Nitartha Digital Library
Tibetan
 
no previousདགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྨད་ཆ།next

དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྨད་ཆ།


DKG004_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་གཞི། བམ་པོ་བརྒྱད་བཅུ་གྱ་གསུམ་པ། གཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་མི་སྐྱ་བོ་རྦབ་རྦབ་པོ་རིད་པ་ཉམ་ཆུང་བ་དབང་པོ་ཉམས་པ། སྐྱེ་བོ་མང་པོའ་མིག་གིས་ཀྱང་ལྟ་མི་ཕོད་པ་འདི་ཅི་ཡིན། ལྷ་འདི་ནི་བྲོ་འཚལ་བ་ཞེས་བགྱིའོ། ཁ་ལོ་སྒྱུར་བ་ནད་ཀྱིས་ཐེབས་པ་ཞེས་བྱ་བ་འདི་ཅི་ཡིན། ལྷ་མི་འདི་གང་འདིས་འགུམ་པར་འགྱུར་བའི་གནས་དེ་མཆིས་ཏེ། ལྷ་འདི་ནི་བྲོས་ཐེབས་པ་ཞེས་བགྱིའོ། ཁ་ལོ་སྒྱུར་བ་ང་ཡང་ནད་ཀྱི་ཆོས་དང་ནད་ཀྱི་ཆོས་ཉིད་ལས་མ་འདས་སམ། ལྷ་ཡང་སྙུན་གྱི་ཆོས་དང་སྙུན་གྱི་ཆོས་ཉིད་ལས་མ་འདས་སོ། ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག་ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་ཉིད་དུ་ཕྱིན་ནས་ང་ནད་ལས་མ་འདས་ཞེས་གྲགས་པའི་དོན་དེ་ཉིད་བསམ་པར་བྱའོ། ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་བསྒྱུར་ནས་ཕོ་བྲང་ཉིད་དུ་ཆས་ཏེ། དེར་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཕོ་བྲང་གི་ནང་དུ་གཤེགས་ནས་བདག་ཀྱང་ནད་ལས་མ་འདས་པ་


DKG004_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །འདིར་སྨྲས་པ། མི་ནི་ལུས་རིད་སྐྱ་བོ་རྦབ་རྦབ་པོ། །རང་དབང་མེད་པའི་ནད་ཐེབས་འདིར་གཟིགས་ནས། །ནད་ལས་བདག་མ་འདས་པ་ལྟ་ཞིག་ཅེས། །དེ་ནས་མི་དགྱེས་ཐུགས་ངན་དགོངས་པར་མཛད། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་ཅི་གཞོན་ནུ་ཡིད་དགའ་བ་དང་མགུ་བས་སྐྱེད་མོས་ཚལ་གྱི་གཞིར་བྱུང་ངམ། སྐྱེད་མོས་ཚལ་ལ་མངོན་པར་དགའ་བར་གྱུར་ཏམ། ལྷ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ལྷ་གཞོན་ནུ་སྐྱེད་མོས་ཚལ་གྱི་གཞིར་བྱུང་བ་ན་མི་སྐྱ་བོ་རྦབ་རྦབ་པོ་རིད་པ། ཉམ་ཆུང་བ། དབང་པོ་ཉམས་པ། སྐྱེ་བོ་མང་པོའ་མིག་གིས་ལྟ་མི་ཕོད་པ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་བདག་ལ་བཀའ་སྩལ་པ། ཁ་ལོ་སྒྱུར་བ་མི་སྐྱ་བོ་རྦབ་རྦབ་པོ་རིད་པ། ཉམ་ཆུང་བ། དབང་པོ་ཉམས་པ། སྐྱེ་བོ་མང་པོའ་མིག་གིས་ལྟ་མི་ཕོད་པ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་འདི་ནི་བྲོས་ཐེབས་པ་ཞེས་བགྱིའོ། །དེ་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་ནད་ཀྱིས་ཐེབས་པ་ཞེས་བྱ་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །མི་འདི་གང་གནོད་པ་འདིས་འགུམ་པར་འགྱུར་པའི་གནས་དེ་མཆིས་ཏེ། ལྷ་དེ་ནི་བྲོས་ཐེབས་པ་ཞེས་བགྱིའོ། །དེ་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་ང་ཡང་ནད་ཀྱི་ཆོས་དང་ནད་ཀྱི་ཆོས་ཉིད་ལས་མ་འདས་སམ། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏེ། །ལྷ་ཡང་སྙུན་གྱི་ཆོས་དང་སྙུན་གྱི་ཆོས་ཉིད་ལས་མ་འདས་སོ། །དེ་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག་ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་ཉིད་དུ་ཕྱིན་ནས་ང་ནད་ལས་མ་འདས་


DKG004_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གྲགས་པའི་དོན་དེ་ཉིད་བསམ་པར་བྱའོ། །ལྷ་གཞོན་ནུ་དེ་ཕོ་བྲང་གི་ནང་དུ་གཤེགས་ནས་ང་ཡང་ནད་ལས་མ་འདས་པ་ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་དེ་རྣམས་ཀྱི་ཚིག་ཡང་དག་པར་བདེན་པར་མི་འགྱུར་གྲང་། གཞོན་ནུ་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་དུ་འོང་གིས། མ་ལ་བདག་གིས་གཞོན་ནུ་ལ་འདོད་པའི་ཡོན་ཏན་ལྔ་ལས་ཕལ་མོ་ཆེ་ཞིག་བྱིན་ལ་ཅི་ནས་ཀྱང་འདི་ལ་དགའ་ཞིང་རབ་ཏུ་འབྱུང་བར་མི་འགྱུར་བར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་འདོད་པའི་ཡོན་ཏན་ལྔ་ལས་ཕལ་མོ་ཆེ་ཞིག་བྱིན་ཏེ་ཅི་ནས་ཀྱང་འདི་ལ་དགའ་ཞིང་རབ་ཏུ་འབྱུང་བར་མི་འགྱུར་བར་བྱས་སོ། །འདིར་སྨྲས་པ། དེའི་ཚེ་དགའ་ནས་བདག་འདོར་མི་གཞུག་ཕྱིར། །གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་དང་། །རེག་བྱ་ཡིད་དུ་འོང་བ་གཙོ་རྣམས་ཀྱི། །འདོད་པའི་ཡོན་ཏན་ལྔ་པོ་ཡང་བྱིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་གྱི་གཞིར་གཤེགས་པར་བཞེད་པར་གྱུར་པ་དེའི་ཚེ་ཁ་ལོ་སྒྱུར་བ་ལ། ཀྱེ་ཁ་ལོ་སྒྱུར་བ་རེ་ཞིག་བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག་དང་། དེར་ང་ཞུགས་ནས་སྐྱེད་མོས་ཚལ་གྱི་གཞིར་འགྲོའོ་ཞེས་གསུང་བར་འགྱུར་བས་དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་གསུངས་པ། ཀྱེ་ཁ་ལོ་སྒྱུར་བ་རེ་ཞིག་བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག །དེར་ང་ཞུགས་ནས་སྐྱེད་མོས་ཚལ་གྱི་གཞིར་འགྲོའོ། །ལྷ་བཀའ་བཞིན་འཚལ་ཞེས་ཁ་ལོ་སྒྱུར་བས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་ལྟར་མཉན་ནས་བཞོན་པ་བཟང་པོ་བཤམས་ཏེ་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བཅིབས་པ་བཟང་པོ་བཤམས་ལགས་ཀྱིས། ལྷ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བཞོན་པ་བཟང་པོར་ཞུགས་ཏེ་སྐྱེད་མོས་ཚལ་གྱི་གཞིར་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་


DKG004_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པས་རས་ཁ་དོག་སྣ་ཚོགས་ལས་བྱས་པའི་བླ་རེ་བྲེས་པ་དང་། ཁྱོགས་ཁྱེར་བ་དང་། མདུན་ན་མེ་སྒྲོན་ཐོགས་པ་དང་། སྐྱེ་བོའ་ཚོགས་ཆེན་པོ་མདུན་ནས་འགྲོ་བ་དང་། བུད་མེད་སྐྲ་བཤིག་པ་རྣམས་ངུ་ཞིང་རྗེས་བཞིན་འབྲང་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་རས་ཁ་དོག་སྣ་ཚོགས་ལས་བྱས་པའི་བླ་རེ་བྲེས་པ་དང་། ཁྱོགས་ཁྱེར་བ་དང་། མདུན་ན་མེ་སྒྲོན་ཐོགས་པ་དང་། སྐྱེ་བོའ་ཚོགས་ཆེན་པོ་མདུན་ནས་འགྲོ་བ་དང་། བུད་མེད་སྐྲ་བཤིག་པ་རྣམས་ངུ་ཞིང་རྗེས་བཞིན་དུ་འབྲང་བ་འདི་ཅི་ཡིན། ལྷ་འདི་ནི་གུམ་པ་ཞེས་བགྱིའོ། ཁ་ལོ་སྒྱུར་བ་ཤི་བ་ཞེས་བྱ་བ་འདི་ཅི་ཡིན། ལྷ་མི་འདིས་སླན་ཆད་སྡུག་པའི་ཕ་མ་མི་མཐོང་ཞིང་བུ་ཕོ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བགྱིད་པ་དང་། ཞོ་ཤས་འཚོ་བའི་མི་རྣམས་ཀྱང་མ་ལགས་ལ། དེ་དག་གིས་ཀྱང་སླན་ཆད་འདི་མི་མཐོང་བས་ལྷ་འདི་ནི་གུམ་པ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་ང་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སམ། ལྷ་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སོ། །ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག་ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་ཉིད་དུ་ཕྱིན་ནས་ང་འཆི་བ་ལས་མ་འདས་ཞེས་གྲགས་པའི་དོན་དེ་ཉིད་བསམ་པར་བྱའོ། ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་བསྒྱུར་ནས་ཕོ་བྲང་ཉིད་དུ་ཆས་ཏེ། དེར་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཕོ་བྲང་གི་ནང་དུ་གཤེགས་ནས་བདག་ཀྱང་འཆི་བ་ལས་མ་འདས་པ་ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །འདིར་སྨྲས་པ། ཚེ་ཟད་པ་ཡིས་འདུ་ཤེས་བྲལ་གྱུར་ཅིང་། །སེམས་མེད་མི་ཡི་རོ་ཞིག་གཟིགས་ནས་ནི། །འཆི་ལས་བདག་མ་འདས་པ་ལྟ་ཞིག་ཅེས། །དེ་ནས་མི་དགྱེས་ཐུགས་ངན་དགོངས་པར་མཛད། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་ཅི་གཞོན་ནུ་ཡིད་དགའ་བ་དང་མགུ་བས་སྐྱེད་མོས་ཚལ་གྱི་གཞིར་བྱུང་ངམ། སྐྱེད་མོས་ཚལ་ལ་མངོན་པར་དགའ་བར་གྱུར་ཏམ། ལྷ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ལྷ་གཞོན་ནུ་སྐྱེད་མོས་ཚལ་གྱི་གཞིར་བྱུང་བ་ན་རས་ཁ་དོག་སྣ་ཚོགས་ལས་བགྱིས་


DKG004_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་རེ་བྲེས་པ་དང་། ཁྱོགས་ཁྱེར་བ་དང་། མདུན་ན་མེ་སྒྲོན་ཐོགས་པ་དང་། སྐྱེ་བོའ་ཚོགས་ཆེན་པོ་མདུན་ནས་མཆི་བ་དང་། བུད་མེད་སྐྲ་བཤིག་པ་རྣམས་ངུ་ཞིང་རྗེས་བཞིན་རྗེས་བཞིན་དུ་འབྲང་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་བདག་ལ་གསུངས་པ། ཁ་ལོ་སྒྱུར་བ་རས་ཁ་དོག་སྣ་ཚོགས་ལས་བྱས་པའི་བླ་རེ་བྲེས་པ་དང་། ཁྱོགས་ཁྱེར་བ་དང་། མདུན་ན་མེ་སྒྲོན་ཐོགས་པ་དང་། སྐྱེ་བོའ་ཚོགས་ཆེན་པོ་མདུན་ནས་འགྲོ་བ་དང་། བུད་མེད་སྐྲ་བཤིག་པ་རྣམས་ངུ་ཞིང་རྗེས་བཞིན་རྗེས་བཞིན་དུ་འབྲང་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་འདི་ནི་གུམ་པ་ཞེས་བགྱིའོ། །དེས་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་ཤི་བ་ཞེས་བྱ་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་མི་འདིས་སླན་ཆད་སྡུག་པའི་ཕམ་མི་མཐོང་ཞིང་། བུ་ཕོ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བགྱིད་པ་དང་། ཞོ་ཤས་འཚོ་བ་རྣམས་ཀྱང་མ་ལགས་ལ། དེ་རྣམས་ཀྱིས་ཀྱང་སླན་ཆད་འདི་མི་མཐོང་བས་ལྷ་འདི་ནི་གུམ་པ་ཞེས་བགྱིའོ། །དེ་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་ང་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སམ། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སོ། །དེས་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག་ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་དུ་ཕྱིན་ནས་འཆི་བ་ལས་མ་འདས་ཞེས་གྲགས་པའི་དོན་དེ་ཉིད་བསམ་པར་བྱའོ། །ལྷ་གཞོན་ནུ་དེ་ཕོ་བྲང་གི་ནང་དུ་གཤེགས་ཏེ་བདག་ཀྱང་འཆི་བ་ལས་མ་འདས་པ་ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་དེ་རྣམས་ཀྱི་ཚིག་ཡང་དག་པར་བདེན་པར་མི་འགྱུར་གྲང་། གཞོན་ནུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་དུ་འོང་གིས། མ་ལ་བདག་གིས་གཞོན་ནུ་ལ་འདོད་པའི་ཡོན་ཏན་ལྔ་ལས་ཕལ་མོ་ཆེ་ཞིག་བྱིན་ལ་ཅི་ནས་ཀྱང་འདི་ལ་དགའ་ཞིང་རབ་ཏུ་འབྱུང་བར་མི་འགྱུར་བར་བྱའོ་སྙམ་མོ། །དེ་


DKG004_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་འདོད་པའི་ཡོན་ཏན་ལྔ་ལས་ཕལ་མོ་ཆེ་ཞིག་བྱིན་ནས་ཅི་ནས་ཀྱང་འདི་ལ་དགའ་ཞིང་རབ་ཏུ་འབྱུང་བར་མི་འགྱུར་བར་བྱས་སོ། །འདིར་སྨྲས་པ། གྲོང་ཁྱེར་དམ་པ་དཔལ་ལྡན་ཡིད་འོང་དེར། །ལྷ་ཡི་ལྷར་གྱུར་སྒྲོན་མ་དང་མཚུངས་པ། །འདོད་པའི་ཡོན་ཏན་ལྔ་པོས་ཀུན་དགྱེས་པ། །མིག་སྟོང་དགའ་བའི་ཚལ་ན་གནས་པ་བཞིན། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུའི་སྟོབས་ཅན་ཡིན་མོད་ཀྱི་འོན་ཀྱང་རྐྱེན་བསྒྲུབ་པར་བྱ་དགོས་ཏེ། འདི་ལྟར་རྒྱུའི་སྟོབས་ཆེན་པོ་ཡང་རྐྱེན་གྱི་སྟོབས་ལ་ལྟོས་སོ་སྙམ་ནས་དེ་རྣམས་ཀྱིས་མི་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ལག་པ་ན་ལྷུང་བཟེད་ཐོགས་པ་ཞིག་ཁྱིམ་ནས་ཁྱིམ་དང་ཁང་པ་ནས་ཁང་པར་རྒྱུ་ཞིང་འགྲོ་བ་ཞིག་སྤྲུལ་ཏོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་གྱི་གཞིར་གཤེགས་པར་བཞེད་པར་གྱུར་པ་དེའི་ཚེ་ཁ་ལོ་སྒྱུར་བ་ལ་ཁ་ལོ་སྒྱུར་བ་རེ་ཞིག་བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག་དང་དེར་ང་ཞུགས་ནས་སྐྱེད་མོས་ཚལ་གྱི་གཞིར་གཤེགས་སོ་ཞེས་གསུང་བར་འགྱུར་བས། དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་རེ་ཞིག་བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག །དེར་ང་ཞུགས་ནས་སྐྱེད་མོས་ཚལ་གྱི་གཞིར་གཤེགས་སོ། །ལྷ་བཀའ་བཞིན་འཚལ་ཞེས་ཁ་ལོ་སྒྱུར་པས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་ལྟར་མཉན་ནས་བཞོན་པ་བཟང་པོ་བཤམས་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་བཅིངས་པ་བཟང་པོ་བཤམས་ལགས་ཀྱིས། ལྷ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་བཞོན་པ་བཟང་པོར་ཞུགས་ནས་སྐྱེད་མོས་ཚལ་གྱི་གཞིར་བྱུང་བ་དང་། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་མི་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ལག་པ་ན་ལྷུང་བཟེད་ཐོགས་པ་ཞིག་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་འགྲོ་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་ཁ་ལོ་


DKG004_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་མི་སྐྲ་བྲེགས་ཤིང་ལག་ན་ལྷུང་བཟེད་ཐོགས་ནས་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་འགྲོ་ལ་འདིའི་གོས་ཀྱང་ཁ་དོག་མི་མཚུངས་ཏེ། ཇི་ལྟར་ཡང་མི་གཞན་དག་གི་དང་མི་འདྲ་བ་འདི་ཅི་ཡིན། ལྷ་དེ་ནི་རབ་ཏུ་བྱུང་བ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་རབ་ཏུ་བྱུང་བ་ཞེས་བྱ་བ་འདི་ཅི་ཡིན། ལྷ་རབ་ཏུ་བྱུང་བ་དེ་ནི་དུལ་བ་ལེགས་པ་དང་། ཡང་དག་པར་སྡོམ་པ་ལེགས་པ་དང་། དོན་སྤྱོད་པ་ལེགས་པ་དང་། ཆོས་སྤྱོད་པ་ལེགས་པ་དང་། དགེ་བ་སྤྱོད་པ་ལེགས་པ་དང་། དགེ་ལེགས་སྤྱོད་པ་ལེགས་པར་རིག་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་སྟེ། ལྷ་འདི་ནི་རབ་ཏུ་བྱུང་བ་ཞེས་བགྱིའོ། །ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་འདི་རབ་ཏུ་བྱུང་བ་གང་ན་བ་དེ་ལོགས་སུ་སྒྱུར་ཅིག །ལྷ་བཀའ་བཞིན་འཚལ་ཞེས་ཁ་ལོ་སྒྱུར་བས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་ལྟར་མཉན་ནས་ཤིང་རྟ་དེ་རབ་ཏུ་བྱུང་བ་གང་ན་བ་དེར་བསྒྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་རབ་ཏུ་བྱུང་བ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མི་ཁྱོད་ཅིའི་ཕྱིར་སྐྲ་བྲེགས་ཤིང་ལག་པ་ན་ལྷུང་བཟེད་ཐོགས་ནས་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་འགྲོལ་ཁྱོད་ཀྱི་གོས་ཀྱང་ཁ་དོག་མི་མཚུངས་ཏེ། ཅི་ལྟར་ཡང་མི་གཞན་དག་གི་དང་མི་འདྲ་བ་ཡིན། དེས་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་ནི་རབ་ཏུ་བྱུང་བ་ཞེས་བགྱིའོ། །ཀྱེ་མི་ཁྱོད་ཇི་ལྟར་ན་རབ་ཏུ་བྱུང་བ་ཞེས་བྱ། གཞོན་ནུ་བདག་གིས་དུལ་བ་ལེགས་པ་དང་། ཡང་དག་པར་སྡོམ་པ་ལེགས་པ་དང་། དོན་སྤྱོད་པ་ལེགས་པ་དང་། ཆོས་སྤྱོད་པ་ལེགས་པ་དང་། དགེ་བ་སྤྱོད་པ་ལེགས་པ་དང་། དགེ་ལེགས་སྤྱོད་པ་ལེགས་པར་རིག་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་ལྟར་ན་བདག་རབ་ཏུ་བྱུང་བ་ཞེས་བྱའོ། །ཀྱེ་མི་ཁྱོད་ཀྱིས་དུ་ལ་བ་ལེགས་པ་དང་། ཡང་དག་པར་སྡོམ་པ་ལེགས་པ་དང་། དོན་སྤྱོད་པ་ལེགས་པ་དང་། ཆོས་སྤྱོད་པ་ལེགས་པ་དང་། དགེ་བ་སྤྱོད་པ་ལེགས་པ་དང་། དགེ་ལེགས་


DKG004_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལེགས་པར་རིག་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག་ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་དུ་ཕྱིན་ནས་དོན་འདི་ཁོ་ན་བསམ་པར་བྱའོ། ཁ་ལོ་སྒྱུར་བས་ཤིང་རྟ་ཕྱིར་བསྒྱུར་ནས་ཕོ་བྲང་ཉིད་དུ་ཆས་ཏེ། དེར་ཕོ་བྲང་དུ་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ཀྱེ་མའོ་བདག་ནི་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་པའི་དོན་དེ་ཉིད་དགོངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་ཅི་གཞོན་ནུ་ཡིད་དགའ་བ་དང་མགུ་བས་སྐྱེད་མོས་ཚལ་གྱི་གཞིར་བྱུང་ངམ། སྐྱེད་མོས་ཚལ་ལ་མངོན་པར་དགའ་བར་གྱུར་ཏམ། ལྷ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ལྷ་གཞོན་ནུ་སྐྱེད་མོས་ཚལ་གྱི་གཞིར་བྱུང་བ་ན་མི་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་འཚལ་བ་སུག་པ་ན་ལྷུང་བཟེད་ཐོགས་ནས་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་མཆི་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་བདག་ལ་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་མི་སྐྲ་བྲེགས་པ་ལག་པ་ན་ལྷུང་བཟེད་ཐོགས་ནས་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་འགྲོ་ལ་འདིའི་གོས་ཀྱང་ཁ་དོག་མི་མཚུངས་ཏེ། ཇི་ལྟར་ཡང་མི་གཞན་དག་གི་དང་མི་འདྲ་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་དེ་ནི་རབ་ཏུ་བྱུང་བ་ཞེས་བགྱིའོ། །དེ་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་རབ་ཏུ་བྱུང་བ་ཞེས་བྱ་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །ལྷ་རབ་ཏུ་བྱུང་བ་དེ་ནི་དུལ་བ་ལེགས་པ་དང་། ཡང་དག་པར་སྡོམ་པ་ལེགས་པ་དང་། དོན་སྤྱོད་པ་ལེགས་པ་དང་། ཆོས་སྤྱོད་པ་ལེགས་པ་དང་། དགེ་བ་སྤྱོད་པ་ལེགས་པ་དང་། དགེ་ལེགས་སྤྱོད་པ་ལེགས་པར་རིག་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་


DKG004_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་སྟེ། ལྷ་འདི་ནི་རབ་ཏུ་བྱུང་བ་ཞེས་བགྱིའོ། །དེ་འདི་སྐད་ཅེས་གསུངས་ཏེ། ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་འདི་རབ་ཏུ་བྱུང་བ་གང་ན་བ་དེ་ལོགས་སུ་སྒྱུར་ཅིག །ལྷ་བཀའ་བཞིན་འཚལ་ཞེས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་ལྟར་མཉན་ནས་ཤིང་རྟ་དེ་རབ་ཏུ་བྱུང་བ་གང་ན་བ་དེ་ལོགས་སུ་བསྒྱུར་བ་དང་། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པས་རབ་ཏུ་བྱུང་བ་དེ་ལ་འདི་སྐད་ཅེས་གསུངས་ཏེ། ཀྱེ་མི་ཁྱོད་ཅིའི་ཕྱིར་སྐྲ་བྲེགས་ལ་ལག་པ་ན་ལྷུང་བཟེད་ཐོགས་ནས་ཁྱིམ་ནས་ཁྱིམ་དང་། ཁང་པ་ནས་ཁང་པར་རྒྱུ་ཞིང་འགྲོ་ལ་ཁྱོད་ཀྱི་གོས་ཀྱང་ཁ་དོག་མི་མཚུངས་ཏེ། ཇི་ལྟར་ཡང་མི་གཞན་དག་དང་མི་འདྲ་བ་ཡིན། དེས་འདི་སྐད་ཅེས་གསོལ་ཏོ། །གཞོན་ནུ་བདག་ནི་རབ་ཏུ་བྱུང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔས་གསུངས་པ། ཀྱེ་མི་ཁྱོད་ཇི་ལྟར་རབ་ཏུ་བྱུང་བ་ཞེས་བྱ། དེས་འདི་སྐད་ཅེས་གསོལ་ཏོ། །གཞོན་ནུ་བདག་གིས་དུལ་བ་ལེགས་པ་དང་། ཡང་དག་པར་སྡོམ་པ་ལེགས་པ་དང་། དོན་སྤྱོད་པ་ལེགས་པ་དང་། ཆོས་སྤྱོད་པ་ལེགས་པ་དང་། དགེ་བ་སྤྱོད་པ་ལེགས་པ་དང་། དགེ་ལེགས་སྤྱོད་པ་ལེགས་པར་རིག་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་ལྟར་ན་བདག་རབ་ཏུ་བྱུང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔས་གསུངས་པ་ཀྱེ་མི་ཁྱོད་ཀྱིས་དུལ་བ་ལེགས་པ་དང་། ཡང་དག་པར་སྡོམ་པ་ལེགས་པ་དང་། དོན་སྤྱོད་པ་ལེགས་པ་དང་། ཆོས་སྤྱོད་པ་ལེགས་པ་དང་། དགེ་བ་སྤྱོད་པ་ལེགས་པ་དང་། དགེ་ལེགས་སྤྱོད་པ་ལེགས་པར་རིག་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལེགས་སོ། །ལྷ་དེ་ནས་གཞོན་ནུས་གསུངས་པ། ཁ་ལོ་སྒྱུར་བ་དེའི་ཕྱིར་ཤིང་རྟ་ཕྱིར་སྒྱུར་ཅིག་ཕོ་བྲང་ཉིད་དུ་འདོང་ངོ་། །འདི་ལྟར་ང་ཕོ་བྲང་དུ་ཕྱིན་ནས་དོན་འདི་བསམ་པར་བྱའོ། །བདག་གིས་དེ་ནས་ཤིང་རྟ་བསྒྱུར་ནས་གཞོན་ནུ་ཕོ་བྲང་དུ་ཞུགས་སོ། །རྒྱལ་པོས་བསམས་པ། མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་དེ་རྣམས་ཀྱི་ཚིག་ཡང་


DKG004_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བདེན་པར་མི་འགྱུར་གྲང་། གཞོན་ནུ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་དུ་འོང་གིས། མ་ལ་བདག་གིས་གཞོན་ནུ་ཞིང་པའི་གྲོང་དུ་བཏང་ལ་ཅི་ནས་ཀྱང་དེ་ལ་སེམས་གཡེངས་པར་འགྱུར་བར་བྱའོ་སྙམ་ནས། གཞོན་ནུ་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཚུར་ཤོག །ཁྱོད་ཞིང་པའི་གྲོང་དུ་སོང་ལ་ལས་ཀྱི་མཐའ་ལ་ལྟོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་རྒས་པ་དང་། ནད་པ་དང་། ཤི་བ་མཐོང་ནས་ནི་ཡིད་བྱུང་ངོ་། །རབ་ཏུ་བྱུང་བ་ལ་ནི་མངོན་པར་ཞེན་པའི་བློས་ཡབ་ཤཱཀྱ་ཟས་གཙང་གི་ཚིག་གསན་ནས་ཤིང་རྟར་ཞུགས་ཏེ་ཞིང་པའི་གྲོང་དུ་སྐུས་གཤེགས་ཀྱི་ཐུགས་ཀྱིས་ནི་མ་ཡིན་ནོ། །དེ་ལ་ལམ་ཀར་གཏེར་ལྔ་བརྒྱས་ཁ་ཉེ་བར་བསྟན་ཏེ་སྒྲ་ཕྱུང་བ། གཞོན་ནུ་བདག་ཅག་ནི་ཁྱོད་ཀྱི་ཉེ་དུའི་གཏེར་ལགས་ཀྱིས་བདག་ཅག་བཞེས་ཤིག །བྱང་ཆུབ་སེམས་དཔས་གསུངས་པ། རེ་ཞིག་དེ་རྣམས་ཀྱིས་བླུན་པོའ་ཡོངས་སུ་གཟུང་བ་བྱས་ནས་ཅི་ཞིག་བྱས། ཁྱེད་ང་ལ་དགོས་པ་མེད་ཀྱིས་སོང་ཞིག །ཚིགས་སུ་བཅད་པས་ཀྱང་གསུངས་པ། གང་གིས་ང་ལ་འཆི་བའི་གཏམ་སྨྲས་པ། །དེ་དག་ཀྱང་ཤི་གཏམ་དུ་གྱུར་པ་ཡིན། །བདག་ཀྱང་ཤི་ནས་རིང་པོ་མི་ཐོགས་པར། །གཞན་དག་གི་ཡང་གཏམ་དུ་འགྱུར་བར་འོང་། །དེ་རྣམས་ཀྱིས་ཡང་སྒྲ་ཕྱུང་བ། །གཞོན་ནུས་གལ་ཏེ་མི་བཞེས་ན། བདག་ཅག་རྒྱ་མཚོ་ཆེན་པོར་འཇུག་གོ །བྱང་ཆུབ་སེམས་དཔས་ཅི་བདེ་བར་ཞུགས་ཤིག་ཅེས་གསུངས་པ་དང་། དེ་རྣམས་རྒྱ་མཚོ་ཆེན་པོའ་ནང་དུ་ཞུགས་སོ། །བྱང་ཆུབ་སེམས་དཔའ་གཤེགས་པ་དང་། ཇི་ཙམ་ན་ཞིང་པ་སྐྲ་གྱེན་དུ་འགྲེང་བ། ལག་པ་དང་རྐང་པ་སེར་ག་བྱུང་བ། ལུས་རྡུལ་གྱིས་ཡོག་པ་དག་ཅིག་དང་། རྨོན་པ་ལྕག་གཟེར་བུ་རྣོན་པོ་ཅན་གྱིས་ལུས་དྲལ་བས་རྒྱབ་དང་མཇུག་དོའ་ཕྱོགས་ཁྲག་གིས་ཡོག་པ། ལྟོགས་པ་དང་སྐོམ་པས་དབུགས་རྫངས་ཤིང་སྙིང་གའི་ཕྱོགས་ནས་དབུགས་རྫངས་པ་རིང་དུ་འདྲེན་ལ་གཉའ་ཤིང་གིས་མནན་པའི་རྨ་ལས་རྣག་ཁྲག་འཛག་པ་ལ་སྦྲང་བུ་དང་འབུའི་ཚོགས་ཟ་བ། ཐོང་


DKG004_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱིས་རྐང་པ་རྨ་བྱུང་ཞིང་། ཁ་དང་སྣ་ནས་ཁ་ཆུ་སྣ་ཆུ་འཛག་ལ་སྤལ་པ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་ཀྱིས་ཡོག་པ་རྣམས་གཟིགས་སོ། །གཟིགས་ནས་ཀྱང་ཐོག་མ་མེད་པའི་དུས་ནས་བསོད་ནམས་བསྐྱེད་ཅིང་བསགས་པའི་ཐུགས་རྗེས་ཀུན་ནས་བསྐྱོད་པའི་ཐུགས་ཀྱིས་ཞིང་པ་རྣམས་ལ་འདི་སྐད་ཅེས་གསུངས་སོ། །ཤེས་ལྡན་དག་ཁྱོད་སུའི་ཡིན། དེ་རྣམས་ཀྱིས་གསོལ་པ། ལྷའི་ལགས་སོ། །དེས་གསུངས་པ། ཤེས་ལྡན་དག་དེང་ཕན་ཆད་བྲན་དུ་མི་བྱ། མངག་གཞུག་པར་མི་བྱ། རང་དབང་ཅན་གང་དགའ་བར་འགྲོ་བར་བྱས། བདེ་བ་ལ་རེག་པར་གནོས་ཤིག །རྨོན་པ་རྣམས་ཀྱང་བཀྲོལ་ནས་གསུངས་པ། ཁྱེད་ཅག་ཀྱང་དེང་ཕྱིན་ཆད་རྩྭ་མཆོག་མ་ཉམས་པ་ལ་ཟ་ཞིང་ཆུ་མ་རྡུལ་མ་བརྙོགས་ཤིང་དང་བ་དག་ལ་འཐུངས་ཤིག །ཁྱོད་ལ་ཕྱོགས་བཞི་ནས་ཀྱང་རླུང་བསིལ་བ་ལྡང་བར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཡིད་བྱུང་བ་དེ་ཉིད་ཀྱིས་ཡབ་ཤཱཀྱ་ཟས་གཙང་གི་ཞིང་བླས་ཀྱི་མཐའ་ལ་གཟིགས་ནས་ཤིང་འཛམ་བུའི་གྲིབ་མ་གང་ན་བ་དེར་གཤེགས་ཏེ་བྱོན་ནས། ཤིང་འཛམ་བུའི་གྲིབ་མ་ལ་བཞུགས་ཏེ། འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས། དཔྱོད་པ་དང་བཅས་ཤིང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ཟག་པ་མེད་པ་དང་འདྲ་བའི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །སྐྱེ་བོའ་ཚོགས་ཆེན་པོ་ཡང་བྱང་ཆུབ་སེམས་དཔའ་སྤངས་ཏེ་མི་འགྲོ་བར་ཤིང་གཞན་རྣམས་ཀྱི་དྲུང་ན་སྡོད་དོ། །རྒྱལ་པོ་ཟས་གཙང་གིས་བསམས་པ་བྱང་ཆུབ་སེམས་དཔའ་རིང་ཞིག་ཐོགས་ཏེ་འདི་ལྟར་དྲོའི་དུས་ལས་ཡོལ་གྱིས་ལྟར་འགྲོའོ་ཞེས་དེ་ཤིང་རྟར་ཞུགས་ནས་ཞིང་པའི་གྲོང་དུ་སོང་སྟེ་ཕན་ཚུན་དུ་བྱང་ཆུབ་སེམས་དཔའ་ཚོལ་ཞིང་ཤིང་འཛམ་བུའི་དྲུང་དུ་ཕྱིན་ཏོ། །དེའི་ཚེ་ཉི་མའི་གུང་ཡོལ་ནས་ཤིང་གཞན་རྣམས་ཀྱི་གྲིབ་མ་ཤར་ཕྱོགས་སུ་གཞོལ། ཤར་ཕྱོགས་སུ་འབབ། ཤར་ཕྱོགས་སུ་བབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་མཐུས་ཤིང་འཛམ་བུའི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་སྐུ་མི་གཏོང་ངོ་། །རྒྱལ་པོ་ཟས་གཙང་གིས་


DKG004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་གུང་ཡོལ་ནས་ཤིང་གཞན་རྣམས་ཀྱི་གྲིབ་མ་ཤར་ཕྱོགས་སུ་གཞོལ། ཤར་ཕྱོགས་སུ་འབབ། ཤར་ཕྱོགས་སུ་བབ་པར་གྱུར་ན་ཤིང་འཛམ་བུའི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་སྐུ་མི་གཏོང་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། གཞོན་ནུ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། འདི་ལྟར་ད་ལྟ་ཉི་མའི་གུང་ཡོལ་ནས་ཤིང་གཞན་རྣམས་ཀྱི་གྲིབ་མ་ཤར་ཕྱོགས་སུ་གཞོལ། ཤར་ཕྱོགས་སུ་འབབ། ཤར་ཕྱོགས་སུ་བབ་པར་གྱུར་ན་ཤིང་འཛམ་བུའི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་སྐུ་མི་གཏོང་བ་ངོ་མཚར་ཆེའོ་སྙམ་མོ། །དེ་ནས་དགའ་བའི་བསྟི་སྟང་བྱས་ཏེ་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་གཏུགས་ནས་ཚིགས་སུ་བཅད་པས་སྨྲས་པ། ཇི་ལྟར་བལྟམས་ཚེ་ས་ནི་གཡོས་པ་ལྟར། །འཛམ་བུའི་གྲིབ་མས་ཁྱོད་སྐུ་མི་གཏོང་བ། །བློ་ཆེན་ཁྱོད་ཀྱི་ཡ་མཚན་གཉིས་འདི་སྟེ། །ཀུན་གཟིགས་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའ་སྐྱིལ་མོ་ཀྲུང་བཅས་པ་ལས་བསླང་ནས་ཤིང་རྟར་ཞུགས་ཏེ། དུར་ཁྲོད་ཀྱི་ནང་ནས་སེར་སྐྱའི་གཞིར་གཤེགས་པ་ན་བྱང་ཆུབ་སེམས་དཔས་དུར་ཁྲོད་ཀྱི་ནང་ན་མི་རོ་རྣམ་པར་སྡོས་པ་དང་། རྣམ་པར་འབུས་གཞིགས་པ་དང་། རྣམ་པར་བམ་པ་དག་གཟིགས་ནས་དེ་ཤིན་ཏུ་སྐྱོ་བ་སྐྱེས་ཏེ། ཤིང་རྟར་ཞུགས་བཞིན་དུ་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ། །དེ་ནས་ཡང་རྒྱལ་པོ་ཟས་གཙང་གིས་སྐྱིལ་མོ་ཀྲུང་བཅས་པ་ལས་བསླངས་ནས། སེར་སྐྱའི་གཞིར་གཤེགས་ཏེ། གྲོང་ཁྱེར་གྱི་ནང་དུ་འཇུག་པ་ན་མཚན་མཁན་རྣམས་ཀྱིས་གལ་ཏེ་གཞོན་ནུ་ཞག་བདུན་གྱི་བར་དུ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བར་ལུང་བསྟན་པར་རིག་ནས་དེ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་དེ་ཡི་བཟང་པོ་གཟིགས་བཞེད་ན། །དེའི་སླད་དགུང་བདུན་བར་དུ་སྲུངས་ཤིག་དང་། །མི་དབང་གདུགས་ནི་བདལ་བར་གྱུར་པ་ན། །རིན་ཆེན་སྣ་བདུན་འབྱུང་བར་ཐེ་ཚོམ་མེད། །ཁྱོད་སྲས་རིན་ཆེན་བདུན་པོ་ཡི། །དབང་ཕྱུག་གི་ནི་རྒྱལ་པོར་འགྱུར། །རྒྱ་མཚོ་ལ་ནི་ཐུག་པའི་ས། །ཆད་པ་མེད་པས་སྐྱོང་བར་འགྱུར། །


DKG004_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་ས་ནི་སྤངས་ནས་སུ། །བསྙེངས་མེད་ནགས་སུ་བཞུད་ན་ནི། །ཐམས་ཅད་མཁྱེན་པ་ཐོབ་གྱུར་ནས། །འགྲོ་བ་སྒྲོལ་བར་མཛད་པར་འགྱུར། །ཤཱཀྱ་དུས་ལེགས་ཀྱི་བུ་མོ་རི་དགས་སྐྱེས་ཞེས་བྱ་བ་དེ་སྐར་ཁུང་ན་འདུག་པས་བྱང་ཆུབ་སེམས་དཔའ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་མ་འདི་ཡི་ཡུམ་བདེ་ཞིང་། །ཡབ་དེ་ཡང་ནི་བདེ་བ་ཡིན། །ཀྱེ་མ་གང་གི་ཁྱིམ་ཐབ་འགྱུར། །བུད་མེད་དེ་ཡང་མྱ་ངན་འདས། །སྐྱེས་མཆོག་བསམ་གཏན་པ་དེ་ཡིས། །མྱ་ངན་འདས་པའི་སྒྲ་ཐོས་ནས། །མྱ་ངན་འདས་པ་ཞི་ཉིད་དུ། །མཁྱེན་ནས་དེ་ལ་ཐུགས་དགྱེས་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་ལེགས་པར་སྨྲས་པའི་ཕྱིར་མུ་ཏིག་གི་ཕྲེང་བ་འཕངས་པ་དང་། བྱང་ཆུབ་སེམས་དཔའི་མཐུས་སྐར་ཁུང་ནས་སོང་སྟེ་དེའི་མགུལ་དུ་འཁྲིས་པར་གྱུར་ཏོ། །སྐྱེ་བོའ་ཚོགས་ཀྱིས་ནང་དུ་སོང་བ་དེ་མཐོང་ནས། དེ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་རྒྱས་པར་སྨྲས་ནས་རྒྱལ་པོ་ཟས་གཙང་གིས་རི་དགས་སྐྱེས་འཁོར་ཉི་ཁྲི་དང་བྱང་ཆུབ་སེམས་དཔའི་བཙུན་མོར་བླངས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་བཙུན་མོས་འཚོ་མ་དང་། རི་དགས་སྐྱེས་ལ་སོགས་པའི་འཁོར་བུད་མེད་དྲུག་ཁྲི་ཡོད་དོ། །དེ་ནས་རྒྱལ་པོ་ཟས་གཙང་གཅུང་བྲེ་བོ་ཟས་དང་། ཟས་དཀར་དང་། ཚད་མེད་ཟས་གསུམ་དང་ལྷན་ཅིག་གཅིག་ཏུ་ཚོགས་ནས་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ལ་གལ་ཏེ་ཞག་བདུན་གྱི་བར་དུ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་གྱིས། དེ་ལྟ་བས་ན་བདག་ཅག་གིས་བྱང་ཆུབ་སེམས་དཔའ་ཞག་བདུན་གྱི་བར་དུ་བསྒྲིམས་ཏེ་བསྲུང་བར་བྱ་ཞིང་གྲོང་ཁྱེར་ཡང་ལེགས་པར་བསྲུང་བར་བྱའོ། །དེ་ནས་དེ་རྣམས་ཀྱིས་སེར་སྐྱའི་གཞིའི་གྲོང་ཁྱེར་ར་བ་རིམ་པ་བདུན་དང་འོ་བས་རིམ་པ་བདུན་གྱིས་བསྐོར་ནས་གྲོང་ཁྱེར་གྱི་སྒོ་འཕར་ལྕགས་ལས་བྱས་ཤིང་། སྒོ་འཕར་རྣམས་ལ་དྲིལ་བུ་ཤིན་ཏུ་སྒྲ་གསལ་བ་བཏགས་ཏེ་སྒོ་ཕྱེ་ན་དེའི་སྒྲས་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་གྲག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་ཁང་བཟང་


DKG004_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཞིན་བུད་མེད་ཡིད་འཕྲོག་པ་གཟུགས་བཟང་བ་རྣམས་དང་། གར་དང་གླུ་དང་། རོལ་མོ་རྣམས་ཀྱི་སྤྱོད་པས་བསྙེན་བཀུར་བྱེད་དུ་བཅུག་གོ །བློན་པོ་རྣམས་ནི་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་ར་བའི་ཕྱི་རོལ་ཁོ་ར་ཁོར་ཡུག་ཏུ་གཅན་པ་བྱེད་དུ་བཅུག་གོ། །སྐས་སྤོར་རུང་བ་མི་ལྔ་བརྒྱས་ཚུགས་པ་ཡང་བྱས་སོ། །བཙུན་མོའ་འཁོར་གྱི་སྒོར་ཡང་སྒོ་ཕྱེ་ན་དེའི་སྒྲས་རྒྱལ་པོ་ཟས་གཙང་གི་ཕོ་བྲང་དུ་གྲག་ཅིང་དེ་ཐོས་ནས་བཙུན་མོའ་འཁོར་གྱི་མི་དང་། གྲོང་ཁྱེར་གྱི་སྒོ་སྲུང་རྣམས་དང་། ཕོ་བྲང་འཁོར་གྱི་མི་གྲོང་ཁྱེར་གྱི་ཕྱི་རོལ་ནས་སྲུང་དུ་བཅུག་པ་རྣམས་བག་དང་ཆས་ཏེ་འདུག་པར་འགྱུར་བ་དེ་ལྟ་བུ་བཏགས་སོ། །བྱང་ཆུབ་སེམས་དཔའ་ནི་སྟེང་གི་ཁང་བཟངས་གི་གཞི་སྐྱེས་པ་མེད་པར་ཞུགས་ནས་པི་ཝང་དང་། གླིང་བུ་དང་། འཁར་རྔ་དང་། སྒྲ་སྙན་ལ་སོགས་པ་རོལ་མོའ་ཆ་བྱད་དག་ཉེ་བར་ལེན་ཅིང་འབྱོར་པ་ཆེན་པོས་བཞུགས་སོ། །མཚན་མོ་ནི་རྒྱལ་པོ་ཟས་གཙང་ཡང་དཔུང་གི་ཚོགས་ཡན་ལག་བཞི་དང་ཤར་སྒོའི་ཕྱི་རོལ་ན་འདུག་གོ །ལྷོ་ཕྱོགས་ན་ནི་བྲེ་བོ་ཟས་སོ། །ནུབ་ཕྱོགས་ན་ནི་ཟས་དཀར་རོ། །བྱང་ཕྱོགས་ན་ནི་ཚད་མེད་ཟས་སོ། །གྲོང་ཁྱེར་གྱི་དབུས་ཀྱི་འདྲམ་པོ་བྱེད་པ་ནི་ཤཱཀྱ་མིང་ཆེན་ནོ། །དེ་ཤར་སྒོར་སོང་ནས་སྨྲས་པ། སུ་ཞིག་མེལ་ཚེ་བྱེད། སུ་ཞིག་མེལ་ཚེ་བྱེད་རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཁོ་བོ་མེལ་ཚེ་བྱེད་དོ། །ལྷ་མེལ་ཚེ་མཛོད་ཅིག །མེལ་ཚེ་མཛད་དང་ཁྱོད་ལ་ལེགས་པར་འགྱུར་རོ་ཞེས་སྨྲས་ཏེ། ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་གཉིད་ལོག་རོ་དང་མཚུངས། །གཉིད་ལོག་བདུད་ཀྱི་དབང་དུ་སོང་། །འདི་ན་མི་ཉལ་རྟག་ཏུ་མཁས། །དེ་བས་མ་ཉལ་མེལ་ཚེ་བྱོས། །ལྷོ་སྒོར་སོང་ནས་སྨྲས་པ། སུ་ཞིག་མེལ་ཚེ་བྱེད། སུ་ཞིག་མེལ་ཚེ་བྱེད། བྲེ་བོ་ཟས་ཀྱིས་སྨྲས་པ། ཁོ་བོ་མེལ་ཚེ་བྱེད་དོ། །ལྷ་མེལ་ཚེ་མཛོད་ཅིག །མེལ་ཚེ་མཛད་དང་ཁྱོད་ལ་ལེགས་པར་འགྱུར་རོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་གཉིད་ལོག་རོ་དང་མཚུངས། །གཉིད་ལོག་བདུད་ཀྱི་དབང་དུ་སོང་། །གཉིད་ལོག་འཆི་བདག་དབང་དུ་སོང་། །དེ་བས་མ་ཉལ་མེལ་ཚེ་བྱོས། །ནུབ་སྒོར་སོང་ནས་


DKG004_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། སུ་ཞིག་མེལ་ཚེ་བྱེད། སུ་ཞིག་མེལ་ཚེ་བྱེད། ཟས་དཀར་གྱིས་སྨྲས་པ། ཁོ་བོ་མེལ་ཚེ་བྱེད་དོ། །ལྷ་མེལ་ཚེ་མཛོད་ཅིག །མེལ་ཚེ་མཛད་དང་ཁྱོད་ལ་ལེགས་པར་འགྱུར་རོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། གཉིད་ལོག་པ་ནི་རྟག་ཏུ་མྱོས། །མྱོས་འགྱུར་བྲེ་བོས་འཐུངས་བ་ཉལ། །དགོན་པའི་ནགས་སུ་ཉལ་བ་འདྲ། །དེ་བས་མ་ཉལ་མེལ་ཚེ་བྱོས། །བྱང་སྒོར་སོང་ནས་སྨྲས་པ། སུ་ཞིག་མེལ་ཚེ་བྱེད། སུ་ཞིག་མེལ་ཚེ་བྱེད། ཚད་མེད་ཟས་ཀྱིས་སྨྲས་པ། ཁོ་བོ་མེལ་ཚེ་བྱེད་དོ། །ལྷ་མེལ་ཚེ་མཛོད་ཅིག །མེལ་ཚེ་མཛད་དང་ཁྱོད་ལ་ལེགས་པར་འགྱུར་རོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། རི་ཉལ་རི་སུལ་ཉལ་བ་བཞིན། །རྒྱ་མཚོའ་ཆུར་ནི་ཉལ་བ་དང་། །ལྗོན་ཤིང་རྩེ་ལ་ཉལ་བ་བཞིན། །དེ་བས་མ་ཉལ་མེལ་ཚེ་བྱོས། །དབུས་ཀྱི་བཞི་མདོ་དང་སུམ་མདོ་དག་ཏུ་སོང་ནས་སྨྲས་པ། སུ་ཞིག་མེལ་ཚེ་བྱེད། སུ་ཞིག་མེལ་ཚེ་བྱེད། སྲུང་མ་རྣམས་ཀྱིས་སྨྲས་པ། བདག་ཅག་མེལ་ཚེ་བགྱིད་དོ། །མེལ་ཚེ་བྱོས་ཤིག །མེལ་ཚེ་བྱོས་དང་ལེགས་པར་འགྱུར་རོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཆོས་སྤྱོད་ཆོས་མ་ཡིན་མ་སྤྱོད། །བདེན་པ་སྨྲེས་ཤིག་བརྫུན་མ་སྨྲ། །མུན་པ་ཆེན་པོར་འཇུག་པར་འགྱུར། །དེ་བས་མ་ཉལ་མེལ་ཚེ་བྱོས། །དེ་ནས་ནམ་ནངས་ནས་ཤཱཀྱ་མིང་ཆེན་གྱིས་རྒྱལ་པོ་ཟས་གཙང་ལ་སྨྲས་པ། ལྷ་དགུང་སངས་ལགས་ཏེ་དགུང་བདུན་ལ་དགུང་གཅིག་ནི་ཐལ། དགུང་དྲུག་ནི་ལུས་སོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། ལེགས་ཀྱིས་ཞག་དྲུག་འདས་ན་གཞོན་ནུ་འཁོར་ལོས་སྒྱུར་བར་གྱུར་ན་བདག་ཅག་ནམ་མཁའི་ངོས་ལ་རྒྱུ་ཞིང་གླིང་བཞིར་ཕྱི་བཞིན་དོང་ངོ་། །དེ་བཞིན་དུ་དགུང་གཅིག་ལུས་སོ་ཞེས་བྱ་བའི་བར་དུ་སྟེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཤེས་པ་མཐོང་བ་ནི། འོག་ཏུ་འཇུག་པ་ཡིན་པས་ཚིགས་སུ་བཅད་དེ་སྨྲས་པ། མི་དབང་ཤཱཀྱའི་སྲས་པོ་ཐུབ་པ་འདི། །བདག་ཉིད་ཆེན་པོ་ཕ་རོལ་ཕྱིན་དྲུག་རྫོགས། །ཐུབ་རྣམས་དགྱེས་པར་མཛད་པ་དཀའ་ཐུབ་ཚལ། །འཕགས་པ་དགྱེས་པའི་ནགས་སུ་གཤེགས་པར་བཞེད། །དེ་ནས་


DKG004_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་བཙུན་མོ་དང་ལྷན་ཅིག་སྐྱེས་པ་མེད་པ་ན་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་འདི་སྙམ་དུ་དགོངས་ཏེ། བདག་ལ་གཞན་དག་གཞོན་ནུ་ཤཱཀྱ་ཐུབ་པ་ནི་སྐྱེས་པ་མ་ཡིན་ཏེ། གང་གི་ཕྱིར་གྲགས་འཛིན་མ་དང་། ས་འཚོ་མ་དང་། རི་དགས་སྐྱེས་དང་། བུད་མེད་དྲུག་ཁྲི་སྤངས་ནས་རབ་ཏུ་བྱུང་ངོ་ཞེས་གཞི་དེས་ཁ་ཟེར་བར་འགྱུར་དུ་འོང་གིས། མ་ལ་བདག་གིས་གྲགས་འཛིན་མ་དང་ལྷན་ཅིག་དགའ་མགུར་སྤྱད་པར་བྱའོ་སྙམ་ནས་དེས་གྲགས་འཛིན་མ་དང་ལྷན་ཅིག་དགའ་མགུར་སྤྱོད་པ་དང་གྲགས་འཛིན་མ་སེམས་ཅན་དང་ལྡན་པར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། ནམ་ནངས་ནས་བྱང་ཆུབ་སེམས་དཔའི་སྙན་དུ་གསོལ་ལོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་དེའི་ཚེ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པས་ཚིགས་སུ་བཅད་དེ་གསུངས་པ། བུད་མེད་དང་བདག་ཁྱིམ་ཉལ་བའི། །ཐ་མ་དེང་གི་འདི་ཡིན་ཏེ། །ཕྱིན་ཅད་ཁྱིམ་དུ་བུད་མེད་དང་། །ང་ནི་ལྷན་ཅིག་མི་གནས་སོ། །དེ་ནས་བུད་མེད་དེ་རྣམས་གར་དང་གླུ་དང་རོལ་མོས་དུབ་ནས་ཁ་ནས་ཁ་ཆུ་འཛག་ཅིང་སྐྲ་ཞིག་ལ་གོས་དང་ལག་པ་དག་ལྷུག་པར་བཏང་ནས་བསླ་བའི་ཚིག་བྱུང་རྒྱལ་དུ་བརྡོལ་ཞིང་གཉིད་ལོག་གོ །བྱང་ཆུབ་སེམས་དཔས་བུད་མེད་དེ་དག་ཐམས་ཅད་ཁ་ནས་ཁ་ཆུ་འཛག་ཅིང་སྐྲ་ཞིག་ལ་གོས་དང་ལག་པ་དག་ལྷུག་པར་བཏང་ནས་བསླ་བའི་ཚིག་བྱུང་རྒྱལ་དུ་བརྡོལ་ཞིང་གཉིད་ལོག་པ་གཟིགས་སོ། །གཟིགས་ནས་ཀྱང་བཙུན་མོའ་འཁོར་ལ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ནས་དེས་ཚིགས་སུ་བཅད་དེ་གསུངས་པ། རླུང་གི་ཤུགས་ཀྱིས་པད་མའི་ཚལ་ལྟར་ས་གཞི་འདིར། །ལག་པ་དག་དང་རྐང་པ་བརྐྱང་ནས་འགྱེལ་གྱུར་ཏེ། །སྐྲ་རྣམས་ཞིག་ཅིང་མདོམས་དང་རྐུབ་ཀྱི་ཕྱོགས་སྣང་བ། །ཤཱཀྱའི་སྲས་ཀྱིས་གཟིགས་ནས་རང་བཞིན་སྐྱོ་བར་གྱུར། །ཚུལ་དང་བྲལ་བའི་བུད་མེད་ན་ཆུང་ཚོགས་འདི་དག །དུར་ཁྲོད་འཇིགས་སུ་རུང་བའི་རང་བཞིན་འདྲར་མཐོང་ནས། །སེམས་ཅན་བྱིས་པའི་སྤྱོད་པའི་ཡུལ་ལ་དེང་དགའ་ན། །སེམས་དང་བློ་གྲོས་དྲན་དང་བྲལ་བ་ཡིན་ནམ་ཅི། །འདོད་པ་ཐ་ཆད་འདམ་དང་


DKG004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་མདུང་དུག་མེ་འདྲ། །རྨི་ལམ་ལྟ་བུ་ཡིན་ཏེ་ཚྭ་ཆུའི་རོ་དང་མཚུངས། །འདོད་པ་ཕུང་བྱེད་རྩོད་དང་སྡིག་པའི་རྒྱུར་གྱུར་པ། །མཐའ་ངན་སྦྲུལ་གྱི་དབང་པོ་ལྟ་བུ་བདག་གིས་སྤང་། །བར་སྐབས་དེར་སྐྱེ་དགུའི་བདག་མོའ་ཆེན་མོའ་རྨི་ལམ་དུ་བཞི་རྨིས་པ། ཟླ་བ་སྒྲ་གཅན་གྱིས་ཟིན་པ་དང་། ཉི་མ་ཤར་ཕྱོགས་ནས་ཤར་ནས་དེ་ཉིད་དུ་ནུབ་པ་དང་། སྐྱེ་བོའ་ཚོགས་ཆེན་པོས་བདག་ལ་ཕྱག་བྱས་པ་དང་། བདག་ཉིད་དགོད་ཅིང་ངུ་བའོ། །གྲགས་འཛིན་མའི་རྨི་ལམ་དུ་བརྒྱད་རྨིས་པ། བདག་ཉིད་ཀྱི་ཁྱིམ་གྱི་གདུང་ཆག་པ་དང་། བཀྲ་ཤིས་ཀྱི་མལ་ཁྲི་ཆག་པ་དང་། ལག་པའི་གདུ་བུ་ཆག་པ་དང་། སོའ་ཕྲེང་བ་ལྷགས་པ་དང་། སྐྲའི་ལན་བུ་ཞིག་པ་དང་། དཔལ་ཁྱིམ་ནས་བྱུང་བ་དང་། ཟླ་བ་སྒྲ་གཅན་གྱིས་ཟིན་པ་དང་། ཉི་མ་ཤར་ཕྱོགས་ནས་ཤར་ནས་དེ་ཉིད་དུ་ནུབ་པའོ། །བྱང་ཆུབ་སེམས་དཔས་ཀྱང་རྨི་ལམ་ལྔ་རྨིས་པ། ས་ཆེན་པོ་ཉིད་ཀྱི་གཟིམ་མལ་དུ་བྱས་ཤིང་། རི་རབ་རིའི་རྒྱལ་པོ་དབུ་རྟེན་དུ་བཅུག །ཕྱག་གཡོན་པ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འཇུག །ཕྱག་གཡས་པ་ནུབ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འཇུག །ཞབས་གཉིས་རྒྱ་མཚོ་ཆེན་པོར་འཇུག་པ་དང་། འགྲེང་བ་ཞེས་བྱ་བའི་རྩའི་རིགས་ལྟེ་བ་ནས་བྱུང་ནས་ནམ་མཁའི་བར་དུ་འཕགས་ཏེ་འདུག་པ་དང་། བྱ་ཀུན་ནས་དཀར་ལ་མགོ་གནག་པ་རྣམས་ཀྱིས་ཞབས་གཉིས་ལ་གཏུགས་ནས་པུས་མོའ་ལྷ་ང་ལ་ཐུག་གི་བར་དུ་ལྡག་པ་དང་བྱ་སྣ་ཚོགས་ཕྱོགས་བཞི་ནས་འོངས་ནས་མདུན་དུ་ཁ་དོག་གཅིག་ཏུ་འདུག་པ་དང་། མི་གཙང་བའི་རིའི་སྟེང་ནས་བདག་ཉིད་མི་གཙང་བས་མ་གོས་པར་འཆག་པའོ། །རྨིས་ནས་ཀྱང་ཐུགས་དགྱེས་ཏེ་དགོངས་པ། ངའི་རྨི་ལམ་འདི་འདྲ་བ་རྨིས་པས་རིང་པོ་མི་ཐོགས་པ་ཁོ་ནར་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་སྙམ་མོ། །དེ་ནས་གྲགས་འཛིན་མས་བྱང་ཆུབ་སེམས་དཔའ་ལ་རྨི་ལམ་གསོལ་པ། ལྷ་ད་གཟོད་བདག་གིས་གཡར་ལམ་དུ་བརྒྱད་རྨིས་པ། བདག་གི་སྡུམ་པའི་གདུང་ཆག་པ་དང་། བཀྲ་ཤིས་ཀྱི་མལ་ཁྲི་ཆག་པ་དང་། སུག་པའི་གདུ་བུ་ཆག་པ་དང་། སོའ་ཕྲེང་བ་ལྷགས་པ་དང་། སྐྲའི་ལན་བུ་ཞིག་པ་དང་། དཔལ་སྡུམ་


DKG004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་བྱུང་བ་དང་། ཟླ་བ་སྒྲ་ཅན་གྱིས་ཟིན་པ་དང་། གདུགས་ཤར་ཕྱོགས་ནས་བདལ་ནས་དེ་ཉིད་དུ་ནུབ་པ་རྨིས་ལགས་སོ། །བྱང་ཆུབ་སེམས་དཔས་གྲགས་འཛིན་མའི་ཡིད་མི་བདེ་བ་བསལ་བའི་ཕྱིར་རྨི་ལམ་རྣམས་བཤད་པ། བདག་གི་ཁྱིམ་གྱི་གདུང་ཆག་གོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་འདུག་གམ། བདག་གི་བཀྲ་ཤིས་ཀྱི་མལ་ཁྲི་ཆག་གོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མ་ཆག་སྟེ་འདུག་པའོ་ནི་ཡིན་མོད། ལག་པའི་གདུ་བུ་ཆག་གོ་ཞེས་སྨྲས་པ་གང་ཡིན་པ་ཅི་ཆག་གམ་མ་ཆག་རང་ཉིད་རྟོགས་ཤིག །སོའ་ཕྲེང་བ་ལྷགས་སོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་ཅི་ལྷགས་སམ་མ་ལྷགས་རྟོགས་ཤིག །བདག་གི་ལན་བུ་ཞིག་གོ་ཞེས་གང་སྨྲས་པ་དེ་ཡང་ཁྱོད་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་ཅི་ཞིག་གམ་མ་ཞིག་རྟོགས་ཤིག །ཁྱིམ་ནས་དཔལ་བྱུང་ངོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་བུད་མེད་རྣམས་ཀྱི་དཔལ་ནི་ཁྱོ་ཡིན་ལ་ང་ནི་འདུག་པ་ཉིད་དོ། །ཟླ་བ་སྒྲ་ཅན་གྱིས་ཟིན་ཅེས་སྨྲས་པ་གང་ཡིན་པ་དེ་ནི་ཟླ་བ་འདི་མངོན་སུམ་དུ་འདུག་པ་མ་ཡིན་ནམ། ཉི་མ་ཤར་ཕྱོགས་ནས་ཤར་ནས་དེ་ཉིད་དུ་ནུབ་བོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་ད་དུང་ཡང་ནམ་ཕྱེད་ཡོད་དེ། རེ་ཞིག་ཤར་ཀྱང་མ་ཤར་ན་ནུབ་པར་ལྟག་ལ་གྱུར་ཅེས་དེ་ལྟར་བརྡ་སྤྲད་ནས་བཙུན་མོ་གྲགས་འཛིན་ཅང་མི་སྨྲ་བར་འདུག་གོ །བྱང་ཆུབ་སེམས་དཔས་དགོངས་པ་གྲགས་འཛིན་མའི་རྨི་ལམ་དེ་འདྲ་བ་རྨིས་པས་གདོན་མི་ཟ་བར་ང་ཁོ་ན་བདག་འགྲོ་བར་བྱས་འདི་ལ་ཚིག་ཟུར་གྱིས་བསྟན་ནོ་སྙམ་ནས་དེས་དེ་ལ་ཚིག་ཟུར་གྱིས་བསྟན་པ་དང་། གྲགས་འཛིན་མས་གསོལ་པ། ལྷ་ཁྱོད་གང་དུ་བཞུད་པ་དེར་བདག་ཁྲིད་ཅིག །བྱང་ཆུབ་སེམས་དཔས་མྱ་ངན་ལས་འདས་པ་ལས་དགོངས་ནས་བཀའ་སྩལ་པ། དེ་བཞིན་དུ་བྱ་སྟེ། གང་དུ་འགྲོ་བ་དེ་དང་དེར་ཁྱོད་བཀྲིའོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་ཏེ་ལྷ་རྣམས་ཀྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་དགོངས་པ་ཤེས་ནས་བྱང་ཆུབ་སེམས་དཔའ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །ནགས་ཀྱི་སྤྲེའུ་ནི་སྤྱོད་


DKG004_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྒྱུ་འདྲ་ཞིང་། །ཡན་པར་འདུག་པའི་རྟེའུ་དང་འདྲ་བའི་ཐུགས། །གལ་ཏེ་འདོད་པའི་ཡོན་ཏན་ལས་བཟློག་ན། །དེ་ནས་ཤིན་ཏུ་གསལ་བའི་སྣང་བ་གཟིགས། །བློ་གྲོས་བཟང་པོ་བཞེངས་ཤིག་བཞེངས། །ས་ནི་སྤངས་ཏེ་བཞུད་མཛོད་ལ། །ཐམས་ཅད་མཁྱེན་ཉིད་བརྙེས་ནས་ནི། །འགྲོ་བ་དག་ནི་བསྒྲལ་བར་མཛོད། །བྱང་ཆུབ་སེམས་དཔས་གསུངས་པ། ཀཽ་ཤི་ཀ་མ་མཐོང་ངམ། ང་ནི་རི་དགས་བདག་པོ་རྒྱས་བསྐོར་ལྟར། །མི་ནི་མཐུ་ལྡན་གཞུ་མཚོན་རལ་གྲི་ཐོགས། །རྟ་གླང་ཤིང་རྟ་དཔུང་ཚོགས་མང་པོ་ཡིས། །གྲོང་ཁྱེར་སེར་སྐྱ་ཀུན་ནས་ཡོངས་སུ་བསྐོར། །ཟས་གཙང་ལ་སོགས་ཤཱཀྱའི་ཚོགས་འདི་དག །གླང་ཆེན་རྟ་ཞོན་ལེགས་པར་གོ་བགོས་ལུས། །མི་སྡུག་སྣ་ཚོགས་ལག་ན་མཚོན་ཐོགས་ཏེ། །ཁྱམས་དང་རྟ་བབས་ཁང་བཟང་གཞི་ནང་གནས། །ཕོ་བྲང་དང་ནི་ཁྱིམ་སྒོ་དང་། །དེ་བཞིན་གྲོང་ཁྱེར་སྒོ་དག་ཀྱང་། །བཅད་ནས་གཏན་པ་དམ་བཅུག་སྟེ། །དེ་བཞིན་ཀུན་ནས་བསྲུངས་པར་གྱུར། །རྭ་དུང་པ་ཊ་ཧ་སྒྲ་རྔ་སྒྲ་ཡིས། །ཁྱམས་དང་རྟ་བབས་ཁང་བཟང་ནང་གནས་ཤིང་། །གླང་ཆེན་རྟ་དམག་འབད་པའི་སྐྱེ་བོའ་ཚོགས། །རྒྱུན་དུ་ང་མི་བཏང་ཕྱིར་སྲུང་བར་བྱེད། །བརྒྱ་བྱིན་གྱིས་གསོལ་པ། དེས་པ་མར་མེ་མཛད་ཀྱིས་ལུང་བསྟན་དང་། །སྡུག་བསྔལ་གྱིས་གདུངས་འཇིག་རྟེན་འདི་དང་ཡང་། །ཁྱོད་ཀྱི་སྔོན་གྱི་དམ་བཅས་དགོངས་མཛོད་ལ། །ཁབ་དག་སྤོངས་ཏེ་ངེས་པར་འབྱུང་བར་མཛོད། །ཇི་ལྟར་ཁྱོད་ནི་བགེགས་མེད་པར། །དེང་ཉིད་ནགས་སུ་གཤེགས་འགྱུར་བ། །བདག་ཅག་ཚངས་སོགས་བཅས་པ་ཡི། །ལྷ་རྣམས་ཀྱིས་ནི་དེ་བཞིན་བགྱི། །བྱང་ཆུབ་སེམས་དཔས་ལེགས་སོ་ཞེས་གསུངས་ནས་ཐུགས་དགྱེས་པར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གཉིད་ཀྱིས་མྱོས་པར་བྱས་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་ལ་བསྒོ་བ། གྲོགས་པོ་བྱང་ཆུབ་སེམས་དཔའ་སྟེང་གི་ཁང་བཟང་ནས་འབབས་ཀྱིས་སྐས་ལོངས་ཤིག །དེས་སྐས་བླངས་པ་ལ་བྱང་ཆུབ་སེམས་དཔའ་འབབས་པ་དང་། དེ་ནས་བརྒྱ་བྱིན་གྱིས་བརྡ་བྱས་མ་ཐག་ཏུ་ཞབས་འབྲིང་བ་འདུན་པ་གང་ན་བ་དེར་གཤེགས་ནས། ཇི་


DKG004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ན་འདུན་པ་གཉིད་སྟུག་པོས་ནོན་པར་གཟིགས་ནས་བྱང་ཆུབ་སེམས་དཔས་བསྒྲིམས་ཏེ་བསླང་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་གསུངས་པ། འདུན་པ་ལོངས་ཀྱེ་ཁྱིམ་ནས་མྱུར་དུ་ནི། །ང་ཡི་རྟ་ཕོ་རིན་ཆེན་བསྔགས་ལྡན་ལོང་། །སྔོན་གྱི་རྒྱལ་བས་ལོངས་སྤྱོད་དཀའ་ཐུབ་ཚལ། །ཐུབ་རྣམས་དགྱེས་པར་མཛད་པར་ང་གཤེགས་སོ། །འདུན་པ་གཉིད་ལོག་པའི་མིག་ཕྱེ་ནས་སྨྲས་པ། ལྷ་ཁྱོད་སྐྱེད་མོས་ཚལ་གྱི་དུས་མ་བབ། །ངེས་པ་ཁྱོད་དང་འགའ་ཡང་ཁོན་མ་མཆིས། །ཁྱོད་ལ་དགྲ་བོ་སུ་ཡང་མ་མཆིས་ན། །དགུང་ཕྱེད་ཁྱོད་ལ་བཅིབས་པས་ཅི་ཞིག་བགྱིད། །བྱང་ཆུབ་སེམས་དཔས་བཀའ་སྩལ་པ། འདུན་པ་ཁྱོད་ཀྱིས་ལན་འགའ་ཡང་། །ང་ཡི་ཚིག་ནི་མ་བཅག་ན། །ང་ཡི་དེང་དུས་ཐ་མ་ལ། །ང་ཡི་ཚིག་འདི་མ་གཅག་ཅིག །འདུན་པས་གསོལ་པ། གཞོན་ནུ་མཚན་མོ་འདི་ནི་འཇིགས་པ་དང་འཇིགས་སུ་རུང་བ་མཆིས་པས་བདག་བཅིབས་པ་མི་ལེན་ནོ། །བྱང་ཆུབ་སེམས་དཔས་དགོངས་པ། ལན་དང་ཡང་ལན་གྱིས་གདོན་མི་ཟ་བར་སྐྱེ་བོ་སད་པར་འགྱུར་གྱིས་བདག་ཉིད་སོང་ལ་རྟའི་རྒྱལ་པོ་བསྔགས་ལྡན་སྟ་གོན་བྱའོ་སྙམ་ནས། དེ་ནས་ཉིད་ཀྱིས་ཕོ་བྲང་གི་སྒོ་ཕྱེ་ནས་རྟའི་རྒྱལ་པོ་བསྔགས་ལྡན་བཟུང་བར་བརྩམས་པ་ན་དེ་ཁྲོས་པའི་མེ་རབ་ཏུ་འབར་བས་རྐང་པ་འཕྲ། འཇིང་ཀྱོག་བྱེད་ལ་ཕར་བྲོས་ཚུར་བྲོས་ཤིང་འདུག་ཏུ་མི་བཏུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ། འཁོར་ལོ་དང་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་མངའ་བ། སྐྲག་པ་རྣམས་ལ་དབུགས་འབྱིན་པར་མཛད་པས་མགོ་ལ་བྱུགས་ནས་གསུངས་པ། བསྔགས་ལྡན་ཐ་མ་ཡི་ནི་ཁུར་ལོང་སྟེ། །དཀའ་ཐུབ་ནགས་སུ་མ་ཐོགས་ང་སྐྱོལ་ཅིག །བྱང་ཆུབ་ཐོབ་ནས་མྱུར་དུ་འགྲོ་བ་ཀུན། །བསམ་གཏན་རྣམ་ཐར་ཆར་གྱིས་ཚིམ་པར་བྱ། །ཆོས་ཉིད་ཀྱིས་དུད་འགྲོ་ཡང་གདམས་ན་ཕྱི་ལང་མི་བྱེད་པས་རྟའི་རྒྱལ་པོ་བསྔགས་ལྡན་མི་གཡོ་བར་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ཐུགས་དགྱེས་པ་སྐྱེས་ཏེ་རྟའི་རྒྱལ་པོ་བསྔགས་ལྡན་བསྟད་ནས་བཞེས་སོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་བྱང་ཆུབ་


DKG004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཕྱིར་གཤེགས་པའི་ཕྱིར་ལྷའི་བུ་བཞི་པོ་བསྒོ་སྟེ་བཞག་པ། འགྲམ་དང་། ཉེ་འགྲམ་དང་། ལོ་མ་དང་། ལོ་མ་གྱོན་པའོ། །བྱང་ཆུབ་སེམས་དཔས་དེ་རྣམས་ལ་གསུངས་པ། ཤེས་ལྡན་དག་ང་སུས་བཀུར། དེ་རྣམས་ཀྱིས་གསོལ་པ། བདག་ཅག་གིས་བཀུར་ལགས་སོ། །ཁྱེད་ཅག་ལ་སྟོབས་ཇི་ཙམ་ཡོད། གཅིག་གིས་གསོལ་པ། གཞོན་ནུ་བདག་གིས་ནི་སའི་རྡུལ་ཇི་སྙེད་མཆིས་པ་ཁུར་དུ་ཐོགས་ཏེ་མཆིའོ། །གཉིས་པས་གསོལ་པ། བདག་གིས་ནི་རྒྱ་མཚོ་ཆེན་པོ་བཞི་དང་། མཚོ་དང་མཚེའུ་དང་ལྟེང་ཀ་དང་། ཆུ་མིག་རྣམས་ཀྱི་ཆབ་ཇི་སྙེད་མཆིས་པ་དེ་ཐམས་ཅད་ཁུར་དུ་ཐོགས་ཏེ་མཆིའོ། །གསུམ་པས་གསོལ་པ། བདག་གིས་ནི་ས་ལ་རི་ཇི་སྙེད་མཆིས་པ་དེ་ཐམས་ཅད་ཁུར་དུ་ཐོགས་ཏེ་མཆིའོ། །བཞི་པས་གསོལ་པ། བདག་གིས་ནི་ས་ལ་རྩྭ་དང་ཤིང་དང་ཡལ་ག་དང་ལོ་མ་ཇི་སྙེད་མཆིས་པ་དེ་ཐམས་ཅད་ཁུར་དུ་ཐོགས་ཏེ་མཆིའོ། །དེ་ནས་བྱང་ཆུབ་སེམས་དཔས་ཞབས་ས་ལ་བཞག་པ་ན་དེ་རྣམས་ཀྱིས་བསྒུལ་བར་ཡང་མ་ནུས་ནས་ངོ་མཚར་སྐྱེས་ཏེ་གསོལ་པ། གཞོན་ནུ་བདག་ཅག་གིས་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོབས་འདི་འདྲ་བ་མངའ་བར་མ་འཚལ་ཏོ། །གལ་ཏེ་འཚལ་ན་བདག་ཅག་མི་མཆིས་པ་ལགས་པ་ཞིག །གཏམ་དེ་འདུན་པ་སྔར་སད་པས་ཐོས་ནས་བྱང་ཆུབ་སེམས་དཔའི་སྤྱན་སྔར་སོང་བ་དང་། དེ་ནས་བྱང་ཆུབ་སེམས་དཔའ་རྟའི་རྒྱལ་པོ་བསྔགས་ལྡན་ལ་བཅིབས། འདུན་པ་ཡང་འཕོངས་ལ་ཞོན་ནས་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་མཐུ་དང་། ལྷ་རྣམས་ཀྱིས་ལྷའི་མཐུས་རྟ་རིན་པོ་ཆེ་བསྔགས་ལྡན་སྟེང་གི་ནམ་མཁའ་ལས་མངོན་པར་འཕགས་པ་དང་ཕོ་བྲང་ན་གནས་པའི་ལྷ་རྣམས་བྱང་ཆུབ་སེམས་དཔའ་དང་བྲལ་བས་ངུ་བར་བརྩམས་སོ། །དེ་རྣམས་ངུ་བའི་མཆི་མའི་ཐིགས་པ་རྣམས་ལུས་དང་ས་ལ་བབ་བོ། །འདུན་པས་གསོལ་པ། གཞོན་ནུ་ཆར་གྱི་ཐིགས་པ་དག་འབབ་ན་ཅི་ལྷས་དགུང་ཆར་ཕབ་བམ། བྱང་ཆུབ་སེམས་དཔས་གསུངས་པ། ལྷས་ཆར་ཕབ་པ་མ་ཡིན་ཏེ། འོན་ཀྱང་ཕོ་བྲང་ན་གནས་པའི་ལྷ་རྣམས་ང་དང་བྲལ་བས་ངུ་བར་བརྩམས་ཏེ། དེ་རྣམས་ཀྱི་


DKG004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མཆི་མའི་ཐིགས་པ་རྣམས་ལུས་ལ་བབ་པ་ཡིན་ནོ། །དེ་ནས་འདུན་པ་མིག་མཆི་མས་གང་ཞིང་དབུགས་རིང་པོའ་ཤུགས་ནར་གྱིས་ཕྱུང་ནས་ཅང་མི་སྨྲ་བར་འདུག་གོ །བྱང་ཆུབ་སེམས་དཔའ་སྐུ་ཐམས་ཅད་ཀྱིས་གླང་པོ་ཆེའི་གཟིགས་སྟངས་ཀྱིས་གཡས་ཕྱོགས་སུ་གཟིགས་ཏེ་དགོངས་པ། ང་བུད་མེད་དང་ལྷན་ཅིག་ཁྱིམ་ན་ཉལ་བའི་ཐ་མ་ནི་འདི་ཡིན་ནོ་སྙམ་མོ། །ཡང་དགོངས་པ་གལ་ཏེ་ང་ཤར་སྒོ་སྤངས་ཏེ་སྒོ་གཞན་ནས་བྱུང་ན་གཞོན་ནུས་ནི་བདག་ལ་ཐ་མའི་དུས་ན་ཡང་མ་བལྟས་སོ་སྙམ་དུ་རྒྱལ་པོ་མི་དགའ་བར་འགྱུར་རོ་སྙམ་མོ། །ཇི་ཙམ་ན་རྒྱལ་པོ་ཟས་གཙང་གཉིད་སྟུག་པོས་ནོན་པ་གཟིགས་ནས་དེས་དེ་ལ་བསྐོར་བ་མཛད་དེ་གསུངས་པ། ཡབ་གུས་པ་མ་མཆིས་པ་དང་། ཞེས་མ་མཆིས་པས་སྐྲག་ནས་མཆི་བ་ནི་མ་ལགས་ཏེ། གཞན་དུ་ན་འཇིག་རྟེན་རྒ་བ་དང་འཆི་བས་བཅོམ་པ་རྒ་བ་དང་འཆི་བའི་སྡུག་བསྔལ་གྱིས་འཇིགས་པ་ལས་ཡོངས་སུ་དགྲོལ་བའི་སླད་དུ་ལགས་སོ། །ཇི་ཙམ་ན་ཤཱཀྱ་མིང་ཆེན་འགྲམ་པོ་བྱེད་པ་སྐྱེ་བོ་ཉུལ་ཞིང་ཕྱོགས་དེར་ཕྱིན་པ་དང་བྱང་ཆུབ་སེམས་དཔའ་གཤེགས་པར་ཆས་པ་མཐོང་ངོ་། །དེ་ནས་སྐད་འཛེར་ཅིང་མིག་མཆི་མས་གང་བས་སྨྲས་པ། གཞོན་ནུ་འདི་ཅི་མཛད། མིང་ཆེན་འགྲོའོ། །གཞོན་ནུ་འདི་ནི་རིགས་པ་མ་ལགས་སོ། །མིང་ཆེན་གང་གི་ཕྱིར་ངས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་བརྒྱ་སྟོང་དུ་མས་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ཡང་དག་པར་བསྒྲུབས་པ་དེས་ན་ད་ང་ཅི་ཁྱིམ་ན་འདུག་ཕོད་དམ། འདི་ནི་ངེས་ཏེ་དཀའ་ཐུབ་ཀྱི་ཚལ་དུ་འགྲོའོ། །དེ་ནས་གསུང་ཚིག་དྲག་པོས་ཤཱཀྱ་མིང་ཆེན་སྤྱོས་པ་དང་། ཆོ་ངེས་བཏབ་སྟེ་ཀྱི་ཧུད། དེང་དུ་རྒྱལ་པོ་ཟས་གཙང་དང་། །ཤཱཀྱ་དག་ནི་ཐམས་ཅད་ཀྱིས། །ཡང་དང་ཡང་དུ་བསམས་པ་ཡི། །རེ་བ་འབྲས་བུ་མེད་པར་གྱུར། །དེང་དུ་རྒྱལ་པོ་ཟས་གཙང་ནི། །སྲས་ཀྱི་མྱ་ངན་གྱིས་གདུངས་པས། །ལག་བསྒྲེང་ཤིན་ཏུ་སྡུག་བསྔལ་ཞིང་། །མི་བཟད་སྒྲ་ནི་འབྱིན་པར་གྱུར། །ས་འཚོ་གྲགས་འཛིན་རི་དྭགས་སྐྱེས། །དེ་བཞིན་བཙུན་མོའ་འཁོར་རྒྱས་པའང་། །དོན་གྲུབ་དང་ནི་བྲལ་བ་ཡིས། །ཤིན་ཏུ་སྡུག་


DKG004_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་མྱོང་བར་གྱུར། །ཞེས་སྨྲས་ནས། དེ་སྔངས་པས་གྲགས་འཛིན་མ་བསླང་སྟེ་སྨྲས་པ། དོན་གྲུབ་འདི་ནི་གཤེགས་གྱུར་གྱིས། །ཁྱིམ་ཐབ་སྡུག་བསྔལ་གྱིས་གདུངས་ནས། །སྡུག་བསྔལ་ཉམ་ཐག་ངུར་འོང་གིས། །ཁྱིམ་ཐབ་སྡུག་པ་དེ་ཟློག་ཤིག །ཁྱོད་ཀྱིས་ཁྱིམ་ཐབ་གཤེགས་འགྱུར་འདི་ནི་མཐོང་དཀའ་སྟེ། །ཁྱོད་ཀྱིས་འདི་ལྟོས་ཁྱིམ་ཐབ་མཐོང་བའི་ཐ་མ་ཡིན། །ཀྱི་ཧུད་ཕོངས་པས་བདག་གིས་མཚན་མོ་ཀུས་བཏབ་ཀྱང་། །སུས་ཀྱང་ལན་མ་སྟེར་བས་བདག་གིས་མ་ཉེས་སོ། །དེས་ནི་དེ་ལྟར་ཁུས་བཏབ་ཀྱང་། །འདི་ལྟར་ལྷ་རྣམས་བྱིན་རླབས་ཀྱིས། །དགོན་པར་འོ་དོད་བོས་པ་བཞིན། །འགའ་ཡང་སད་པར་མ་གྱུར་ཏོ། །དེ་ནས་ཤཱཀྱ་མིང་ཆེན་སྡུག་བསྔལ་ཞིང་ཡིད་མི་བདེ་བས་གདུངས་ནས་དེ་རིངས་པར་རྒྱལ་པོ་ཟས་གཙང་གི་དྲུང་དུ་སོང་ནས་རྒྱལ་པོ་ཟས་གཙང་བསླང་སྟེ་སྨྲས་པ། དོན་གྲུབ་འདི་ནི་བཞུད་ལགས་ཀྱིས། །ས་བདག་དེ་ནི་བཟློག་པར་མཛོད། །སྲས་ཀྱི་མྱ་ངན་གྱིས་ཐེབས་ནས། །སྡུག་བསྔལ་གྱིས་གདུངས་བཤུམས་འགྱུར་མཆིས། །མ་ཉེས་ཏེ་དེ་ཡང་གཉིད་མ་སད་དོ། །དེ་ནས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱང་ལྷ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་བྱང་ཆུབ་སེམས་དཔའ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་བསྐོར་ཅིང་དོང་སྟེ་གཡས་ཕྱོགས་ནས་གཟུགས་ན་སྤྱོད་པའི་ལྷ་རྣམས་སྤྱོད་ལམ་ཞི་བ་དང་། གཡོན་ཕྱོགས་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་རྒྱལ་མཚན་དང་བ་དན་བསྒྲེང་ནས་ལྷའི་རོལ་མོའ་ཁྱད་པར་སྣ་ཚོགས་དང་། མདུན་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་རང་རང་གི་སྤྱོད་ལམ་གྱིས་དོང་ངོ་། །ནམ་མཁའི་ངོས་ལ་གནས་པའི་ལྷ་བརྒྱ་སྟོང་ཕྲག་དུ་མས་ནི་བྱང་ཆུབ་སེམས་དཔའི་སྟེང་ནས་ལྷའི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་རྣམས་ཀྱིས་གཏོར་རོ། ། ག་རུའི་ཕྱེ་མ་དང་། ཙན་དན་གྱི་ཕྱེ་མ་དང་། ཏ་མ་ལའི་འདབ་མའི་ཕྱེ་མ་དང་། ལྷའི་མེ་ཏོག་མན་དཱ་ར་བས་ཀྱང་གཏོར་ཏོ། །ལྷའི་རོལ་མོའ་ཆ་བྱད་སྣ་ཚོགས་ཀྱང་བརྡུངས་སོ། །གོས་རྣམས་ཀྱང་གཏོར་རོ། །འདིར་སྨྲས་པ། མཁའ་ལ་ལྷ་རྣམས་གཞིའི་


DKG004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཆེན་འབྱིན་བྱེད་ལ། །དགའ་བའི་ཡིད་ཀྱིས་གོས་ཀྱི་གཡབ་མོས་འདེབས་བྱེད་ཅིང་། ཁ་ཅིག་བྱང་ཆུབ་སེམས་དཔའ་ལ་ནི་བསྟོད་བྱེད་དེ། །ནམ་མཁའ་ལ་ནི་སོར་མོ་བརྒྱ་ཕྲག་སྒྱུར་བར་བྱེད། ཁ་ཅིག་དག་ནི་སྒོ་རྣམས་འབྱེད་བྱེད་ཅིང་། །མེ་ཏོག་མན་དཱ་ར་བས་འཐོར་བར་བྱེད། ཁ་ཅིག་དག་ནི་བཅིབས་པའི་རྐང་འཛིན་ཅིང་། །བདེ་བར་གཤེགས་ལ་རྟོག་ཅིང་རྗེས་བཞིན་འབྲང་། ཁ་ཅིག་དག་ཀྱང་གཡས་ནས་རྗེས་བཞིན་འབྲང་། །གཡོན་ནས་འགྲོ་བ་དག་ཀྱང་རྗེས་བཞིན་འབྲང་། །བརྒྱ་བྱིན་དེ་བཞིན་ཚངས་པར་བཅས་པ་དང་། །ལུས་ངན་བདག་ཉིད་ཤུལ་ནི་མཚོན་པར་བྱེད། །ཟླ་བ་ཉ་བ་རྒྱུ་སྐར་ཚོགས་ཀྱིས་ལྟར། །བདག་ཉིད་ཆེན་པོ་ལྷ་ཚོགས་མདུན་བདར་ནས། །དཀའ་ཐུབ་ནགས་ནི་ཐུབ་རྣམས་དགྱེས་བྱེད་པ། །འཕགས་པ་དགྱེས་པའི་ནགས་སུ་ཐུགས་དགྱེས་གཤེགས། །དེ་ནས་བྱང་ཆུབ་སེམས་དཔའ་གྲོང་ཁྱེར་སེར་སྐྱའི་གཞི་ནས་ཕྱིར་བྱུང་བ་དང་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཡིད་དགའ་བས་སྤྲོ་བ་བསྐྱེད་པ། གྲོགས་པོ་ཁྱོད་ཡུན་རིང་པོ་ནས་ནམ་ཞིག་ན་ང་བགེགས་ལས་ཐར་ཏེ་དཀའ་ཐུབ་ཀྱི་ནགས་སུ་འགྲོ་བར་འགྱུར་སྙམ་དུ་དགོངས་པ་སྐྱེད་པ་གང་ལགས་པ་དེ་དེང་དུ་ཡོངས་སུ་རྫོགས་པ་ལགས་ཀྱིས། ནམ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ། བདག་ཅག་ལ་ཡང་དགོངས་ཤིག །བྱང་ཆུབ་སེམས་དཔས་དེ་བཞིན་དུ་བྱའོ་ཞེས་དམ་བཅས་ནས་སྐུ་ཐམས་ཅད་ཀྱིས་གཡས་ཕྱོགས་སུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་ནས། སངས་རྒྱས་རྣམས་ཀྱིས་བསྟན་པ་ཡི། །ལམ་གྱི་མཆོག་ནི་མ་ཐོབ་པར། །གྲོང་ཁྱེར་སེར་སྐྱའི་གཞིར་ནི་སླར། །ང་ནི་འཇུག་པར་མི་བྱའོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཐུན་གཉིས་ཀྱི་དཔག་ཚད་བཅུ་གཉིས་སུ་བྱོན་ནས་བཅིབས་པ་ལས་བབས་ཏེ་རྒྱན་བཀྲོལ་ནས་འདུན་པ་ལ་བཀའ་སྩལ་པ། འདུན་པ་རྒྱན་དང་རྟ་ཁྱེར་ལ་སླར་སོང་ཤིག །འདིར་སྨྲས་པ། ཁ་ལོ་སྒྱུར་ཁྱོད་ང་ཡི་རྟ་འདི་དང་། །རྒྱན་འདི་རྣམས་ཀྱང་གཉེན་པ་དག་ལ་བྱིན། །ང་ནི་འདོད་པ་རྒྱ་ཆེན་སྤངས་ནས་སུ། །ད་ལྟར་


DKG004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་དུ་ནི་རབ་བྱུང་བྱ། །དེ་ནས་འདུན་པ་གདོང་ལ་མཆི་མ་ཆར་བཞིན་འབབ་པས་བྱང་ཆུབ་སེམས་དཔའ་ལ་གསོལ་པ། སེང་གེ་སྟག་གིས་བལྟམ་པ་དང་། །ཕྱུགས་རྗེས་བལྟམ་པའི་ནགས་ཚལ་དུ། །འབའ་ཞིག་སྐུ་གཉེན་དང་བྲལ་ནས། །འཕགས་པ་ཇི་ལྟར་སྤྱོད་པར་འགྱུར། །བྱང་ཆུབ་སེམས་དཔས་གསུངས་པ། སྐྱེ་དགུ་འདི་ནི་སྐྱེ་ནའང་གཅིག་པུ་སྟེ། །དེ་བཞིན་འཆི་ནའང་གཅིག་པུ་འཆི་བར་འགྱུར། །འདི་ནི་གཅིག་པུས་སྡུག་བསྔལ་མྱོང་འགྱུར་གྱི། །འཁོར་བ་ལ་ནི་གྲོགས་ཡོད་མ་ཡིན་ནོ། །འདུན་པས་གསོལ་པ། ཀྱེ་ཧུད་གཞོན་ནུས་སྡུག་བསྔལ་མ་གཟིགས་ཏེ། །ཞབས་འཇམ་གླང་ཆེན་རྟ་ལ་བཅིབས་གོམས་པ། །ས་གཞི་རྩྭ་དང་རྡོ་བས་བལྟམ་རྩུབ་པར། །ཇི་ལྟར་ཞབས་ཀྱིས་གཤེགས་ཤིང་ནགས་སུ་རྒྱུ། །བྱང་ཆུབ་སེམས་དཔས་གསུངས་པ། འཆི་བདག་འཇིགས་པ་དེ་ནི་ལན་འགའ་ཡང་། །སྐྱིད་ལ་བརྩམས་མེད་བདེ་བར་གོམས་ལ་མིན། །མགོན་བཅས་ལ་མིན་རིགས་བཙུན་ལ་མ་ཡིན། །དཔའ་དང་བརྩོན་མིན་སྐྱེ་བོ་དགའ་ལ་མིན། །དགའ་བས་འཆི་བདག་འཇིགས་པ་དག །བསྐྱེད་ནས་འོངས་པར་འགྱུར་ཞེས་གྲགས། །དོན་མ་བྱས་ཤིང་མ་བརྩམས་པར། །འཆི་བར་ཡང་ནི་འགྲོ་བར་འགྱུར། །འདུན་པས་གསོལ་པ། ལྷ་རྒྱལ་པོ་བགྲེས་པོ་ནི་སྲས་ཀྱི་མྱ་ངན་གྱིས་འགྲོངས་པར་འགྱུར་རོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཚོགས་བསགས་པའི་ཕྱིར་འདུན་པའི་ཚིག་ཐུགས་ལམ་བབ་བོ། །དེ་ནས་བྱང་ཆུབ་སེམས་དཔས་ཨུཏྤ་ལ་སྔོན་པོ་འདྲ་བའི་རལ་གྲི་ཤུབས་ནས་ཕྱུང་ནས་གཙུག་ཕུད་བྲེགས་ཏེ་སྟེང་གི་ནམ་མཁའ་ལ་བོར་བ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བླངས་ནས་བཀུར་སྟེ་ཆེན་པོ་བྱས་ཏེ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་ཁྱེར་ནས་གཙུག་ཕུད་ཀྱི་མཆོད་པ་ཆེན་པོ་བཙུགས་སོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ཕྱོགས་དེར་དབུ་སྐྲ་བླངས་པའི་མཆོད་རྟེན་བརྩིགས་ཏེ་ད་དུང་ཡང་མཆོད་རྟེན་ལ་ཕྱག་བྱེད་པའི་དགེ་སློང་དག་ཕྱག་བྱེད་དོ།། །།འདུལ་བ་གཞི། བམ་པོ་བརྒྱད་བཅུ་གྱ་བཞི་པ། བྱང་ཆུབ་སེམས་དཔས་གསུངས་པ། འདུན་པ་ཇི་སྙམ་དུ་སེམས། གང་ལ་


DKG004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུའི་བརྟུལ་བ་ཡོད་པ་དེ་ཅིག་ཡང་ཁྱིམ་ན་གནས་པར་འགྱུར་རམ། ལྷ་མ་ལགས་སོ། །འདུན་པས་བསམས་པ། གཞོན་ནུ་ནི་རྒྱལ་རིགས་ཀྱི་ང་རྒྱལ་ཅན་ཡིན་པས་འདི་ཕྱིར་བཟློག་པར་མི་ནུས་སོ་སྙམ་མོ། །དེ་ནས་རྟའི་རྒྱལ་པོ་བསྔགས་ལྡན་གྱིས་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་ལྕེས་བལྡགས་པ་དང་། བྱང་ཆུབ་སེམས་དཔའི་ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་མངའ་བས་བྱུགས་ནས་གསུངས་པ། བསྔགས་ལྡན་སོང་ཤིག་དང་། མངོན་པར་རྫོགས་པར་བྱང་ཆུབ་ནས་ཁྱོད་ཀྱི་བྱས་པ་གཟོ་བར་འགྱུར་རོ། །འདུན་པ་ལ་ཡང་གསུངས་པ། ཁྱོད་ཀྱིས་བསྔགས་ལྡན་ཕོ་བྲང་དུ་མ་བཀྲི་ཤིག །དེ་སྐད་ཅེས་གསུངས་པ་དང་། འདུན་པ་སྐད་འཛེར་ཅིང་མིག་མཆི་མས་གང་ནས་རྟའི་རྒྱལ་པོ་བསྔགས་ལྡན་ཁྲིད་དེ་ཡང་དང་ཡང་དུ་བྱང་ཆུབ་སེམས་དཔའ་ལ་བལྟ་ཞིང་སོང་ངོ་། །དེ་གཉིས་ཀྱིས་ཐུན་གཉིས་ཀྱིས་སོན་པའི་ས་གང་ཡིན་པ་དེ་ནས་ཞག་བདུན་གྱིས་ཕྱིར་འཁོར་ཏོ། །འདུན་པས་བསམས་པ། གལ་ཏེ་ལྷན་ཅིག་ཏུ་དོང་ན་སྨྲེ་སྔགས་ཆེན་པོས་བདག་ཤི་བར་འགྱུར་རོ་སྙམ་ནས་དེས་སྐྱེད་མོས་ཚལ་དུ་འདུག་ནས་བསྔགས་ལྡན་བཏང་ངོ་། །དེས་སྐད་ཕྱུང་བ་དང་ཕོ་བྲང་གི་སྐྱེ་བོ་དང་སྐྱེ་བོའ་ཚོགས་གཞན་གྱིས་ཀྱང་སྐད་དེ་ཤེས་ནས་རེ་སྟེ་ཕྱིར་བྱུང་བ་ལས་བྱང་ཆུབ་སེམས་དཔའ་མ་མཐོང་ནས་བསྔགས་ལྡན་དེའི་མགུལ་དུ་འདུས་ཏེ་ངུ་བར་བརྩམས་སོ། །འདི་ནི་ཆོས་ཉིད་ཡིན་ཏེ། དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་ཕལ་པ་གཞན་ལ་ཡང་ཀུན་རྫོབ་ཀྱི་ཤེས་པ་ཡོད་ན་རྟའི་རྒྱལ་པོ་བསྔགས་ལྡན་ལ་ལྟ་སྨོས་ཀྱང་ཅི་དགོས་པས་དེས་སྐྱེ་བོའ་ཚོགས་ཆེན་པོ་སྨྲེ་སྔགས་འདོན་པའི་སྒྲ་ཐོས་ཏེ་དབུགས་ཁོང་དུ་སོང་བ་ཉིད་ཀྱིས་བརྣངས་ཏེ་ཤི་ནས་དེ་སྒྲ་ཅན་གྱི་བྲམ་ཟེ་ལས་དྲུག་ལ་བརྩོན་པ་ཞིག་གི་རིགས་སུ་ཉིང་མཚམས་སྦྱོར་བ་བླངས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་དེའི་ཚེ་དེ་ལ་དམུ་རྒོད་ཀྱི་གདམས་པས་གཏམས་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཕྱིན་པའི་གྲུབ་པ་དང་བདེ་བ་མྱ་ངན་


DKG004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ལ་འཇོག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལ་ངུར་སྨྲིག་གིས་དགོས་པ་བྱུང་ནས་གྲོང་ཁྱེར་དཔེ་མེད་དུ་ཁྱིམ་བདག་ཕྱུག་པོ་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་ཁྱེའུ་ཞིག་བཙས་སོ་ཞེས་བྱ་བ་ནས་དེ་བཞིན་དུ་ཁྱེའུ་བཅུ་བཙས་སོ་ཞེས་བྱ་བའི་བར་དུ་སྟེ། དེ་དག་ཐམས་ཅད་རབ་ཏུ་བྱུང་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་དག་གི་མ་རྒན་མོ་དེས་དེ་དག་ལ་ཤ་ནའི་གོས་དག་ཅིག་བྱིན་པ་དང་། དེ་རྣམས་ཀྱིས་སྨྲས་པ། ཡུམ་བདག་ཅག་ཡོངས་སུ་མྱ་ངན་ལས་འདའ་བས་འདི་དག་བདག་ཅག་ལ་མི་དགོས་ཏེ་འོན་ཀྱང་རྒྱལ་པོ་ཟས་གཙང་གི་སྲས་གཞོན་ནུ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་བ་ཞིག་ཡོད་ཀྱིས་འདི་དག་དེ་ལ་ཕུལ་ཅིག །དེས་ན་ཁྱོད་ཀྱིས་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་སྨྲས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །རྒན་མོ་དེས་ཀྱང་འཆི་ཁར་གོས་དེ་དག་བུ་མོ་ལ་གཏད་ནས་ཇི་ལྟར་གྱུར་པ་རྣམས་སྨྲས་སོ། །དེའི་བུ་མོ་དེ་ཡང་ནད་ཀྱིས་ཐེབས་ཏེ་འཆི་བར་ཤེས་ནས་དེས་ཀྱང་ཤིང་དྲུང་ཞིག་ཏུ་བཞག་ནས་ཤིང་དེ་ལ་གནས་པའི་ལྷ་གང་ཡིན་པ་དེ་ལ་ཁྱོད་ཀྱིས་འདི་དག་རྒྱལ་པོ་ཟས་གཙང་གི་སྲས་ལ་ཕུལ་ཅིག་ཅེས་གསོལ་བ་བཏབ་བོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་དེས་དེ་དག་ཤེས་ནས་བླངས་ཏེ། དེ་ནས་རྔོན་པ་རྒས་འཁོགས་པ་ལྟ་བུ་ཞིག་ཏུ་བདག་ཉིད་མངོན་པར་སྤྲུལ་ནས་དེ་དག་བགོས་ཏེ་ལག་ན་མདའ་གཞུ་ཐོགས་ནས་བྱང་ཆུབ་སེམས་དཔའ་གཤེགས་པའི་


DKG004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཀར་བསྡད་པ་དང་། བྱང་ཆུབ་སེམས་དཔའ་ཡང་རིམ་གྱིས་ལམ་དེར་བྱོན་ནས་རྔོན་པ་ལག་ན་མདའ་གཞུ་ཐོགས་ཤིང་གོས་ངུར་སྨྲིག་གྱོན་པ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་མི་དེ་ལ་གསུངས་པ། ཀྭའི་ནང་རྗེ་ཤ་ནའི་གོས་འོ་ནི་དག་ནི་རབ་ཏུ་བྱུང་བ་ལ་འཚམ་པ་ཡིན་གྱིས། ཀ་ཤི་ཀའི་རས་ཕྲན་འདི་དག་ཁྱེར་ལ་འོ་ནི་དག་ང་ལ་བྱིན་ཅིག་དེས་གསོལ་པ། གཞོན་ནུ་བདག་ལ་གཞན་དག་ཁྱོད་ཀྱིས་རྒྱལ་བུ་གཞོན་ནུ་བཀྲོངས་ནས་ཀ་ཤི་ཀའི་རས་ཕྲན་གྱི་གོས་འདི་དག་བླངས་སོ་ཞེས་གཞི་དེས་གཡར་མཆི་བར་འགྱུར་ལགས་པས་བདག་འདི་དག་མི་འབུལ་ལོ། །བྱང་ཆུབ་སེམས་དཔས་གསུངས་པ། ཀྱེ་ནང་རྗེ་ང་ནི་མཐུ་ཇི་ལྟ་བུ་དང་ལྡན་པ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་ཏེ་སུ་ཞིག་གིས་ང་དཀྲོངས་པར་ནུས། ཁྱོད་ཀྱིས་ང་དཀྲོངས་པར་སུ་ཞིག་ཡིད་ཆེས་ཀྱིས་བག་ཚ་བ་མེད་པར་བྱིན་ཅིག །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་གཏུགས་ནས་ཤ་ནའི་གོས་དག་ཕུལ་ཏེ་ཀ་ཤི་ཀའི་རས་ཕྲན་རྣམས་བླངས་སོ། །བྱང་ཆུབ་སེམས་དཔའི་སྐུ་དང་ཤ་ནའི་གོས་དེ་དག་འཚམ་པར་མ་གྱུར་པ་དང་དེ་འདི་སྙམ་དུ་དགོངས་ཏེ། ཀྱེ་མའོ་ཤ་ནའི་གོས་རྣམས་བདག་གི་སྐུ་དང་འཚམ་པར་གྱུར་ཅིག་སྙམ་ནས་ཚིག་ཏུ་སྨྲས་མ་ཐག་ཏུ་ཤ་ནའི་གོས་དེ་དག་འདི་ལྟར་བྱང་ཆུབ་སེམས་དཔའི་རྣམས་ཀྱི་བྱང་ཆུབ་སེམས་དཔའི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་བྱང་ཆུབ་སེམས་དཔའི་སྐུ་དང་འཚམ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་དགོངས་པ། ད་ནི་བདག་རབ་ཏུ་བྱུང་ཟིན་གྱིས། འགྲོ་བ་རྣམས་རྗེས་སུ་གཟུང་བར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའི་ཀ་ཤི་ཀའི་རས་ཕྲན་གྱི་གོས་དེ་དག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བླངས་ནས་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་ཀ་ཤི་ཀའི་མཆོད་པ་ཆེན་པོ་བཙུགས་སོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ཀྱང་ཕྱོགས་དེར་ངུར་སྨྲིག་བླངས་པ་ཞེས་བྱ་བའི་མཆོད་རྟེན་བརྩིགས་ཏེ་ད་དུང་དུ་ཡང་མཆོད་རྟེན་ལ་ཕྱག་འཚལ་བའི་དགེ་སློང་དག་ཕྱག་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་


DKG004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སྐྲ་བྲེགས་ཤིང་ན་བཟའ་ངུར་སྨྲིག་མནབས་ཏེ་དཀའ་ཐུབ་ཀྱི་ནགས་སུ་ཕན་ཚུན་རྒྱུ་ཞིང་དྲང་སྲོང་ངན་སྤོང་གི་བུའི་བསྟི་གནས་སུ་གཤེགས་པ་དང་། དེའི་ཚེ་དྲང་སྲོང་ངན་སྤོང་གི་བུ་ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ་ལྟ་བུ་དེ་བྱང་ཆུབ་སེམས་དཔས་གཟིགས་ནས་གསུངས་པ་དྲང་སྲོང་ཆེན་པོ་ཅིའི་ཕྱིར་ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག །དེས་གསོལ་པ། བདག་གི་བསྟི་གནས་འདི་ན་ཤིང་ཏ་ལ་རྣམས་གསེར་གྱི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཆགས་པ་ལས་དེ་རྣམས་སྔ་མཁོ་བཞིན་དུ་མ་གྱུར་ཏོ། །བྱང་ཆུབ་སེམས་དཔས་གསུངས་པ། དྲང་སྲོང་ཆེན་པོ་གང་གི་མཐུས་བསྟི་གནས་འདི་ནི་ཤིང་ཏ་ལ་རྣམས་གསེར་གྱི་ལོ་མ་དང་། མེ་ཏོག་དང་། འབྲས་བུར་ལྡན་པ་དེ་རྒ་བ་དང་། ན་བ་དང་། འཆི་བ་ཡང་དག་པར་མཐོང་ནས་ཡིད་བྱུང་སྟེ་དཀའ་ཐུབ་ཀྱི་ནགས་སུ་གནས་པས་སོ། །གལ་ཏེ་དེས་རྒ་བ་དང་། ན་བ་དང་། འཆི་བ་ཡང་དག་པར་མཐོང་ནས་ཡིད་བྱུང་སྟེ་དཀའ་ཐུབ་ཀྱི་ནགས་སུ་གནས་པར་མ་གྱུར་ན། སྐྱེད་མོས་ཚལ་འདི་དེའི་ཡིན་པར་འགྱུར་བ་ཞིག །དེ་སྐད་ཅེས་གསུངས་པ་དང་། དྲང་སྲོང་ཆེན་པོ་ངན་སྤོང་གི་བུས་བྱང་ཆུབ་སེམས་དཔའ་ལ་བརྟག་པར་བརྩམས་སོ། །དེ་ནས་གཟུགས་བཟང་ཞིང་ཞི་བའི་ཆ་བྱད་དུ་མཐོང་ནས་ཡུན་རིང་དུ་བརྟགས་ཏེ་ངོ་མཚར་སྐྱེས་ནས་གསོལ་པ། ཀྱེ་རབ་ཏུ་བྱུང་བ་དེ་ཁྱོད་ཁོ་ན་མ་ལགས་གྲང་། བྱང་ཆུབ་སེམས་དཔས་གསུངས་པ། དྲང་སྲོང་ཆེན་པོ་དེ་ལྟར་ངེས་སོ། །དེ་ནས་ངན་སྤོང་གི་བུ་ཡ་མཚན་སྐྱེས་པའི་མིག་བགྲད་དེ་བལྟས་ནས། བྱང་ཆུབ་སེམས་དཔའ་ཐོག་མར་གདན་ལ་སྤྱན་དྲངས་ཏེ་མེ་ཏོག་དང་། འབྲས་བུ་བསྟབས་སོ། །དེ་ལྟར་ཀུན་དུ་དགྱེས་པར་བྱས་པ་དང་བྱང་ཆུབ་སེམས་དཔས་སྐད་ཅིག་གཅིག་བཞེས་ནས་གསུངས་པ། དྲང་སྲོང་ཆེན་པོ་འདི་ནས་གྲོང་ཁྱེར་སེར་སྐྱའི་གཞིར་ཇི་སྲིད་ཡོད། དེས་གསོལ་པ། དཔག་ཚད་བཅུ་གཉིས་མཆིས་སོ། །བྱང་ཆུབ་སེམས་དཔས་དགོངས་པ། གྲོང་ཁྱེར་སེར་སྐྱའི་གཞི་ཉེའོ། །འདིར་གནས་པ་ནི་རུང་བ་མ་ཡིན་ཏེ། ཤཱཀྱ་རྣམས་ཀྱིས་གྲོང་གི་འཁྲུག་པ་བྱེད་པར་འགྱུར་གྱིས།


DKG004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་བདག་གང་གཱ་རྒལ་ལོ་སྙམ་ནས་དེ་གངྒཱ་རྒལ་ནས་མཐར་གྱིས་རྒྱུ་ཞིང་གཤེགས་པ་དང་རྒྱལ་པོའ་ཁབ་ཏུ་བྱོན་ཏོ། །བྱང་ཆུབ་སེམས་དཔའ་ནི་བཟོའ་གནས་དང་། ལས་ཀྱི་གནས་དེ་དང་། དེ་རྣམས་ལ་མཁས་པ་ཡིན་པས་དེས་ཤིང་ཀ་ར་བཱི་རའི་ལོ་མ་ལས་ལྷུང་བཟེད་བྱས་ནས་སྤྱོད་ལམ་ཞི་བས་རྒྱལ་པོའ་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟང་གི་གཞི་ན་འདུག་པ་དེས་དེ་འགྲོ་བ་དང་། ལྡོག་པ་དང་། ལྟ་བ་དང་། རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། ཆོས་གོས་སྣམ་སྦྱར་དང་། ལྷུང་བཟེད་ཐོགས་པ་མཛེས་པས། བསོད་སྙོམས་སྤྱོད་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། རྒྱལ་པོའ་ཁབ་ན་རབ་ཏུ་བྱུང་བ་ཇི་སྙེད་ཅིག་གནས་པ་ལ་ཇི་ལྟར་རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་དེ་ལྟ་བུ་ནི་འགའ་ཡང་མེད་དོ་སྙམ་ནས། འདིར་སྨྲས་པ། ཇི་ལྟར་མིག་ཅན་འགྲོ་བ་ལྟར། །རབ་ཏུ་བྱུང་བ་བསྒྲགས་པར་བྱ། །འདི་ནི་བརྟག་པར་མཛད་ནས་སུ། །རབ་ཏུ་བྱུང་བ་ཡང་དག་བཞེད། །ཁྱིམ་གནས་འདི་ནི་སྡུག་བསྔལ་ཏེ། འདི་ནི་རྡུལ་གྱི་གནས་ཡིན་ཞིང་། །རབ་ཏུ་བྱུང་བ་བར་སྣང་ལྟར། །མཁྱེན་ནས་དེ་ཚེ་རབ་ཏུ་བྱུང་། །རབ་ཏུ་བྱུང་ནས་སྐུ་ཡི་ནི། །སྡིག་པའི་ལས་ནི་སྤངས་པ་དང་། །གསུང་གི་སྡིག་པ་སྤངས་ནས་ནི། །འཚོ་བ་ཀུན་ནས་དག་པར་མཛད། །དེ་ནས་མ་གྷཱ་དྷ་ཡི་ནི། །གྲོང་མཆོག་རྒྱལ་པོའ་ཁབ་གཤེགས་ནས། །མགོན་པོ་ཤེས་བཞིན་དྲན་ལྡན་པས། །བསོད་སྙོམས་ཕྱིར་ནི་གཤེགས་པ་དེ། །བཟོ་སྦྱངས་མ་ག་དྷཱ་ཡི་བདག །ཁང་བཟང་ན་ནི་འདུག་པས་མཐོང་། །མཐོང་ནས་སེམས་དད་དེ་ནས་ནི། །བློན་པོ་རྣམས་ལ་འདི་སྐད་སྨྲས། །མཚན་མཆོག་གིས་ནི་རྒྱས་གྱུར་ཅིང་། །ཁོ་ལག་ཕུན་སུམ་ཚོགས་པ་དང་། །གཉའ་ཤིང་གང་དུ་ལྟ་བ་ཡི། །འདི་ལ་ཤེས་ལྡན་དག་ལྟོས་ཤིག །སྤྱན་མི་འདེག་ལ་ཡིད་གཞུངས་ཤིང་། །དམན་པའི་རིགས་ལས་མ་འཁྲུངས་འདི། །གང་དུ་གནས་པར་ཤེགས་གྱུར་


DKG004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རྒྱལ་པོས་ཕོ་ཉ་རྗེས་བཞིན་བཏང་། །དེ་ནས་ཕོ་ཉ་ལ་བསྒོ་བ། །དགེ་སློང་དེ་ནི་གར་འགྲོ་ཞིང་། །གང་དུ་གནས་ནི་བཏབ་པ་ཡི། །རྗེས་བཞིན་དུ་ནི་འབྲང་བར་གྱིས། །དེ་ནི་བསོད་སྙོམས་གཤེགས་པ་ན། །སྒོ་དྲུག་ལེགས་པར་བསྡམས་ནས་ནི། །ཤེས་བཞིན་དྲན་དང་ལྡན་པ་ཡིས། །ལྷུང་བཟེད་མྱུར་དུ་གང་བར་མཛད། །བསོད་སྙོམས་སྤྱད་པ་བྱས་ནས་ཀྱང་། །ཐུབ་པ་གྲོང་ཁྱེར་ཕྱིར་བྱུང་ནས། །སྐྱ་བ་སེང་ལས་ནི་མངོན་གཤེགས་ཏེ། །དེ་ལ་གནས་ནི་བཏབ་པར་གྱུར། །གནས་བཏབ་པ་ནི་ཤེས་ནས་ཀྱང་། །ཕོ་ཉ་གཅིག་གིས་བསྡད་བྱས་ནས། །གཞན་ནི་མྱུར་དུ་སླར་ལོག་སྟེ། །རྒྱལ་པོ་ལ་ནི་ཚིག་སྨྲས་པ། །རྒྱལ་པོ་ཆེན་པོ་དགེ་སློང་དེ། །སེངྒེའམ་སྟག་གི་ཕྲུ་གུ་དང་། །རི་སུལ་དག་ན་གནས་པ་ལྟར། །སྐྱ་བསེང་གི་ནི་སྟེང་ན་གནས། །ཕོ་ཉ་རྣམས་ཀྱི་ཚིག་ཐོས་ནས། །ས་བདག་ཤིང་དྲུང་ཞུགས་ནས་ནི། །དེ་ནི་བློན་པོས་ཡོངས་བསྐོར་ནས། །མྱུར་དུ་ཁོ་ནར་དོང་བར་གྱུར། །བཞོན་པས་བགྲོད་པའི་སར་ཞོན་ཏེ། །དེ་ནི་བཞོན་པ་ལས་བབས་ནས། །རྐང་གིས་ཉེ་བར་སོང་ནས་ནི། །དེ་ནས་དེ་བཞིན་གཤེགས་པ་མཐོང་། །རྒྱལ་པོས་འདུག་ནས་དགྱེས་པ་དང་། །མགུ་བར་འགྱུར་བའི་གཏམ་གསོལ་ནས། དེ་ནི་མ་ཁེངས་མི་བརླང་བར། །དོན་འདི་དག་ནི་རབ་སྨྲས་སོ། །དགེ་སློང་ལང་ཚོ་དང་པོ་ལ། །བབ་པར་ཡང་དག་གནས་གྱུར་ཅིང་། །འདི་འདྲ་གཟི་བརྗིད་ལྡན་པ་ལ། །བསོད་སྙོམས་སྤྱོད་པ་མཛེས་མ་ལགས། །ཁང་པ་ཉམས་དགའ་དག་དང་ནི། །བུད་མེད་རྒྱན་གྱིས་བརྒྱན་པ་དང་། །ལོངས་སྤྱོད་མཆོག་ནི་ཁྱོད་གསོལ་ན། །ཉིད་ཀྱི་གདུང་ནི་ཞུ་ཡིས་གསུངས། །རྒྱལ་པོ་གངས་རི་ཉེ་བ་ན། །ཡུལ་གྱི་ལྗོངས་ནི་ནོར་དག་དང་། །འབྲུ་དག་གིས་ནི་གང་གྱུར་པ། །ཀོ་ས་ལ་ཞེས་གྲགས་པ་ཡོད། །བུ་རམ་ཤིང་པ་ཉི་མའི་རུས། །ཤཱཀྱ་དག་ནི་དེ་ན་གནས། །རྒྱལ་པོ་ངའི་རིགས་རྒྱལ་རིགས་ཏེ། །ང་ནི་འདོད་པ་དོན་མི་གཉེར། །ས་འདི་རི་དང་བཅས་ཤིང་རྒྱ་མཚོར་བཅས། །རིན་ཆེན་ཀུན་དང་ལྡན་པ་བསྐྱངས་གྱུར་ཀྱང་། །


DKG004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནི་ནམ་ཡང་ངོམས་པར་མི་འགྱུར་ཏེ། །སོ་ག་ཚ་དུས་ཤིང་གི་མེ་བཞིན་ནོ། །འདོད་པ་རྣམས་ནི་ཤ་ཁོན་འབྲེལ་ཅེས་གསུངས། །མི་དབང་རྒལ་བར་དཀའ་ཞིང་འདམ་རྫབ་འདྲ། །སྡུག་བསྔལ་དང་ནི་མྱ་ངན་འཇིགས་པ་ཡི། །རྩ་བའི་གཙོ་སྟེ་བློ་ངན་རྣམས་ཀྱིས་བསྟན། །རྒྱལ་པོ་ངས་ནི་བྱུང་མ་ཐག་ཏུ་ཡང་། །འདོད་པ་རྣམས་ལ་མི་དགའི་བློ་བསྐྱེད་ན། །འཇིགས་བྱེད་ཆོས་ཀྱི་དགྲ་བོར་གྱུར་པ་དག །བོར་བ་དེ་ཁོ་སླར་ཡང་ཇི་ལྟར་བླང་། །རྩེ་མོ་སྣ་ཚོགས་ཡངས་པར་གྱུར་པ་ཡི། །ལྷུན་པོ་གངས་ཅན་རླུང་གིས་བསྐྱོད་སྲིད་ཀྱི། །ང་ཡི་བློ་ནི་ཐར་པ་ལ་བརྟེན་པ། །འདོད་པའི་ཤུགས་ཀྱིས་བསྐྱོད་པར་མི་ནུས་སོ། །འཇིག་རྟེན་འདི་ནི་འདོད་པར་བྱིང་གྱུར་ནས། །འཁོར་བའི་འཁོར་ལོས་ཡོངས་སུ་འཁྱམས་པ་ལ། །མི་དབང་ང་སྐྱབས་ཡིན་ཏེ་གཞན་མེད་པས། །འཇིགས་པ་ཆེ་ལས་དེ་ནི་ཐར་བར་བྱ། །འདོད་པ་རྣམས་ཀྱི་ཉེས་དམིགས་མཁྱེན། །མྱ་ངན་འདས་པ་ཞི་བ་གཟིགས། །སྦང་ཕྱིར་གང་དུ་ང་ཡི་ཡིད། །དགའ་བ་དག་ཏུ་འགྲོ་བར་བྱ། །རྒྱལ་པོ་གཟུགས་ཅན་སྙིང་པོས་གསོལ་པ། ཀྱེ་རབ་ཏུ་བྱུང་བ་བརྟུལ་ཞུགས་འདིས། ཅི་ཞིག་དོན་དུ་གཉེར། དེས་གསུངས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྒྱལ་པོས་གསོལ་པ། ཀྱེ་རབ་ཏུ་བྱུང་བ་གང་གི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་གྱུར་པ་དེའི་ཚེ་བདག་ལ་ཡང་དགོངས་ཤིག །བྱང་ཆུབ་སེམས་དཔས་གསུངས་པ། དེ་བཞིན་དུ་བསམ་པར་བྱའོ། །ཞེས་གསུངས་ནས། རྒྱལ་པོའ་ཁབ་ནས་བྱུང་སྟེ། བྱ་རྒོད་ཀྱི་ཕུང་པོའ་རི་དང་ཧ་ཅང་ཡང་མི་རིང་བར་དྲང་སྲོང་རྣམས་ཀྱི་བསྟི་གནས་དེར་གཤེགས་སོ། །དེ་རྣམས་སྤྱོད་པ་དང་གནས་པས་བསམ་གཏན་ལ་བརྩོན་པར་གནས་ཏེ། དེ་རྣམས་གང་གི་ཚེ་རྐང་པ་གཅིག་གིས་ཉིན་ཐུན་གཅིག་འགྲེང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་ཐུན་གཉིས་སུ་བཞེངས་སོ། །གལ་ཏེ་དེ་རྣམས་གདུང་བ་ལྔའི་སྦྱོར་བས་ཉིན་ཐུན་གཅིག་འདུག་པ་དེའི་ཚེ། བྱང་ཆུབ་སེམས་དཔས་ཀྱང་སྦྱོར་བ་དེས་ཐུན་གཉིས་སུ་


DKG004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སོ། །དེ་ནས་དེ་རྣམས་ཡ་མཚན་སྐྱེས་ནས། དགེ་སྦྱོང་འདི་ནི་ཆེན་པོ་ཞིག་གོ་ཞེས་སྨྲས་པས། དགེ་སྦྱོང་ཆེན་པོ་དགེ་སྦྱོང་ཆེན་པོ་ཞེས་བྱ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་དེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་བརྟུལ་ཞུགས་འདིས་ཅི་ཞིག་དོན་དུ་གཉེར། །དེ་ན་ཁ་ཅིག་གིས་གསོལ་པ། བརྒྱ་བྱིན་ཉིད་དོ། ཁ་ཅིག་གིས་གསོལ་པ། བདག་ཅག་ནི་ཚངས་པ་ཉིད་དོ། ཁ་ཅིག་གིས་གསོལ་པ། བདུད་ཉིད་དོ། །བྱང་ཆུབ་སེམས་དཔས་དགོངས་པ། དྲང་སྲོང་འདི་དག་ནི་སླར་ལྟུང་བ། ལམ་ལོག་པར་ཞུགས་པ་སྟེ། ལམ་དེ་ནི་ནུས་པ་མ་ཡིན་ནོ་སྙམ་ནས། དེས་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་གང་ན་བ་དེར་གཤེགས་ཏེ་བྱོན་པ་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ལ་འདི་སྐད་ཅེས་གསུངས་སོ། །རིང་དུ་འཕུར་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན་ཁྱོད་ཀྱི་དྲུང་དུ་ཁོ་བོ་ཚངས་པར་སྤྱོད་པ་སྤྱད་དོ། །དེས་སྨྲས་པ། ཚེ་དང་ལྡན་པ་གཽ་ཏ་མ་བདག་ལ་མི་བདེ་བ་མེད་ཀྱིས། ཁྱོད་ཅི་བདེ་བ་ཁོ་ནར་བཞུགས་ཤིག །བྱང་ཆུབ་སེམས་དཔས་གསུངས་པ། རིང་དུ་འཕུར་ཁྱོད་ཀྱིས་ཆོས་ཇི་སྙེད་ཅིག་རྟོགས་པར་གྱུར། དེས་གསོལ་པ། ཚེ་དང་ལྡན་པ་གཽ་ཏ་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་དད་པ་དེ་ལ་ནི་ང་ཡང་དད་ལ། སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ལ་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོད་པ་ལྟར་བདག་ལ་ཡང་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོད་པས་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་ཆོས་དེ་སྙེད་མངོན་སུམ་དུ་བྱས་ན། ཅིའི་ཕྱིར་བདག་གིས་ཀྱང་ཆོས་འདི་དག་མངོན་སུམ་དུ་མི་བྱ་སྙམ་ནས། དེ་ནས་བྱང་ཆུབ་སེམས་དཔས་ཆོས་དེ་རྣམས་ཁོ་ན་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་དང་། མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་གཅིག་པུ་དབེན་པ་བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་གཏོད་པར་གནས་ཏེ་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་


DKG004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་པར་གནས་པ་ན། རིང་པོ་མ་ཐོགས་པ་ཁོ་ནར་ཆོས་དེ་དག་མངོན་སུམ་དུ་མཛད་པར་གྱུར་ཏོ། །ཆོས་དེ་དག་མངོན་སུམ་དུ་མཛད་ནས་ཡང་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་གང་ན་བ་དེར་གཤེགས་ཏེ་བྱོན་ནས། སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ལ་འདི་སྐད་ཅེས་གསུངས་སོ།། རིང་དུ་འཕུར་ཁྱོད་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་འདི་དག་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སམ། དེས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གཽ་ཏ་མ་མེད་དེ། བདག་གིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་དེ་དག་མངོན་སུམ་དུ་བྱས་སོ། །བྱང་ཆུབ་སེམས་དཔས་གསུངས་པ། ཚེ་དང་ལྡན་པ་རིང་དུ་འཕུར་བདག་གིས་ཀྱང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་དེ་དག་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་སོ། །ཚེ་དང་ལྡན་པ་གཽ་ཏ་མ་དེ་ལྟ་ན་ཁྱོད་ཀྱི་ཇི་ཙམ་པ་བདག་གི་ཡང་དེ་ཙམ་ལ། བདག་གི་ཇི་ཙམ་པ་ཁྱོད་ཀྱི་ཡང་དེ་ཙམ་པས་དོན་འདི་ལའོ་སྐོལ་མཚུངས་ཤིང་མཉམ་སྟེ་འདྲ་བར་ཐོབ་ཀྱིས་ཚུར་སྤྱོན་འོ་སྐོལ་གཉིས་ཀས་འཁོར་འདི་ཡོངས་སུ་དྲང་བར་བགྱིའོ། །དེ་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་བྱང་ཆུབ་སེམས་དཔའི་ཐོག་མའི་སློབ་དཔོན་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ལ་རྗེད་པའི་དམ་པས་རྗེད་ཅིང་མཆོད་པའི་དམ་པས་མཆོད་དོ། །དེའི་རྟོགས་པ་དག་ལ་ཡང་དགའ་བ་དང་། མགུ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། ལམ་འདི་ནི་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་ལམ་དེ་ནུས་པ་མེད་པར་རིག་ནས་རངས་བྱེད་ཀྱི་བུ་ལྷག་སྤྱོད་གང་ན་བ་དེར་གཤེགས་ཏེ་བྱོན་ནས། རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་གསུངས་སོ། །ལྷག་སྤྱོད་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན་ཁྱོད་ཀྱི་དྲུང་དུ་ང་ཚངས་པར་སྤྱོད་པ་སྤྱད་དོ། །དེས་གསོལ་པ་ཚེ་དང་ལྡན་པ་གཽ་ཏ་མ་བདག་ལ་མི་བདེ་བ་མེད་ཀྱིས། ཁྱོད་ཅི་བདེ་བ་ཁོ་ནར་བཞུགས་ཤིག །ཁྱོད་ཀྱིས་ཆོས་ཇི་སྙེད་ཅིག་མངོན་སུམ་དུ་བྱས། ཚེ་དང་ལྡན་པ་གཽ་ཏ་མ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་


DKG004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུའོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། རངས་བྱེད་ཀྱི་བུ་ལྷག་སྤྱོད་དད་པ་ལ་ནི་བདག་ཀྱང་དད་ལ། རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོད་པ་ལྟ་བུའི་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ནི་བདག་ལ་ཡོད་ན། རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་གྱི་ཆོས་འདི་སྙེད་ཅིག་མངོན་སུམ་དུ་བྱས་ན། བདག་གིས་ཀྱང་ཅིའི་ཕྱིར་ཆོས་འདི་དག་མངོན་སུམ་དུ་མི་བྱ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་ཆོས་དེ་རྣམས་ཁོ་ན་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་དང་། མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་གཏོད་པར་གནས་ཏེ། གཅིག་པུ་དཔེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་གཏོད་པར་གནས་པ་ན། རིང་པོ་མ་ཐོགས་པ་ཁོ་ནར་ཆོས་དེ་མངོན་སུམ་དུ་མཛད་པར་གྱུར་ཏོ། །ཆོས་དེ་མངོན་སུམ་དུ་མཛད་ནས་རངས་བྱེད་ཀྱི་བུ་ལྷག་སྤྱོད་གང་ན་བ་དེར་གཤེགས་ཏེ་བྱོན་པ་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་འདི་སྐད་ཅེས་གསུངས་སོ། །ལྷག་སྤྱོད་ཁྱོད་ཀྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་དུ་ཆོས་འདི་དག་རང་གིས་མངོན་སུམ་དུ་བྱས་སམ། ཚེ་དང་ལྡན་པ་གཽ་ཏ་མ་མད་ལགས་ཏེ། བདག་གིས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་གྱི་ཆོས་འདི་དག་མངོན་སུམ་དུ་བགྱིས་སོ། །བྱང་ཆུབ་སེམས་དཔས་གསུངས་པ། ཚེ་དང་ལྡན་པ་ལྷག་སྤྱོད་བདག་གིས་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་གྱི་ཆོས་འདི་དག་རང་གིས་མངོན་སུམ་དུ་བྱས་སོ། །ཚེ་དང་ལྡན་པ་གཽ་ཏ་མ་དེ་ལྟ་ན་ཁྱོད་ཀྱི་ཇི་ཙམ་པ་བདག་གི་ཡང་དེ་ཙམ་ལ། བདག་གི་ཇི་ཙམ་པ་ཁྱོད་ཀྱི་ཡང་དེ་ཙམ་པས་དོན་འདི་ལ་འོ་སྐོལ་མཚུངས་ཤིང་མཉམ་སྟེ། འདྲ་བ་ཐོབ་ཀྱིས་ཚུར་སྦྱོན། འོ་སྐོལ་གཉིགས་ཚོགས་འདི་ཡོངས་སུ་དྲང་བར་བགྱིའོ། །དེ་ནས་རངས་བྱེད་ཀྱི་བུ་ལྷག་སྤྱོད་བྱང་ཆུབ་སེམས་དཔའི་ཐོག་མའི་སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་ལ་རྗེད་པ་དམ་པས་རྗེད་ཅིང་མཆོད་པའི་དམ་


DKG004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཆོད་དོ། །དེའི་ཤེས་པ་རྣམས་ལ་ཡང་དགའ་བ་དང་མགུ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། ལམ་འདི་ནི་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ལམ་དེ་ཡང་ནུས་པ་མེད་པར་རིག་ནས་གཤེགས་སོ། །རྒྱལ་པོ་ཟས་གཙང་བུའི་མྱ་ངན་གྱིས་རྟག་ཏུ་གདུངས་ནས། བྱང་ཆུབ་སེམས་དཔའ་བཙལ་བའི་ཕྱིར་ཕོ་ཉ་བཏང་བ་ལས། དེས་ཇི་ལྟར་གཞོན་ནུ་དོན་ཐམས་ཅད་གྲུབ་པ། རངས་བྱེད་ཀྱི་བུ་ལྷག་སྤྱོད་དང་ལྷན་ཅིག་བཞུགས་པ་ལས་རྒྱལ་པོའ་ཁབ་ནས་ཕྱིར་བྱུང་སྟེ། རིམ་གྲོ་བ་མེད་པར་འཁྱམ་མོ་ཞེས་ཐོས་སོ། །ཐོས་ནས་རིམ་གྲོ་བྱེད་པ་སུམ་བརྒྱ་བཏང་ངོ་། །གྲོང་ཁྱེར་ལྷས་བསྟན་དུ་ཤཱཀྱ་ལེགས་པར་རབ་སད་ཀྱིས་ཀྱང་དེ་བཞིན་དུ་ཐོས་ནས་དེས་ཀྱང་རིམ་གྲོ་བྱེད་པ་ཉིས་བརྒྱ་བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་རིམ་གྲོ་བ་ལྔ་བརྒྱས་ཡོངས་སུ་བསྐོར་ནས། དཀའ་ཐུབ་ཀྱི་ནགས་སུ་རྒྱུ་བ་ན་དེས་དགོངས་པ། དཀའ་ཐུབ་ཀྱི་ནགས་གང་བར་སྤྱོད་ཅིང་གནས་པས་ནི་བདུད་རྩི་ཐོབ་པར་མི་ནུས་ཀྱིས། མ་ལ་བདག་གིས་རིམ་གྲོ་བྱེད་པ་ལྔ་ཞིག་བླངས་ལ་ལྷག་མ་ནི་དགྱེའོ་སྙམ་ནས་དེས་ཡུམ་གྱི་ཕྱོགས་ལས་གཉིས། ཡབ་ཀྱི་ཕྱོགས་ནས་གསུམ་ཁྲིད་དེ། དེ་རྣམས་ཀྱིས་དེའི་རིམ་གྲོ་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རིམ་གྲོ་པ་ལྔས་ཡོངས་སུ་བསྐོར་ཏེ་ག་ཡི་ལྷོ་ཕྱོགས་ན་ལྟེང་རྒྱས་འོད་སྲུང་གི་སྡེའི་གྲོང་རྡལ་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ་བྱོན་ནས། དེ་ཕན་ཚུན་དུ་འཆག་པ་ན། ཕྱོགས་དགའ་དགའ་ལྟར་འདུག་པ། ནགས་ཚང་ཚིང་མཛེས་པ། ཆུ་ཀླུང་ནཻ་རཉྫ་ན་བསིལ་བར་འབབ་པ། གསེར་གུ་ཅན་འཇུག་ངོགས་བདེ་ཞིང་མཐའ་རྒྱ་ཆེ་ལ་གསིང་མ་སྔོན་པོ་དང་ཤིང་སྣ་ཚོགས་ཀྱིས་བརྒྱན་པ་དགའ་དགའ་ལྟར་འདུག་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་འོ་ས་ཕྱོགས་འདི་ནི་དགའ་དགའ་ལྟར་འདུག་པ། ནགས་ཚང་ཚིང་མཛེས་པ། ཆུ་ཀླུང་ནཻ་རཉྫ་ན་བསིལ་བར་འབབ་པ།


DKG004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གསེ་གུ་ཅན་འཇུག་ངོགས་བདེ་ཞིང་མཐའ་རྒྱ་ཆེ་ལ་གསིང་མ་སྔོན་པོ་དང་། ཤིང་སྣ་ཚོགས་ཀྱིས་བརྒྱན་པ་དགའ་དགའ་ལྟར་འདུག་པ་ཞིག་སྟེ། ཀྱེ་མ་སྤོང་བ་དོན་དུ་གཉེར་བའི་རིགས་ཀྱི་བུས་ནགས་ཁྲོད་འདིར་བརྟེན་ན་སྤོང་བ་བྱ་བར་ནུས་སོ། །བདག་སྤོང་བ་དོན་དུ་གཉེར་བ་ཡིན་པས་མ་ལ་བདག་གིས་ཀྱང་ནགས་ཁྲོད་འདིར་བརྟེན་ལ་སྤོང་བ་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ནགས་ཁྲོད་དུ་ཞུགས་ཏེ་ཤིང་ཞིག་གི་དྲུང་དུ་བཞུགས་ནས། ཚེམས་ལ་ཚེམས་གཏད། ལྗགས་རྐན་ལ་བཅར་ནས་ཐུགས་ཀྱིས་ཐུགས་མངོན་དུ་བཟུང་། མངོན་དུ་བསྡམས། ཤིན་ཏུ་མངོན་དུ་བསྡམས་སོ། །དེ་ཐུགས་ཀྱིས་ཐུགས་མངོན་དུ་བཟུང་། མངོན་དུ་བསྡམས། ཤིན་ཏུ་མངོན་དུ་བསྡམས་པས་བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡུལ་བྱུང་བར་གྱུར་ཏེ། དཔེར་ན་མི་སྟོབས་དང་ལྡན་པས་མི་སྟོབས་ཤིན་ཏུ་ཆུང་བ་ཞིག་ཕྱིང་ཀ་ལོག་ཏུ་བཟུང་། མངོན་དུ་བསྡམས། ཤིན་ཏུ་མངོན་དུ་བསྡམས་ན། དེའི་བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡུལ་འབྱུང་བ་དེ་བཞིན་དུ་དེའི་ཚེ། བྱང་ཆུབ་སེམས་དཔའ་ཚེམས་ལ་ཚེམས་གཏད། ལྗགས་རྐན་ལ་བཅར་ཏེ། ཐུགས་ཀྱིས་ཐུགས་མངོན་དུ་བཟུང་། མངོན་དུ་བསྡམས། ཤིན་ཏུ་མངོན་དུ་བསྡམས་པ་ན་བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡུལ་བྱུང་བར་གྱུར་ཀྱང་དེ་ཞུམ་པ་མ་ཡིན་གྱི། བརྩོན་འགྲུས་བརྩམས་པ་ཡིན། སྐུ་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར་ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་ས་དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པ་དང་རླུང་ཐམས་ཅད་སྤྱི་བོའ་ནང་དུ་སོང་ནས། དེ་དེའི་དབུ་ལ་དབུའི་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེས་སོ། །དཔེར་ན་མི་སྟོབས་དང་ལྡན་པས་མི་སྟོབས་ཤིན་ཏུ་ཆུང་བའི་སྤྱི་བོར་ལྕགས་ཀྱི་ཕུར་པ་རྣོན་པོས་བཏབ་ན་དེའི་མགོ་ལ་མགོའ་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་དབུ་ལ་དབུའི་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེས་ཀྱང་དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། སྐུ་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་སྡུག་བསྔལ་མི་བཟད་པ་རྩུབ་པ་ཆེ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར་ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེས་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །


DKG004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པས་རླུང་ཐམས་ཅད་སྙན་གཉིས་ཀྱི་བུ་གནས་རྒྱུས་པར་གྱུར་ཏོ། །དཔེར་ན་མགར་བས་སྦུད་པ་བུས་ན་རླུང་ཐམས་ཅད་ཀྱི་རྒྱུན་གྲྭ་གཉིས་ཀྱི་བུ་གནས་རྒྱུ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། རླུང་ཐམས་ཅད་ཀྱི་རྒྱུན་སྙན་གཉིས་ཀྱི་བུ་གནས་རྒྱུས་པར་གྱུར་ཀྱང་། དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། སྐུ་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་སྡུག་བསྔལ་མི་བཟད་པ་རྩུབ་པ་ཆེ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར། ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ལྷག་པར་ཡང་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེས་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པས་ཕྱལ་གྱི་ནང་ཐམས་ཅད་རྒྱས་པར་གྱུར། ཤིན་ཏུ་རྒྱས་པར་གྱུར་ཏོ། །དཔེར་ན་མགར་བའི་སྦུད་པ་བུས་ན་གང་བར་གྱུར། ཤིན་ཏུ་གང་བར་གྱུར་པ་དེ་བཞིན་དུ་དེའི་ཚེ། བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། ཕྱལ་གྱི་ནང་ཐམས་ཅད་རྒྱས་པར་གྱུར། ཤིན་ཏུ་རྒྱས་པར་གྱུར་ཀྱང་། དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། ལུས་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་


DKG004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོངས་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར། ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་བར་བྱའོ་སྙམ་མོ། །དེས་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པས་ཕྱལ་གྱི་ནང་ཐམས་ཅད་རྒྱས་པར་གྱུར། ཤིན་ཏུ་རྒྱས་པར་གྱུར་ཏོ། །དཔེར་ན་མགར་བའི་སྦུད་པ་བུས་ན་གང་བར་གྱུར། ཤིན་ཏུ་གང་བར་གྱུར་པ་དེ་བཞིན་དུ་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཕྱལ་གྱི་ནང་ཐམས་ཅད་རྒྱས་པར་གྱུར། ཤིན་ཏུ་རྒྱས་པར་གྱུར་ཀྱང་དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། ལུས་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར་ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེས་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པ་དང་། དེའི་ཚེ་དབུ་ལ་དབུའི་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེས་སོ། །དཔེར་ན་མི་སྟོབས་དང་ལྡན་པས་མི་སྟོབས་ཤིན་ཏུ་ཆུང་བའི་མགོ་འབྲེང་པས་ཡང་ནས་ཡང་དུ་དམ་


DKG004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅིངས་ན་དེའི་མགོ་ལ་མགོའ་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེ་བ་དེ་བཞིན་དུ། དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། དབུ་ལ་དབུའི་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེས་ཀྱང་། དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། ལུས་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་ཡང་སྐུ་བསྒོམས་པ་ཡིན་པའི་ཕྱིར། ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེར་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པ་དང་། དེའི་ཚེ་ཁོང་དུ་ཁོང་གི་ཚོར་བ་མི་བཟད་པ་སྐྱེས་སོ། །དཔེར་ན་བ་ལང་གི་བཤན་པ་མཁས་པའམ། བ་ལང་གི་ཤེན་པའི་སློབ་མ་མཁས་པས་བ་ལང་གསོད་པའི་གྲི་རྣོན་པོས་བ་ལང་གི་ལྟོ་དྲལ་ན་དེའི་ཁོང་དུ་ཁོང་གི་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེ་བ་དེ་བཞིན་དུ་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། ཁོང་དུ་ཁོང་གི་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེས་ཀྱང་དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། ལུས་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་སྡུག་བསྔལ་མི་བཟད་པ་རྩུབ་པ་ཆེ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར། ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ལྷག་


DKG004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱའོ་སྙམ་མོ། །དེས་ལྷག་པར་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་འཇུག་པར་བརྩམས་ཏེ། དེས་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་དང་། ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་སོ། །དེའི་ཞལ་དང་ཤངས་ནས་དབུགས་རྔུབ་པ་དང་འབྱུང་བ་བགགས་པ་དང་། དེའི་ཚེ་སྐུ་ལ་སྐུའི་གདུང་བ་ཤིན་ཏུ་མི་བཟད་པ་སྐྱེས་སོ། །དཔེར་ན་མི་ཤིན་ཏུ་སྟོབས་དང་ལྡན་པ་གཉིས་ཀྱིས་མི་སྟོབས་ཤིན་ཏུ་ཆུང་བ་ཞིག་ཕྱིང་ཀ་ལོག་ཏུ་བཟུང་སྟེ། མེ་དོང་གི་ནང་དུ་སྦྱངས་ན་དེའི་ལུས་ལ་ལུས་ཀྱི་གདུང་བ་ཤིན་ཏུ་མི་བཟད་པ་སྐྱེ་བ་དེ་བཞིན་དུ། དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་བམ་པའི་བསམ་གཏན་དག་ལ་སྙོམས་པར་ཞུགས་པ་ན། སྐུ་ལ་སྐུའི་གདུང་བ་ཤིན་ཏུ་མི་བཟད་པ་སྐྱེས་ཀྱང་། དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། ལུས་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་དེ་ལྟ་བུའི་ཚོར་བ་ཉམས་སུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར། ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཟས་མི་ཟ་བ་བསྒྲུབ་པར་བྱའོ་སྙམ་མོ། །དེ་ནས་ལྷ་རབ་ཏུ་མང་པོའ་སེམས་ཀྱིས་བྱང་ཆུབ་སེམས་དཔའི་ཐུགས་ཤེས་ནས་བྱང་ཆུབ་སེམས་དཔའ་གང་ན་བ་དེར་དོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་གལ་ཏེ་ཁྱོད་མིའི་ཁ་ཟས་ཀྱིས་འཛེམ་པར་མཛད། །ངོ་ཚ་བར་མཛད། སྨོད་པར་མཛད། རྣམ་པར་སྨོད་པར་མཛད་ན། བདག་ཅག་གིས་ཁྱོད་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ནས་ལྷའི་མདངས་བསྒྲུབ་པར་བགྱིས་ཏེ། ཁྱོད་ཀྱིས་གཏོར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། གལ་ཏེ་བདག་གིས་མིའི་ཟས་མི་བཟའ་བར་དམ་བཅས་ལ་


DKG004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བ་སྤུའི་ཁུང་བུ་ཐམས་ཅད་དུ་ལྷ་རྣམས་ཀྱིས་ལྷའི་མདངས་བསྒྲུབས་ནས་དེ་བདག་གིར་བྱེད་པ་ནི། བདག་གི་བརྫུན་ཡིན་ལ། བདག་གི་བརྫུན་གང་ཡིན་པ་དེ་ནི་བདག་གི་ལོག་པ་ཡིན་ནོ། །བདག་གི་ལོག་པ་གང་ཡིན་པ་དེའི་རྐྱེན་གྱིས་ནི་འདིན་སེམས་ཅན་ཁ་ཅིག་ལུས་ཞིག་སྟེ། ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་གྱིས། མ་ལ་བདག་གིས་ལྷ་རྣམས་ཀྱི་ཚིག་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་ལ་ཁ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆུང་ཆུང་བཟའ་བའམ། ཡང་ན་མོན་སྲན་སྡེའུའི་ཁུ་བའམ། འོན་ཏེ་རྒྱ་སྲན་གྱི་ཁུ་བའམ། ཡང་ན་ཧ་རེ་ནུ་ཀའི་འབྲས་བུའི་ཁུ་བ་བཏུང་ངོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་དེའི་ཚེ་ལྷ་རྣམས་ཀྱི་ཚིག་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་ནས་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆང་ཆུང་གསོལ་བའམ། ཡང་ན་མོན་སྲན་སྡེའུའི་ཁུ་བའམ། འོན་ཏེ་རྒྱ་སྲན་གྱི་ཁུ་བའམ། ཡང་ན་ཧ་རེ་ནུ་ཀའི་འབྲས་བུའི་ཁུ་བ་གསོལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆང་ཆུང་གསོལ་བ་ན། ཡན་ལག་དང་ཉིང་ལག་ཐམས་ཅད་ཞུམ་ཀུན་དུ་ཞུམ་སྟེ། སྐེམ་ཞིང་དཔལ་ཆུང་བར་གྱུར་ཏོ། །དཔེར་ན་ལྡུམ་བུ་ཨ་སི་ཏའི་སྡོང་བུ་དང་། ཀ་ལི་ཀའི་སྡོང་བུ་འཇུམ་ཀུན་དུ་འཇུམ་པས་ཤ་ཆུང་ཞིང་སྐམས་པར་གྱུར་པ་དེ་བཞིན་དུ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆང་ཆུང་གསོལ་བ་ན། ཡན་ལག་དང་ཉིང་ལག་ཐམས་ཅད་ཞུམ་ཀུན་དུ་ཞུམ་སྟེ་སྐེམ་ཞིང་དཔལ་ཆུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེའི་ཚེ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆང་ཆུང་གསོལ་


DKG004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན། དབུ་ལ་དབུའི་པགས་པ་རྙིས་ཀུན་དུ་རྙིས་ཏེ། འཁུམས་ཤིང་འབར་འབུར་དུ་གྱུར་ཏོ། །དཔེར་ན་ཀུ་བ་རྩ་བ་ནས་བཅད་ན་རྙིས་ཀུན་དུ་རྙིས་པས་འཁུམས་ལ་འབར་འབུར་དུ་གྱུར་པ་དེ་བཞིན་དུ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆང་ཆུང་གསོལ་བ་ན། དབུ་ལ་དབུའི་པགས་པ་རྙིས་ཀུན་ཏུ་རྙིས་ཏེ། འཁུམས་ཤིང་འབར་འབུར་དུ་གྱུར་ཀྱང་། དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། ལུས་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་བདག་ཉིད་གནོད་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར་ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆང་ཆུང་གསོལ་བ་ན། སྤྱན་གཉིས་ཀྱི་སྤྱན་གྱི་འབྲས་བུ་ཕུག་ཏུ་སོང་ཤིན་ཏུ་ཕུག་ཏུ་སོང་སྟེ། ཟབ་པ་ཤིན་ཏུ་ཟབ་པར་རིང་དུ་སོང་བས་ཕྱུང་བ་ལྟ་བུར་སྣང་ངོ་། །དཔེར་ན་ཁྲོན་པ་ཟབ་མོའ་ཆུར་སྐར་མའི་གཟུགས་བརྙན་ཕུག་ཏུ་སོང་ཤིན་ཏུ་ཕུག་ཏུ་སོང་སྟེ། ཟབ་པ་ཤིན་ཏུ་ཟབ་པར་རིང་དུ་སོང་བར་གཏམ་དུ་བྱ་བ་དེ་བཞིན་དུ། དེའི་ཚེ་བྱང་ཆུབ་སེམས་དཔས་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆང་ཆུང་གསོལ་བ་ན། སྤྱན་གཉིས་ཀྱི་སྤྱན་གྱི་འབྲས་བུ་ཕུག་ཏུ་སོང་ཤིན་ཏུ་ཕུག་ཏུ་སོང་སྟེ། ཟབ་པ་ཤིན་ཏུ་ཟབ་པར་རིང་དུ་སོང་བས་ཕྱུང་བ་ལྟ་བུར་སྣང་ཡང་དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། ལུས་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བདག་ཉིད་གནོད་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར་ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆང་ཆུང་གསོལ་བ་ན། དེའི་ཚེ་རྩིབ་མའི་བར་མཐོད་མན་ཅན་དུ་གྱུར་ཏེ། དཔེར་ན་རྩྭ་ཁང་ལོ་གཉིས་སམ་གསུམ་ལོན་པའི་ཕྱམ་དགུ་པོ་མཐོད་མན་དུ་གྱུར་པ་དེ་བཞིན་དུ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་།


DKG004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ཆུང་གསོལ་བ་ན། རྩིབ་མའི་བར་མཐོད་མན་དུ་གྱུར་ཀྱང་། དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། ལུས་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་བདག་ཉིད་གནོད་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་ཡང་འདི་ལྟར་སྐུ་བསྒོམས་པ་ཡིན་པའི་ཕྱིར་ཐུགས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞལ་ཟས་ཉུང་བ་དང་། ཆུང་བ་དང་། ཆུང་ཟད་དང་། ཆང་ཆུང་གསོལ་བ་ན། སྒལ་པའི་ཚིགས་འདི་ལྟ་སྟེ། སྐྲའི་ལན་བུ་ལྟ་བུར་གྱུར་ཏོ། །མཇུག་དོ་ནི་འདི་ལྟ་སྟེ། རྔ་མོའ་རྐང་པ་ལྟ་བུར་གྱུར་ཏོ། །དེ་ལན་འགའ་ལྡང་བར་འདོད་ན་ཁ་སྦུབ་ཏུ་འགྱེལ་ལ། ལན་འགའ་འདུག་པར་འདོད་ན་གན་རྐྱལ་དུ་འགྱེལ་ལོ། །དེ་རོ་སྟོང་ལ་བརྟེན་ནས་རོ་སྨད་འཇོག་པར་བྱེད། རོ་སྨད་ལ་བརྟེན་ནས་རོ་སྟོད་འཇོག་པར་བྱེད་དོ། །དེ་ཕྱག་གཉིས་ཀྱིས་སྐུ་ལ་བྱུགས། ཡོངས་སུ་བྱུགས་ཏེ། དེའི་ཕྱག་གཉིས་ཀྱིས་སྐུ་ལ་བྱུགས། ཡོངས་སུ་བྱུགས་པ་དེའི་ཚེ། བ་སྤུ་རྣམས་དྲུང་རུལ་བས་ས་ལ་ལྷགས་པར་གྱུར་ཏོ། །དེ་འདི་སྙམ་དུ་དགོངས་ཏེ། ལམ་འདི་ཡང་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་མོ། །དེ་ནས་ལྷ་གསུམ་ཞིག་བྱང་ཆུབ་སེམས་དཔའ་གང་ན་བ་དེར་ལྷགས་ཏེ། དེ་ནས་གཅིག་གིས་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གཽ་ཏ་མ་ནི་ནག་པོ་ཞིག་གོགཉིས་པས་འདི་སྐད་ཅེས་སྨྲས་སོ། །འདི་ནག་པོ་ནི་མ་ཡིན་གྱི་འོན་ཀྱང་སྔོ་བསངས་ཞིག་གོ གསུམ་པས་འདི་སྐད་ཅེས་སྨྲས་སོ། །འདི་ནག་པོ་ཡང་མ་ཡིན། སྔོ་བསངས་ཀྱང་མ་ཡིན་གྱི་མདོག་དམར་སྨུག་ཅིག་གོ །བྱང་ཆུབ་སེམས་དཔའི་སྐུ་མདོག་བཟང་པོར་སྣང་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་གྱུར་ཏོ། །དེ་ནས་དེའི་ཆོ་བྱང་ཆུབ་སེམས་དཔའ་ལ་སྔོན་མ་གསན་པའི་དཔེ་གསུམ་ཞིག་སྣང་བ་འདི་ལྟ་སྟེ། ཤིང་རློན་པ་ཆུ་


DKG004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞིག་ཆུ་ནས་ཕྱུང་སྟེ། ཉེ་བར་སྐམ་ལ་བཞག་པ་དང་། དེ་ནས་མི་མེ་དོན་དུ་གཉེར་བ་མེ་ཚོལ་བ་ཞིག་དེར་འོངས་ནས་དེས་དེ་ལ་གཙུབ་སྟན་བྱས་ཏེ། གཙུབ་ཤིང་བཞག་ནས་གཙུབས་ན་འདི་ལྟར་ཤིང་དེ་རློན་པ་ཆུ་ཅན་ཡིན་པའི་ཕྱིར་མེ་འབྱུང་བ་དང་། འབར་དུ་མི་བཏུབ་པ་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འདོད་པ་རྣམས་ལ་ལུས་དང་སེམས་ཀྱིས་ཐག་སྲིང་བར་མི་གནས་ཀྱི། དེ་རྣམས་ཀྱི་འདོད་པ་རྣམས་ལ་འདུན་པ་དང་། འདོད་པ་ལ་ཆགས་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་སེམས་ཡོངས་སུ་གཏུགས་ཏེ། གནས་པ་ཡིན་པས། ལུས་དང་སེམས་ཀྱིས་ཐག་སྲིང་བར་མི་གནས་པ་རྣམས་ཀྱི་ནི་དེ་དང་འདྲའོ། །དེ་རྣམས་བདག་ཉིད་གནོད་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་མོད་


DKG004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། འོན་ཀྱང་དེ་རྣམས་ཀྱིས་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ཏེ། དེ་ལ་འདི་ནི་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་སྔོན་མ་གསན་པའི་དཔེ་སྣང་བ་དང་པོ་ཡིན་ནོ། །དཔེར་ན་ཤིང་རློན་པ་ཆུ་ཅན་ཞིག་ཆུ་ནས་ཕྱུང་སྟེ། ཉེ་བར་སྐམ་ལ་བཞག་པ་དང་། དེ་ནས་མི་མེ་དོན་དུ་གཉེར་བ་མེ་ཚོལ་བ་ཞིག་འོངས་ནས་དེས་དེ་ལ་གཙུབ་སྟན་བྱས་ཏེ། གཙུབ་ཤིང་བཞག་ནས་གཙུབས་ན་འདི་ལྟར་ཤིང་དེ་རློན་པ་ཆུ་ཅན་ཡིན་པའི་ཕྱིར་མེ་འབྱུང་བ་དང་། འབར་དུ་མི་བཏུབ་པ་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འདོད་པ་རྣམས་ལ་ལུས་ཀྱིས་སྤོང་བར་གནས་ཀྱི་སེམས་ཀྱིས་མ་ཡིན་པ་དེ་རྣམས་ཀྱི་འདོད་པ་རྣམས་ལ་འདོད་པ་ལ་འདུན་པ་དང་། འདོད་པ་ལ་ཆགས་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་གང་ཡིན་པ་དེ་ནི། དེ་རྣམས་ཀྱི་སེམས་ཡོངས་སུ་གཏུགས་ཏེ་གནས་པ་ཡིན་ནོ། །དེ་རྣམས་བདག་ཉིད་གནོད་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་མོང་ཀྱི། འོན་ཀྱང་དེ་རྣམས་ཀྱིས་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ཏེ། དེ་ལ་འདི་ནི་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་སྔོན་མ་གསན་པའི་དཔེ་སྣང་བ་གཉིས་པ་ཡིན་ནོ། །འདི་ལྟ་སྟེ། ཤིང་སྐམ་ཁོང་སྟོང་ཆུ་མེད་པ་ཞིག་ཆུ་དང་ཐག་རིང་པོར་སྐམ་ལ་བཞག་པ་དང་། དེ་ནས་མི་མེ་དོན་དུ་གཉེར་བ་མེ་ཚོལ་བ་ཞིག་འོངས་ནས་དེས་དེ་ལ་གཙུབ་སྟན་བྱས་ཏེ། གཙུབ་ཤིང་བཞག་ནས་གཙུབས་ན་འདི་ལྟར་ཤིང་དེ་སྐམ་ཞིང་ཁོང་སྟོང་ཡིན་པའི་ཕྱིར། མེ་འབྱུང་བ་དང་། འབར་དུ་བཏུབ་པ་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འདོད་པ་རྣམས་ལ་ལུས་དང་། སེམས་ཀྱིས་ཐག་སྲིང་བར་གནས་པ་དེ་རྣམས་ཀྱི་འདོད་པ་རྣམས་ལ་འདོད་པ་ལ་འདུན་པ་དང་། འདོད་པ་ལ་ཆགས་པ་དང་། འདོད་པ་ལ་དགའ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་སེམས་ཡོངས་སུ་གཏུགས་ཏེ་མི་གནས་པ་ཡིན་ནོ། །དེ་རྣམས་བདག་ཉིད་གནོད་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བའི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་མོད་ཀྱི། འོན་ཀྱང་དེ་རྣམས་ཀྱིས་ཤེས་པར་ནུས། མཐོང་བར་ནུས། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་ཏེ། དེ་ལ་འདི་ནི་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་སྔོན་མ་གསན་པའི་དཔེ་སྣང་བ་གསུམ་པ་ཡིན་ནོ། །འདི་ལྟར་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་དཔེ་གསུམ་པ་སྣང་ནས་མ་ལ་བདག་གིས་ཏིལ་འབྲུ་གཅིག་གི་ཟས་བཟའ་བར་བྱའོ་ཞེས་དེ་ཏིལ་འབྲུ་གཅིག་གི་ཟས་གསོལ་ཏེ། ཇི་སྲིད་དེའི་མདངས་དེ་སྐུ་ལས་ཡལ་བར་མ་གྱུར་གྱི་བར་དུ་ཏིལ་འབྲུ་གཉིས་པའི་ཟས་མི་གསོལ་ཏེ། ཡལ་ནས་ཏིལ་འབྲུ་གཉིས་པའི་ཟས་དེ་གསོལ་བར་མཛད་དོ། །དེ་ཏིལ་འབྲུ་གཅིག་གི་ཟས་གསོལ་བས་ཡན་ལག་དང་ཉིང་ལག་རྣམས་ཤིན་ཏུ་སྐམས་པར་གྱུར་ཏོ། །ཏིལ་འབྲུ་གཅིག་ཇི་ལྟ་བར་འབྲས་འབྲུ་གཅིག་དང་། སྲན་ཀོ་ལ་འབྲུ་གཅིག་དང་། རྒྱ་སྲན་འབྲུ་གཅིག་དང་། མོན་སྲན་གྲེའུ་འབྲུ་གཅིག་དང་། མོན་སྲན་སྡེའུ་འབྲུ་གཅིག་དང་། རྩྭའི་གདིང་བ་ལ་


DKG004_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མནལ་བར་མཛད་དོ། །རྒྱལ་པོ་ཟས་གཙང་གིས་དཀའ་བ་སྤྱོད་པའི་གནས་སྐབས་དེ་ཐོས་ནས་ཉི་མ་རེ་རེ་ཞིང་རྟོག་པ་ཉིས་བརྒྱ་ལྔ་བཅུ་གཏོང་བར་བྱེད་དོ། །རྒྱལ་པོ་ལེགས་པར་རབ་སད་ཀྱིས་ཀྱང་ཉིས་བརྒྱ་ལྔ་བཅུའོ། །དེ་དག་ཉི་མ་རེ་རེ་ཞིང་དེ་གཉིས་ལ་མྱུར་བ་མྱུར་བར་གཏམ་སྐྱེལ་བར་བྱེད་དོ། བྱང་ཆུབ་སེམས་དཔའ་ནི་འདི་འདྲ་བའི་དཀའ་བ་སྤྱོད་དེ། ཏིལ་འབྲུ་གཅིག་དང་། འབྲས་འབྲུ་གཅིག་དང་། སྲན་ཀོ་ལ་འབྲུ་གཅིག་དང་། རྒྱ་སྲན་འབྲུ་གཅིག་དང་། མོན་སྲན་གྲེའུ་འགྲུ་གཅིག་དང་། མོན་སྲན་སྡེའུ་འབྲུ་གཅིག་གི་ཟས་གསོལ་ཞིང་རྩྭའི་གདིང་བ་ལ་མནལ་ཏོ་ཞེས་སྨྲའོ། །དེ་རྒྱལ་པོ་ཟས་གཙང་གིས་ཐོས་ནས་བུའི་མྱ་ངན་གྱིས་ནོན་པས་ལྷག་པར་དང་ཁར་ན་ཞིང་མིག་མཆི་མས་བརྣངས་ཏེ་གདུངས་ནས། བཙུན་མོའ་འཁོར་དང་བཅས་པར་རྩྭའི་གདིང་བ་ལ་ཉལ་བར་བྱེད་དོ། །བཙུན་མོ་གྲགས་འཛིན་ཡང་ཁྱིམ་ཐབ་ཀྱི་གནས་སྐབས་དེ་ཐོས་ནས་ཁྱིམ་ཐབ་ཀྱི་མྱ་ངན་གྱིས་ནོན་ཏེ་གདོང་མཆི་མས་རླན་ཅིང་། མེ་ཏོག་ཕྲེང་དང་། རྒྱན་དང་སྤུད་པ་རྣམས་བོར་ནས་དཀའ་བ་སྤྱོད་པར་བྱེད་དེ། ཏིལ་འབྲུ་གཅིག་དང་། འབྲས་འབྲུ་གཅིག་དང་། སྲན་ཀོ་ལ་འབྲུ་གཅིག་དང་། རྒྱ་སྲན་འབྲུ་གཅིག་དང་། མོན་སྲན་གྲེའུ་འབྲུ་གཅིག་དང་། མོན་སྲན་སྡེའུ་འབྲུ་གཅིག་གི་ཟས་ཟ་ཞིང་རྩྭའི་གདིང་བ་ལ་ཉལ་བར་བྱེད་དོ། །དེའི་རུམ་མི་བདེའོ་ཞེས་རྒྱལ་པོ་ཟས་གཙང་གིས་ཐོས་ནས་དེས་བསམས་པ། གལ་ཏེ་གྲགས་འཛིན་མས་བྱང་ཆུབ་སེམས་དཔའི་གཏམ་ཉི་མ་རེ་རེ་ཞིང་ཐོས་ན་ཁྱིམ་ཐབ་ཀྱི་མྱ་ངན་གྱིས་ནོན་ཏེ་དཀའ་བ་སྤྱད་པ་འདིས། མངལ་མི་འཆགས་པའམ། སྲོག་འཆད་པར་འགྱུར་བའི་གནས་འདི་ཡོད་པས་དེས་ན་གྲགས་འཛིན་མ་ལ་བྱང་ཆུབ་སེམས་དཔའི་གཏམ་སུ་ཡང་གླེང་བར་མི་འགྱུར་རོ་སྙམ་ནས། རྒྱལ་པོ་ཟས་གཙང་གིས་བཙུན་མོའ་འཁོར་གྱི་སྐྱེ་བོ་ཐམས་ཅད་ལ་ཁྲིམས་སུ་བཅས་པ། སུས་ཀྱང་བྱང་ཆུབ་སེམས་དཔའི་གཏམ་གྲགས་འཛིན་མ་ལ་བརྗོད་པར་མི་བྱའོ། །གཏམ་སྐྱེལ་བ་ལ་ཡང་བསྒོ་བ། ང་མ་གཏོགས་པར་སུ་ལ་ཡང་བྱང་ཆུབ་སེམས་དཔའི་གཏམ་བརྗོད་པར་མི་བྱའོ། །རང་གིས་ཐོས་ན་ཡང་གྲགས་འཛིན་


DKG004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་བསམས་ནས་མྱ་ངན་མནགས་ཏེ། གང་ཐོས་ན་བཙུན་མོ་གྲགས་འཛིན་མ་མི་འཆི་བར་འགྱུར་བའི་གཏམ་གཞན་གྱིས་བཙུན་མོའ་འཁོར་ལ་འདྲིད་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། ལམ་འདི་ཡང་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་མོ། །དེ་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་གིས་ཁ་ཟས་ཤིན་ཏུ་ངན་པ་བཟའ་བར་བྱའོ་སྙམ་སྟེ། དེས་ཁ་ཟས་ཤིན་ཏུ་ངན་པ་གསོལ་བར་མཛད་དོ། །དེ་ལ་ཟས་ཕལ་པ་ནི་འདི་ཡིན་ཏེ། བེའུ་བྱུང་ནས་རིང་པོ་མ་ལོན་པར་མའི་འོ་མ་འཐུང་བ་གང་ཡིན་པ་དེ་རྣམས་ཀྱི་གཅིན་དང་ལྕི་བ་ཡིན་ནོ། །ཇི་སྲིད་དེའི་སྐུ་ལས་མདངས་དེ་ཡལ་བར་མ་གྱུར་པ་དེ་སྲིད་དུ་ཟས་གཉིས་པ་མི་གསོལ་ཏེ། ཡལ་ནས་ཁ་ཟས་ཕྱི་མ་གསོལ་བར་མཛད་དོ། །དུར་ཁྲོད་ཆེན་པོར་གཤེགས་ནས་ཀྱང་མི་རོ་དབུ་རྟེན་དུ་བཅུག །ཞབས་ལ་ཞབས་བཞག་སྟེ་སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་དང་། ལྡང་བའི་འདུ་ཤེས་ཡིད་ལ་མཛད་པས། གློ་གཡས་པས་མནལ་བར་མཛད་དོ། །དེའི་ཚེ་གྲོང་ཁྱེར་གྱི་གཞོན་ནུ་རྣམས་དང་། གྲོང་ཁྱེར་གྱི་གཞོན་ནུ་མ་རྣམས་ལྷགས་ནས་ཤིང་བུས་དེའི་སྙན་གཉིས་ཀྱི་བུ་གར་འཛུགས་པར་བྱེད། རྣ་བ་གཉིས་ནས་འདྲེན་པར་བྱེད་ཅིང་འདི་སྐད་ཅེས་ཀྱི་ཕྱག་དར་ཁྲོད་ཀྱི་ཤ་ཟལ་ལྟོས། ཀྱེ་ཕྱག་དར་ཁྲོད་ཀྱི་ཤ་ཟ་ལ་ལྟོས་ཞེས་སྨྲ་བར་ཡང་བྱེད་དོ། །དེའི་ཚེ་ཕྱག་དར་དང་བོང་རྡོག་དང་། གསེག་མས་ཀྱང་འཐོར་བར་བྱེད་དོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་གྲོང་ཁྱེར་གྱི་གཞོན་ནུ་རྣམས་སམ། གྲོང་ཁྱེར་གྱི་གཞོན་ནུ་མ་དེ་རྣམས་ལ་ངན་སེམས་སྐྱེད་པའམ། སྡིག་པའི་ཚིག་དབྱུང་བར་མི་དགོངས་སོ། །བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་དཀའ་བ་སྤྱོད་པ་ན། འདི་སྙམ་དུ་དགོངས་ཏེ། གང་སུ་དག་སྡུག་བསྔལ་སྤང་བར་བརྩོན་པར་གནས་པ་དེ་ཐམས་ཅད་ནི་འདི་ཙམ་དུ་ཟད་དེ། དེ་ལས་ལྷག་པ་ཡང་མེད་དེའི་གོང་ན་ཡང་མེད་ན། ལམ་འདི་ཡང་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་


DKG004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་ནས། དེ་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། ལུས་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨོངས་པ་མ་ཡིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །དེ་འདི་སྙམ་དུ་དགོངས་ཏེ། ཤེས་པར་ནུས་པ་དང་། མཐོང་བར་ནུས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པའི་ལམ་དེ་གང་ཡིན་སྙམ་ན། དེ་འདི་སྙམ་དུ་དགོངས་ཏེ། བདག་ཡབ་ཤཱཀྱ་ཟས་གཙང་གི་ཁྱིམ་ན་གནས་པའི་ཚེ་ཞིང་ལས་ཀྱི་མཐའི་དྲུང་དུ་སོང་ནས། ཤིང་འཛམ་བུའི་གྲིབ་མ་ལ་འདུག་སྟེ། འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་པ་དེ་མངོན་པར་དྲན་ཏེ། དེ་ནི་ལམ་ཡིན། དེ་ནི་སྒྲུབ་པ་ཡིན། ཤེས་པར་ནུས་པ་ཡིན། མཐོང་བར་ནུས་པ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་ཡིན་ན། དེ་བདག་གིས་བསྐྱེད་དུ་ཡང་འདི་ལྟར་རིད་ཅིང་ཉམ་ཆུང་ལ་ཞན་པས་སླ་པ་མ་ཡིན་ཏེ། མ་ལ་བདག་གིས་ཅི་བདེར་དབུགས་རྔུབ་པ་དང་། ཅི་བདེར་དབུགས་འབྱུང་བ་དང་། ཅི་བདེར་འབྲས་ཆན་དང་། ཟན་དྲོན་གྱི་ཁ་ཟས་རགས་པ་བཟའ་ཞིང་ལུས་མར་གསར་དང་ཏིལ་མར་གྱིས་བྱུགས་ལ་ཆུ་འཇམ་པོས་ལུས་བཀྲུ་བར་བྱའོ་སྙམ་སྟེ། དེ་ཅི་བདེར་དབུགས་རྔུབ་པ་དང་། ཅི་བདེར་དབུགས་འབྱུང་བ་དང་། ཅི་བདེར་འབྲས་ཆན་དང་། ཟན་དྲོན་གྱི་ཞལ་ཟས་རགས་པ་གསོལ་ཞིང་སྐུ་ཏིལ་མར་དང་མར་གསར་གྱིས་བྱུགས་ནས་ཆུ་འཇམ་པོས་སྐུ་འཁྲུ་བར་མཛད་དོ།། །།འདུལ་བ་གཞི། བམ་པོ་བརྒྱད་བཅུ་གྱ་ལྔ་པ། དེ་ནས་རིམ་གྲོ་བ་ལྔ་པོ་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་འདི་ནི་སྡོམ་པ་ལྷོད་པ། བྱ་བ་མང་བ། མང་པོས་འཚོ་བ། སྤོང་བ་ཉམས་པར་གྱུར་པ་ཡིན་ཏེ། འདི་ད་ལྟ་འབྲས་ཆན་དང་ཟན་དྲོན་གྱི་ཁ་ཟས་མང་དུ་ཟ་ལ་ལུས་ཞུན་མར་དང་ཏིལ་མར་གྱིས་བྱུགས་ནས། ཆུ་འཇམ་པོས་ལུས་ཁྲུས་བྱེད་དེ། འདིས་ད་ནི་ཅུང་ཟད་ཀྱང་ཐོབ་པར་མི་ནུས་སོ་སྙམ་དུ་བསམས་ནས།


DKG004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་བོར་ཏེ་དོང་བ་ལས། རིམ་གྱིས་ཝ་རཱ་ཎ་སཱིར་ཕྱིན་ནས་འཇིག་རྟེན་པའི་དགྲ་བཅོམ་པ་གང་ཡིན་པ་དེ་ལ་བརྟེན་ནས་རབ་ཏུ་བྱུང་སྟེ། ལྔ་པོ་དེ་རྣམས་བློ་མཐུན་ཞིང་ལྷན་ཅིག་འགྲོགས་ལ་ཀུན་ཏུ་དགའ་བས་རྩོད་པ་མེད་པར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་གནས་པས་ལྔ་སྡེ་ལྔ་སྡེ་ཞེས་བྱ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་རིམ་གྱིས་ལུས་ཀྱི་སྟོབས་དང་། མཐུ་དང་བརྩོན་འགྲུས་ཡང་དག་པར་བསྐྱེད་ནས་རིམ་གྱིས་སྡེ་ཅན་གྱི་གྲོང་ཁྱེར་དུ་གཤེགས་སོ། །དེ་ན་གྲོང་ཁྱེར་གྱི་དཔོན་པོ་སྡེ་ཅན་ཞེས་བྱ་བ་དེ་ལ་བུ་མོ་གཉིས་ཡོད་དེ། དགའ་མོ་དང་། དགའ་སྟོབས་མའོ། །དེ་གཉིས་ཀྱིས་ཤཱཀྱ་རྣམས་ཀྱི་གཞོན་ནུ། གངས་རིའི་ངོས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བར་བྱུང་བ་དེ། མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ཡང་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། མཚན་ཐམས་ཅད་དང་ལྡན་པ། སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པ་ཡིན་པས་བུད་མེད་གང་གིས་ལོ་བཅུ་གཉིས་སུ་འདི་ལྟ་བུའི་བརྟུལ་ཞུགས་ཡང་དག་པར་བླངས་ཏེ་སྤྱོད་པ་དེའི་ཁྱིམ་ཐབ་ཏུ་འགྱུར་རོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བུད་མེད་ནི་སྐྱེས་པ་ལ་མངོན་པར་དགའ་བ་ཡིན་པས་དེ་གཉིས་ཀྱིས་ལོ་བཅུ་གཉིས་སུ་དཀའ་ཐུབ་བླངས་ཏེ། དེ་རྫོགས་པར་བྱས་ནས། དེ་རྫོགས་པ་དང་། ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ལྟར་མངར་བས་དྲང་སྲོང་དཀའ་ཐུབ་ཀྱིས་ཡོངས་སུ་དུབ་པ་གློ་བུར་དུ་འོངས་པ་ལ་འབུལ་བར་བྱེད་དོ། །དེ་གཉིས་ཀྱིས་བ་སྟོང་བཞོས་ནས་བ་སྟོང་པོ་དེ་ཉིད་ལ་བླུད་དོ། །དེ་ནས་བ་སྟོང་པོ་དེ་དག་ཉིད་བཞོས་ནས་ལྔ་བརྒྱ་ལ་བླུད་དོ། །དེ་ནས་ལྔ་བརྒྱ་པོ་དེ་དག་བཞོས་ནས་ལྔ་བརྒྱ་པོ་དེ་དག་ཉིད་ལ་བླུད་དོ། །དེ་ནས་ལྔ་བརྒྱ་པོ་དེ་དག་བཞོས་ནས་ཉིས་བརྒྱ་ལྔ་བཅུ་ལ་བླུད་དོ། །དེ་ནས་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་ཉིད་བཞོས་ནས་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་ལ་བླུད་དོ། །དེ་ནས་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་ཉིད་བཞོས་ནས་བརྒྱ་ཉི་ཤུ་རྩ་ལྔ་ལ་བླུད་དོ། །དེ་ནས་བརྒྱ་ཉི་ཤུ་རྩ་ལྔ་པོ་དེ་དག་བཞོས་ནས་བརྒྱ་ཉི་ཤུ་རྩ་ལྔ་པོ་དེ་དག་ཉིད་ལ་བླུད་


DKG004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ནས་བརྒྱ་ཉི་ཤུ་རྩ་ལྔ་པོ་དེ་དག་བཞོས་ནས་དྲུག་བཅུ་རྩ་གསུམ་ལ་བླུད་དོ། །དེ་ནས་དྲུག་བཅུ་རྩ་གསུམ་པོ་དེ་དག་བཞོས་ནས་དྲུག་བཅུ་རྩ་གསུམ་པོ་དེ་དག་ཉིད་ལ་བླུད་དོ། །དེ་ནས་དྲུག་བཅུ་རྩ་གསུམ་པོ་དེ་དག་བཞོས་ནས་སུམ་བཅུ་རྩ་གཉིས་ལ་བླུད་དོ། །དེ་ནས་སུམ་བཅུ་རྩ་གཉིས་པོ་དེ་དག་བཞོས་ཏེ། སུམ་བཅུ་རྩ་གཉིས་པོ་དེ་དག་ཉིད་ལ་བླུད་དོ། །དེ་ནས་སུམ་བཅུ་རྩ་གཉིས་པོ་དེ་དག་བཞོས་ནས་བཅུ་དྲུག་ལ་བླུད་དོ། །དེ་ནས་བཅུ་དྲུག་པོ་དེ་དག་བཞོས་ནས་བཅུ་དྲུག་པོ་དེ་དག་ཉིད་ལ་བླུད་དོ། །དེ་ནས་བཅུ་དྲུག་པོ་དེ་དག་ཉིད་བཞོས་ནས་བརྒྱད་ལ་བླུད་དོ། །དེ་ནས་བརྒྱད་པོ་དེ་དག་ཉིད་བཞོས་ནས་བརྒྱད་པོ་དེ་དག་ཉིད་ལ་བླུད་དོ། །དེ་ནས་བརྒྱད་པོ་དེ་དག་ཉིད་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པ་བཞོས་ཏེ། ཤེལ་ལས་བྱས་པའི་སྣོད་ཀྱི་ནང་དུ་བླུགས་ནས་བསྐོལ་ཏེ་འོ་ཐུག་སྦྲང་རྩི་ལྟར་མངར་བར་བྱེད་པ་ན། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བསམས་པ། འོ་མའི་ཐུག་པ་འདི་བྱང་ཆུབ་སེམས་དཔས་གསོལ་ན། དེང་ཉིད་དུ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་གྱིས་དེ་ལྟ་བས་ན་འདི་ལ་མཐུ་ཞིག་བསྟབས་བར་བྱའོ་སྙམ་ནས། དེ་རྣམས་ཀྱིས་མོད་ལ་མཐུ་སྐྱེད་པ་ཞེས་བྱ་བའི་སྨན་བླུགས་སོ། །འོ་མ་ཁོལ་བ་དེ་ལ་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པའི་མཚན་མ་དག་སྣང་ངོ་། །དེར་ཡང་ཀུན་ཏུ་འཚོ་ཉེར་འགྲོ་ཞེས་བྱ་བ་འཁྱམ་ཞིང་ཕྱོགས་དེར་ཕྱིན་ནས་དེས་འོ་མའི་ཐུག་པ་དེ་མཐོང་ནས། དེས་བསམས་པ། འོ་མའི་ཐུག་པ་འདི་སུས་འཐུངས་པ་དེས། དེང་ཉིད་དུ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་གྱིས། མ་ལ་བདག་གིས་འདི་བསླང་ངོ་སྙམ་ནས། རེ་ཞིག་མ་ཕྱུང་གི་བར་དུ་དེ་ཡུད་ཙམ་ཞིག་མཐའ་གཅིག་ཏུ་སོང་སྟེ་བསྡད་ནས། དེས་སོང་སྟེ། སྨྲས་པ། ཁོ་བོ་བཀྲེས་པ་དང་སྐོམ་པས་དུབ་ཅིང་ཉེན་གྱིས་འདི་ཁོ་བོ་ལ་ལུད་ཅིག །དེ་གཉིས་ཀྱིས་སྨྲས་པ། མི་སྦྱིན་ནོ། །དེ་ཅང་མི་སྨྲ་བར་སོང་ངོ་། །དེ་ནས་དེ་གཉིས་ཀྱིས་ཤེལ་ལས་བྱས་པའི་སྣོད་ཀྱི་ནང་ནས་རིན་པོ་ཆེའི་ཡོལ་གོའ་ནང་དུ་བླུགས་སོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་དེས་དེའི་བྲམ་ཟེའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་དེ་གཉིས་ཀྱི་མདུན་དུ་


DKG004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གོ། །ཚངས་པ་ཡང་འོངས་ནས་དེ་དང་ཉེ་བ་ཞིག་ཏུ་འདུག་གོ །དེ་གཉིས་ཀྱིས་བརྒྱ་བྱིན་ལ་སྦྱིན་པ་སྦྱིན་པར་བརྩམས་པ་དང་། དེས་སྨྲས་པ། ཅི་བདག་ལ་སྦྱིན་ནམ། འོན་ཏེ་བདག་པས་ཆེས་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ལ་སྦྱིན། དེ་གཉིས་ཀྱིས་སྨྲས་པ། ཁྱོད་བས་ཆེས་ཁྱད་པར་འཕགས་པ་གང་ཡིན་པ་དེ་ལ་དབུལ་ལོ། །དེས་སྨྲས་པ། ཚངས་པ་འདི་ནི་བདག་བས་ཆེས་ཁྱད་པར་དུ་འཕགས་པ་ཡིན་གྱིས་དེ་ལ་ཕུལ་ཅིག །དེ་གཉིས་ཀྱིས་དེ་ལ་སྦྱིན་པར་བརྩམས་པ་དང་། དེས་སྨྲས་པ། ཅི་བདག་ལ་སྦྱིན་ནམ། འོན་ཏེ་བདག་བས་ཆེས་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ལ། དེ་གཉིས་ཀྱིས་སྨྲས་པ། ཁྱོད་བས་ཆེས་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ལ་དབུལ་ལོ། །དེས་སྨྲས་པ། གནས་གཙང་མའི་རིས་ཀྱི་ལྷ་འདི་དག་ནི་བདག་བས་ཆེས་ཁྱད་པར་དུ་འཕགས་པ་ཡིན་གྱིས་དེ་དག་ལ་ཕུལ་ཅིག །དེ་གཉིས་ཀྱིས་དེ་དག་ལ་སྦྱིན་པར་བརྩམས་པ་དང་། དེ་དག་གིས་ཀྱང་སྨྲས་པ། ཅི་བདག་ཅག་ལ་སྦྱིན་ནམ། འོན་ཏེ་བདག་ཅག་བས་ཆེས་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ལ། དེ་གཉིས་ཀྱིས་སྨྲས་པ། ཁྱེད་བས་ཆེས་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ལའོ། །དེ་དག་གིས་སྨྲས་པ། བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་འདི་ཆུ་ཀླུང་ནཻ་རཉྫ་ནར་ཞུགས་ནས་སྐུ་ཁྲུས་མཛད་དེ། ཉམ་ཆུང་བ་ཉིད་ཀྱིས་བཞེངས་མི་སྤྱོད་པ་ཞིག་ཡོད་དེ། དེ་བདག་ཅག་བས་ཆེས་ཁྱད་པར་དུ་འཕགས་པ་ཡིན་གྱིས་དེ་ལ་ཕུལ་ཅིག །དེ་གཉིས་དེའི་དྲུང་དུ་ཆས་པ་དང་། དེའི་ཚེ་ལྷ་རྣམས་ཀྱིས་ཤིང་ཨ་ཛུནི་ཡལ་ག་བཏུད་ནས་བཏུད་པ་ལ་བྱང་ཆུབ་སེམས་དཔའ་འཇུས་ཏེ་ཆུ་ཀླུང་ནཻ་རཉྫ་ན་ནས་བྱུང་ནས་ཆོས་གོས་བགོས་ཏེ། ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་ན་བཞུགས་སོ། །དེ་ནས་དེ་གཉིས་ཀྱིས་གུས་པ་དང་། བསམ་པ་དྲག་པོས་དེ་ལ་འོ་ཐུག་སྦྲང་རྩི་ལྟར་མངར་བ་དེ་ཕུལ་ལོ། །བྱང་ཆུབ་སེམས་དཔས་ཀྱང་དེ་གཉིས་རྗེས་སུ་གཟུང་བའི་ཕྱིར་བཞེས་སོ། །བཞེས་ནས་གསུངས་པ། ཅི་ཡོལ་གོ་འདི་ཡང་ཡོངས་སུ་གཏང་ངམ། དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ཡང་ཡོངས་སུ་གཏང་ལགས་སོ། །དེ་ནས་བྱང་ཆུབ་སེམས་


DKG004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དཔས་འོ་ཐུག་སྦྲང་རྩི་ལྟར་མངར་བ་གསོལ་ནས་ཡོལ་གོ་དེ་བཀྲུས་ཏེ། ཆུ་ཀླུང་ནཻ་རཉྫ་ནར་བོར་བ་ཀླུ་རྣམས་ཀྱིས་བླངས་སོ། །འདི་ནི་ཆོས་ཉིད་ཡིན་ཏེ། ལྷ་རྣམས་ཀྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ནམ་མཁའ་ལྡིང་གི་ཆ་བྱད་དུ་སྤྲུལ་ཏེ། ཆུ་ཀླུང་ནཻ་རཉྫ་ན་དཀྲུགས་ནས་ཀླུ་སྐྲག་པར་བྱས་ཏེ། ཡོལ་གོ་དེ་ཕྲོགས་ནས་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་ཁྱེར་ཏེ་ཡོལ་གོའ་མཆོད་པ་ཆེན་པོ་བཙུགས་སོ། །དེ་ནས་བྱང་ཆུབ་སེམས་དཔས་དགའ་མོ་དང་། དགའ་སྟོབས་ལ་གསུངས་པ། སྦྱིན་པ་འདིས་ཅི་ཞིག་དོན་དུ་གཉེར། དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་གཞོན་ནུ་གངས་རིའི་ངོས། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བར་བྱུང་བ་དེ། མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་པ་ཞིག་མཆིས་པ་དེ་སེམས་བསྐྱེད་པ་དང་ཞལ་ཟས་ཕུལ་བའི་དགེ་བའི་རྩ་བ་འདིས། བདག་ཅག་གི་ཁྱིམ་ཐབ་ཏུ་གྱུར་ཅིག །བྱང་ཆུབ་སེམས་དཔས་གསུངས་པ། དེ་འདོད་པ་རྣམས་ལ་དོན་དུ་མི་གཉེར་བས་རབ་ཏུ་བྱུང་ཟིན་ནོ། །དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་འདོད་པ་རྣམས་དོན་དུ་མི་གཉེར་ན། བསོད་པ་ཕུལ་བའི་བསོད་ནམས་ཅི་མཆིས་པས། །གྲགས་དང་ལྡན་པ་དོན་རྣམས་ཀུན་གྲུབ་པ། །མི་ཡི་མཆོག་གྱུར་བློ་མཆོག་ལྡན་པ་དེའི། །དོན་ཀུན་མྱུར་དུ་ཤིན་ཏུ་གྲུབ་གྱུར་ཅིག །བྱང་ཆུབ་སེམས་དཔས་དེ་བཞིན་དུ་གྱུར་ཅིག་ཅེས་གསུངས་ནས་འོ་ཐུག་སྦྲང་རྩི་ལྟར་མངར་བ་གསོལ་ཏེ། དབང་པོ་དྲུག་ཚིམ་ཞིང་སྟོབས་དང་མཐུ་ཐོབ་ནས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་ན་ཕན་ཚུན་དུ་བཞུགས་པའི་ས་བཙལ་བ་དང་། ཇི་ཙམ་ན་རི་བྲགས་ཆེན་པོ་མེ་ཏོག་དང་འབྲས་བུ་སྣ་ཚོགས་དང་ལྡན་པ་ཞིག་གཟིགས་ནས། དེ་དེ་ལ་འཛེགས་ཏེ། ཕྱོགས་དབེན་ཞིང་གསལ་བའི་ས་ཕྱོགས་སུ་སྐྱིལ་མོ་ཀྲུང་བཅས་ཏེ། བཞུགས་སོ། །བཞུགས་མ་ཐག་ཏུ་རི་དེ་ཉིད་ཉིལ་ཏོ། །བྱང་ཆུབ་སེམས་དཔས་དགོངས་པ། ངེས་པར་བདག་གིས་ལས་སྐྱོན་ཅན་ཞིག་བྱས་ཏེ་དེས་ན་རི་འདི་ཉིལ་ཏོ་སྙམ་མོ། །ལྷ་རྣམས་ཀྱི་སེམས་


DKG004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱང་ཆུབ་སེམས་དཔའི་ཐུགས་ཤེས་ནས་གསོལ་པ། བཅོམ་ལྡན་འདས་ཁྱོད་ཀྱིས་སྐྱོན་ཅན་གྱི་ཕྲིན་ལས་མ་མཛད་དོ། །འོན་ཀྱང་འདི་ནི་ཆོས་ཉིད་ལགས་ཏེ། ས་ཐམས་ཅད་ཀྱིས་གཟུང་བར་རྔོ་མི་ཐོག་པ་ནི་གཉིས་ཏེ། དགེ་བའི་རྩ་བ་ཆད་པ་གང་ལགས་པ་དང་། དགེ་བའི་རྩ་བ་སྦྱངས་པ་གང་ལགས་པའོ། ཁྱོད་ནི་དགེ་བའི་རྩ་བ་སྦྱངས་པ་ལགས་སོ། །བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་མ་ལགས་ཏེ། འོན་ཀྱང་ཆུ་ཀླུང་ནཻ་རཉྫ་ན་རྒོལ་ལ། ཕྱོགས་ཆེ་གེ་མོ་ཞིག་ན་རྡོ་རྗེའི་གདན་མཆིས་ཀྱིས་བཞུད་ཅིག །དེར་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་ནས། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིང་ཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷས་ལམ་བསྟན་པ་བཞིན་གཤེགས་པ་ན་དེའི་ཞབས་བཞག་པར་པད་མ་དག་བྱུང་བར་གྱུར་ཏོ། །རྒྱ་མཚོ་ཆེན་པོ་བཞི་ལས་ཀྱང་ཆུ་བབ་ནས། པད་མའི་རྫིང་དག་བྱུང་བར་གྱུར་ཏོ། །གོམ་པ་བོར་ནས་མནན་པ་ན་ས་ཆེན་པོ་འདི་ཁར་བའི་སྣོད་བཞིན་དུ་སྒྲ་འབྱིན་པར་བརྩམས་སོ། །བྱ་ཙ་ཤ་དང་རི་དགས་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་སྐོར་བ་བྱེད་དོ། །རླུང་གཏོང་བའི་ལྷའི་བུ་རྣམས་ཀྱིས་ཀྱང་དལ་བུ་དལ་བུས་རླུང་གཏོང་བར་བྱེད་དོ། །ཆར་པ་འབེབས་པའི་ལྷའི་བུ་རྣམས་ཀྱིས་ཀྱང་ཆར་པ་ཆུང་ཟད་འབེབས་པར་བྱེད་དོ། །བྱང་ཆུབ་སེམས་དཔས་དགོངས་པ། ང་ལ་འདི་འདྲ་བའི་མཚན་མ་བྱུང་བར་གྱུར་པས་དེང་ཉིད་བདག་གིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་སྙམ་མོ། །ཆུ་ཀླུང་ནཻ་རཉྫ་ནར་ཀླུའི་རྒྱལ་པོ་དུས་ཅན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་གནས་ཤིག་བྱུང་བར་གྱུར་ཏེ། དེ་སངས་རྒྱས་བྱུང་ཞིང་སངས་རྒྱས་འབྱུང་བ་ན་མིག་ཐོབ་པར་འགྱུར་བ་ཡིན་པས། དེ་སའི་སྒྲ་གྲགས་པས་གནས་ནས་བྱུང་བ་ན། རྒྱང་རིང་པོ་ཁོ་ན་ནས་བྱང་ཆུབ་སེམས་དཔའ་སྐུ་སྐྱེས་བུ་ཆེན་པོའ་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་ཟེར་དང་། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་མཛེས་པ་མཐོང་ངོ་། །


DKG004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པར་བརྩམས་པ། དགའ་བའི་དབྱངས་ཀྱིས་ཀུན་གང་བའི། །ས་ཡི་སྒྲ་ནི་ཐོས་ནས་ཀྱང་། །ཀླུ་ནི་གནས་ནས་བྱུང་ནས་སུ། །ཕྱོགས་ཀུན་ཏུ་ཡང་ལྟ་བར་བྱེད། །བྲང་གིས་འགྲོ་བའི་གཙོ་བོ་སྟེ། །ཀླུ་ཡི་རྒྱལ་པོ་མཐུ་ཆེན་གྱིས། །ནཻ་རཉྫ་ནའི་ངོས་སུ་ནི། །འཇིག་རྟེན་འདྲེན་པ་གཤེགས་པ་མཐོང་། །སངས་རྒྱས་བྱུང་བའི་མཐུ་ཡིས་ནི། །ཀླུ་ཡིས་མིག་ནི་ཐོབ་གྱུར་ཏེ། །སེམས་དགའ་ཞིང་ནི་ཡིད་མགུ་ནས། །དེས་ནི་འདི་སྐད་ཚིག་གསོལ་ཏོ། །བདག་གིས་སྔོན་ནི་མཐོང་བ་ཡི། །སངས་རྒྱས་མཐུ་ཆེན་དེ་རྣམས་དང་། །ཐུབ་པ་ཁྱོད་ནི་མཐོང་གྱུར་ན། །དེ་དང་ཐ་དད་དབྱེར་མ་མཆིས། །ཐུབ་པ་ཇི་ལྟར་ཐོག་མར་ནི། །གཡས་པའི་ཞབས་ནི་བཏེག་པ་ལས། །ཁྱོད་ནི་སངས་རྒྱས་དེང་གྱུར་ནས། །འཇིག་རྟེན་གྱི་ནི་ཡོན་གནས་འགྱུར། །ཇི་ལྟར་ཆོས་གོས་མནབས་པ་དང་། །ནཻ་རཉྫ་ནའི་ཆུ་བསིལ་ལ། །ཇི་ལྟ་བུར་ནི་འཇུག་པ་ལས། །དེ་རིང་ཁྱོད་ནི་སངས་རྒྱས་འགྱུར། །ཇི་ལྟར་རབ་བརྟན་འགྲོས་སུ་གཤེགས་པ་དང་། །བ་ལང་ཁྱུ་མཆོག་འགྱིང་བ་ལྟར་གཤེགས་པས། །སྐྱེས་བུ་ཁྱུ་མཆོག་ཆོས་འཛིན་རྣམས་ཀྱི་མཆོག །དེང་འདིར་ཁྱོད་ནི་སངས་རྒྱས་མཆོག་འགྱུར་རོ། །ཇི་ལྟར་མཁའ་ལ་ཙ་ཤ་བརྒྱ་ཕྲག་གིས། །ཁྱོད་སྐུ་རྒྱ་ཆེན་རྒྱ་ཆེན་མཛད་དེ་ལ། །ལྡིང་ཞིང་བསྐོར་བ་བགྱིད་པར་གྱུར་པ་ལས། །མི་མཆོག་དེང་ནི་སངས་རྒྱས་མཆོག་འགྱུར་རོ། །ཇི་ལྟར་དྲི་ཞིམ་རླུང་ནི་ལྡང་བ་དང་། །རི་དྭགས་བྱ་ཡི་ཚོགས་ཀྱང་མི་སྐྲག་ལ། །ལྗོན་ཤིང་རླུང་གིས་གཡོས་པར་མ་གྱུར་པས། །མི་མཆོག་དེང་ནི་སངས་རྒྱས་མཆོག་འགྱུར་རོ། །ཇི་ལྟར་བཙུན་པ་ཁྱོད་ཀྱི་ཞལ་གྱི་འོད། །དྲི་མེད་གསེར་འོད་འབར་བ་འདྲ་བ་དེ། །རྣམ་པར་མཛེས་ཤིང་ཁ་དོག་ལྡན་པས་ན། །མི་མཆོག་དེང་ནི་སངས་རྒྱས་མཆོག་འགྱུར་རོ།། །།བར་སྔོམ་ལ། སྒྲ་དང་མཐོང་དང་སངས་རྒྱས་དང་། །རྫོགས་དང་ཞབས་དང་ཆོས་གོས་དང་། །བརྟེན་དང་རྩྭ་ཤ་དེ་བཞིན་རླུང་། །ཁྱོད་གཏོགས་པ་དང་དེ་བཅུའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་དུས་ཅན་གྱིས་ཡང་དག་པར་བསྟོད་ནས། རྡོ་རྗེའི་གདན་ལོགས་སུ་གཤེགས་ཏེ་


DKG004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དགོངས་པ། རྩྭའི་གདིང་བ་ལ་འདུག་པར་བྱའོ་སྙམ་པ་དང་། དེ་ལ་རྩྭའི་དགོས་པ་བྱུང་བར། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་དགོངས་པ་ཤེས་ནས། རི་སྤོས་ཀྱི་ངད་ལྡང་ལས་ཤིང་བལ་གྱི་འདབ་མ་ལྟར་རེག་ན་བདེ་བའི་རྩྭ་ཁུར་གཅིག་བླངས་ནས་རྩྭ་འཚོང་བཀྲ་ཤིས་ཀྱི་ཁ་དོག་ཏུ་བདག་ཉིད་མངོན་པར་སྤྲུལ་ཏེ། བྱང་ཆུབ་སེམས་དཔའི་སྤྱན་སྔར་བསྡད་དོ། །བྱང་ཆུབ་སེམས་དཔས་གསུངས་པ། བཞིན་བཟང་རྩྭའོ་ནི་དག་ང་ལ་ཕུལ་ཅིག །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ཞབས་གཉིས་ལ་གཏུགས་ནས་གུས་པ་དང་བཅས་པས་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔས་བཀྲ་ཤིས་ཀྱི་རྩྭ་འཚོང་ལས་རྩྭ་བཞེས་ཏེ། ལྷ་རྣམས་ཀྱིས་བསྟན་པའི་ལམ་ནས་བྱང་ཆུབ་ཀྱི་སྙིང་པོ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་རྩྭ་རྣམས་མ་འཁྲུགས་པ་དང་། སྟུག་སྲབ་མེད་པ་དགྲམ་པར་བརྩམས་སོ། །དེ་ནས་རྩྭ་དེ་རྣམས་བསྐོར་ཐབས་སུ་ལྷུང་ནས་བྱང་ཆུབ་སེམས་དཔས་དགོངས་པ། ཇི་ལྟར་རྩྭ་འདི་རྣམས་བསྐོར་ཐབས་སུ་ལྷུང་བ་ལས་བདག་གིས་གདོན་མི་ཟ་བར་དེང་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་རོ་སྙམ་དུ་དགོངས་ནས་རྡོ་རྗེའི་གདན་ལ་འཛེགས་ཏེ། བྲང་གིས་འགྲོ་བའི་རྒྱལ་པོ་གཉིད་ལོག་པའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས། སྐུ་དྲང་པོར་བསྲང་། དྲན་པ་མངོན་དུ་ཕྱོགས་པར་བཞག་སྟེ་བཞུགས་ནས། སེམས་བསྐྱེད་ཅིང་ཚིག་ཏུ་ཡང་གསུངས་པ། ཇི་སྲིད་ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་གཞིག་པར་མི་བྱའོ་ཞེས་དེས་རེ་ཞིག་ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་མ་བཤིག་གོ བདུད་སྡིག་ཅན་གྱི་རྒྱལ་མཚན་གཉིས་པོ་དགའ་བའི་གནས་དང་། དོགས་པའི་གནས་གཉིས་ཡོད་པ་ལས། དོགས་པའི་གནས་ཀྱི་རྒྱལ་མཚན་གཡོ་བར་བརྩམས་སོ། །སྡིག་ཅན་གྱིས་བསམས་པ། ཇི་ལྟར་རྒྱལ་མཚན་འདི་གཡོ་བ་ལས་གདོན་མི་ཟ་བར་གནོད་པ་བྱེད་པ་ཞིག་བྱུང་ངོ་སྙམ་སྟེ། དེ་བསམ་པ་ལ་ཞུགས་པ་དང་། ཇི་ཙམ་ན་བྱང་ཆུབ་སེམས་དཔའ་རྡོ་རྗེའི་གདན་ལ་བཞུགས་པ་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། ཤཱཀྱ་ཟས་གཙང་གི་བུ་འདི་རྡོ་རྗེའི་གདན་ལ་འདུག་གིས། ཇི་ཙམ་


DKG004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཡུལ་ལས་མ་འདས་ཀྱི་བར་དུ་དེ་ལ་བགེགས་བྱའོ་སྙམ་དུ་བསམས་ནས་ཕྲིན་ཡིག་སྐྱེལ་བ། སྐྲ་གྱེན་དུ་འགྲེང་བ། ཤ་ནའི་སྨད་གཡོགས་བགོས་པ་ཞིག་གི་ཁ་དོག་ཏུ་མངོན་པར་སྤྲུལ་ནས། བྱང་ཆུབ་སེམས་དཔའ་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྟབས་པར་སྨྲས་པ། གྲོང་ཁྱེར་སེར་སྐྱའི་གཞི་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ནི་ཁ་བཏག་ན། ཁྱོད་ཅིའི་ཕྱིར་གནས་བཏབ་སྟེ་འདུག །དེ་ན་བྱང་ཆུབ་སེམས་དཔའ་ལ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་གསུམ་སྐྱེས་པ་འདི་ལྟ་སྟེ། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པའོ། །དེ་ལ་འདོད་པའི་རྣམ་པར་རྟོག་པ་ནི་གྲགས་འཛིན་མ་དང་། རི་དྭགས་སྐྱེས་དང་། ས་འཚོམ་ལའོ། །གནོད་སེམས་ཀྱི་རྣམ་པར་རྟོག་པ་ནི་ལྷས་བྱིན་ལའོ། །རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ནི་དེའི་རྗེས་སུ་འཚོ་བའི་ཤཱཀྱ་རྣམས་ལའོ། །བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དགོངས་ཏེ། ཅིའི་ཕྱིར་བདག་ལ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་གསུམ་སྐྱས་སྙམ་ན། ཇི་ཙམ་ན་བདུད་སྡིག་ཅན་འདི་ལྟ་སྟེ། དཀྲུག་པའི་ལས་ཀྱི་ཕྱིར་ཉེ་བར་འོངས་པ་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལ་དགེ་བའི་རྣམ་པར་རྟོག་པ་གསུམ་སྐྱེས་ཏེ། འདི་ལྟ་སྟེ། ངེས་པར་འབྱུང་བའི་རྣམ་པར་རྟོག་པ་དང་། གནོད་སེམས་མེད་པའི་རྣམ་པར་རྟོག་པ་དང་། རྣམ་པར་མི་འཚེ་བའི་རྣམ་པར་རྟོག་པའོ། །ཡང་བདུད་ཀྱིས་སྨྲས་པ། ཁྱོད་ཅིའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག །བྱང་ཆུབ་སེམས་དཔས་བཀའ་སྩལ་པ། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། །བདུད་ཀྱིས་སྨྲས་པ། ཁྱོད་ཀྱིས་བླ་ན་མེད་པའི་ཡེ་ཤེས་གལ་ཐོབ། བྱང་ཆུབ་སེམས་དཔས་བཀའ་སྩལ་པ། སྡིག་ཅན་ཁྱོད་ཀྱིས་རེ་ཞིག་མཆོད་སྦྱིན་གཅིག་བྱས་པས་ཀྱང་འདོད་པའི་ཁམས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ན། ངས་བསྐལ་པ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བྱས་ཤིང་སེམས་ཅན་རྣམས་ཀྱི་ཕྱིར་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཤ་དང་། ཁྲག་དང་། བུ་དང་། ཆུང་མ་དང་། དབྱིག་དང་། གསེར་ལ་སོགས་པ་ཡོངས་སུ་བཏང་


DKG004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ངས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་མི་འགྱུར་བ་དེ་སྲིད་རེ་སྐན། དེ་སྐད་ཅེས་བཀའ་སྩལ་པ་དང་། བདུད་ཀྱིས་སྨྲས་པ། རེ་ཞིག་ཇི་ལྟར་བདག་གི་མཆོད་སྦྱིན་གཅིག་གིས་འདོད་པའི་ཁམས་ཀྱི་དབང་ཕྱུག་ཐོབ་པར་གྱུར་པའི་བདག་གི་དཔང་ནི་ཁྱོད་ཉིད་ཡིན་ན། ཇི་ལྟར་ཁྱོད་ཀྱི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བྱས་ཤིང་། སེམས་ཅན་རྣམས་ཀྱི་ཕྱིར་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཤ་དང་། ཁྲག་དང་། བུ་དང་། ཆུང་མ་དང་། དབྱིག་དང་། གསེར་ལ་སོགས་པ་ཡོངས་སུ་བཏང་བར་ཁྱོད་ལ་དཔང་དུ་སུ་ཡོད། དེ་ནས་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཀྱི་ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་དང་། དྲ་བས་འབྲེལ་བ་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ། སྐྲག་པ་རྣམས་ལ་དབུགས་འབྱིན་པར་མཛད་པས་ས་ལ་རེག་པར་མཛད་ནས། ངས་བསྐལ་པ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བྱས་ཤིང་སེམས་ཅན་རྣམས་ཀྱི་ཕྱིར་མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཤ་དང་། ཁྲག་དང་། བུ་དང་། ཆུང་མ་དང་། དབྱིག་དང་། གསེར་ལ་སོགས་པ་ཡོངས་སུ་བཏང་བའི་ངའི་དཔང་ནི་ས་འདི་ཡིན་ནོ། །དེ་ནས་སའི་ལྷས་ས་བརྟོལ་ནས་ཐལ་མོ་སྦྱར་ཏེ་སྐད་ཕྱུང་བ། སྡིག་ཅན་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་དེ་བཞིན་ཡིན་ནོ་ཞེས་དེ་སྐད་སྨྲས་པ་དང་། བདུད་སྡིག་ཅན་ཅང་མི་སྨྲ་བར་གྱུར་ཏེ། ཞུམ་ཞུམ་པོར་གྱུར། བག་འཁུམས་པར་གྱུར། སྤྱི་བོ་སྨད་ནས་སྤོབས་པ་མེད་ལ་སེམས་ཁོང་དུ་ཆུད་ཅིང་འདུག་པར་གྱུར་ཏེ། དེ་སྡུག་བསྔལ་ཞིང་ཡིད་མི་བདེ་བས་བསམས་པ། བདག་གིས་ཤཱཀྱ་ཟས་གཙང་གི་བུ་ལ་དེ་ལྟར་བྱས་ཀྱང་གླགས་མ་རྙེད་ཀྱིས། མ་ལ་འདི་ལ་བདག་གིས་ཡང་བགེགས་ཤིག་བྱའོ་ཞེས་སྨྲས་ནས་སོང་ངོ་། །དེ་ནས་དེས་བུ་མོ་གསུམ་པོ་སྲེད་མ་དང་། དགའ་བྱེད་མ་དང་། དགའ་སྤྱོད་མ་མངགས་ཏེ་དེ་རྣམས་གཟུགས་དང་། ལང་ཚོའ་རྒྱགས་


DKG004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲེགས་ཤིང་། ལྷའི་གོས་དང་རྒྱན་གྱིས་བཀླུབས་ནས། བྱང་ཆུབ་སེམས་དཔའི་མདུན་དུ་བུད་མེད་ཀྱི་གཡོ་རྣམས་བསྟན་པར་བརྩམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས། ཇི་ལྟར་རྒན་མོར་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་ནས། བདུད་གང་ན་བ་དེར་དོང་བ་དང་། བདུད་ཀྱིས་དེ་རྣམས་དེ་ལྟ་བུའི་རྣམ་པར་མཐོང་ནས་ཡི་ཆད་ནས་ལག་པ་ལ་འགྲམ་པ་གཏད་དེ་གང་གིས་ན་ཤཱཀྱ་ཟས་གཙང་གི་བུའི་དཀའ་ཐུབ་ལ་བགེགས་བྱེད་པར་འགྱུར་བའི་ཐབས་ལེགས་པ་ཅི་ཡོད་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ དེས་འབྱུང་པོའ་དཔུང་ཚོགས་དང་ལྡན་པ། གླང་པོ་ཆེ་དང་། རྟ་དང་། རྔ་མོང་དང་། ར་དང་། རི་དྭགས་དང་། མ་ཧེ་དང་། ཕག་དང་། ཁྱི་དང་། འུག་པ་དང་། ནེའུ་ལེ་དང་། སྤྲེའུ་དང་། ཝ་ལ་སོགས་པ་འདྲ་བ་རལ་གྲི་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་དང་། འཁོར་ལོ་དང་། མདུང་ཐུང་དང་། གཞུ་དང་། ཞགས་པ་དང་། དགྲ་སྟ་དང་། ལྕགས་ཀྱི་བེར་ཀ་ལ་སོགས་ཏེ་མཚོན་ཆ་ཅན། བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དེད་ནས་རང་ཉིད་གཞུ་རྣ་དྲུང་དུ་བཀང་སྟེ། བྱང་ཆུབ་སེམས་དཔའ་ཡོངས་སུ་བསྐོར་ནས་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔས་གཟུགས་རྣམ་པ་དུ་མ་ཅན། མཚོན་ཆ་རྣམ་པ་སྣ་ཚོགས་མང་པོ་དང་བཅས་པ་དེ་རྣམས་གཟིགས་ནས་དགོངས་པ། རེ་ཞིག་ཕོ་ཕལ་པ་ཞིག་དང་ལྷན་ཅིག་འཐབ་པར་རྩོམ་ན་ཡང་དེའི་གཉེན་པོའ་ཕྱོགས་ལ་སྦྱོར་བ་བྱེད་ན། འདོད་པའི་ཁམས་ཀྱི་དབང་ཕྱུག་འདི་ལ་ལྟ་སྨོས་ཀྱང་ཅི་དགོས་ཀྱིས། མ་ལ་བདག་གིས་གཉེན་པོའ་ཕྱོགས་ལ་སྦྱར་བར་བྱའོ་སྙམ་དུ་དགོངས་ནས། དེ་ཞི་བར་འགྱུར་བའི་ཐབས་ལ་དགོངས་པར་བརྩམས་སོ། །བདུད་ཀྱིས་འབྱུང་པོ་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྟེང་ནས་འཁོར་ལོ་དང་། མདུང་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་དང་། མདའ་ལ་སོགས་པའི་མཚོན་ཆ་རྣམས་དབབ་པར་བརྩམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སྙོམས་པར་ཞུགས་པ་ན། དེའི་མཚོན་ཆ་དེ་རྣམས་ལྷའི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོར་གྱུར་ནས་བྱང་ཆུབ་སེམས་དཔའི་ཉེ་འཁོར་དུ་འབབ་པར་བརྩམས་སོ། །དེ་ནས་བདུད་སྟེང་


DKG004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་སྣང་ལ་མངོན་པར་འཕགས་ཏེ། ཕྱག་དར་གྱི་ཆར་དབབ་པར་བརྩམས་ན། དེ་ཡང་ལྷའི་མེ་ཏོག་མནྡཱ་ར་བ་རྣམས་སུ་གྱུར་ནས། བྱང་ཆུབ་སེམས་དཔའི་སྟེང་ནས་འབབ་པར་བརྩམས་སོ། །དེ་ནས་བདུད་ཀྱིས་གདུག་པའི་རླུང་དང་། རྡོའི་ཆར་ཕབ་པ་དང་། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྟེང་དུ་ལོ་མ་ལས་མ་ཡིན་པའི་སྤྱིལ་པོ་མངོན་པར་སྤྲུལ་པས་རྡོའི་ཆར་དང་གདུག་པའི་རླུང་དུ་བཅས་པ་དེས་བྱང་ཆུབ་སེམས་དཔའ་ལ་ཆུང་ཟད་ཀྱང་གནོད་པར་མ་གྱུར་ཏོ། །བདུད་ཀྱིས་བསམས་པ། བདག་གིས་ནམ་དུ་ཡོངས་སུ་བསྐོར་ཏེ་འདུག །བསམ་གཏན་གྱི་ཚེར་མ་ནི་སྒྲ་ཡིན་གྱི། བྱང་ཆུབ་ཀྱི་ཤིང་ཤེལ་ལས་བྱས་པར་མངོན་པར་སྤྲུལ་ལ་སོང་བ་དང་། དེའི་ལོ་མ་རྣམས་རྟག་པར་སྒྲ་འབྱིན་པས་དེའི་སེམས་རྩེ་གཅིག་པར་མི་འགྱུར་རོ་སྙམ་དུ་བསམས་ནས། བྱང་ཆུབ་ཀྱི་ཤིང་ཤེལ་ལས་བྱས་པར་མངོན་པར་སྤྲུལ་ཏེ། རྣ་བ་གཏད་ནས་བསྒྲིམས་ཏེ་བསྡད་པ་ན། བྱང་ཆུབ་ཀྱི་ཤིང་གི་ལོ་མ་ཤེལ་ལས་བྱས་པ་རྣམས་མྱུར་བ་མྱུར་བར་སྒྲ་འབྱིན་པར་བརྩམས་པས་བསམ་གཏན་གྱི་ཚེར་མ་ནི་སྒྲ་ཡིན་པས། བྱང་ཆུབ་སེམས་དཔས་སེམས་རྩེ་གཅིག་པ་མ་ཐོབ་བོ། །གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བསམས་པ། ཤེལ་ལས་བྱས་པའི་བྱང་ཆུབ་ཀྱི་ཤིང་གི་ལོ་མ་ཤེལ་ལས་བྱས་པ་རྣམས་ཀྱི་སྒྲས་བྱང་ཆུབ་སེམས་དཔའ་སེམས་རྩེ་གཅིག་པ་མ་ཐོབ་ཀྱིས་ཐབས་ཤིག་བཤམ་པར་བྱའོ་སྙམ་སྟེ། དེ་ནས་དེ་རྣམས་ཀྱིས་ལོ་མ་རེ་རེ་བཟུང་ན། འོན་ཀྱང་བདུད་ཀྱི་དཔུང་དེ་བཞིན་དུ་གནས་ནས། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བསམས་པ། བདུད་སྡིག་ཅན་འདི་ནི་རིང་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་ལ་རྣམ་པར་འཚེ་བར་འགྱུར་རོ་སྙམ་དུ་བསམས་ནས་བདུད་ཀྱི་དཔུང་དེ་ཁོར་ཡུག་གི་ཕ་རོལ་དུ་འཕངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ལྟེང་རྒྱས་ནས་འབབ་ཆུ་ནཻ་རཉྫ་ནའི་འགྲམ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ། རྟག་ཏུ་བྱ་བ་དང་། འགྲུས་སྐྱོང་དང་ལྡན་ཞིང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ལ་བསྒོམ་པའི་རྣལ་འབྱོར་གྱི་རྗེས་སུ་བརྩོན་པས་བཞུགས་སོ། །དེ་ནམ་གྱི་ཐུན་དང་པོ་ལ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་


DKG004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་མངོན་དུ་བཞག་པ་ན། དེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་མཛད་དེ། འདི་ལྟ་སྟེ། གཅིག་ཏུ་གྱུར་ཅིང་མང་པོར་གྱུར་པ་དང་། མང་པོར་གྱུར་ཅིང་གཅིག་ཏུ་གྱུར་པ་དང་། སྣང་བར་གྱུར་ཅིང་མི་སྣང་བར་གྱུར་པ་ཡེ་ཤེས་གཟིགས་པས་ཉམས་སུ་མྱོང་བར་མཛད་དོ། །སྐུས་རྩིག་པ་དང་། རི་དང་། ར་བ་ལ་ཡང་ཐད་ཀར་གཤེགས་པར་མཛད་དེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་། བྱིའུ་ཟུལ་མཛད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུའི་རྒྱུན་ལ་ཡང་མི་ཉམས་པར་གཤེགས་ཏེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་གཤེགས་པར་མཛད་དེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་ལ་ཕྱག་གིས་ནོམ་ཞིང་ཉུག་པར་མཛད་ཅིང་ཚངས་པའི་འཇིག་རྟེན་གྱི་བར་དུ་སྐུས་དབང་སྒྱུར་བར་མཛད་དོ། །ཡང་བདུད་ཀྱིས་བསམས་པ། བསམ་གཏན་གྱི་ཚེར་མ་སྒྲ་ཡིན་པས། མ་ལ་བདག་གིས་རྒྱང་རིང་པོ་ཁོ་ནར་འདུག་ལ་སྒྲ་དབྱུང་བར་བྱའོ་སྙམ་ནས། དེས་འབྱུང་པོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དང་། འཇིགས་པ་ཆེན་པོ་འཇིགས་སུ་རུང་བའི་སྒྲ་ཕྱུང་ངོ་། །བྱང་ཆུབ་སེམས་དཔས་ཀྱང་དེ་བསྒྲིབ་པའི་ཕྱིར་དཔག་ཚད་བཅུ་གཉིས་ཀྱི་བར་དུ་ཤིང་ཀ་དམ་པའི་ཚལ་སྤྲུལ་པས་དེས་ན་སྒྲ་དེ་རྡུགས་པས་མི་གྲག་གོ །བྱང་ཆུབ་སེམས་དཔས་དགོངས་པ། མ་ལ་བདག་གིས་ལྷའི་རྣ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་བཞག་ནས། དེས་ན་ལྷ་དང་མི་རྣམས་ཀྱི་སྒྲ་གང་དང་གང་དག་ཐོས་པར་འདོད་པ་དེ་དག་མཉན་པར་བྱའོ་སྙམ་དུ་དགོངས་ནས། ལྷའི་རྣ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་དགོངས་པ་བཞག་པ་ན། དེ་ལྷའི་སྙན་རྣམ་པར་དག་པ་མི་རྣམས་ཀྱི་ལས་འདས་པས། སྒྲ་གཉིས་པོ་མི་རྣམས་དང་། མི་མ་ཡིན་པ་རྣམས་ཀྱི་དང་། གང་དག་རིང་བ་དང་། གང་དག་ཉེ་བ་ཡང་གསན་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་དགོངས་པ། བདུད་ཀྱི་འཁོར་འབྱུང་པོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ལས་བདག་ལ་སུ་དག་ནི་གནོད་པར་སེམས། སུ་དག་ནི་མ་ཡིན་ཞེས་དེ་དག་


DKG004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཤེས་པར་བྱ་སྙམ་པ་དང་། དེ་འདི་སྙམ་དུ་དགོངས་ཏེ། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ཡིན་ནོ་སྙམ་ནས། དེ་ནམ་གྱི་གུང་ཐུན་ལ་སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་དགོངས་པ་མངོན་དུ་བཞག་པ་ན། དེའི་ཐུགས་ཀྱིས་སེམས་ཅན་གཞན་དག་དང་། གང་ཟག་གཞན་གྱི་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པའི་ཡིད་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་འཛིན་པ་དང་། རྒོད་པ་དང་། མི་རྒོད་པ་དང་། ཉེ་བར་མ་ཞི་བ་དང་། ཉེ་བར་ཞི་བ་དང་། མཉམ་པར་མ་བཞག་པ་དང་། མཉམ་པར་བཞག་པ་དང་། མ་བསྒོམས་པ་དང་། བསྒོམས་པ་དང་། སེམས་རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལ་ཤིན་ཏུ་རྣམ་པར་གྲོལ་བའི་སེམས་སོ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་འདི་སྙམ་དུ་དགོངས་ཏེ། བདུད་ཀྱི་མངག་གཞུག་པ་འདི་རྣམས་ལས་སུ་དག་བདག་དང་། ཚེ་རབས་གཞན་ན་མར་འབྲེལ་བའམ། ཕར་འབྲེལ་བའམ། སུ་དག་གཤེད་མའམ། ཕྱིར་རྒོལ་བ་འམ། དགྲར་གྱུར་པ་དེ་དག་ཇི་ལྟར་ཤེས་པར་བྱ་སྙམ་མོ། །དེ་འདི་སྙམ་དུ་དགོངས་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ཡིན་ནོ་སྙམ་ནས། དེ་ནམ་གྱི་གུང་ཐུན་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་དགོངས་པ་མངོན་དུ་བཞག་པ་ན། དེས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དགོངས་ཏེ། འདི་ལྟ་སྟེ། དེས་སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་།


DKG004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་དུ་མ་དང་། སྐྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། ཆགས་པའི་བསྐལ་པ་དང་། འཇིག་པ་དང་། ཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། ཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་། ཆགས་པའི་བསྐལ་པ་དུ་མ་རྗེས་སུ་དགོངས་ཏེ། བདག་སྔོན་སེམས་ཅན་འདི་དག་གི་ནང་ན་གནས་པ་ན་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་། སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་། ཚེ་ནི་འདི་སྲིད་ཅིག་ལོན། ཡུན་ནི་འདི་སྲིད་ཅིག་འདུག་འདུག །ཚེ་ནི་འདི་སྲིད་ཅིག་ལོན་ཏེ་གནས་དེ་ནས་བདག་ཤི་འཕོས་ཏེ། ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་བྱ་བ་རྣམ་པ་དང་བཅས་ཏེ། ཡུལ་ཕྱོགས་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དགོངས་སོ། །དེ་འདི་སྙམ་དུ་དགོངས་ཏེ། བདུད་ཀྱི་མངག་གཞུག་འདི་རྣམས་ལས་སུ་དག་ནི་ངན་སོང་དུ་འགྲོ་སུ་དག་ནི་མི་འགྲོ་བ་དེ་དག་ཇི་ལྟར་ཤེས་པར་བྱ་སྙམ་མོ། །དེ་འདི་སྙམ་དུ་དགོངས་ཏེ། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ཡིན་ནོ་སྙམ་སྟེ། དེ་ནམ་གྱི་ཐུན་ཐ་མ་ལ་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་དགོངས་པ་མངོན་དུ་བཞག་པ་ན། དེའི་ལྷའི་སྤྱན་རྣམ་པར་དག་པ་མི་རྣམས་ཀྱི་ལས་འདས་པས་གཟིགས་ན། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། དམན་པ་དང་། གྱ་ནོམ་པ་དང་། བདེ་འགྲོ་དང་། ངན་འགྲོ་དང་། ངན་འགྲོར་འགྲོ་བའི་སེམས་ཅན་རྣམས་ལས་ཇི་ལྟ་བ་བཞིན་གྱི་རྗེས་སུ་འགྲོ་བ། ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། ཤེས་ལྡན་སེམས་ཅན་འདི་ཞེས་བྱ་བ་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་ཏེ། འཕགས་པ་རྣམས་ལ་སྐུར་བ་འདེབས་པ་ལོག་པར་ལྟ་བ་སྟེ། ལོག་པར་ལྟ་བའི་ཆོས་དང་ལས་ཡང་དག་པར་བླངས་པའི་རྒྱུས། རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཤེས་ལྡན་སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་ཏེ། འཕགས་པ་རྣམས་ལ་སྐུར་བ་མི་


DKG004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཤིང་ཡང་དག་པར་ལྟ་བ་སྟེ། ཡང་དག་པར་ལྟ་བའི་ཆོས་དང་ལས་ཡང་དག་པར་བླངས་པའི་རྒྱུས། རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་འདི་སྙམ་དུ་དགོངས་ཏེ། ཤེས་ལྡན་སེམས་ཅན་འདི་དག་ནི་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པས་འཁོར་བ་ན་འཁོར་རོ། །འདི་རྣམས་ཀྱི་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དེ་ཇི་ལྟར་སྤང་བ་དེ་ཇི་ལྟར་ཤེས་པར་བྱ་སྙམ་མོ། །དེ་འདི་སྙམ་དུ་དགོངས་ཏེ། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ཡིན་ནོ་སྙམ་སྟེ། དེ་རྟག་ཏུ་བྱེད་པ་དང་། འགྲུས་སྐྱོང་དང་ལྡན་ཞིང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ལ་བསྒོམ་པའི་རྣལ་འབྱོར་གྱི། རྗེས་སུ་བརྩོན་པས་གནས་ནས་ཟག་པ་མེད་པའི་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་དགོངས་པ་མངོན་དུ་བཞག་པ་ན། དེས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞིང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ནས། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་ལ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་ཉིད་མཐོང་བར་འགྱུར་རོ། །


DKG004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དེ་ན་བཅོམ་ལྡན་འདས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བྱ་བ་བྱས། བྱེད་པ་བྱས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་བདུད་ཀྱི་འཁོར་འབྱུང་པོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བྱམས་པའི་མཚོན་གྱིས་མངོན་དུ་བཅོམ་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་པའི་ཚེ་བདུད་སྡིག་ཅན་གྱིས་གནས་གཞུ་ལྷུང་། རྒྱལ་མཚན་འགྱེལ། གནས་ཀྱང་གཡོས་སོ། །དེ་ནས་བདུད་སྡིག་ཅན་འབྱུང་པོའ་འཁོར་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་སྡུག་བསྔལ་ཞིང་ཡིད་མི་བདེ་བ་ཡིད་ལ་བཅགས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གྲོང་ཁྱེར་སེར་སྐྱའི་གཞིར་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་ནི་དཀའ་བ་ལོ་དྲུག་སྤྱད་ནས་རྡོ་རྗེའི་གདན་ལས་འཛེགས་ཏེ། རྩྭའི་གདིང་བ་ལ་གྲོངས་སོ། །ཞེས་བསྒྲགས་པ་གང་ཡིན་པ་དེ་རྒྱལ་པོ་ཟས་གཙང་བཙུན་མོ་དང་། གཞོན་ནུ་དང་། བློན་པོའ་ཚོགས་དང་། གྲོང་ཁྱེར་སེར་སྐྱ་ན་གནས་པའི་སྐྱེ་བོའ་ཚོགས་དང་བཅས་པས་ཐོས་ནས་སྡུག་བསྔལ་ཆེན་པོ་དང་། ཡིད་མི་བདེ་བས་གདུངས་པར་གྱུར་ཏོ། །ས་འཚོ་མ་དང་། རི་དྭགས་སྐྱེས་དང་། གྲགས་འཛིན་མ་ཡང་བྱང་ཆུབ་སེམས་དཔའི་ཡོན་ཏན་རྗེས་སུ་དྲན་ནས་བརྒྱལ་ཏེ་ས་ལ་འགྱེལ་ནས་ཆུས་གཏོར་བ་ལས་སླར་དབུགས་བྱུང་ངོ་། །བཙུན་མོའ་སྤྲོ་བསྲིང་བའི་སྐྱེ་བོ་དག་ནི་མིག་མཆི་མས་གང་ལ་མྱུར་བ་མྱུར་བར་དབུགས་བརྫགས་ཤིང་དལ་བུས་དལ་བུས་སྨྲེ་སྔགས་འདོན་ཅིང་འདུག་གོ དེ་དག་སྡུག་བསྔལ་བ་སངས་རྒྱས་ལ་མངོན་པར་དད་པའི་ལྷ་དགའ་བ་སྐྱེས་པ་རྣམས་ཀྱིས་མཐོང་ནས། བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་མ་ནོངས་ཏེ། འདི་ལྟར་དེས་བླ་ན་མེད་པའི་ཡེ་ཤེས་བསྙེས་སོ་ཞེས་སྨྲས་པ་གང་ཡིན་པ་རྒྱལ་པོ་ཟས་གཙང་འཁོར་དང་བཅས་པ་དང་། སེར་སྐྱའི་སྐྱེ་བོའ་ཚོགས་ཀྱིས་ཐོས་ནས་མཆོག་ཏུ་དགའ་བ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་ན་གྲགས་འཛིན་མ་ལ་ཡང་ཁྱེའུ་ཞིག་བཙས་སོ། །བདུད་རྩི་ཟས་ཀྱི་ཡང་ཁྱེའུ་ཞིག་བཙས་སོ། །ཟླ་བ་ཡང་སྒྲ་ཅན་གྱིས་ཟིན་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཕུན་སུམ་ཚོགས་པ་དེ་མཐོང་ནས། དགའ་བ་དང་། མགུ་བ་


DKG004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རབ་ཏུ་དགའ་བ་དང་། རངས་པ་རྒྱ་ཆེན་པོ་དང་། ཡིད་བདེ་བ་སྐྱེས་པར་གྱུར་ཏོ། །དེས་གྲོང་ཁྱེར་སེར་སྐྱའི་གཞི་རྡོ་བ་དང་། གསེག་མ་དང་། གྱོ་མོ་རྣམས་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ། ཤིན་ཏུ་དྲི་ཞིམ་པོའ་པོག་པོར་ཉེ་བར་བཤམས། དར་གྱི་ཆུན་ཕྱང་མང་པོ་དཔྱངས། རྒྱལ་མཚན་དང་། བ་དན་བསྒྲེང་། མེ་ཏོག་སྣ་ཚོགས་ཀྱིས་དགའ་དགའ་ལྟར་བཀྲམ་ནས་གྲོང་ཁྱེར་གྱི་སྒོ་བཞི་དང་། སུམ་མདོ་རྣམས་སུ་སྦྱིན་གཏོང་གི་ཁང་པ་བརྩིགས་སོ། །དེ་ནས་གྲོང་ཁྱེར་གྱི་ཤར་སྒོར་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་བ་དང་། ཀུན་ཏུ་རྒྱུ་དང་། ངན་པ་དང་། མགོན་མེད་པ་དང་། བཀྲེན་པ་དང་། ཕོངས་པ་དང་། སློང་མོ་བ་རྣམས་ལ་སྤྱིན་པ་དག་གཏོང་ངོ་། །ལྷོ་དང་། ནུབ་དང་། བྱང་དང་། དབུས་ཀྱི་སུམ་མདོ་རྣམས་སུ་ཡང་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་དོ། །གྲགས་འཛིན་མའི་བུའི་མིང་འདོགས་པར་བྱེད་དེ། བཙུན་མོའ་འཁོར་གྱི་སྐྱེ་བོས་སྨྲས་པ། འདི་བཙས་པ་ན་ཟླ་བ་སྒྲ་ཅན་གྱིས་ཟིན་པ་དེ་བས་ན་ཁྱེའུའི་མིང་སྒྲ་ཅན་ཟིན་ཞེས་གདགས་སོ་ཞེས་བཏགས་སོ། །བདུད་རྩི་ཟས་ཀྱི་ཀྱང་དེ་བཞིན་དུ་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་བུའི་མིང་འདོགས་པར་བྱེད་དོ། །ཉེ་དུ་དག་གིས་སྨྲས་པ། གང་གི་ཚེ་འདི་བཙས་པ་ན། གྲོང་ཁྱེར་ཐམས་ཅད་དགའ་བར་གྱུར་པས་དེའི་ཕྱིར་ཁྱེའུའི་མིང་ཀུན་དགའ་བོར་གདགས་སོ་ཞེས་བཏགས་སོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། གྲགས་འཛིན་མའི་བུ་གང་ཡིན་པ་འདི་ནི་ཤཱཀྱ་ཐུབ་པའི་བུ་མ་ཡིན་ནོ་ཞེས་སྨྲས་པ། གྲགས་འཛིན་མས་ཐོས་ནས་ཡི་ཆད་པར་གྱུར་ཏོ། །དེ་ནས་དེས་བྱང་ཆུབ་སེམས་དཔའི་བོང་ཚད་ཀྱི་ཕ་བོང་ལ་ཞོན་ནས་རོལ་པའི་རྫིང་འགྲམ་དུ་འདུག་སྟེ། བདེན་པ་གསོལ་བ་བཏབ་པ། གལ་ཏེ་འདི་བྱང་ཆུབ་སེམས་དཔའ་ལས་སྐྱེས་པ་ཡིན་ན། དེ་བཞིན་དུ་རྫིང་འདིར་ཕ་བོང་དང་ལྷན་ཅིག་འཕྱོ་བར་གྱུར་ཅིག །ཅི་སྟེ་མ་ཡིན་ན་བྱིང་བར་གྱུར་ཅིག་ཅེས་སྨྲས་ནས་ཆུར་བོར་བ་དང་། དེ་ཤིང་བལ་གྱི་འདབ་མ་བཞིན་དུ་ཕ་བོང་དང་ལྷན་ཅིག་འཕྱོ་བར་བརྩམས་


DKG004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྒྱལ་པོ་ཟས་གཙང་གིས་ཡ་མཚན་དུ་གྱུར་པ་དེ་ཐོས་ནས། སྐྱེ་བོའ་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ། བྱང་ཆུབ་སེམས་དཔའ་རོལ་པའི་རྫིང་འགྲམ་དུ་སོང་ནས། ཇི་ཙམ་ན་སྒྲ་ཅན་ཟིན་བཟང་པོ་བྱང་ཆུབ་སེམས་དཔའི་བང་ཚད་ཀྱི་ཕ་བོང་ལ་ཞོན་ནས་ཤིང་བལ་གྱི་འདབ་མ་བཞིན་དུ་ཆུ་ན་འཕྱོ་བ་མཐོང་ངོ་། །མཐོང་ནས་ཀྱང་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བ་དང་། རངས་པ་རྒྱ་ཆེན་པོ་དང་། ཡིད་བདེ་བ་སྐྱེས་ཏེ། དེ་མ་ཐག་ཏུ་རྫིང་དེར་ཞུགས་ནས་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་པང་དུ་བླངས་ནས་ལངས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་འཁོར་འབྱུང་པོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བྱམས་པའི་མཚོན་གྱིས་མངོན་དུ་བཏུལ་ནས། བླ་ན་མེད་པའི་ཡེ་ཤེས་བརྙེས་པ་དེའི་ཚེ་ས་ཆེན་པོ་འདི་ཤིན་ཏུ་གཡོས་པར་གྱུར་ཏོ། །འཇིག་རྟེན་འདི་ཐམས་ཅད་ཀྱང་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཏེ། འདི་ལྟར་འཇིག་རྟེན་དང་འཇིག་རྟེན་གྱི་བར་གྱི་མུན་པ་མུན་ནག་སྨག་ཏུ་གྱུར་པ་ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བའི་སྣང་བས་སྣང་བ་ཉམས་སུམ་མྱོང་བ་གང་ཡིན་པ་དེ་དག་ཀྱང་དེའི་ཚེ་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ནས། དེར་སེམས་ཅན་གང་དག་སྐྱེས་པ་དེ་རྣམས་ཀྱིས་སྣང་བ་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས། ཤེས་ལྡན་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ་ཞིག །ཤེས་ལྡན་དག་སེམས་ཅན་གཞན་ཞིག་ཀྱང་འདིར་སྐྱེས་པ་ལྟ་ཞིག་ཅེས་ངོ་ཤེས་པར་གྱུར་ཏོ།། །།


no previousདགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྨད་ཆ།next