཅན་ཞིག་སྟོན་པ་ལྐུགས་འཕྱེ་གང་ན་བ་དེར་སོང་བ་དང་། སྟོན་པ་ལྐུགས་འཕྱེས་རྒྱང་རིང་པོ་ཁོ་ན་ནས་རི་དགས་ཀྱི་བརྟུལ་ཞུགས་ཅན་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །རི་དགས་ཀྱི་བརྟུལ་ཞུགས་ཅན་ཁྱོད་འོངས་པ་ལེགས་སོ་ཚུར། ཁྱོད་དང་ཁོ་བོ་ནི་མཚུངས་ཏེ། ཁྱོད་ཀྱང་གཡང་གཞི་གཅིག་ཐོགས། ཁོ་བོ་ཡང་གཡང་གཞི་གཅིག་ཐོགས། ཁྱོད་ཀྱང་རིལ་བ་དང་། དབྱུག་གུ་དང་། བླུགས་གཟར་གྱི་སྣོད་རེ་རེ་ཐོགས། ཁོ་བོ་ཡང་རེ་རེ་ཐོགས། ཁྱོད་ཀྱང་བསོད་སྙོམས་ལྟོ་འགྲངས་ཙམ་གྱིས་ཆོག་ཅིང་ཀུན་དུ་ཆོག་ལ། ཁོ་བོ་ཡང་བསོད་སྙོམས་ལྟོ་འགྲངས་ཙམ་གྱིས་ཆོག་ཅིང་ཀུན་དུ་ཆོག་ན། འདི་ན་ཁ་ཅིག་ནི་དེ་ལྟ་མ་ཡིན་ཏེ། གཡང་གཞི་དང་། ཤིང་ཤུན་དང་། དབྱུག་གུ་དང་། རིལ་བ་དང་། བླུགས་གཟར་གྱི་སྣོད་ལྷག་པ་འཆང་ཞིང་། ཧ་ཅང་ཚོད་རྔད་དང་། ཁྲེ་རྒོད་དང་། ཨུཏྤ་ལའི་རྩ་བ་སྦྱོར་བ་ལ་བརྩོན་པར་གནས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཇི་ལྟར་མཁན་པོ་འདོད་ཆེན་ཆེ་བ་ལ་ནི་རྣམ་པར་སྨོད་ལ། འདོད་ཆེན་ཆུང་བ་ལ་བསྟོད་པས་དོན་གྱིས་ན་མཁན་པོས་བདག་ཅག་ལ་ནན་ཏུར་བྱས་ཀྱིས། མ་ལ་བདག་ཅག་གི་གཡང་གཞི་དང་། ཤིང་ཤུན་དང་། དབྱུག་གུ་དང་། རིལ་བ་དང་། བླུགས་གཟར་གྱི་སྣོད་ལྷག་པ་ཆུ་བོ་རྟག་འབབ་ཀྱི་ནང་དུ་བོར་ལ་མཁན་པོ་གང་ན་བ་དེར་འདོང་ངོ་ཞེས་དེ་རྣམས་ཀྱིས་གཡང་གཞི་དང་། ཤིང་ཤུན་དང་། དབྱུག་གུ་དང་། རིལ་བ་དང་། བླུགས་གཟར་གྱི་སྣོད་ལྷག་མ་རྣམས་ཆུ་བོ་རྟག་འབབ་ཀྱི་ནང་དུ་བོར་ནས་རྒྱུད་གཙང་བ་དང་། སྤྱོད་པ་གཞུང་བཞིན་དུ་བྱས་ནས་སྟོན་པ་ལྐུགས་འཕྱེ་གང་ན་བ་དེར་དོང་སྟེ་ལྷགས་པ་དང་།


DKG002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལྐུགས་འཕྱེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །སྟོན་པ་ལྐུགས་འཕྱེས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་ཁམས་དང་། རང་བཞིན་ཤེས་ནས། ཇི་ལྟར་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་གིས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་པ་དེ་ལྟ་བུའི་ཆོས་བཤད་པ་བྱས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྟོན་པ་ལྐུགས་འཕྱེ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་སེམས་ཅན་ལ་ཕན་པ་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པས་སེམས་ཅན་ལ་ཕན་པ་བྱས་པ་གང་ཡིན་པ་དེ་ཉོན་ཅིག ། རྒྱལ་པོ་ཆེན་པོ་སྔོན་བྱུང་བའི་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པར་གྱུར་ཏོ། །མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་འཛམ་བུའི་གླིང་འདི་ཉིད་འབྱོར་པར་གྱུར་ཅིང་ཞེས་བྱ་བ་རྒྱས་པར་ཇི་སྐད་ཆོས་ལྡན་གྱི་མདོ་ལས་འབྱུང་བ་ལྟ་བུའོ། །ཇི་ཙམ་ན་མི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་རྣམས་ལ་ལུས་ཀྱི་གནོད་པ་འདི་ལྟ་བུ་བྱུང་སྟེ། འདི་ལྟ་སྟེ་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། འདོད་པ་དང་། ཟ་བ་དང་རྒ་བའོ། །མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་རྒྱལ་པོ་བྱེད་ལྡན་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བྱེད་ལྡན་གྱི་སྐྱེད་མོས་ཚལ་གྱི་གནས་ན་ཤིང་ནཡ་གྲོ་དྷའི་རྒྱལ་པོ་ཤིན་ཏུ་རབ་གནས་ཞེས་བྱ་བ་ཞིག་ཡོད་དོ། །ཉ་གྲོ་དྷའི་རྒྱལ་པོ་ཤིན་ཏུ་རབ་གནས་ཀྱི་དྲུང་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེ་རྣམས་ཀྱི་གསང་ཚིག་ཀློག་ཏུ་འཇུག་གོ །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་གཅིག་པུ་དབེན་པར་སོང་ནས་སེམས་ལ་སེམས་ཀྱི་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། མི་རྣམས་ནི་ཚེ་ཐུང་ལ་ཚེ་ཕྱི་མར་འགྲོ་དགོས་ཏེ། སྐྱེས་པ་ལ་མི་འཆི་བ་མེད་པས་དགེ་བ་བྱ་ཞིང་ཚངས་པར་སྤྱོད་པ་སྤྱད་དགོས་ན། འོན་ཀྱང་ད་ལྟར་མི་འདི་དག་ནི་འདི་ལྟ་སྟེ་དོན་སྤྱད་པ་དང་། བསོད་ནམས་སྤྱད་པ་དང་དགེ་བ་སྤྱད་པ་ལ་སེམས་ལས་ཆུང་དུ་སེམས་ལས་ཆུང་ངུར་གནས་པར་བྱེད་ཀྱིས། མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་ལ་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་མོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་


DKG002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་རྩིབས་ཀྱི་མུ་ཁྱུད་ཀྱིས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག །འདི་ན་ཁོ་བོ་གཅིག་པུ་ཞེས་བྱ་བ་ནས་རབ་ཏུ་འབྱུང་ངོ་ཞེས་བྱ་བའི་བར་རྒྱས་བར་སྦྱར་རོ། །བྲམ་ཟེའི་ཁྱེའུ་དག་བདག་ནི་སྐྲ་དང་ཁ་སྤུ་བྲེགས་ཏེ་ཞེས་བྱ་བ་ནས་རབ་ཏུ་འབྱུང་ན་ཤེས་ལྡན་དག་ཅི་བྱེད། ཀྱེ་མཁན་པོ་བདག་ཅག་གིས་གང་ཅུང་ཟད་ཅི་འཚལ་བ་དེ་ཐམས་ཅད་ནི་ཤེས་ལྡན་མཁན་པོ་ལ་བརྟེན་ནས་ལགས་པས་གལ་ཏེ་ཤེས་ལྡན་མཁན་པོ་སྐྲ་དང་ཁ་སྤུ་བྲེགས་ཞེས་བྱ་བ་ནས་རབ་ཏུ་འབྱུང་ན་བདག་ཅག་ཀྱང་ཤེས་ལྡན་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་བགྱིའོ། །བྲམ་ཟེའི་ཁྱེའུ་དག་དེའི་དུས་ལ་དབབ་པར་ཤེས་པར་གྱིས་ཤིག །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་སྐྲ་དང་ཁ་སྤུ་བྲེགས་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང་ཞེས་བྱ་བའི་བར་དུ་སྟེ། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་རྣམས་ཀྱང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ངོ་། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་ཀྱིས་མྱ་ངན་ལས་འདའ་བར་མི་འགྱུར་བའི་སྒྲིབ་པ་ལྔ་སྤངས་ནས་ཞེས་བྱ་བ་ནས་རྒྱས་པར་བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་དང་། རྒྱས་པར་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་བར་དུ་


DKG002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་སྟེ། བཏང་སྙོམས་དང་ལྡན་པའི་སེམས་ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་ཀྱི་མིང་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བའི་མིང་གང་ཡིན་པ་ནུབ་པར་གྱུར་ཅིང་། སྟོན་པ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བར་གྲགས་སོ། །དེ་ནས་སྟོན་པ་རྩིབས་ཀྱི་མུ་ཁྱུད་ཀྱིས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་མི་རྣམས་ནི་ཚེ་ཐུང་བ། ཉོན་མོངས་པ། རིང་པོ་མི་ཐོགས་པ་ཡིན་ལ། དེ་ཡང་སྡུག་བསྔལ་དང་ལྡན་ནོ། །དཔེར་ན་རྩྭའི་རྩེ་མོ་ལ་ཆགས་པའི་ཟིལ་པ་ནི་ཉི་མ་ཤར་བའི་ཚེ་མྱུར་དུ་ལྟུང་ཞིང་རིང་པོར་མི་གནས་སོ། །བྲམ་ཟེའི་ཁྱེའུ་དག་དེ་བཞིན་དུ་མི་རྣམས་ཀྱི་ཚེ་ཡང་ཟིལ་པ་དང་འདྲ་བར་རིང་པོར་མི་ཐོགས་པ་ཉོན་མོངས་པ་ཡིན་ཡང་སྡུག་བསྔལ་དང་ལྡན་ནོ། །དཔེར་ན་ཆུ་ལ་རི་མོ་མཁན་གིས་རི་མོ་བྲིས་པ་ནི་མྱུར་དུ་འཇིག་ཅིང་རིང་པོར་མི་གནས་སོ། །བྲམ་ཟེའི་ཁྱེའུ་དག་དེ་བཞིན་དུ་མི་རྣམས་ཀྱི་ཚེ་ཡང་ཆུའི་རི་མོ་བཞིན་དུ་རིང་པོར་མི་གནས་པ་ཉོན་མོངས་པ་ཡིན་ལ་དེ་ཡང་སྡུག་བསྔལ་དང་ལྡན་ནོ། །དཔེར་ན་ཆུ་ལ་དབྱུག་པས་ཁྲམ་བཏབ་པ་ནི་མྱུར་དུ་འཇིག་ཅིང་རིང་པོར་མི་གནས་སོ། །དེ་བཞིན་དུ་ཚེ་ཡང་དབྱུག་པས་བྲིས་པ་ལྟ་བུ་ཡིན་ནོ། །དཔེར་ན་ཁོར་ཡུག་ཆུར་བོར་བ་ནི་མྱུར་དུ་འབྱིན་ཞིང་རིང་པོར་མི་གནས་སོ། །དེ་བཞིན་དུ་ཚེ་ཡང་ཁོར་ཡུག་ལྟ་བུ་ཡིན་ནོ། །དཔེར་ན་རྡོ་རྗེ་ཆུར་བོར་བ་ནི་མྱུར་དུ་འབྱིན་ཞིང་རིང་པོར་མི་གནས་སོ། །དེ་བཞིན་དུ་ཚེ་ཡང་རྡོ་རྗེ་ཆུར་བོར་བ་ལྟ་བུ་ཡིན་ནོ། །དཔེར་ན་དབྱུག་པ་གནམ་དུ་འཕངས་པ་ནི་མྱུར་དུ་ལྟུང་ཞིང་རིང་པོར་མི་གནས་སོ། །དེ་བཞིན་དུ་ཚེ་ཡང་དབྱུག་པ་གནམ་དུ་འཕངས་པ་ལྟ་བུ་ཡིན་ནོ། །དཔེར་ན་ཐགས་བཅས་པ་ཇི་ཙམ་བཏགས་པ་དེ་ཙམ་དུ་


DKG002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཏག་པར་བྱ་བ་རྟིང་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ་སྲོག་ཀྱང་བཏག་པར་བྱ་བ་རྟིང་ལ་ཐུག་པ་ལྟ་བུ་ཡིན་ནོ། །དཔེར་ན་གསད་པར་ཁྲིད་པའི་ཕྱུགས་ནི་གོམ་རེ་བོར་ཞིག་གསད་པ་ལ་ཉེ་བ་ཡིན་ནོ། །དེ་བཞིན་དུ་ཚེ་ཡང་གསད་པའི་ཕྱུགས་ལྟ་བུ་ཡིན་ནོ། །དཔེར་ན་གསད་པར་ཁྲིད་པའི་མ་ནི་གོམ་རེ་བོར་ཞིང་གསད་པ་ལ་ཉེ་བ་ཡིན་ནོ། །དེ་བཞིན་དུ་ཚེ་ཡང་གསད་པའི་མི་ལྟ་བུ་ཡིན་ནོ། །དཔེར་ན་ཤའི་ཁམ་ཚད་ཅིག་ཟངས་ཆུ་མང་པོའ་ནང་དུ་བཅུག་སྟེ་འོག་ནས་མེ་སྦར་ན་མྱུར་དུ་གོར་བར་འགྱུར་ཞིང་རིང་པོར་མི་གནས་སོ། །དེ་བཞིན་དུ་ཚེ་ཡང་ཤའི་ཁམ་ཚད་ལྟ་བུ་ཡིན་ནོ།། །།འདུལ་བ་གཞི། བམ་པོ་ལྔ་བཅུ་པ། དཔེར་ན་རི་ལས་འབབ་པའི་ཆུ་བོ་གཏིང་ཟབ་པ། ཤུགས་དྲག་པ། ཐག་རིང་པོར་འབབ་པ་ཤིག་རྩི་དེད་པར་བྱེད་པ་ནི་ཉིན་ཞག་དེ་དག་འདས་ཤིང་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་དག་འདས་ན་ཆུའི་གནས་པ་དང་འཇིག་པ་མི་མངོན་ནོ། །དེ་བཞིན་དུ་མི་རྣམས་ཀྱི་ཚེ་ཡང་ཆུ་བོའ་རྒྱུན་ལྟ་བུ་སྟེ། རིང་པོར་མི་ཐོགས་པ། ཉོམ་མོངས་པ་ཡིན་ལ་དེ་ཡང་སྡུག་བསྔལ་དང་ལྡན་ནོ། །བྲམ་ཟེའི་ཁྱེའུ་དག་བདག་ནི་བྱམས་པ་དང་ལྡན་པ་ཞེས་བྱ་བ་ནས། རྒྱས་པར་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཞེས་བྱ་བ་ནས་གནས་སོ་ཞེས་བྱ་བའི་བར་དུའོ། །བྲམ་ཟེའི་ཁྱེའུ་དག་ཚུར་ཁྱེད་ཀྱིས་ཀྱང་བྱམས་པ་དང་ལྡན་པའི་སེམས་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཀྱི་བར་གྱིས་གནས་པར་གྱིས་ཤིག །རྒྱལ་པོ་ཆེན་པོ་སྟོན་པ་རྩིབས་ཀྱི་མུ་ཁྱུད་དེ་དེ་ཙམ་དུ་ཚེ་རིང་། དེ་ཙམ་དུ་རིང་དུ་གནས། དེ་ཙམ་གྱིས་ཚེའི་མཐར་ཐུག་པ་ཡང་རེ་ཞིག་དགེ་སློང་དག་ལ་མི་རྣམས་ནི་ཚེ་ཐུང་བ། རིང་པོར་མི་ཐོགས་པ། ཉོན་མོངས་པ་ཡིན་ལ། དེ་ཡང་སྡུག་བསྔལ་དང་ལྡན་ནོ་ཞེས་བྱ་བ་དེ་ལྟ་བུའི་ཆོས་སྟོན་ཏོ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སྟོན་པ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་


DKG002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་སྟོན་པ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ངས་སེམས་ཅན་རྣམས་ལ་ཕན་པ་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །སྟོན་པ་མིག་མཛེས་ཇི་ལྟ་བ་བྲམ་ཟེའི་བུ་འཇོམས་བྱེད་དང་། གླང་པོ་སྐྱོང་ཡང་དེ་དང་འདྲའོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ན་ང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤེས་རབ་ཆེན་པོ་དང་སྤོབས་པ་ཆེན་པོར་གྱུར་ནས་སེམས་ཅན་ལ་ཕན་པ་བྱས་པ་གང་ཡིན་བ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་རྒྱལ་པོ་ཕྱོགས་བདག་ཅེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་ཕྱོགས་བདག་གི་བུ་གཞོན་ནུ་རྡུལ་ཕྲན་ཞེས་བྱ་བ་ཞིག་བྱུང་ངོ་། །རྒྱལ་པོ་ཕྱོགས་བདག་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་གནག་ལྷས་སྐྱེས་ཞེས་བྱ་ཞིག་ཡོད་དེ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་གནག་ལྷས་སྐྱེས་ཀྱི་བུ་བྲམ་ཟེའི་ཁྱེའུ་མེ་གསོ་ཞེས་བྱ་བ་མཁས་པ། གསལ་བ། ཡིད་གཞུངས་པ། གཞུང་དང་མཐུན་པར་དཔྱོད་པའི་ཤེས་རབ་དང་ལྡན་པ་ཞིག་ཡོད་དེ། འདི་ལྟར་དེའི་ཕ་བྲམ་ཟེ་གནག་ལྷས་སྐྱེས་ཞིང་ལས་ཀྱི་མཐའ་གང་ཡིན་པ་དེ་རྣམས་བྲམ་ཟེའི་ཁྱེའུ་མེ་གསོ་ལ་འདྲི་ཞིང་བྱེད་དོ། །དོན་དུ་བྱ་བའི་དོན་ངེས་པར་བརྟག་པ་གང་ཡིན་པ་དེ་རྣམས་ཀྱང་བྲམ་ཟེའི་ཁྱེའུ་མེ་གསོ་ལ་དྲིས་ནས་བྱེད་ཀྱི་མ་དྲིས་པར་ནི་མ་ཡིན་ནོ། །གཞོན་ནུ་རྡུལ་ཕྲན་དང་། རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་གི་གྲོགས་པོ་དང་། སྙིང་དུ་སྡུག་པ་དང་། ནེའུ་ཟླ་ཡང་ཡིན་ནོ། །གང་གི་ཚེ་རྒྱལ་པོ་ཕྱོགས་བདག་རྩེ་བར་འདོད་པའམ། དགའ་བར་འདོད་པའམ། དགའ་མགུར་སྤྱོད་འདོད་པར་གྱུར་པ་དེའི་ཚེ་དེས་དགོས་པ་


DKG002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། ལས་སུ་བྱ་བ་ཐམས་ཅད་བྲམ་ཟེ་གནག་ལྷས་སྐྱེས་ལ་སླར་བཏང་ནས་སྟེང་གི་ཁང་བཟངས་ཀྱི་གཞིལ་སྐྱེས་པ་མེད་པར་སོང་སྟེ་རོལ་མོ་རྣམས་ཀྱིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་གནག་ལྷས་སྐྱེས་ཤིའོ། །དེ་ཤི་བ་ན་རྒྱལ་པོ་ཕྱོགས་བདག་ཤིན་དུ་སྡུག་བསྔལ་ཞིང་ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་ནས། ཀྱི་ཧུད་བྲམ་ཟེ་གནག་ལྷས་སྐྱེས་ཤི་བས་བདག་ཆེ་ཐང་དུ་དམས་པར་གྱུར་ཏོ། །ཀྱི་ཧུད་བྲམ་ཟེ་གནག་ལྷས་སྐྱེས་ཤི་བས་བདག་ཤིན་དུ་ཆེ་ཐང་དུ་དམས་པར་གྱུར་ཏོ་ཞེས་ཟེར་རོ། །དེ་ནས་གཞོན་ནུ་རྡུལ་ཕྲན་རྒྱལ་པོ་ཕྱོགས་བདག་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་པོ་ཕྱོགས་བདག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཅིའི་སླད་དུ་བྲམ་ཟེ་གནག་ལྷས་སྐྱེས་གུམ་པས་ཤིན་དུ་སྡུག་བསྔལ་ཞིང་ཐུགས་ལ་གཅགས་པར་གྱུར་ཏེ་སྡུག་བསྔལ་ཞིང་ཐུགས་ལ་གཅགས་པའི་ཚོར་བ་ཉམས་སུ་མྱོང་བར་མཛད། གཞོན་ནུ་ཁོ་བོ་གང་གི་ཚེ་རྩེ་བར་འདོད་པའམ། དགའ་བར་འདོད་པའམ། དགའ་མགུར་སྤྱོད་འདོད་པར་གྱུར་པ་དེའི་ཚེ་ཁོ་བོའ་དགོས་པ་ཐམས་ཅད་དང་ལས་སུ་བྱ་བ་ཐམས་ཅད་བྲམ་ཟེ་གནག་ལྷས་སྐྱེས་ལ་སླར་བཏང་ནས་སྟེང་གི་ཁང་བཟངས་ཀྱི་གཞི་ན་སྐྱེས་པ་མེད་པར་སོང་ནས་རོལ་མོ་རྣམས་ཀྱིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །ད་ནི་ཁོ་བོ་འདི་སྙམ་དུ་སེམས་ཏེ། ཀྱི་ཧུད་བྲམ་ཟེ་གནག་ལྷས་སྐྱེས་ཤི་བས་བདག་ཚེ་ཐང་དུ་དམས་པར་གྱུར་ཏོ། །ཀྱི་ཧུད་བྲམ་ཟེ་གནག་ལྷས་སྐྱེས་ཤི་བས་བདག་ཤིན་ཏུ་ཚེ་ཐང་དུ་དམས་པར་གྱུར་ཏོ་སྙམ་མོ། །ལྷ་བྲམ་ཟེ་གནག་ལྟས་སྐྱེས་གུམ་པས་ཤིན་ཏུ་སྡུག་བསྔལ་ཞིང་ཐུགས་མི་དགྱེས་པར་གྱུར་ཏེ། སྡུག་བསྔལ་ཞིང་ཐུགས་མི་དགྱེས་པའི་ཚོར་བ་ཉམས་སུ་མྱོང་བར་མ་མཛད་ཅིག །དེ་ཅིའི་སླད་དུ་ཞེ་ན། ལྷ་བྲམ་ཟེ་གནག་ལྷས་སྐྱེས་ཀྱི་བུ་བྲམ་ཟེའི་ཁྱེའུ་མེ་གསོ་ཞེས་བགྱི་བ་མཁས་པ་གསལ་བ།


DKG002_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གཞུངས་པ། གཞུང་དང་མཐུན་པར་དཔྱོད་པའི་ཤེས་རབ་དང་ལྡན་པ་ཞིག་མཆིས་ཏེ། འདི་ལྟར་དེའི་ཕ་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་ལས་ཀྱི་མཐའ་བགྱིས་པ་གང་ལགས་པ་དེ་དག་ཀྱང་བྲམ་ཟེའི་ཁྱེའུ་མེ་གསོ་ལ་དྲིས་ནས་བགྱིས་ཀྱི་མ་དྲིས་པས་ནི་མ་ལགས་སོ། །དོན་དུ་བགྱི་བའི་དོན་ངེས་པར་བརྟག་པ་གང་ལགས་པ་དེ་དག་ཀྱང་བྲམ་ཟེའི་ཁྱེའུ་མེ་གསོ་ལ་དྲིས་ནས་བགྱིས་ཀྱི་མ་དྲིས་པར་ནི་མ་ལགས་སོ། །ལྷ་དེ་ལྟ་ལགས་པས་ཕ་གནག་ལྷས་སྐྱེས་ཀྱི་ལས་ཐབས་སུ་དབང་བསྐུར་དུ་གསོལ། །དེ་ནས་རྒྱལ་པོ་ཕྱོགས་བདག་གིས་བྲམ་ཟེའི་ཁྱེའུ་མེ་གསོ་ཕོ་ཉས་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ངས་དེང་ཕྱིན་ཆད་ནས་ཕ་གནག་ལྷས་སྐྱེས་ཀྱི་ལས་ཐབས་སུ་བཅུག་གོ །བཀའ་བཞིན་འཚལ་ཞེས་བྲམ་ཟེའི་ཁྱེའུ་མེ་གསོས་མཉན་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་མེ་གསོ་དེ་ཕ་བྲམ་ཟེ་གནག་ལྷས་སྐྱེས་བྱེད་བྱེད་པའི་ཞིང་བླས་ཀྱི་མཐའ་གང་ཡིན་པ་དེ་རྣམས་ཀྱང་བྱེད་དོ། །དེའི་ཕ་བྲམ་ཟེ་གནག་ལྷས་སྐྱེས་དོན་དུ་བྱ་བའི་དོན་ངེས་པར་རྟོག་རྟོག་པ་གང་ཡིན་པ་དེ་དག་ཀྱང་དེ་ངེས་པར་རྟོག་གོ །དེ་ནས་བྲམ་ཟེའི་ཁྱེའུ་མེ་གསོའ་མིང་བྲམ་ཟེའི་ཁྱེའུ་མེ་གསོ་ཞེས་བྱ་བ་གང་ཡིན་པ་དེ་ནུབ་པར་གྱུར་ཅིང་བྲམ་ཟེ་གནག་ལྷས་སྐྱེས་བྲམ་ཟེ་གནག་ལྷས་སྐྱེས་ཞེས་བྱ་བར་གྲགས་སོ། །དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་ཕོ་ཉས་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཚུར་ཁྱེད་གཞོན་ནུ་རྡུལ་ཕྲན་གང་ན་བ་དེར་དོང་ལ་ཕྱིན་པ་དང་། གཞོན་ནུ་རྡུལ་ཕྲན་ལ་རྒྱལ་བ་དང་། ཚེ་སྤེལ་བ་དག་བྱོས་ལ། གཞོན་ནུ་རྡུལ་ཕྲན་ལ་འདི་སྐད་ཅེས་ཇི་ལྟར་རྡུལ་ཕྲན་ཁྱོད་བདེ་ན་དེ་བཞིན་དུ་བདག་ཅག་ཀྱང་བདེ་ཞིང་། ཇི་ལྟར་རྡུལ་ཕྲན་ཁྱོད་སྡུག་བསྔལ་ན་དེ་བཞིན་དུ་བདག་ཅག་སྡུག་བསྔལ་བར་འགྱུར་ལ། རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་པོ་ནི་རྡུལ་ཕྲན་ཁྱོད་ཀྱི་གྲོགས་པོ་དང་། སྙིང་དུ་སྡུག་པ་དང་། ནེའུ་ཟླ་ཡིན་གྱིས། རྡུལ་ཕྲན་ཁྱོད་གལ་ཏེ་ཡབ་འདས་ནས་ཡབ་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་


DKG002_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ན། ཅི་ནས་ཀྱང་བདག་ཅག་ལ་ལོངས་སྤྱོད་དག་ལས་ལོངས་སྤྱོད་ཀྱི་བགོ་བཤའ་མཛོད་ཅེས་གྱིས་ཤིག །མཁན་པོ་བཀའ་བཞིན་འཚལ་ཞེས་རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་གིས་བྲམ་ཟེ་གནག་ལྷས་སྐྱེས་ལས་མཉན་ནས་གཞོན་ནུ་རྡུལ་ཕྲན་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། གཞོན་ནུ་རྡུལ་ཕྲན་ལ་རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ནས་གཞོན་ནུ་རྡུལ་ཕྲན་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་རྡུལ་ཕྲན་ཁྱོད་བདེ་ན་དེ་བཞིན་དུ་བདག་ཅག་བདེ་ཞིང་། ཇི་ལྟར་རྡུལ་ཕྲན་ཁྱོད་སྡུག་བསྔལ་ན་དེ་བཞིན་དུ་བདག་ཅག་སྡུག་བསྔལ་བར་འགྱུར་ལ། རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་ནི་རྡུལ་ཕྲན་ཁྱོད་ཀྱི་གྲོགས་པོ་དང་། སྙིང་དུ་སྡུག་པ་དང་། ནེའུ་ཟླ་ལགས་ཀྱིས། རྡུལ་ཕྲན་ཁྱོད་གལ་ཏེ་ཡབ་འདས་ནས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཞག་ན་ཅི་ནས་ཀྱང་བདག་ཅག་ལ་ལོངས་སྤྱོད་དག་ལས་ལོངས་སྤྱོད་ཀྱི་བགོ་བཤའ་མཛོད་ཅིག །དེ་བཞིན་དུ་བྱའོ་ཞེས་གཞོན་ནུ་རྡུལ་ཕྲན་གྱིས་མཉན་ཏོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཕྱོགས་བདག་དུས་ལས་འདས་ཏེ་ཤི་བར་གྱུར་ནས་བློན་པོའ་ཚོགས་རྣམས་དང་། སྣ་ཆེན་པོ་ལ་གཏོགས་པ་རྣམས་དང་། རྒྱལ་ཁྲིམས་འདོན་པ་རྣམས་དང་། གསང་ཚིག་གིས་ལྷན་ཅིག་འཚོ་བ་རྣམས་ཀྱིས་གཞོན་ནུ་རྡུལ་ཕྲན་ཕའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཞག་ཅིང་། དེ་རྒྱལ་སྲིད་ལ་དབང་བསྐུར་བའི་ཕྱིར་དབང་བསྐུར་རོ། །དེ་ནས་གཞོན་ནུ་རྡུལ་ཕྲན་གྱི་མིང་གཞོན་ནུ་རྡུལ་ཕྲན་ཞེས་བྱ་བ་གང་ཡིན་པ་དེ་ནུབ་ཅིང་། རྒྱལ་པོ་རྡུལ་ཕྲན་ཞེས་བྱ་བར་གྲགས་སོ། དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་ཕོ་ཉས་བཀུག་


DKG002_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཁྱེད་ཅག་རྒྱལ་པོ་རྡུལ་ཕྲན་གང་ན་བ་དེར་དོང་ལ་ཕྱིན་པ་དང་། རྒྱལ་པོ་རྡུལ་ཕྲན་ལ་རྒྱལ་བ་དང་ཚེ་སྤེལ་བདག་བྱོས་ལ་འདི་སྐད་ཅེས་ལྷ་ལྷ་གཞོན་ནུར་གྱུར་པ་ན་བདག་ཅག་སྤྱན་སྔར་མཆིས་ནས་འདི་སྐད་ཅེས་ཇི་ལྟར་རྡུལ་ཕྲན་ཁྱོད་བདེ་ན་དེ་བཞིན་དུ་བདག་ཅག་བདེ་ཞིང་། ཇི་ལྟར་རྡུལ་ཕྲན་ཁྱོད་སྡུག་བསྔལ་ན་དེ་བཞིན་དུ་བདག་ཅག་སྡུག་བསྔལ་བར་འགྱུར་ལ། རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་པོ་ནི་རྡུལ་ཕྲན་ཁྱོད་ཀྱི་གྲོགས་པོ་དང་། སྙིང་དུ་སྡུག་པ་དང་། ནེའུ་ཟླ་ལགས་ཀྱིས། རྡུལ་ཕྲན་ཁྱོད་གལ་ཏེ་ཡབ་འདས་ཏེ་ཡབ་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཞག་ན་ཅི་ནས་ཀྱང་བདག་ཅག་ལ་ལོངས་སྤྱོད་དག་ལས་ལོངས་སྤྱོད་ཀྱི་བགོ་བཤའ་མཛོད་ཅིག་ཅེས་གསོལ་པ་དགོངས་སམ་ཞེས་སྨྲོས་ཤིག །གལ་ཏེ་འདི་སྐད་ཅེས་ངས་དྲན་ནོ་ཟེར་ན། ལྷ་ད་ནི་དེའི་དུས་ལ་བབ་ལགས་སོ་ཞེས་སྨྲོས་ཤིག །འོན་ཏེ་དེ་འདི་སྐད་ཅེས་ས་ཆེན་པོ་ནང་ཡངས་ལ་ཕྱི་ཤིང་རྟའི་དབྱིབས་ལྟར་འདུག་པ་འདི་ཆ་བདུན་དུ་འགེད་པ་སུ་ཞིག་ཡོད་ཅེས་ཟེར་ན། ལྷ་གནག་ལྷས་སྐྱེས་མ་ལགས་པ་གཞན་ཡང་མ་མཆིས་སོ་ཞེས་སྨྲོས་ཤིག །མཁན་པོ་བཀའ་བཞིན་འཚལ་ཞེས་རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་གིས་བྲམ་ཟེ་གནག་ལྷས་སྐྱེས་ལས་མཉན་ནས། རྒྱལ་པོ་རྡུལ་ཕྲན་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། རྒྱལ་པོ་རྡུལ་ཕྲན་ལ་རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ནས་རྒྱལ་པོ་རྡུལ་ཕྲན་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ལྷ་སྔོན་གཞོན་ནུར་གྱུར་པ་ན་བདག་ཅག་སྤྱན་སྔར་མཆིས་ནས་འདི་སྐད་ཅེས་ཇི་ལྟར་རྡུལ་ཕྲན་ཁྱོད་བདེ་ན་དེ་བཞིན་དུ་བདག་ཅག་བདེ་ཞིང་། ཇི་ལྟར་རྡུལ་ཕྲན་ཁྱོད་སྡུག་བསྔལ་ན་དེ་བཞིན་དུ་བདག་ཅག་སྡུག་བསྔལ་བར་འགྱུར་ལ། བདག་ཅག་རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་པོ་ནི་རྡུལ་ཕྲན་ཁྱོད་ཀྱི་གྲོགས་པོ་དང་། སྙིང་དུ་སྡུག་པ་དང་། ནེའུ་ཟླ་ལགས་ཀྱིས། རྡུལ་ཕྲན་ཁྱོད་གལ་ཏེ་ཡབ་འདས་ཏེ་ཡབ་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཞག་ན་ཅི་ནས་ཀྱང་བདག་ཅག་ལ་ལོངས་སྤྱོད་དག་ལས་ལོངས་སྤྱོད་ཀྱི་བགོ་བཤའ་མཛོད་ཅིག་ཅེས་གསོལ་པ་དགོངས་ལགས་སམ། ཤེས་ལྡན་དག་ངས་དྲན་ནོ། །ལྷ་ད་ནི་དེའི་དུས་ལ་བབ་ལགས་སོ། །འོ་ན་ས་ཆེན་པོ་ནང་ཡངས་ལ་ཕྱི་ཤིང་རྟའི་དབྱིབས་ལྟར་


DKG002_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་འདི་ཆ་བདུན་དུ་འགེད་པ་སུ་ཞིག་ཡོད། ལྷ་གནག་ལྷས་སྐྱེས་མ་ལགས་པ་གཞན་མ་མཆིས་སོ། །དེ་ནས་རྒྱལ་པོ་རྡུལ་ཕྲན་གྱིས་བྲམ་ཟེ་གནག་ལྷས་སྐྱེས་ཕོ་ཉས་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །མཁན་པོ་ཁྱོད་ཀྱིས་ས་ཆེན་པོ་འདི་ནང་ཡངས་ལ་ཕྱི་ཤིང་རྟའི་དབྱིབས་ལྟར་འདུག་པ་འདི་ཆ་བདུན་དུ་འགེད་ནུས་སམ། ལྷ་ལེགས་པར་རྔོ་ཐོག་གོ །དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་རྒྱལ་པོ་རྡུལ་ཕྲན་ལས་མཉན་ནས་དཀྱིལ་དང་དཀྱིལ་ན་ཡུལ་འཁོར་བུ་ཆུང་དང་འཁོར་བུ་ཆུང་ཡོད་པ་གང་ཡིན་པ་དེ་དག་རྒྱལ་པོ་རྡུལ་ཕྲན་གྱི་རིས་སུ་བཅད་པ་དང་། དེས་རྒྱལ་པོ་རྡུལ་ཕྲན་ཡི་རངས་པར་གྱུར་ཏོ། །བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་ཁོ་བོའ་རིས་ཇི་ལྟ་བུ་ཞིག་ཏུ་བཅད་ན། ད་ལྷ་དཔེར་ན་མཁས་པ་གསལ་བ་བྱེ་བྲག་ཤེས་པས་བྱས་པ་ལྟ་བུར་གྱུར་ཏེ་ཞེས་ཡི་རངས་པ་ཡང་གོ་བར་བྱས་སོ། །ཡུལ་འཁོར་བུ་ཆུང་གཞན་གང་དག་ཡིན་པ་དེ་དག་རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་གི་རིས་སུ་བཅད་པ་དང་། དེས་རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་ཀྱང་ཡི་རངས་པར་གྱུར་ཏེ། བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་ཇི་ལྟ་བུ་ཞིག་ཏུ་བགོས་ན། ཇི་ལྟར་མཁས་པ་གསལ་བ་བྱེ་བྲག་ཤེས་པས་བྱས་པ་བཞིན་དུ་ཁོ་བོ་ཅག་གིས་ཡུན་རིང་པོ་ནས་བསམས་བསམས་པའི་ཡུལ་དེ་དག་ད་ཁོ་བོ་ཅག་གི་རིས་སུ་བཅད་ཅེས་ཡི་རངས་པ་ཡང་གོ་བར་བྱས་སོ། །དེ་ནས་རྒྱལ་པོའ་ཞམ་རིང་རྒྱལ་རིགས་དྲུག་གིས་བྲམ་ཟེ་གནག་ལྷས་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་རྒྱལ་པོ་རྡུལ་ཕྲན་ལ་ཇི་ལྟར་རྗེས་སུ་སྟོན་པ་དེ་བཞིན་དུ་དེང་སླན་ཆད་བདག་ཅག་ལ་ཡང་ཁྱོད་ཀྱིས་རྗེས་སུ་བསྟན་པར་དགོངས་སུ་གསོལ། དེ་བཞིན་དུ་བྱའོ་ཞེས་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་མཉན་ཏོ། །དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་རྒྱལ་བོ་རྡུལ་ཕྲན་དང་། རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། ཐབས་རིར་བབ་པའི་ཆུང་མ་བཞི་བཅུ་ལ་རྗེས་སུ་སྟོན་ཏོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་གོ །འདུལ་སྦྱོང་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་


DKG002_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རལ་གྲི་འཛིན་སྟངས་མཁན་དང་། གཞུ་འཛིན་པ་དང་། ཞ་འབྲིང་བྱེད་པ་དང་། གོ་རེ་ལོང་བྱེད་པ་དང་། བྲོག་ལེན་པ་དང་། རྒྱལ་པོའ་བུ་རྟུལ་ཕོད་པ་དཔའ་བ་རབ་གནོན་ཚན་པོ་ཆེ་དང་ལྡན་པ་རྣམས་དང་། སེམས་སྲུང་བ་དང་། སྐྲ་མཁན་དང་། ཁྲུས་བྱེད་པ་དུ་མ་ལ་ཡང་རྗེས་སུ་སྟོན་པར་བྱེད་དོ། །དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་ཀྱི་མིང་བྲམ་ཟེ་གནག་ལྷས་སྐྱེས་ཞེས་བྱ་བའི་མིང་གང་ཡིན་པ་དེ་ནུབ་པར་གྱུར་ཅིང་། བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཞེས་བྱ་བར་གྲགས་སོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་བྲམ་ཟེ་རྣམས་ཀྱིས་ནི་ཚངས་པར་བཀུར་རོ། །རྒྱལ་པོས་ནི་ལྷར་བཀུར་རོ། །གྲོང་མི་དང་ཡུལ་མི་རྣམས་ཀྱིས་ནི་རྒྱལ་པོར་བཀུར་རོ། །བྲམ་ཟེ་རྣམས་ཀྱིས་ནི་འདི་སྙམ་དུ་ཤེས་ཏེ། བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་ཚངས་པའི་ལམ་མཐོང་སྟེ། ཚངས་པའི་ལམ་ཤེས་ཤིང་མཐོང་ནས་མཐའ་དག་རྫོགས་པར་བྱས་ཏེ་གནས་སོ་སྙམ་མོ། །རྒྱལ་པོ་དང་། གྲོང་མི་དང་། ཡུལ་མི་རྣམས་ཀྱིས་ཀྱང་འདི་སྙམ་དུ་ཤེས་ཏེ། བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་ཚངས་པའི་ལམ་ཤེས་ཤིང་། ཚངས་པའི་ལམ་མཐོང་སྟེ། ཚངས་པའི་ལམ་ཤེས་ཤིང་མཐོང་ནས་མཐའ་དག་རྫོགས་པར་བྱས་ཏེ་གནས་སོ་སྙམ་མོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་འདི་སྙམ་དུ་སེམས་ཏེ། བདག་ད་ལྟར་བྲམ་ཟེ་རྣམས་ཀྱིས་ནི་ཚངས་པར་བཀུར། རྒྱལ་པོས་ནི་ལྷར་བཀུར། གྲོང་མི་དང་ཡུལ་མི་རྣས་ཀྱིས་ནི་རྒྱལ་པོ་བཀུར། བྲམ་ཟེ་རྣམས་ནི་འདི་སྙམ་དུ་ཤེས་ཏེ། བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་ཚངས་པའི་ལམ་མཐོང་སྟེ། ཚངས་པའི་ལམ་ཤེས་ཤིང་མཐོང་ནས་མཐའ་དག་རྫོགས་པར་བྱས་ཏེ་གནས་སོ་སྙམ་མོ། །རྒྱལ་པོ་དང་། གྲོང་མི་དང་། ཡུལ་མི་རྣམས་ཀྱིས་ཀྱང་འདི་སྙམ་དུ་ཤེས་ཏེ། བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ནི་ཚངས་པའི་ལམ་ཤེས་ཤིང་ཚངས་པའི་ལམ་མཐོང་སྟེ། ཚངས་པའི་ལམ་ཤེས་ཤིང་མཐོང་ནས་མཐའ་དག་རྫོགས་པར་བྱས་ཏེ་གནས་སོ་སྙམ་མོ། །བདག་གིས་ནི་ཚངས་པའི་ལམ་ཡང་མི་ཤེས། བདག་ནི་ཚངས་པའི་ལམ་ཤེས་ཤིང་མཐོང་ནས་མཐའ་དག་རྫོགས་པར་བྱས་ཏེ་


DKG002_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡང་མ་ཡིན་ན། བདག་གིས་བདག་གི་ཕ་བྲམ་ཟེ་གནག་ལྷས་སྐྱེས་ལས་བྲམ་ཟེ་གང་ཞིག་དབྱར་ཟླ་བ་བཞི་པོ་དག་ལ་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་ན་དེའི་དྲུང་དུ་ཚངས་པ་འོང་བར་འགྱུར་རོ་ཞེས་ཐོས་ཀྱིས། མ་ལ་བདག་གིས་དབྱར་ཟླ་བ་བཞི་དག་ལ་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་པར་བྱའོ་སྙམ་མོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་རྒྱལ་པོ་རྡུལ་ཕྲན་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་རེ་ཞིག་རྗེས་སུ་སྟོན་པ་གཞན་ཞིག་བཙལ་དུ་གསོལ། བདག་ནི་དབྱར་ཟླ་བ་བཞི་པོ་དག་ལ་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་པར་འཚལ་ལོ། །མཁན་པོ་དག་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག །རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། ཐབས་རིར་བབ་པའི་ཆུང་མ་བཞི་བཅུ་ལ་སྨྲས་པ། ཤེས་ལྡན་དག་རེ་ཞིག་མ་གཡེང་བར་བག་ཡོད་པར་ཁྱིམ་ན་འཁོད་ཅིག །བདག་ནི་དབྱར་གྱི་ཟླ་བ་བཞི་པོ་དག་ལ་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་པར་འདོད་དོ། །རྗེའི་སྲས་ད་དེའི་དུས་ལ་བབ་ལགས་སོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དག་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་རེ་ཞིག་ཇི་སྐད་ཐོས་པ་དང་། ཇི་སྐད་བསྟན་པ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པའི་རིག་པ་དག་ཟུང་ཤིག །ལྷོགས་ཤིག །བདག་ནི་དབྱར་ཟླ་བ་བཞི་པོ་དག་ལ་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་བར་འདོད་དོ། །མཁན་པོ་ད་དེའི་དུས་ལ་བབ་ལགས་སོ། །འདུལ་སྦྱོང་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟ་པ་དང་། རལ་གྲི་འཛིན་སྟངས་མཁན་དང་། གཞུ་འཛིན་པ་དང་། ཞབས་འབྲིང་བྱེད་པ་དང་། གོ་རེ་ལོང་བྱེད་པ་དང་། བྲོ་གར་ལེན་པ་དང་། རྒྱལ་པོའ་བུ་རྟུལ་ཕོད་པ་དཔའ་བ་རབ་གནོན་ཚན་པོ་ཆེ་དང་ལྡན་པ་རྣམས་དང་། སེམས་སྲུང་བ་དང་། སྐྲ་མཁན་དང་། ཁྲུས་བྱེད་པ་དུ་མ་ལ་སྨྲས་པ། ཤེས་ལྡན་དག་རེ་ཞིག་རྗེས་སུ་སྟོན་པ་གཞན་ཚོལ་ཅིག །ཁོ་བོ་ནི་དབྱར་ཟླ་བ་བཞི་པོ་དག་ལ་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་པར་


DKG002_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ། །མཁན་པོ་ད་དེའི་དུས་ལ་བབ་ལགས་སོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཁང་བཟངས་ཤིག་བརྩིགས་ནས། དབྱར་ཟླ་བ་བཞི་པོ་དག་ལ་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་པ་ལས་དེའི་དྲུང་དུ་ཚངས་པ་མ་འོངས་སོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་དབྱར་གྱི་ཟླ་བ་བཞིར་ཞག་གཅིག་གིས་མ་ལོན་པ་དང་འདི་སྙམ་དུ་སེམས་ཏེ། བདག་གི་ཕ་བྲམ་ཟེ་གནག་ལྷས་སྐྱེས་ལས་དབྱར་ཟླ་བ་བཞི་པོ་དག་ལ་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་ན། དེའི་དྲུང་དུ་ཚངས་པ་འོང་བར་འགྱུར་རོ་ཞེས་ཐོས་ན་བདག་གི་དྲུང་དུ་ནི་ཚངས་པ་མ་འོངས་སོ་སྙམ་མོ། །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱི་བསམ་པ་སེམས་ཀྱིས་ཤེས་ནས། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་ཙམ་གྱིས་ཚངས་པ་མི་མཇེད་ཀྱི་བདག་པོ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཅིང་། བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱི་ཁང་བཟངས་སུ་འོངས་སོ། །དེའི་ཚེ་ཚངས་པ་མི་མཇེད་ཀྱི་བདག་པོའ་ཁ་དོག་གི་མཐུས་ཁང་བཟངས་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་ནམ་གྱི་ཆ་སྨད་ལ་བབ་པ་དང་། ཁང་བཟངས་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་པ་མཐོང་ངོ་། །མཐོང་ནས་ཀྱང་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། འདི་འདྲ་བ་ཡི་ཁ་དོག་ནི། །བདག་གིས་མ་མཐོང་མ་ཐོས་ན། །གཟུགས་བཟང་ཁ་དོག་ལྡན་པ་ཡི། ། གྲོགས་པོ་ཁྱོད་ནི་སུ་ཞིག་ཡིན། །གང་ལ་ལྷར་བཅས་ཚངས་རིས་དང་། །དེ་བཞིན་རིས་ནི་གཞན་དག་གིས། །གཞོན་ནུར་རབ་ཤེས་དེ་ལྟ་བུར། །གནག་ལྷས་སྐྱེས་ཀྱིས་ང་ཤེས་བྱོས། །ཚངས་པ་ཁྱོད་ལ་འདུད་བགྱིད་ཅིང་། །བཀུར་སྟི་ཡང་ནི་བགྱིད་ལགས་ཀྱིས། །བདག་གི་ཚིག་རྣམས་གསན་མཛོད་ལ། །མྱུར་དུ་གནང་བར་མཛད་དུ་གསོལ། །གནག་ལྷས་སྐྱེས་པ་ཁྱོད་ཀྱིས་ནི། །སྨྲས་པའི་ཚིག་དེ་གཟུང་བར་བྱས། །ཚེ་འདིའི་དོན་ནི་གང་ཡིན་དང་། །ཕྱི་མའི་དོན་ནི་གང་ཡིན་པ། །ཡིད་ལ་བསམས་པ་དེ་དག་ནི། །བྲམ་ཟེ་ང་ལ་དྲིས་ཤིག་དང་། །དྲིས་


DKG002_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་དང་དེ་དག་ནི། །ང་ཡིས་ཁྱོད་ལ་གཏན་ལ་དབབ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་འདི་སྙམ་དུ་སེམས་ཏེ། རེ་ཞིག་བདག་གིས་མཐོང་བའི་ཆོས་ཀྱི་དོན་གྱིས་ཐོབ་པར་བྱ་བ་གང་ཡིན་པ་དེ་ནི་བདག་གིས་ཐོབ་ཀྱིས། མ་ལ་བདག་གིས་ཚེ་ཕྱི་མའི་དོན་ལས་བརྩམས་ཏེ་དྲི་བར་བྱའོ་སྙམ་ནས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། བློ་ལ་བསྡོགས་པའི་ཡིད་གཉིས་ཐེ་ཚོམ་དག །ཚངས་པ་ཀུན་བགེད་གཞོན་ནུ་ལ་འདྲི་བ། །གང་དུ་གནས་ཤིང་གང་ལ་བསླབ་བྱས་ན། །ཚངས་པའི་འཇིག་རྟེན་མི་འཆི་འཐོབ་པར་འགྱུར། །བྲམ་ཟེ་མི་ཡི་ནང་ན་ངའོ་སྙམ་སྤངས་ཤིང་། །གཅིག་པུར་གྱུར་པ་སྙིང་རྗེར་མོས་པ་དང་། །དྲི་ང་མེད་ཅིང་འཁྲིག་ལས་ཆགས་བྲལ་བ། །འདི་ལ་གནས་ཤིང་འདི་ཉིད་ལ་བསླབས་ནས། །མི་ཡིས་ཚངས་པའི་འཇིག་རྟེན་འཆི་མེད་འཐོབ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་འདི་སྙམ་དུ་སེམས་ཏེ། ཚངས་པས་བཤད་པ། བྲམ་ཟེ་མི་ཡི་ནང་ན་ངའོ་སྙམ་སྤངས་ཤིང་། །ཞེས་བྱ་བ་འདིའི་དོན་ཡང་བདག་གིས་ཀུན་ཤེས། ཚངས་པས་བཤད་པ། གཅིག་པུར་གྱུར་པ་སྙིང་རྗེར་མོས་པ་དང་། །ཞེས་བྱ་བ་འདིའི་དོན་ཡང་བདག་གིས་ཀུན་ཤེས་ན། ཚངས་པས་བཤད་པ། དྲི་ང་མེད་ཅིང་འཁྲིག་ལས་ཆགས་བྲལ་བ། །ཞེས་བྱ་བ་འདིའི་དོན་བདག་གིས་མི་ཤེས་སོ་སྙམ་དུ་བསམས་ནས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཚངས་པ་མིའི་ནང་དྲི་ང་གང་ཞིག་ལགས། །འཇིག་རྟེན་ཀུན་ནི་དོགས་ཀྱིས་འབབ་ཆུ་ལྟར། །གང་གིས་བསྒྲིབས་ན་ངན་སོང་སྒྲིབ་པ་ཅན། །ཚངས་པ་འཐོབ་འགྱུར་ལམ་ནི་མི་ཤེས་པའོ། །ཁྲོ་དང་བརྫུན་དང་ཁོན་དང་རྣམ་འཚེ་དང་། །འཇུངས་དང་མངོན་པའི་ང་རྒྱལ་མི་བཟོད་དང་། །ཆགས་དང་ཞེ་སྡང་དེ་བཞིན་གཏི་མུག་དང་། །ཕྲག་དོག་སེར་སྣ་དག་དང་འཚིག་པ་སྟེ། །དེ་དག་བྲམ་ཟེ་མིའི་ནང་དྲིང་ཡིན། །འཇིག་རྟེན་ཀུན་ན་དོགས་ཀྱིས་འབབ་ཆུ་ལྟར། །དེ་ཡིས་བསྒྲིབས་ན་ངན་སོང་སྒྲིབ་པ་ཅན། །ཚངས་པ་འཐོབ་འགྱུར་ལམ་ནི་མི་ཤེས་སོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་འདི་སྙམ་དུ་སེམས་ཏེ། ཇི་སྐད་དུ་བདག་གིས་ཚངས་པས་སྨྲས་པའི་དོན་ཤེས་པ་ལྟར་ན། ཁྱིམ་པ་ཁྱིམ་ན་གནས་པས་ཇི་


DKG002_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་འཚོ་བའི་བར་དུ་ཚངས་པར་སྤྱོད་པ་སལ་གྱིས་དག་པ། མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་རྣམ་པར་བྱུང་བ་སྤྱད་པ་འདི་ནི་སླ་བ་མ་ཡིན་པས་མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་མོ། །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱི་བསམ་པ་སེམས་ཀྱིས་ཤེས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཚངས་པར་སྐྱེ་བར་བྱ་བའི་ཕྱིར། །འདི་ལ་འབད་པ་བརྟན་པར་གྱིས། །ཆོས་འདི་དག་པ་གཡུང་དྲུང་ཡིན། །ཞེས་སྨྲས་ནས་ཚངས་པ་མི་མཇེད་ཀྱི་བདག་པོ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དབྱར་ཟླ་བ་བཞི་པོ་དག་འདས་ནས་རྒྱལ་པོ་རྡུལ་ཕྲན་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། རྒྱལ་པོ་རྡུལ་ཕྲན་ལ་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ས་བདག་རྒྱལ་ཆེན་རྡུལ་ཕྲན་ཁྱོད། །བདག་གི་ཚིག་ནི་གསན་པར་མཛོད། །གནག་ལྷས་སྐྱེས་བདག་མི་སྤྲོ་ཡིས། །རྒྱལ་སྲིད་ཉིད་ཀྱིས་བསྐྱང་དུ་གསོལ། །དེ་ནས་རྒྱལ་པོ་རྡུལ་ཕྲན་གྱིས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱི་འདོད་པ་མི་ཆོག་པ། །གང་ཡིན་དེ་ཡང་ཁྱོད་ལ་བསྐང་། །ཁྱོད་ལ་འཚེ་བ་དེ་བསད་ཀྱིས། །གནག་ལྷས་སྐྱེས་ཀྱིས་བདག་མ་སྤང་། །རྒྱལ་པོ་བདག་འདོད་མི་ཆོག་མིན། །བདག་ལ་འཚེ་བའང་མ་མཆིས་ཏེ། །མི་མ་ཡིན་པའི་ཚིག་ཐོས་ནས། །ཁྱིམ་གྱི་གཞི་ལ་མི་སྤྲོའོ། །གང་ལས་ཐོས་ནས་བྲམ་ཟེ་ཁྱོད། །འདིར་ནི་བདག་དང་འདོད་སྤོང་བ། །མི་མ་ཡིན་པ་དེ་ཅི་འདྲ། །དྲི་ཡིས་དེ་ནི་བདག་ལ་སྨྲོས། །སྙིང་རྗེ་ཡི་ནི་གནས་པ་ཡིས། །རབ་དབེན་བསམ་གཏན་བྱེད་པ་ན། །དེ་ནས་ཚངས་པ་མདུན་དུ་འོངས། །ཐ་དད་ཕྱོགས་ནི་སྣང་བར་བྱས། །བདག་གིས་དེ་ཡི་ཚིག་ཐོས་ནས། །ཁྱིམ་གྱི་གཞི་ལ་མི་སྤྲོའོ། །བྲམ་ཟེ་གང་དུ་འགྲོ་བ་དེར། །ཁོ་བོ་ཡང་ནི་འགྲོ་བྱ་ཞིང་། །ཁྱོད་ཀྱི་ཉན་ཐོས་འགྱུར་བར་བགྱིས། །གནག་ལྷས་སྐྱེས་ཁྱོད་སྟོན་པ་མཛོད། །གང་ལ་སོ་སོའ་སྐྱེ་བོ་


DKG002_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཆགས་པའི་འདོད་པ་དེ་དག་སྤོངས། །འདོད་པ་རྣམས་ལ་མི་ལྟ་ཞིང་། །བདེན་པའི་ཆོས་ལ་གནས་པར་མཛོད། །ཚངས་པར་སྐྱེ་བར་བགྱི་སླད་དུ། །ནོར་བུ་དག་པ་བཻ་ཌཱུ། །ཇི་ལྟར་མ་བཅོས་དྲི་མེད་ལྟའི། །ཚངས་པར་སྤྱོད་པ་སྤྱད་བར་བགྱི། །མཁན་པོ་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་རྣམས་ལ་སྨྲས་པ། ཤེས་ལྡན་དག་བདག་ནི་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ན་ཤེས་ལྡན་དག་ཅི་བྱེད། མཁན་པོ་ལོ་བདུན་དུ་གཞེས་ཤིག་དང་། ལོ་བདུན་འདས་ནས་བདག་ཅག་བུ་དང་། སྤུན་དང་། གཞན་དག་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཀོད་ནས་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་ངོ་། །ཤེས་ལྡན་དག་ལོ་བདུན་ལྟ་ཧ་ཅང་ཡང་ཐོགས་ཆེས་སོ། །གཞན་ཡང་འདོད་པ་རྣམས་ནི་ཆགས་པར་འགྱུར་བ། ལོངས་སྤྱོད་རྣམས་ནི་མྱོས་པར་འགྱུར་བ། སྲོག་འཆད་པ་ནི་ཤེས་པར་དཀའ་བ་ཡིན་པས་ལོ་བདུན་འདས་ན་ཡང་ཤེས་ལྡན་དག་རབ་ཏུ་འབྱུང་ངམ་མི་འབྱུང་གཏོལ་མེད་པས་རེ་ཞིག་ཁོ་བོ་རབ་ཏུ་འབྱུང་ངོ་། །མཁན་པོ་ལོ་དྲུག་གམ། ལྔ་འམ། བཞི་འམ། གསུམ་མམ། གཉིས་སམ། གཅིག་གམ། ཟླ་བ་བདུན་ནམ། དྲུག་གམ། ལྔ་འམ། བཞི་འམ། གསུམ་མམ། གཉིས་སམ། གཅིག་གམ། ཞག་བདུན་ཞིག་གཞེས་ཤིག་དང་། ཞག་བདུན་འདས་ནས་བདག་ཅག་བུ་དང་། སྤུན་དང་། གཞན་དག་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཀོད་ནས་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་བགྱིའོ། །ཤེས་ལྡན་དག་ཞག་བདུན་ལྟ་རིང་པོ་ཡང་མི་ཐོགས་ན། འོན་ཀྱང་འདོད་པ་རྣམས་ནི་ཆགས་པར་འགྱུར་བ། ལོངས་སྤྱོད་རྣམས་ནི་རྒྱགས་པར་འགྱུར་བ། སྲོག་འཆད་པ་ཤེས་པར་དཀའ་བ་ཡིན་པས་ཞག་བདུན་འདས་ན་ཡང་ཤེས་ལྡན་དག་རབ་ཏུ་འབྱུང་ངམ་མི་འབྱུང་གཏོལ་མེད་པས་རེ་ཞིག་བདག་རབ་ཏུ་འབྱུང་ངོ་། །མཁན་པོ་ད་དེའི་དུས་མཁྱེན་པར་མཛོད་ཅིག །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་


DKG002_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྟ་བུ་བདུན་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། ཐབས་རིར་བབ་པའི་ཆུང་མ་བཞི་བཅུ་ལ་སྨྲས་པ། ཤེས་ལྡན་དག་བདག་ནི་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ན་ཤེས་ལྡན་དག་ཅི་བྱེད་རྗེའི་སྲས་བདག་ཅག་བཙུན་མོ་བགྱི་བའི་དུས་ན་ནི་བཙུན་མོ། གྲོགས་བགྱི་བའི་དུས་ན་ནི་གྲོགས་ལགས་པས་རྗེའི་སྲས་གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ན། རྗེའི་སྲས་རབ་ཏུ་བྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་འབྱུང་བར་བགྱིའོ། །ཤེས་ལྡན་དག་ད་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་སྨྲས་པ། ཤེས་ལྡན་དག་བདག་ནི་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ན་ཤེས་ལྡན་དག་ཅི་བྱེད། མཁན་པོ་བདག་ཅག་གང་ཅུང་ཟད་ཅི་འཚལ་བ་དེ་ཐམས་ཅད་ནི་མཁན་པོ་ལས་བརྟེན་ཏེ་ལགས་ཀྱིས། གལ་ཏེ་མཁན་པོ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ན། མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་འབྱུང་བར་བགྱིའོ། །ཤེས་ལྡན་དག་ད་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །འདུལ་སྦྱོང་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟ་པ་དང་། རལ་གྲིའི་འཛིན་སྟངས་མཁན་དང་། གཞུ་འཛིན་པ་དང་། ཞབས་འབྲིང་བྱེད་པ་དང་། གོ་རེ་ལོང་བྱེད་པ་དང་། བྲོ་གར་ལེན་པ་དང་། རྒྱལ་པོའ་བུ་དཔའ་བ་རྟུལ་ཕོད་པ་རབ་གནོན་ཚན་པོ་ཆེ་དང་ལྡན་པ་རྣམས་དང་། སེམས་སྲུང་བ་དང་། སྐྲ་མཁན་དང་། ཁྲུས་བྱེད་པ་དུ་མ་ལ་སྨྲས་པ། ཤེས་ལྡན་དག་བདག་ནི་ཞེས་བྱ་བ་ནས། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། མཁན་པོ་རབ་ཏུ་འབྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་འབྱུང་བར་བགྱིའོ། །ཤེས་ལྡན་དག་དེའི་དུས་ལ་ད་བབ་པར་ཤེས་པར་གྱིས་ཤིག །


DKG002_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་སྐྲ་དང་། ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །རྒྱལ་པོ་རྡུལ་ཕྲན་ཡང་འཁོར་བརྒྱ་ཕྲག་དུ་མ་དང་། འཁོར་སྟོང་ཕྲག་དུ་མ་དང་། འཁོར་བརྒྱ་སྟོང་ཕྲག་དུ་མ་དང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ངོ་། །རྒྱལ་པོའ་འཁོར་རྒྱལ་རིགས་དྲུག་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། ཐབས་རིར་བབ་པའི་ཆུང་མ་བཞི་བཅུ་ཡང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ངོ་། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ཡང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ངོ་། །གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟ་པ་དང་། རལ་གྲི་འཛིན་སྟངས་པ་དང་། གཞུ་འཛིན་པ་དང་། ཞབས་འབྲིང་བྱེད་པ་དང་། གོ་རེ་ལོང་བྱེད་པ་དང་། བྲོ་གར་ལེན་པ་དང་། རྒྱལ་པོའ་བུ་དཔའ་བརྟུལ་ཕོད་པ་རབ་གནོན་ཚན་པོ་ཆེ་དང་ལྡན་པ་རྣམས་དང་། སེམས་སྲུང་བ་དང་། སྐྲ་མཁན་དང་། ཁྲུས་བྱེད་པ་རྣམས་ཀྱང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ངོ་། །བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་དེ་ལྟར་རབ་ཏུ་བྱུང་ནས་ཉོན་མོངས་པའི་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། གནོད་པར་བྱེད་པའི་ཕྱོགས་དང་མཐུན་པ། མྱ་ངན་ལས་མི་འདའ་བར་བྱེད་པ་རྣམས་སྤངས་ནས་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་འཇིག་རྟེན་འདི་ཐམས་ཅད་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་


DKG002_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་བཞིན་དུ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་འཇིག་རྟེན་འདི་ཐམས་ཅད་བཏང་སྙོམས་དང་ལྡན་པའི་སེམས་ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱི་མིང་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས། བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཞེས་བྱ་བའི་མིང་གང་ཡིན་པ་དེ་ནུབ་པར་གྱུར་ཅིང་། སྟོན་པ་གནག་ལྷས་སྐྱེས་ཞེས་བྱ་བར་གྲགས་སོ། །དེ་ནས་སྟོན་པ་གནག་ལྷས་སྐྱེས་འཁོར་བརྒྱ་ཕྲག་དུ་མ་དང་། འཁོར་སྟོང་ཕྲག་དུ་མ་དང་། འཁོར་བརྒྱ་སྟོང་ཕྲག་དུ་མ་དང་། གྲོང་རྡལ་ནས་གྲོང་རྡལ་དང་། གྲོང་ཁྱེར་ནས་གྲོང་ཁྱེར་དུ་ལྗོངས་རྒྱུ་ཞིང་དོང་ངོ་། །དེའི་ཚེ་སྐྱེས་པའམ་བུད་མེད་དག་ལས་ཉེས་པ་འགའ་བྱུང་ན་སྟོན་པ་གནག་ལྷས་སྐྱེས་ཕྱོགས་གང་ན་འདུག་པའི་ཕྱོགས་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་སྟོན་པ་གནག་ལྷས་སྐྱེས་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །སྟོན་པ་གནག་ལྷས་སྐྱེས་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །སྟོན་པ་གནག་ལྷས་སྐྱེས་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ཞེས་ཆེད་དུ་བརྗོད་པ། ལན་གསུམ་བརྗོད་དོ། །མདུན་ན་འདོན་བདུན་བྱུང་བ་གང་ཡིན་པ་ནི། རལ་གྲིས་


DKG002_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་དང་ཚངས་སྦྱིན་དང་། །སྣ་ཚོགས་ཟ་དང་དེ་བཞིན་ས། །རྡུལ་ཅན་ཡུལ་འཁོར་སྐྱོང་གཉིས་གཉིས། །དེ་ཚེ་སྐྱེ་བོ་དེ་བདུན་བྱུང་། །ཀ་ལིང་ཀ་ན་མཆེ་བའི་ཁྱིམ། །རྡོ་མངས་ན་ནི་སྐེམ་བྱེད་དེ། །སྲུང་བྱེད་ན་ནི་མ་ཧེ་ལྡན། །ཨཱང་གར་ཙམ་པ་རིས་སུ་བཅད། །ལུས་འཕགས་ན་ནི་མི་ཐི་ལ། །སྟང་ཟིལ་ཅན་ན་མ་རུངས་པ། །བཱ་རཱ་ཎ་སཱིར་ཀ་ཤི་སྟེ། །གནག་ལྷས་སྐྱེས་ཀྱིས་རིས་བཅད་དེའོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྟོན་པ་གནག་ལྷས་སྐྱེས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་སེམས་ཅན་ལ་ཕན་པ་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུང་ཉུ་ཐོག་མར་ཐུགས་གང་དུ་བསྐྱེད་ལགས། རྒྱལ་པོ་ཆེན་པོ་སྔོན་བྱུང་བརྒྱལ་པོ་འོད་ལྡན་ཞེས་བྱ་བ་བྱུང་སྟེ། དེའི་ཡུལ་དུ་གླང་པོ་རིན་པོ་ཆེ་མེ་ཏོག་ཀུ་མུ་དའི་མདོག་ལྟར་དཀར་བ། ཡན་ལག་བདུན་ཤིན་ཏུ་གནས་པ། གཟུགས་བཟང་པ། མཛེས་པ། བལྟ་ན་སྡུག་པ་ཞིག་བྱུང་ངོ་། །དེ་ནས་རྒྱལ་པོ་འདོད་ལྡན་གྱིས་གླང་པོ་འདུལ་མཁན་མཁས་པ་ཕོ་ཉས་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །མཁས་པ་དེས་པ་ཁྱོད་ཀྱིས་གླང་པོ་ཆེ་དམ་པ་འདི་མྱུར་དུ་ལེགས་པར་དུལ་བར་བྱོས་ལ་ང་ལ་ཕུལ་ཅིག །ལྷ་བཀའ་བཞིན་འཚལ་ཞེས་གླང་པོ་ཆེ་འདུལ་མཁན་མཁས་པས་རྒྱལ་པོ་འོད་ལྡན་ལས་མཉན་ནས་གླང་པོ་ཆེ་དམ་པ་དེ་འདུལ་བར་བྱེད་དེ། དེ་དུལ་བར་རིག་ནས་རྒྱལ་པོ་འོད་ལྔན་ལ་ཕུལ་ཏེ། ལྷའི་གླང་པོ་ཆེ་དམ་པ་ནི་དུལ་ལགས་པས་ལྷ་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ། དེ་ནས་རྒྱལ་པོ་འོད་ལྡན་གླང་པོ་ཆེ་དམ་པ་དེ་ལ་ཞོན་ཏེ་གླང་པོའ་འདུལ་མཁན་ཡང་གོང་དུ་ཞོན་ནས་རི་དགས་འཆོར་དུ་སོང་ངོ་། ། ཇི་ཙམ་ན་གླང་པོ་ཆེ་དེས་ནགས་ཀྱི་བལ་གླང་མོའ་དྲི་ཚོར་ནས་དེས་དྲི་དེའི་རྗེས་བཞིན་དུ་བརྒྱུགས་སོ། །དེ་ནས་རྒྱལ་པོ་གླང་པོ་ཆེ་རླུང་ལྟར་མགྱོགས་པས་ཁྱེར་བ་དང་། གླང་པོ་ཆེའི་


DKG002_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་མཁན་ལ་སྨྲས་པ། ཀྱེ་གླང་པོ་འདུལ་མཁན་ནམ་མཁའ་འགུལ་བ་འདྲ་ཞིང་ཕྱོགས་ཀུན་མྱུར་དུ་འདུ་བར་འགྲོ་བ་འདྲ། །ས་ནི་མཐའ་དག་འཁོར་ལོ་བཞིན་འཁོར་ཤིང་རྣམས་མཁའ་ལ་འཁོར་བ་འདྲ། །གླང་པོའ་དབང་པོ་གངས་རི་འགྲོ་བ་ལྟ་བུ་འདི་རྒྱུག་མཐོང་ནས་ནི། །རི་བོ་འདི་རྒྱུག་སྙམ་ནས་རི་རྣམས་གྱ་ཙོམ་མྱུར་དུ་རྒྱུག་པ་འདྲ། །ཀྱེ་གླང་པོ་ཆེ་འདུལ་མཁན་གླང་པོ་ཆེའི་དབང་པོ་ཐུལ་ཅིག་ཐུལ་ཅིག །གླང་ཆེན་དབང་པོ་ཚར་གཅད་པར། །བཟང་པོ་རབ་ཏུ་འབད་པར་གྱིས། །གླང་ཆེན་གཉེའུ་རེངས་ཁྱེར་བ་ཡིས། །ཁོ་བོ་ཅིར་འགྱུར་གཏོལ་མེད་ཁྱེར། །གླང་པོ་ཆེ་འདུལ་བས་སྨྲས་པ། ལྷ་དྲང་སྲོང་དམ་པས་སྨྲས་པའི་གསང་སྔགས་བཟླས་བགྱི་ཞིང་། །འདི་ལ་ལྕགས་ཀྱུས་ཚར་བཅད་འབད་པ་ཡང་བགྱིན། །འཆི་བར་ངེས་པ་རྣམས་ཀྱི་ཚེ་ཡིས་སྨན་བཞིན་དུ། །གླང་པོ་འདི་ནི་བདག་སྟོབས་ཟིལ་གྱིས་མནན་ནས་མཆི། །མི་ཡི་དབང་པོ་ལྕགས་ཀྱུ་འམ། །ཞགས་པ་འམ་ཡང་ན་ལྕག་གིས་ཀྱང་། །འདོད་ཆགས་གཉེའུ་རེངས་ཁྱེར་བའི་སེམས། །ཚར་གཅད་ནུས་པ་མ་ལགས་སོ། །འདོད་ཆགས་སེམས་ཀྱི་ཟུག་རྔུ་ནི། །ཇི་ཞིག་ལྟར་ན་སྐྱེ་འགྱུར་ཏེ། །ཚུལ་འགའ་ཞིག་གིས་རྒྱས་འགྱུར་ལ། །འགའ་ཞིག་གིས་ཀྱང་ཞི་བར་འགྱུར། །གང་གི་ཚེ་གླང་པོའ་འདུལ་མཁན་དེས་གླང་པོ་ཆེ་དམ་པ་དེ་གནས་ཐམས་ཅད་དུ་བཟློག་པར་མ་ནུས་པ་དེའི་ཚེ། རྒྱལ་པོ་ལ་སྨྲས་པ། ལྷ་གླང་པོ་ཆེ་འདི་ནི་འཁྲུལ་གྱིས་ཤིང་གི་ཡལ་ག་ལ་འཇུས་མཛོད་ཅིག །དེ་ནས་རྒྱལ་པོ་དང་འདུལ་མཁན་ཤིང་གི་ཡལ་ག་ལ་འཇུས་ཏེ་འདུག་གོ །དེ་ནས་དིའུ་ཤི་བ་ལས་ཐར་ཏེ་བདེ་བར་གྱུར་ནས་རྒྱལ་པོས་འདུལ་མཁན་ལ་སྨྲས་པ། ཁྱོད་ཀྱིས་གླང་པོ་ཆེ་དམ་པ་མ་དུལ་བར་ང་ལ་ཕུལ་ལོ། །དེས་སྨྲས་པ། ལྷ་འདི་བདག་གིས་ཤིན་ཏུ་དུལ་བར་བགྱིས་ཏེ། འོན་ཀྱང་ནགས་ཀྱི་བལ་གླང་མོའ་དྲི་ཚོར་ནས་ཉན་དུ་མ་བཏུབ་ལགས་སོ། །ལྷ་དེ་ལྟ་ལགས་མོད་ཀྱི་དཔྱད་དྲན་ནས་རིང་པོ་མི་ཐོགས་པར་མཆི་བར་འགྱུར་རོ། །དེ་ནས་གླང་པོ་ཆེ་དེ་མྱོས་པ་དང་བྲལ་བར་གྱུར་ནས་ཞག་བདུན་ལོན་པ་དང་དཔྱད་རྗེས་སུ་དྲན་ནས་རང་ཉིད་གནས་སུ་འོངས་ཏེ་འདུག་གོ། །དེ་ནས་


DKG002_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ཆེ་འདུལ་མཁན་གྱིས་རིངས་པ་རིངས་པར་རྒྱལ་པོ་ལ་སྨྲས་པ། ལྷ་གླང་པོ་ཆེ་དེ་ནི་མཆིས་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་ནི་འདི་མ་ཐུལ་ཏོ། །ལྷ་ཐུལ་ལགས་སོ། །ཅི་མངོན། ལྷའི་སྤྱན་སྔར་བབ་པར་བགྱིའོ་ཞེས་དེས་ལྕགས་ཀྱི་ཐུ་ལུམ་སོ་མལ་དུ་ཚོས་པར་བསྲེགས་པ་ཞིག་དཔྱད་ཀྱི་སར་ཁྱེར་ཏེ་ལེན་དུ་གཞུག་པར་བརྩམས་སོ། །དེ་ནས་དེས་བག་ཚ་བ་མེད་པས་བླང་བར་བརྩམས་པ་དང་གླང་པོ་འདུལ་མཁན་གྱིས་སྨྲས་པ། ལྷ་ལེན་དུ་ནི་བཏུབ་ན་འོན་ཀྱང་འགུམ་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཀྱེ་མཁས་པ་དེ་ལྟར་ཤིན་ཏུ་དུལ་བ་འདིས་བདག་ཅག་གཡེངས་པ་འདི་ལ་རྒྱུ་ཅི་ཞིག་ཡོད། ལྷ་བདག་གིས་སྔར་ལུས་ཐུལ་གྱི་སེམས་ནི་མ་ལགས་སོ་ཞེས་མ་གསོལ་ཏམ། བདག་ནི་ལུས་འདུལ་བ་ལགས་ཀྱི། སེམས་འདུལ་བ་ནི་མ་ལགས་སོ། །རྒྱལ་པོས་སྨྲས་པ། སེམས་འདུལ་བ་འགའ་ཡོད་པར་ཁྱོད་ཀྱིས་མཐོང་ངམ། ཐོས་སམ། དེ་ལྷས་བསྐུལ་ནས་སྨྲས་པ། ལྷ་ལུས་འདུལ་བ་དང་སེམས་འདུལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆིས་སོ། །འདོད་པའི་རྒྱུས་བྱུང་ཉེས་གཞོམ་ཕྱིར། །མང་པོ་བརྩོན་པར་བྱེད་མོད་ཀྱི། །མི་ནུས་པར་ནི་ཤེས་ནས་ཀྱང་། །བརྩོན་འགྲུས་ཉམས་ནས་ལྡོག་པར་བྱེད། །དེ་དང་དེར་ནི་དེ་ལྟ་བུའི། །འབད་པ་རྣམ་པ་མང་བྱས་ཀྱང་། །འདོད་པའི་འདོད་ཆགས་ནགས་ཚལ་གྱི། །རྩ་ནས་ཕྱིན་པར་མི་འགྱུར་རོ། །འདོད་པ་གཞོམ་པར་འདོད་པ་ནི། །ཁ་ཅིག་ཡུལ་རྣམས་སྤོང་བར་བྱེད། །དེ་གཞོམ་འདོད་པ་གཞན་དག་ནི། །དགའ་བཞིན་དབང་པོ་ཚིམ་པར་བྱེད། །ལྷ་དང་ལྷ་མིན་མི་དང་སེང་གེ་སྟག་དང་སྦྲུལ་དག་དང་། །སྲིན་བུ་བྱེ་བ་ཕྱེ་མ་ལེབ་དང་འཇིག་རྟེན་འདི་དག་ཀུན། །འདོད་པའི་ཞགས་པ་ཤིན་ཏུ་ཕྲ་མོ་རྣམས་ཀྱིས་ཡིད་བཅིངས་ནས། །སྲིད་འགྲོ་ཐིབས་པོ་འདིར་ནི་འཁོར་ལོ་བཞིན་དུ་ཤིན་ཏུ་འཁོར། །བདག་ནི་སྣ་ཚོགས་ཐབས་ཀྱིས་འདི་ལྟ་བུ། །གཟུགས་བཟང་ཕུན་སུམ་ཚོགས་པའི་གླང་པོ་འདུལ། །རྒྱལ་པོ་གཟུགས་ཅན་མ་ལགས་ཕྲ་སེམས་ནི། །དྲང་སྲོང་ཆབ་ཀླུང་འཚལ་བས་མ་ཐུལ་ཏོ། །གླང་ཆེན་འདུལ་བ་གཟུགས་མེད་ཕྲ་བའི་སེམས། །དྲང་


DKG002_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་ཆུ་ཀླུང་ཟ་བས་མ་ཐུལ་ན། །གང་གི་དབང་དུ་གཟུགས་མེད་སེམས་འགྱུར་ཏེ། །མི་ཡི་འཇིག་རྟེན་དག་ན་ཡོད་དམ་ཀྱེ། །གང་གི་དབང་དུ་གཟུགས་མེད་སེམས་འགྱུར་ཏེ། །ལྷན་གཅིག་མི་ཡི་འཇིག་རྟེན་ན་མཆིས་ཏེ། །རྒྱལ་པོ་ཆེན་པོ་སངས་རྒྱས་མཐུ་བོ་ཆེ། །ཉོན་མོངས་སྤངས་པ་དཔའ་བོ་སྟོབས་ལྡན་པ། །དེ་དང་གང་དག་དེ་འདྲར་རྗེས་འབྲང་བ། །དེའི་དབང་འདིར་ནི་གཟུགས་མེད་སེམས་འགྱུར་རོ། །དེ་ནས་རྒྱལ་པོ་འོད་ལྡན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བརྩོན་འགྲུས་དང་སྟོབས་ཐོས་ནས་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་སུ། །འགྲོ་བར་རང་བྱུང་སངས་རྒྱས་གྱུར་ནས་ནི། །སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་བ། །སྐྱེ་བོའ་ཚོགས་དག་བདག་གིས་བསྒྲལ་བར་བྱ། །བདག་གིས་སྐྱེ་དགུ་ལེགས་བསྐྱངས་ལས་བྱུང་བའམ། །བཏང་བ་ལས་བྱུང་བསོད་ནམས་ཡོད་པ་གང་། །དེས་ནི་སངས་རྒྱས་ཉིད་ཐོབ་འཇིག་རྟེན་དག །འདོད་པའི་རིམས་ནད་ལས་རབ་ཐར་བར་བྱ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་འོད་ལྡན་དུ་གྱུར་པ་གང་ཡིན་པ་དེ་ནི་དེའི་ཚེ་དེའི་དུས་ན་ང་ཉིད་དེ་ཡིན་ཏེ། ངས་དེར་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ལ་ཐོག་མར་བསོད་སྙོམས་ཕུལ་ལགས། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཡངས་པ་ཞེས་བྱ་བའི་གྲོང་ཁྱེར་ཡོད་དེ། ཡངས་པའི་གྲོང་ཁྱེར་དུ་རྫ་མཁན་ཡངས་པའི་འོད་ཅེས་བྱ་བ་ཞིག་བྱུང་ངོ་། །དེའི་ཚེ་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེའི་མཆོག་ཟུང་དང་བཟང་པོ་ཟུང་ནི་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཞེས་བྱའོ། །རིམ་གྲོ་བྱེད་པ་ནི་དགེ་སློང་ཀུན་དགའ་བོ་ཞེས་བྱའོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཡངས་པའི་གྲོང་ཁྱེར་དུ་བྱོན་པ་དང་།


DKG002_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རླུང་ཤས་ཆེ་བའི་སྙུན་གྱིས་ཐེབས་ནས་དེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་རྫ་མཁན་ཡངས་པའི་འོད་ལས་མར་དང་། ཏིལ་མར་དང་། བུ་རམ་ཆུ་ཁྱེར་ཏེ་ཤོག་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ནས་རྫ་མཁན་ཡངས་པའི་འདོ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྫ་མཁན་ཡངས་པའི་འོད་ལ་འདི་སྐད་ཅེས་སྨྲས་སོ། །ཡངས་པའི་འདོ་ཤེས་པར་གྱིས་ཤིག་བཅོམ་ལྡན་འདས་རླུང་ཤས་ཆེ་བའི་སྙུན་གྱིས་ཐེབས་ཏེ། དེ་ལ་མར་དང་། ཏིལ་མར་དང་བུ་རམ་ཆུ་དགོས་སོ། །དེ་ནས་རྫ་མཁན་ཡངས་པའི་འོད་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལས་མཉན་ནས་མར་དང་། ཏིལ་མར་དང་། བུ་རམ་ཆུ་ཁྱེར་ཏེ་བུ་དང་ལྷན་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། མར་དང་། ཏིལ་མར་གྱིས་བཅོམ་ལྡན་འདས་ཀྱི་སྐུ་བྱུགས་ནས་ཆུ་འཇམ་པོས་སྐུ་ཁྲུས་བྱས་ཏེ། བུ་རམ་ཆུའི་བཏུང་བ་གསོལ་ཏོ། །དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བཟོད་ཅིང་འཚོ་བར་གྱུར་ཏོ། །དེ་ནས་རྫ་མཁན་ཡངས་པའི་འོད་ཀྱིས་དེའི་ཞབས་གཉིས་ལ་གཏུགས་ནས་སྨོན་ལམ་གདབ་པར་བརྩམས་པ། བདག་ཀྱང་རབ་ཏུ་སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་པ། །ཡོན་ཏན་རིགས་དང་རུས་དག་མཉམ་པའི་སངས་རྒྱས་ཉིད་གྱུར་ཅིང་། །བདག་གིས་ཚངས་པའི་འཇིག་རྟེན་བར་གྱི་ཉམ་ཐག་འཆི་བ་ཡི། ། ཕ་རོལ་ཞི་བརྒྱ་ཆེན་འཇིགས་པ་མེད་པ་སྒྲོལ་བར་ཤོག །དེའི་བུས་ཀྱང་སྨོན་ལམ་བཏབ་པ། བདག་ཀྱང་ལས་འདིས་ན་གཟུགས་མེད་པའི་ཆོས་རྣམས་རྟོགས་པ་དང་། བཅོམ་ལྡན་འདས་ཀྱི་རུམ་གྲོ་བྱེད་པར་གྱུར་ཅིག །ཆེས་བྱས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྫ་མཁན་ཡངས་པའི་འོད་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེར་ངས་ཡང་ངག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཐོག་མར་བསོད་སྙོམས་ཕུལ་ལོ། །དེའི་ཚེ་དེའི་དུས་ཀྱི་བུ་གང་ཡིན་པ་དེ་ནི་ཀུན་དགའ་བོ་ཡིན་ནོ།། །


previousགླང་ཆེན་མཆེ་བ་དྲུག་ལྡན་སོགས་བསྟན་པ།next