Nitartha Digital Library
Tibetan
 
previousམནར་མེད་ཀྱི་སྡེ་ཚན། no next

མནར་མེད་ཀྱི་སྡེ་ཚན།


DKG004_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ནི། གླགས་དང་མཐོང་བ་ཉིད་དང་ནི། །ཨུཏྤལ་མདོག་ནི་བསད་པ་དང་། །རིལ་བ་དང་གསུམ་འོ་མ་དང་། །ས་འཚོ་མ་དང་བཟོད་གསོལ་དང་། །གླང་དང་སེམས་པ་ཉིད་དང་ནི། །བྱ་དང་ཐ་མ་བཞི་ཡིན་ནོ། །དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་བ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱིས་ལྷ་སྦྱིན་ལ་གླགས་བཙལ་བ་ལས་གླགས་རྙེད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ཏར་འདས་པའི་དུས་ན་ཡང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱིས་ལྷ་སྦྱིན་ལ་གླགས་བཙལ་བ་ལས་གླགས་རྙེད་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོང་ཞིག་ན་འཕོང་གི་སློབ་དཔོན་ཞིག་གནས་ཏེ། ངེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་


DKG004_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་ན་བུ་མོ་ཞིབ་བཙས་ཏེ་བཙས་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་ཏེ་དེ་བསྐྱེད་བསྲིངས་ནས་ཆེན་མོར་གྱུར་ཏོ། །འཕོང་གི་སློབ་དཔོན་གྱིས་བསམས་པ། བུ་མོ་འདི་ནི་བདག་གིས་གཟུགས་དང་ལྡན་བའམ། ཚུལ་ཁྲིམས་དང་ལྡན་པའམ། ནོར་ཅན་སུ་ལ་ཡང་སྦྱིན་པར་མི་བྱ་སྟེ། འོན་ཀྱང་བདག་ལས་གནས་ལྔ་བསླབས་ཏེ་བྱང་བར་གྱུར་པ་གང་ཡིན་པ་དེ་ལ་བདག་གིས་འདི་སྦྱིན་ནོ་སྙམ་མོ། །དེ་ལས་བྲམ་ཟེའི་ཁྱེའུ་གཉིས་ཤིག་འཕོང་བསླབས་པ་ལས། དེ་ན་གཅིག་ནི་གནས་ལྔ་ལ་བྱང་བར་གྱུར་ཏོ། །ཅིག་ཤོག་ཀྱིས་ནི་གཅོད་པ་ལ་བྱང་བར་གྱུར་ཏོ། །དེ་གཉིས་ལས་གནས་ལྔ་ལ་བྱང་བར་གྱུར་བ་གང་ཡིན་པ་དེ་ལ་དེས་བུ་མོ་བྱིན་པ་དང་ཅིག་ཤོས་པོ་དེ་མི་བཟོད་བ་སྐྱེས་ནས་ཆོམ་རྐུན་པ་རྣམས་ཀྱི་ནང་དུ་ཞུགས་ཏེ། ཆོམ་རྐུན་ལྔ་བརྒྱའི་སྡེ་དཔོན་དུ་གྱུར་ནས་དེ་ཕྱོགས་གཅིག་ན་ལམ་བཅད་ནས་འཁོད་དོ། །སྔ་མ་པོ་དེས་བུ་མོ་དེ་བག་མར་བླངས་ནས་མདའ་ལྔ་བརྒྱ་ཤོང་བའི་དོང་པ་གཉིས་ཐོགས་ཏེ་ཤིང་རྟར་ཞུགས་ནས་རང་གི་ཁྱིམ་དུ་དོང་ངོ་། །ཇི་ཟམ་ན་ཚོང་པ་ཆོམ་རྐུན་གྱིས་འཇིགས་པ་མདུན་དུ་དོང་བ་སྡོད་པ་དང་དེས་སྨྲས་པ། ཤེས་ལྡན་དག་དེང་ཤིག་ཅི་སྡོད། དེ་རྣམས་ཀྱིས་སྨྲས་པ། ཆོམ་རྐུན་པ་རྣམས་ཀྱིས་ལམ་བཅད་དོ། །དེས་སྨྲས་པ། ཚུར་ཅི་ཞིག་བྱར་ཡོད་ཅེས་དེ་ཆས་པ་དང་ཚོང་པ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་རེ་ཞིག་སྡོད་ཅིག །འདི་ནི་འགྲོ་ལ་རག་སྟེ་འདི་བདག་ཉིད་འཆི་བ་དང་། ཆུང་མ་ཕྲོགས་པར་གྱུར་པའི་གནས་གང་ཡིན་པ་དེ་ཡོད་དོ། །རྐུན་པོ་རྣམས་ཤིང་ལྗོན་པ་ཞིག་ལ་འཛེགས་ནས་ཕྱོགས་སུ་ལྟ་བར་བྱེད་ཅིང་འདུག་པ་དང་། དེ་རྣམས་ཀྱིས་དེ་ཤིང་རྟར་ཞུགས་པ་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་མི་ཞིག་ཤིང་རྟར་ཞུགས་ནས་སོང་ངོ་། ཆོམ་རྐུན་བའི་སྡེ་དཔོན་གྱིས་དེ་ལ་ཕོ་ཉ་ཞིག་བཏང་སྟེ་ཤིང་རྟ་སླར་བཟློག་པ་དང་། །དེས་སྨྲས་པ། ཤེས་


DKG004_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དཔའ་བོ་ལ་དཔའ་བོའི་ལན་བྱིན་ཅིག །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་ཀྱང་དཔའ་བོ་ཡིན་ནོ་ཞེས་སྡེ་དཔོན་གྱིས་མི་རྒོད་ལྔ་བརྒྱ་བཏང་བ་དང་དེས་དེ་རྣམས་བསད་དོ། །དེ་བཞིན་དུ་ཉི་ཤུ་ཞིག་འོངས་པ་དེ་དེ་རྣམས་ཀྱང་བསད་དོ། ཇི་ཙམ་ན་ཐམས་ཅད་བསད་ནས་ཆོམ་རྐུན་པའི་སྡེ་དཔོན་འབའ་ཞིག་ལུས་པ་དང་དེས་རལ་གྲི་བླངས་ཏེ་མདུན་དུ་བསྡད་དོ། །དེས་མདའ་འཕངས་པར་བརྩམས་པ་ན་དེའི་རལ་གྲིས་གཏུབས་སོ། །ཇི་ཙམ་ན་དེས་མདའ་ལྔ་བརྒྱ་འཕངས་པ་དེ་དག་ཐམས་ཅད་དེས་གཏུབས་ནས་མདའ་གཅིག་ཅིག་ལུས་ཏེ་དེས་དེ་མ་འཕགས་པ་དང་། དེ་ནས་བུ་མོ་དེས་སྨྲས་པ། མདའ་བཞག་སྟེ་ཅི་བགྱི་འཕིངས་ཤིག །དེས་སྨྲས་པ། མདའ་འདི་འབའ་ཞིག་ལུས་ཏེ་འདི་འཕངས་ན་ཁོ་བོ་བསད་ནས་ཁྱོད་ཀྱང་ཕྲོགས་པར་འགྱུར་རོ། །དེ་ནས་བུ་མོ་དེས་ལུས་ཀྱི་སྒྱུར་ལྟངས་ཀྱིས་ལམ་བུ་བཅོས་པར་བརྩམས་པ་ན། དེ་ལ་ཆོམ་རྐུན་པའི་སྡེ་དཔོན་རྟོག་པར་བྱེད་པ་ན་དེས་དེའི་གནད་དུ་མདས་བསྣུན་པ་དང་། དེ་འཆི་ཀ་ན་ཚིགས་སུ་བཅད་དེ་སྨྲས་པ། ཤིང་རྟ་ཅན་གྱིས་བདག་མ་བསད། འདོད་ཆགས་སྡིག་པའི་སེམས་ཀྱིས་ནི། །བདག་ནི་གཡུལ་གྱི་དབུས་ཞུགས་ནས་། །བག་མེད་བཞིན་ལ་ལྟ་བས་བསད། །དགེ་སློང་དག་ཇི་སྙམ་དུ་སེམས། དེའིཚེ་དེའི་དུས་ཀྱི་ཤིང་རྟ་ཅན་གང་ཡིན་པ་དེ་ནི་ཤཱ་རིའི་བུ་འདི་ཉིད་ཡིན་ནོ། །དེའིཚེ་དེའི་དུས་ཀྱི་བུ་མོ་གང་ཡིན་བ་དེ་ནི་མཽད་གལ་གྱི་བུ་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཆོམ་རྐུན་པའི་སྡེ་དཔོན་གང་ཡིན་པ་དེ་ནི་ལྷ་སྦྱིན་ཡིན་ཏེ། དེ་ན་ཡང་འདི་གཉིས་ཀྱིས་དེ་ལ་གླགས་བ་ཙལ་བ་ལས་གླགས་རྙེད་དོ། །ད་ལྟར་ཡང་འདི་གཉིས་ཀྱིས་དེ་ལ་གླགས་བཙལ་བ་ལས་གླགས་རྙེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་ཕོའ་ཁབ་འཚོ་བྱེད་གཞོན་ནུས་བསྐྱེད་ཀྱི་ཨ་མྲའི་ཚལ་ན་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ། །དེ་ནས་ལུས་འཕགས་མའི་བུ་མ་གའི་རྒྱལ་པོ་མ་སྐྱེས་དགྲ་དབྱར་ཉེ་བར་སྒྲུབ་པར་དབྱར་ཟླ་འབྲིང་པོའ་ཉ་དབུ་མ་དེ་ཉིད་ཀྱི་མཚན་མོ་ཡིན་པར་ཤེས་ཤིང་མངོན་པའི་ཟླ་ཉི་མོ་ལ་བློན་པོའ་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་


DKG004_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་གི་ཁང་བཟངས་ཀྱི་གཞི་སོང་ནས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའ་ཉ་དབུ་མ་དེ་ཉིད་ཀྱི་མཚན་མོ་ཡིན་པར་ཤེས་ཤིང་མངོན་པའི་ཟླ་ཉི་མོ་འདི་ལྟ་བུ་ལ་ངས་ཅི་ཞིས་བྱ། དེ་ནས་ཕོ་བྲང་སླས་ཀྱི་བུད་མེད་ཅིག་གིས་ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིས་པོའ་ཉ་དབུ་མའི་མཚན་མོ་ལགས་པར་མཁྱེན་ཅིང་མངོན་པའི་ཟླ་ཉི་མོ་འདི་ལྟ་བུ་ལ་ལྷ་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པས་རྒྱལ་པོའ་ཁབ་ཀྱི་གྲོང་ཁྱེར་གྱི་ཉེ་འཁོར་གྱི་ཤུལ་ཕྲ་མོ་རྣམས་བྱུལ་ཞིང་རོལ་པར་མཛད། དགྱེས་པར་མཛད། དགྱེས་མགུར་སྤྱད་པར་མཛད་ན་ལྷའི་བགྱི་བ་ནི་དེ་ལགས་པ་སྙམ་པ་དག་སེམས་ལགས་སོ། །དེ་ནས་ཕོ་བྲང་སྦས་གཞན་ཞིག་གིས་ཡང་འདི་སྐད་ཅེས་སྨྲས་སོ། ལྷ་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའི་ཉ་དབུ་མའི་མཚན་མོ་ལགས་པར་མཁྱེན་ཅིང་མངོན་པའི་ཟླ་ཉི་མོ་འདི་ལྟ་བུ་ལ་ལྷ་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པས་རྒྱལ་པོའ་ཁབ་ཀྱི་གྲོང་ཁྱེར་གྱི་ཉེ་འཁོར་གྱི་ཤུལ་ཕྲ་མོ་རྣམས་པྱུལ་ཞིང་རོལ་བར་མཛད། དགྱེས་པར་མཛད། དགྱེས་མགུར་སྤྱད་པར་མཛད་ན་ལྷའི་བགྱི་བ་ནི་དེ་ལགས་པ་སྙམ་བདག་སེམས་ལགས་སོ། གཞོན་ནུ་འཆར་བྱེད་བཟང་པོས་འདི་སྐད་ཅེས་སྨྲས་སོ། །ལྷ་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའ་ཉ་དབུ་མའི་མཚན་མོ་ལགས་པར་མཁྱེན་ཅིང་མངོན་པའི་ཟླ་ཉི་མོ་འདི་ལྟ་བུ་ལ་ལྷ་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་བའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས། གཞན་གྱི་ཡུལ་འཁོར་དང་། གཞན་གྱི་ཡུལ་དུ་གཤེགས་ཏེ། གཡུལ་ཆེན་པོའ་གཡུལ་སྦྲད་ནས་གཡུལ་ལས་རྒྱལ་བར་བགྱིས་ཏེ། རྒྱལ་ནས་གཡུལ་དེ་ཉིད་ལས་པགས་ཏེ་བཞུགས་ན་ལྷའི་བགྱི་བ་ནི་དེ་ལགས་པ་སྙམ་བདག་སེམས་ལགས་སོ། །དེ་ནས་བློན་པོ་རྒན་པོ་གཞན་ཞིག་གིས་འདི་སྐད་ཅེས་སྨྲས་སོ། །ལྷ་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའ་ཉ་དབུ་མའི་མཚན་མོ་ལགས་པར་མཁྱེན་ཅིང་མངོན་པའི་ཟླ་ཉི་མོ་འདི་ལྟ་བུ་ལ་ལྷ་འོད་སྲུང་རྫོགས་བྱེད་འདུས་པ་ཅན། ཚོགས་ཅན་།


DKG004_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་སློབ་དཔོན། །སྐྱེ་བོ་མང་པོས་གཟུགས་བཟང་པོར་བཀུར་བ། སྐྱེ་བོ་མང་པོས་མདུན་གྱིས་བལྟས་པ། ཀུན་ཏུ་འཚོ་ལྔ་བརྒྱའི་གཙོ་བོ་དེ་རྒྱལ་པོའ་ཁབ་ཏུ་དབྱར་གནས་པར་དམ་བཅས་པ་དེ་ལ་ལྷ་བསྙེན་བཀུར་མཛོད་ཅིག །ལྷའི་བགྱི་བ་ནི་དེ་ལགས་པ་སྙམ་བདག་སེམས་ལགས་སོ། །ཡང་བློན་པོ་རྒན་པོ་གཞན་ཞིག་གིས་འདི་སྐད་ཅེས་སྨྲས་སོ། །ལྷ་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའ་ན་དབུ་མའི་མཚན་མོ་ལགས་བར་མཁྱེན་ཅིང་མངོན་པའི་ཟླ་ཉི་མོ་འདི་ལྟ་བུ་ལྷ་ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའ་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། ལྷ་གཅེར་བུ་པ་གཉེན་གྱི་བུ་འདུས་པ་ཅན། ཚོགས་ཅན། ཚོགས་ཀྱི་སློབ་དཔོན། སྐྱེ་བོ་མང་པོས་གཟུགས་བཟང་པོར་བཀུར་བ། ཚོགས་ཆེན་པོའ་མདུན་གྱིས་བལྟས་པ་ཞིག་མཆིས་ཏེ། དེ་རྒྱལ་པོའ་ཁབ་འདི་ཉིད་དུ་དབྱར་གནས་པར་དམ་བཅས་པ་དེ་ལ་ལྷ་བསྙེན་བཀུར་མཛོད་ཅིག །ལྷའི་བགྱི་བ་ནི་དེ་ལགས་པ་སྙམ་བདག་སེམས་ལགས་སོ། །དེའི་ཚེ་འཚོ་བྱེད་གཞོན་ནུས་བསྐྱེད་འཁོར་དེ་ཉིད་ཀྱི་ནང་ན་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་ལུས་འཕགས་མའི་བུ་མ་ག་ིའི་རྒྱལ་པོ་མ་སྐྱེས་དགྲས་འཚོ་བྱེད་གཞོན་ནུས་བསྐྱེད་ལ་སྨྲས་པ་ཀྭའི་ནང་རྗེ་འཚོ་བྱེད་ཅིའི་ཕྱིར་ཅང་མི་སྨྲ། ཅི་ཅུང་ཟད་མི་སྨྲ་འམ། ལྷ་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའ་ཉའི་མཚན་མོ་ལགས་པར་མཁྱེན་ཅིང་མངོན་པའི་ཟླ་ཉི་མོ་འདི་ལྟ་བུལ། ལྷ་བཅོམ་ལྡན་འདས་འདུས་པ་ཅན། ཚོགས་ཀྱི་སློབ་དཔོན། སྐྱེ་བོ་མང་པོས་གཟུགས་བཟང་པོར་བཀུར་བ། ཚོགས་ཆེན་པོས་མདུན་གྱིས་བལྟས་པ་དེ་རྒྱལ་པོའ་ཁབ་འདི་ཉིད་ཀྱི་བདག་གི་ཨ་མྲའི་ཚལ་ན་དབྱར་བཞུགས་པར་ཞལ་གྱིས་བཞེས་པ་དེ་ལ་ལྷ་བསྙེན་བཀུར་མཛོད་ཅིག ལྷའི་བགྱི་བ་ནི་དེ་ལགས་བ་སྙམ་བདག་སེམས་ལགས་སོ། །དེའིཚེ་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་ལ་སེམས་གཞོལ་བར་གྱུར། བཅོམ་ལྡན་འདས་ལ་འབབ་པར་གྱུར། བཅོམ་ལྡན་འདས་ལ་བབ་པར་གྱུར་ཏོ། །དེ་ནས་ལུས་


DKG004_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མའི་བུ་མ་གའི་རྒྱལ་པོ་མ་སྐྱེས་དགྲས་འཚོ་བྱེད་གཞོན་ནུས་བསྐྱེད་ལ་འདི་སྐད་ཅེས་སྨྲས་སོ། །འཚོ་བྱེད་སོང་ལ་གླང་པོ་ཆེའི་དམ་པ་ཆེན་པོ་སྟོད་ཅིག་དང་། དེ་ལ་ཁོ་བོ་ཞོན་ནས་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་འོ། །ལྷ་བཀའ་བཞིན་འཚལ་ཞེས་འཚོ་བྱེད་གཞོན་ནུས་བསྐྱེད་ཀྱིས་ལུས་འཕགས་མའི་བུ་མ་ག་ིའི་རྒྱལ་པོ་མ་སྐྱེས་དགྲ་ལས་མཉན་ནས་གླང་པོ་ཆེ་དམ་པ་ཆེན་པོ་དེ་དང་བལ་གླང་མོ་ལྔ་བརྒྱ་ཙམ་གཏད་ནས་ཕོ་བྲང་སླས་ལག་ན་སྒྲོན་མ་ཐོགས་པ་ལྔ་བརྒྱ་ཙམ་བལ་གླང་མོ་རེ་རེ་ཞོན་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་གླང་པོ་ཆེའི་དམ་པ་ཆེན་པོ་བསྒྲོན་ལགས་ཏེ། ལྷད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ། དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་གླང་པོ་ཆེ་དམ་པ་ཆེན་པོ་ལ་ཞོན་ནས་ཕོ་བྲང་སླས་ལག་ན་སྒྲོན་མ་ཐོགས་བ་ལྔ་བརྒྱ་ཙམ་བལ་གླང་མོ་རེ་རེ་ཞོན་པས་མདུན་དུ་བདར་ནས་རྒྱལ་པོའ་ཁབ་ནས་བྱུང་སྟེ་བཅོམ་ལྡན་འདས་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ་། །དེའི་ཚེ་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་ཡུལ་སྤོང་བྱེད་པ་རྣམས་དང་མི་མཐུན་པར་གྱུར་ཏོ། །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་རྒྱལ་པོའ་ཁབ་ནས་བྱུང་མ་ཐག་ཁོ་ནར་བདག་འཚོ་བྱེད་གཞོན་ནུས་བསྐྱེད་འདིས་བསད་པར་འདོད་པའམ། བསླུ་བར་འདོད་པ་པའམ། ཁས་ལེན་དུ་གཞུག་པར་འདོད་པའམ། གཤེད་མའམ། ཕྱིར་རྒོལ་བའམ། མི་མཛའ་བ་དག་ལ་གཏད་པར་མི་འདོད་གྲང་སྙམ་དུ་བསམས་ནས་སྐྲག་པར་གྱུར། བག་ཚ་བར་གྱུར། སྦུ་ཟིང་ཟེས་བྱེད་པར་གྱུར་ནས་འཚོ་བྱེད་གཞོན་ནུས་བསྐྱེད་ལ་འདི་སྐད་ཅེས་སྨྲས་སོ། །འཚོ་བྱེད་ཁྱོད་ཁོ་བོ་ལ་གསོད་པར་འདོད་པའམ། བསླུ་བར་འདོད་པའམ། ཁས་ལེན་དུ་གཞུག་པར་འདོད་པའམ། གཤེད་མ་པའམ། ཕྱིར་རྒོལ་བའམ། མི་མཛའ་བ་དག་ལ་གཏད་པར་མི་འདོད་གྲང་། དེས་འདི་སྐད་ཅེས་


DKG004_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་སོ། །ལྷ་ཁྱོད་ལ་བདག་དགྲོངས་པར་འཚལ་བའམ། བསླུ་བར་འཚལ་བའམ། སྨྲར་གཞུག་པར་འཚལ་བའམ། གཤེད་མ་པའམ། ཕྱིར་རྒོལ་བའམ། མི་མཛའ་བ་དག་ལ་གཏད་པར་འཚལ་བ་མ་ལགས་སོ། །དེ་ནས་ལུས་འཕགས་མའི་བུམ་ག་འི་རྒྱལ་པོ་མ་སྐྱེས་དགྲས་འཚོ་བྱེད་གཞོན་ནུས་བསྐྱེད་ལ་འདི་སྐད་ཅེས་སྨྲས་སོ། །འཚོ་བྱེད་བཅོམ་ལྡན་འདས་དེ་ལ་འཁོར་ཇི་སྙེད་ཡོད། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་མོ། །ཨེ་མའོ་འཚོ་བྱེད་ཁྱོད་ཀྱིས་ང་ཇི་ལྟར་བསད་པར་མི་འདོད། བསླུ་བར་མི་འདོད། སྨྲར་གཞུག་པར་མི་འདོད། གཤེད་མ་པའམ། ཕྱིར་རྒོལ་བའམ། མི་མཛའ་བ་དག་ལ་གཏོད་པར་མི་འདོད། ད་ལྟར་བཅོམ་ལྡན་འདས་དེ་ལ་འཁོར་དེ་སྙེད་ཡོད་ན་ལུ་བའི་སྒྲ་ཡང་མི་གྲག །སྦྲིད་པའི་སྒྲ་ཡང་མི་གྲག་གོ །ལྷ་བཅོམ་ལྡན་འདས་དེ་ནི་སྒྲ་ཆུག་བ་བཞེད། སྒྲ་ཆུང་བ་ལ་དགྱེས། སྒྲ་ཆུང་བས་འདུལ། སྒྲ་ཆུང་བའི་བསྔགས་པ་མཛད་པས་འཁོར་ཡང་སྒྲ་ཆུང་བ་ཉིད་དོ། །ལྷ་དེ་ལྟ་བས་ན་མྱུར་བ་མྱུར་བར་གླང་པོ་ཆེ་དམ་པ་ཆེན་པོ་ཐོབ་ཤིག །འདི་ལྟར་འཁོར་གྱི་ཁྱིམ་ན་འབྲུ་མར་གྱི་ཞུགས་མར་གྱི་འོད་གདའོ། །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲས་མྱུར་བ་མྱུར་ར་གླང་པོ་ཆེའི་དམ་པ་ཆེན་པོ་བཏབ་ནས་དེས་ཇི་ཙམ་བཞོན་པས་རུང་བའི་སའི་བར་དུ་བཞོན་པས་སོང་སྟེ་བཞོན་པ་ལས་བབས་ནས་རྐང་པ་ཁོ་ནས་ཀུན་དགའ་ར་བའི་ནང་དུ་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མེད་པས་བཞུགས་སོ། །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་འཁོར་གྱི་ཁྱམས་དང་ཉེ་བར་སོང་ནས་འཚོ་བྱེད་གཞོན་ནུས་བསྐྱེད་ལ་སྨྲས་པ། འཚོ་བྱེད་བཅོམ་ལྡན་འདས་དེ་གང་ན་བཞུགས། ལྷ་བཅོམ་ལྡན་འདས་དེ་ནི་དགེ་སློང་གི་དགེ་འདུན་གྱི་གུང་ལ་མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མེད་པར་བཞུགས་པ་ཕ་བི་ཁོ་ན་ལགས་སོ། །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་གང་ན་བ་དེར་སོང་


DKG004_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཕྱིན་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐུགས་དུལ་བ་ཉེ་བར་ཞི་བ་ཇི་ལྟ་བུ་དང་ལྡན་པ་དེ་བཞིན་དུ་གཞོན་ནུ་འཆར་བྱེད་བཟང་པོ་ཡང་སེམས་དུལ་བ་དང་། ཉེ་བར་ཞི་བ་དེ་འདྲ་བ་དང་ལྡན་པར་གྱུར་ཅིག །རྒྱལ་པོ་ཆེན་པོ་རང་ཉིད་དགའ་བར་རབ་ཏུ་བསྟན་པ་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་རང་གི་སྟན་ལ་འདུག་ཤིག །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་བ་ལྟ་ན་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །རྒྱལ་པོ་ཆེན་པོ་ཅི་དང་ཅི་འདོད་པ་ཞུས་ཤིག །བཙུན་པ་ལས་ཀྱི་གནས་དང་བཟོའ་གནས་ཐ་དད་པ་གང་དག་ལགས་བ་འདི་ལྟ་སྟེ། །ཕྲེང་རྒྱུད་པ་དང་། སྨྱུག་མ་མཁན་དང་། གདན་པ་དང་། རྩྭ་ཐུན་དང་། འདུལ་མཁན་དང་། གླང་པོ་ཆེ་ལ་འཚལ་བ་དང་། རྟ་ལ་འཚལ་བ་དང་། ཤིང་རྟ་མཁན་དང་། རལ་གྲིའི་ཐབས་དང་། གཞུའི་འཛིན་སྟངས་པ་དང་། ཞབས་འབྲིང་པ་བགྱིད་པ་དང་། །གོ་རེ་ལོང་དང་། བྲོ་ག་ལེན་པ་དང་། རྒྱལ་པོའ་བུ་རབ་གནོན་ཚན་པོ་ཆེ་དཔའ་བ་རྟུལ་ཕོད་པ་རྣམས་དང་། མཉེས་པར་བགྱིད་པ་དང་། སྐྲ་མཁན་དང་། ཁྲུས་མཁན་དེ་རྣམས་རང་རང་གི་བཟོའ་གནས་དང་། ལས་ཀྱི་གནས་རྣམས་ཀྱིས་བགྱི་བ་བགྱིད་ཅིང་སྦྱིན་པ་དག་སྩོལ། བསོད་ནམས་དག་བགྱིད་ལ་གསོ་བ་རྣམས་གསོ་ཞིང་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པས་རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་པར་བགྱིད་པ་དེ་ལྟ་བུ་རྣམས་ལ་ཡང་དག་པར་མཐོང་བའི་


DKG004_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གདགས་པ་འཐོབ་ལགས་སམ།། །།འདུལ་པ་གཞི། བམ་པོ་བརྒྱ་རྩ་དྲུག་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་འདི་འདྲ་བའི་ཞུ་བ་འདི་ལས་སྔོན་དགེ་སྦྱོང་དང་བྲམ་ཟེ་གཞན་རྣམས་ལ་དྲིས་པ་དྲན་ནམ། བཙུན་པ་དྲན་ལགས་ཏེ། བཙུན་པ་དུས་གཅིག་ཅིག་ན་བདག་འོད་སྲུང་རྫོགས་བྱེད་གང་ན་བ་དེར་མཆིས་ཏེ། མཆིས་ནས་འོད་སྲུང་རྫོགས་བྱེད་ལ་བདག་གིས་འདི་སྐད་ཅེས་བཙུན་པ་འོད་སྲུང་ལས་ཀྱི་གནས་དང་བཟོའ་གནས་ཐ་དད་པ་གང་དག་ལགས་པ་འདི་ལྟ་སྟེ། ཕྲེང་རྒྱུད་པ་དང་། སྨྱུག་མ་མཁན་དང་། གདན་པ་དང་། རྩྭ་ཐུན་དང་། འདུལ་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟ་མཁན་དང་། རལ་གྲིའི་ཐབས་དང་། གཞུའི་འཛིན་སྟངས་པ་དང་། ཞམ་འབྲིང་བྱེད་པ་དང་། གོ་རེ་ལོང་དང་། བྲོ་ག་ལེན་པ་དང་། རྒྱལ་པོའ་བུ་རབ་གནོན་ཚན་པོ་ཆེ་དཔའ་བ་རྟུལ་ཕོད་པ་རྣམས་དང་། མཉེས་པར་བྱེད་པ་དང་། སྐྲ་མཁན་དང་། ཁྲུས་མཁན་དེ་རྣམས་རང་རང་གི་བཟོའ་གནས་པ་དང་། ལས་ཀྱི་གནས་རྣམས་ཀྱིས་བྱ་བ་བྱེད་ཅིང་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་ལ། གསོ་བ་རྣམས་གསོ་ཞིང་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་ནས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ན་དེ་ལྟ་བུ་རྣམས་ལ་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གདགས་པ་འཐོབ་བམ་ཞེས་དྲིས་པ་ན་དེ་འདི་སྐད་ཅེས་རྒྱལ་པོ་ཆེན་པོ་བདག་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་བར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ། །ཕ་མེད་དོ། །སེམས་ཅན་བརྫུས་ཏེ་སྐྱེ་བ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་གང་དག་ཚེ་


DKG004_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་བདག་ནི་སྐྱེ་བཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ། །སྲོག་ནི་འདི་ཉིད་ལ་འཚོ་ཞིང་དེ་ཕྱིས་ཆད་པར་འགྱུར། ཞིག་པར་འགྱུར་ཏེ་ཤི་བའི་འོག་ཏུ་མི་འབྱུང་ངོ་། །སྐྱེས་བུའི་ལུས་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཡིན་ཏེ། དེ་ནི་གང་གི་ཚེ་ཤི་བ་ན་དེའི་སའི་ལུས་ནི་སའི་བག་ལ་ཞ་ཆུའི་ནི་ཆུའི་མེའི་ལུས་ནི་མེའི་རླུང་གི་ལུས་ནི་རླུང་གི་བག་ལ་ཞ་བར་འགྱུར་རོ། །དབང་པོ་རྣམས་ནི་ནམ་མཁའི་རྗེས་སུ་འགྲོ་བར་འགྱུར་རོ། །སྐྱེས་བུའི་རོ་ནི་ཁྲི་དང་ལྔའི་མི་དག་གིས་ཁྱེར་ཏེ་དུར་ཁྲོད་དུ་འགྲོ་ཞིང་བསྲེགས་ཕན་ཆད་མི་མངོན་པར་འགྱུར་རོ། །བསྲེག་བྱ་དག་ནི་ཐལ་བར་འགྱུར་རོ། །རུས་པ་དག་ནི་ཐི་བའི་མདོག་འདྲ་བར་གནས་སོ། །འདི་ལྟར་རྨོགས་པས་ཉེ་བར་བསྟན་པ་ནི་སྦྱིན་ལ་མཁས་པས་ཉེ་བར་བསྟན་པ་ནི་ལེན་ཏོ། །དེ་ལ་གང་དག་ཡོད་པར་སྨྲ་བ་དེ་དག་ཐམས་ཅད་ནི་གསོག་གསོབ་བརྫུན་དུ་སྨྲ་བ་བརྡོལ་བ་ཡིན་ནོ། །འདི་ལྟར་བྱིས་པ་དང་མཁས་པ་དེ་གཉིས་ནི་ཕྱིས་ཆད་པར་འགྱུར་ཞིག་པར་འགྱུར་ཏེ་ཤི་བའི་འོག་ཏུ་མི་འབྱུང་ངོ་ཞེས་མཆི་སྟེ། བཙུན་པ་དཔེར་ན་མི་ཞིག་ཨ་མྲའི་འབྲས་བུ་རྣམས་དྲིས་ན་ལ་ཀུ་ཙའི་འབྲས་བུ་རྣམས་ལུང་སྟོན་པར་བགྱིད་ལ། ལ་ཀུ་ཙའི་འབྲས་བུ་རྣམས་དྲིས་ན་ཨ་མྲའི་འབྲས་བུ་རྣམས་ལུང་སྟོན་པར་བགྱིད་པ་དེ་བཞིན་དུ་འོད་སྲུང་རྫོགས་བྱེད་ལ་བདག་གིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དྲིས་ན་མ་མཆིས་པ་ཉིད་ལུང་སྟོན་པར་བགྱིད་ནས། བཙུན་བ་དེ་ལ་བདག་འདི་སྙམ་དུ་སེམས་ཏེ། བདག་འདྲ་བའི་སྐྱེས་བུ་མཁས་པས་གཟུགས་བཟང་པོར་བཀུར་བ་ཡུལ་ན་གཉུག་མར་གནས་པའི་དགེ་སྦྱོང་ངམབྲམ་ཟེ་ལ་མངོན་སུམ་དུ་སྨད་པ་ནི་བདག་གི་ཆ་མ་ལགས་སོ་སྙམ་ནས། བཙུན་པ་བདག་གིས་འོད་སྲུང་རྫོགས་བྱེད་ཀྱིས་སྨྲས་པ་ལ་མངོན་པར་བསྟོད་པ་ཡང་མི་བགྱིད། སྨད་པ་ཡང་མི་བགྱིད་དེ། མངོན་པར་བསྟོད་པ་ཡང་མ་བགྱིས། སྨད་པ་ཡང་མ་བགྱིས་པར་སྟན་ལས་ལངས་ཏེ་མཆིས་ནས་བདག་ཀུན་དུ་


DKG004_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་གནག་ལྷས་ཀྱི་བུ་གང་ན་བ་དེར་མཆིས་ཏེ་མཆིས་ནས། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་ལ་འདི་སྐད་ཅེས་བཙུན་པ་ཀུན་དུ་རྒྱུ་འཇིག་རྟེན་གྱི་ལས་ཀྱི་གནས་དང་། བཟོའ་གནས་ཐ་དད་པ་གང་དག་ཡིན་པ་འདི་ལྟ་སྟེ། ཕྲེང་རྒྱུད་པ་དང་། སྨྱུག་མ་མཁན་དང་། གདན་པ་དང་། རྩྭ་ཐུན་དང་། འདུལ་མཁན་དང་། གླང་པོ་ཆེལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟ་མཁན་དང་། རལ་གྲོའི་ཐབས་དང་། གཞུའི་འཛིན་སྟངས་པ་དང་། ཞམ་འབྲིང་བྱེད་པ་དང་། གོ་རེ་ལོང་དང་། བྲོ་ག་ལེན་པ་དང་། རྒྱལ་པོའ་བུརབ་གནོན་ཚན་པོ་ཆེ་དཔའ་བ་རྟུལ་ཕོད་པ་རྣམས་དང་། མཉེས་པར་བྱེད་པ་དང་། སྐྲ་མཁན་དང་། ཁྲུས་མཁན་དེ་རྣམས་རང་རང་གི་བཟོའ་གནས་དང་། ལས་ཀྱི་གནས་རྣམས་ཀྱིས་བྱ་བ་བྱེད་ཅིང་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་ལ་གོས་བ་རྣམས་གསོ་ཞིང་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་ནས་རྩེ་བར་བྱད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ན་དེ་ལྟ་བུ་རྣམས་ལ་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གདགས་པ་འཐོབ་བམ་ཞེས་དྲིས་པས་ན། དེ་འདི་སྐད་ཅེས་རྒྱལ་པོ་ཆེན་པོ་བདག་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཀུན་ནས་ཉོན་མོངས་པར་འགྱུར་རོ། །སེམས་ཅན་རྣམས་རྣམ་པར་དག་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་རྣམ་པར་དག་པར་འགྱུར་རོ། །སེམས་ཅན་རྣམས་ཤེས་པ་མེད་པར་འགྱུར་བ་དང་། མཐོང་བ་མེད་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་མེད་བ་དང་མཐོང་བ་མེད་པར་འགྱུར་རོ། །སེམས་ཅན་རྣམས་ཤེས་པར་འགྱུར་བ་དང་མཐོང་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་དང་མཐོང་བར་འགྱུར་རོ། །སྟོབས་མེད་དོ། །བརྩོན་འགྲུས་མེད་དོ། །སྟོབས་དང་བརྩོན་འགྲུས་མེད་དོ། །སྐྱེས་བུའི་རྩལ་མེད་དོ། །ཕ་རོལ་གནོན་པ་མེད་དོ། །སྐྱེས་བུའི་རྩལ་


DKG004_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕ་རོལ་གནོན་པ་མེད་དོ། །བདག་གི་རྩལ་མེད་དོ། །གཞན་གྱི་རྩལ་མེད་དོ། །བདག་གི་རྩལ་དང་གཞན་གྱི་རྩལ་མེད་དོ། །སེམས་ཅན་ཐམས་ཅད་དང་སྲོག་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་མཐུ་མེད་སྟོབས་མེད་དབང་མེད་བརྩོན་འགྲུས་མེད། ཕ་རོལ་གནོན་པ་མེད་དོ། །འགྲོ་བ་མཚམས་སྦྱོར་བའི་སྲིད་པ་དག་ངེས་པར་གྱུར་རོ། །འདི་ལྟར་འགྲོ་བ་དྲུག་པོ་དག་ཏུ་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ་ཞེས་མཆི་སྟེ། བཙུན་པ་དཔེར་ན་མི་ཞིག་ཨ་མྲའི་འབྲས་བུ་རྣམས་དྲིས་ན་ལ་ཀུ་ཙའི་འབྲས་བུ་རྣམས་ལུང་སྟོན་པར་བགྱིད་ལ། ལ་ཀུ་ཙའི་འབྲས་བུ་རྣམས་དྲིས་ན་ཨ་མྲའི་འབྲས་བུ་རྣམས་ལུང་སྟོན་པར་བགྱིད་པ་དེ་བཞིན་དུ་ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་ལ་བདག་གིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དྲིས་ན་རྒྱུ་མ་མཆིས་པ་ཉིད་དུ་སྟོན་པར་བགྱིད་ནས། བཙུན་པ་དེ་ལ་བདག་འདི་སྙམ་དུ་སེམས་ཏེ། བདག་འདྲ་བའི་སྐྱེས་བུ་མཁས་པས་གཟུགས་བཟང་པོར་བཀུར་བ་ཡུལ་ན་གཉུག་མར་གནས་པའི་དགེ་སྦྱོང་ངམ་བྲམ་ཟེ་ལ་ད་ཇི་ལྟར་མངོན་སུམ་དུ་སྨད་པར་བྱ་སྙམ་ནས། བདག་གིས་ཀུན་དུ་རྒྱུ་གནག་ལྷས་ཀྱི་བུའི་སྨྲས་པ་ལ་མངོན་པར་བསྟོད་པ་ཡང་མི་བགྱིད། སྨད་པ་ཡང་མི་བགྱིད་དེ། མངོན་པར་བསྟོད་པ་ཡང་མ་བགྱིས། སྨད་པ་ཡང་མ་བགྱིས་པར་སྟན་ལས་ལངས་ཏེ་མཆིས་ནས། བདག་སྨྲ་འདོད་ཀྱི་བུ་མོའ་བུ་ཡང་དག་རྒྱལ་བ་ཅན་གང་ན་བ་དེར་མཆིས་ཏེ་མཆིས་ནས་སྨྲ་འདོད་ཀྱི་བུ་མོའ་བུ་ཡང་དག་རྒྱལ་བ་ཅན་ལ་འདི་སྐད་ཅེས་བཙུན་པ་ཡང་དག་རྒྱལ་བ་ཅན་ལས་ཀྱི་གནས་དང་བཟོའ་གནས་གང་དག་ཡིན་པ་འདི་ལྟ་སྟེ། ཕྲེང་རྒྱུད་པ་དང་། སྨྱུག་མ་མཁན་དང་། གདན་པ་དང་། རྩྭ་ཐུན་དང་། འདུལ་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟ་མཁན་དང་། རལ་གྲིའི་ཐབས་དང་། གཞུའི་འཛིན་སྟངས་པ་དང་། ཞམ་འབྲིང་བྱེད་པ་དང་། གོ་རེ་ལོང་དང་། བྲོ་ག་ལེན་པ་དང་། རྒྱལ་པོའ་བུ་རབ་གནོན་ཚན་པོ་ཆེ་དཔའ་བ་རྟུལ་ཕོད་པ་རྣམས་དང་། མཉེས་པར་བྱེད་པ་དང་། སྐྲ་མཁན་དང་ཁྲུས་མཁན་དེ་རྣམས་རང་རང་གི་བཟོའ་གནས་དང་ལས་ཀྱི་གནས་རྣམས་ཀྱིས་བྱ་བ་བྱེད་ཅིང་སྦྱིན་པ་དག་གཏོང་།


DKG004_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་དག་བྱེད་ལ་གསོ་བ་རྣམས་གསོ་ཞིང་འདོད་བའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་འགྱུར་ནས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྦྱོད་པར་བྱེད་བ་ན་དེ་ལྟ་བུ་རྣམས་ཡང་དག་པར་མཐོག་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གདགས་པ་འཐོབ་བམ་ཞེས་དྲིས་པ་ན། དེ་འདི་སྐད་ཅེས་རྒྱལ་པོ་ཆེན་པོ་བདག་ནི་འདི་ལྟར་བལྟ་ཞིང་འདི་སྐད་སྨྲ་སྟེ། བྱེད་པ་དང་། བྱེད་དུ་འཇུག་པ་དང་། གཅོད་པ་དང་། གཅོད་དུ་འཇུག་པ་དང་། སྲེག་པད་ང་། སྲེག་ཏུ་འཇུག་པ་དང་། རྡེག་པ་དང་། རྡེག་ཏུ་འཇུག་པ་དང་། སྲོག་ཆགས་ལ་འཚེ་བ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་དག་ལ་ལོག་པར་སྤྱོད་པ་དང་། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་དང་། མྱོས་བར་འགྱུར་བའི་བཏུང་བ་འཐུང་བ་དང་། ཁྱིམ་འབུབས་པ་དང་། མདུད་པ་བཀྲོལ་བ་དང་། རིམ་གྱིས་འཕྲོག་པ་དང་། ལམ་འགོག་ཅིང་འདུག་པ་དང་། གྲོང་འཇོམས་པར་བྱེད་པ་དང་། གྲོང་ཁྱེར་འཇོམས་པར་བྱེད་པ་དང་། ཡུལ་འཇོམས་པར་བྱེད་པ་དང་། ས་གཞི་ཆེན་པོའདི་ལ་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་འཁོར་ལོའ་མཐའ་སྤུ་གྲི་ལ་བྱས་བས་དེ་དག་ཐམས་ཅད་ཀུན་དུ་གཅོད་པར་བྱེད། ཀུན་དུའཆེག་པར་བྱེད། ཀུན་དུ་རྡུང་བར་བྱེད། ཀུན་དུ་འདྲལ་བར་བྱེད་ཅིང་དེ་དག་ཐམས་ཅད་ཀུན་དུ་བཅད། ཀུན་དུ་གཤེགས། ཀུན་དུ་བརྡུངས། ཀུན་དུ་དྲལ་ནས་ཤའི་ཐང་མ་གཅིག་ཏུ་བྱེད། ཤའི་ཚོགས་གཅིག་ཏུ་བྱེད། ཤའི་བུངས་གཅིག་ཏུ་བྱེད། ཤའི་ཕུང་པོ་གཅིག་ཏུ་བྱེད་ཅིང་ཤའི་ཐང་མ་གཅིག་ཏུ་བྱས། ཤའི་ཚོམས་གཅིག་ཏུ་བྱས། ཤའི་བུངས་གཅིག་ཏུ་བྱས། ཤའི་ཕུང་པོ་གཅིག་ཏུ་བྱས་ནས་དེ་ལྟར་ཀུན་དུ་སྒྲུབ་པར་བྱེད་པ་ལས་གཞི་དེ་ལས་སྡིག་པ་ཡང་མེད། གཞི་དེ་ལས་སྡིག་པར་འགྱུར་བ་ཡང་མེད་དོ། །ཆུ་ཀླུང་གང་གཱའི་ལྷོ་ཕྱོགས་ནས་ཀུན་དུ་གཅོད་པར་བྱེད། ཀུན་དུ་འཆེག་པར་བྱེད། ཀུན་དུ་རྔུང་བར་བྱེད། ཀུན་དུ་འདྲལ་བར་བྱེད་ཅིང་འགྲོ་ལ། ཆུ་ཀླུང་གང་གཱའི་བྱང་ཕྱོགས་ནས་སྦྱིན་པར་བྱེད། མཆོད་སྦྱིན་བྱེད་ཅིང་འགྲོ་བར་འགྱུར་ན། གཞི་དེ་ལས་སྡིག་པ་དང་བསོད་ནམས་ཀྱང་མེད། གཞི་


DKG004_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་སྡིག་པ་དང་བསོད་ནམས་སུ་འགྱུར་བ་ཡང་མེད་དོ། །འདི་ལྟར་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་དེ་ལྟར་བྱེད་པ་ཡང་བསོད་ནམས་མིབྱེད་པ་ཁོ་ན་ཡིན་ནོ་ཞེས་མཆི་སྟེ། བཙུན་པ་དཔེར་ན་མི་ཞིག་ཨ་མྲའི་འབྲས་བུ་རྣམས་དྲིས་ན་ལ་ཀུ་ཙའི་འབྲས་བུ་རྣམས་ལུང་སྟོན་པར་བགྱིད་ལ། ལ་ཀུ་ཙའི་འབྲས་བུ་རྣམས་དྲིས་ན་ཨ་མྲའི་འབྲས་བུ་རྣམས་ལུང་སྟོན་པར་བགྱིད་པ་དེ་བཞིན་དུ་སྨྲ་འདོད་ཀྱི་བུ་མོའ་བུ་ཡང་དག་རྒྱལ་བ་ཅན་ལ་བདག་གིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དྲི་བ་དྲིས་ན་བྱེད་པ་ཉིད་མ་མཆིས་པར་ལུང་སྟོན་པར་བགྱིད་དོ། །བཙུན་པ་དེ་ལ་བདག་འདི་སྙམ་དུ་སེམས་ཏེ། བདག་འདྲ་བའི་སྐྱེས་བུ་མཁས་པས་གཟུགས་བཟང་པོར་བཀུར་བ་ཡུལ་ན་གཉུག་མར་གནས་པའི་དགེ་སྦྱོང་ངམ་བྲམ་ཟེ་ལ་ད་ཇི་ལྟར་མངོན་སུམ་དུ་སྨད་པར་བྱ་སྙམ་ནས། བདག་གིས་སྨྲ་འདོད་ཀྱི་བུ་མོའ་བུ་ཡང་དག་རྒྱལ་བ་ཅན་ལ་མངོན་པར་བསྟོད་པ་ཡང་མི་བགྱིད་སྨད་པ་ཡང་མི་བགྱིད་དེ། མངོན་པར་བསྟོད་པ་ཡང་མ་བགྱིས། སྨད་པ་ཡང་མ་བགྱིས་པར་སྟན་ལས་ལངས་ཏེ་མཆིས་ནས་བདག་མི་ཕམ་སྐྲའི་ལ་བ་ཅན་གང་ན་བ་དེར་མཆིས་ཏེ་མཆིས་ནས། མི་ཕམ་སྐྲའི་ལ་བ་ཅན་ལ་འདི་སྐད་ཅེས་བཙུན་པ་མི་ཕམ་འཇིག་རྟེན་གྱི་ལས་ཀྱི་གནས་དང་བཟོའ་གནས་ཐ་དད་པ་གང་དག་ཡིན་པ་འདི་ལྟ་སྟེ། ཕྲེང་རྒྱུད་པ་དང་། སྨྱུག་མ་མཁན་དང་། གདན་པ་དང་། རྩྭ་ཐུན་དང་། འདུལ་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟ་མཁན་དང་། རལ་གྲིའི་ཐབས་དང་། གཞུའི་འཛིན་སྟངས་པ་དང་། ཞམ་འབྲིང་བྱེད་པ་དང་། གོ་རེ་ལོང་དང་། བྲོ་ག་ལེན་པ་དང་། རྒྱལ་པོའ་བུ་རབ་གནོན་ཚན་པོ་ཆེ་དཔའ་བ་རྟུལ་ཕོད་པ་རྣམས་དང་མཉེས་པར་བྱེད་པ་དང་། སྐྲ་མཁན་དང་། ཁྲུས་མཁན་དེ་རྣམས་རང་རང་གི་བཟོའ་གནས་དང་། ལས་ཀྱི་གནས་རྣམས་ཀྱིས་བྱ་བ་བྱེད་ཅིང་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་ལ་གསོ་བ་རྣམས་གསོ་ཞིང་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་ནས་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ན་དེ་ལྟ་བུ་རྣམས་


DKG004_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གདགས་པ་འཐོབ་བམ་ཞེས་དྲིས་པ་ན་དེ་འདི་སྐད་ཅེས་རྒྱལ་པོ་ཆེན་པོ་བདག་ནི་འདི་ལྟར་བལྟ་ཞིང་འདི་སྐད་ཅེས་སྨྲ་སྟེ། ལུས་བཅུན་པོ་འདི་དག་ནི་མ་བྱས་པ། བྱས་པས་མ་བྱས་པ་མ་སྤྲལ་པ། སྤྲུལ་པས་མ་བྱས་པ་གནོད་པར་བྱ་བ་མ་ཡིན་པ་ཐེར་ཟུག་ཏུ་གནས་པ། ཀ་བ་བཞིན་གནས་པ་དག་ཡིན་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ་སའི་ལུས་དང་། ཆུའི་ལུས་དང་། མེའི་ལུས་དང་། རླུང་གི་ལུས་དང་། བདེ་བ་དང་། སྡུག་བསྔལ་བ་དང་། སྲོག་གསོན་པ་ཉིད་ནི་བདུན་པ་སྟེ། ལུས་བདུན་པོ་དེ་དག་ནི་མ་བྱས་པ། བྱས་པས་མ་བྱས་པ། མ་སྤྲུལ་པ། སྤྲུལ་པས་མ་བྱས་པ། གནོད་པར་བྱ་བ་མ་ཡིན་པ། ཐེར་ཟུག་ཏུ་གནས་པ། ཀ་བ་བཞིན་དུ་གནས་པ་དག་ཡིན་ནོ། །དེ་དག་ནི་འདི་ལྟ་སྟེ། བསོད་ནམས་སུ་འགྱུར་བའི་ཕྱིར་རམ། སྡིག་པར་འགྱུར་བའི་ཕྱིར་རམ། བསོད་ནམས་དང་སྡིག་པར་འགྱུར་བའི་ཕྱིར་རམ་བ་དེ་བར་འགྱུར་བའི་ཕྱིར་རམ། སྡུག་བསྔལ་བར་འགྱུར་བའི་ཕྱིར་རམ། བདེ་བ་དང་སྡུག་བསྔལ་བར་འགྱུར་བའི་ཕྱིར་གཡོ་བར་མི་བྱེད། རྣམ་པར་འགྱུར་བར་མི་བྱེད། གཅིག་ལ་གཅིག་གནོད་པར་མི་བྱེད་དོ་། །སྐྱེས་བུ་གང་གིས་སྐྱེས་བུའི་མགོ་གཅོད་པར་བྱེད་པ་དེས་ཀྱང་འཇིག་རྟེན་ན་གཡོ་བ་འམ་གནས་པ་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་དེ། ལུས་བདུན་པོ་དག་ལ་བར་མེད་པར་མཚོན་ཐལ་བྱུང་དུ་འགྲོ་ཞིང་དེར་སྲོག་ལ་གནོད་པ་ཡང་མེད་དོ། །དེ་ལ་གསོད་པར་བྱེད་པའམ། གསོད་དུ་བཅུག་པའམ། དྲན་པར་བྱེད་པའམ། དྲན་པར་བྱེད་དུ་བཅུག་པའམ། སྐུལ་བར་བྱེད་པའམ། སྐུལ་དུ་བཅུག་པའམ། རྣམ་པར་རིག་པར་བྱེད་པའམ། རྣམ་པར་རིག་པར་བྱེད་དུ་བཅུག་པ་འགའ་ཡང་མེད་དོ། །བྱིས་པ་འམ་མཁས་པ་གང་དག་ཡིན་པ་དག་ནི་སྐྱེ་གནས་གཙོ་བོ་དང་ལྡན་པ་ཁྲི་བཞི་སྟོང་དང་། རྟོག་པ་ཆེན་པོ་དྲུག་ཁྲི་དང་དྲུག་བརྒྱ་དང་། ལས་ལྔ་དང་། ལས་གསུམ་དང་། ལས་གཉིས་དང་ལས་དང་ལས་ཕྱེད་དང་། ལས་དྲུག་བཅུ་རྩ་གཉིས་དང་། རྟོག་པ་བར་མ་དྲུག་བཅུ་རྩ་གཉིས་དང་། འདུ་ཤེས་བདུན་དང་། སེམས་


DKG004_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དམྱལ་བ་བརྒྱ་ཉི་ཤུ་དང་། དབང་པོ་བརྒྱ་སུམ་བཅུ་དང་། རྡུལ་གྱི་ཁམས་སུམ་བཅུ་རྩ་དྲུག་དང་། ཀླུའི་རིགས་བཞི་ཁྲི་དགུ་སྟོང་དང་། ནམ་མཁའ་ལྡིང་གི་རིགས་བཞི་ཁྲི་དགུ་སྟོང་དང་། ཀུན་ཏུ་རྒྱུའི་རིགས་བཞི་ཁྲི་དགུ་སྟོང་དང་། ཀུན་ཏུ་དང་འཚོའ་རིགས་བཞི་ཁྲི་དགུ་སྟོང་དང་། གཅེར་བུ་པའི་རིགས་བཞི་ཁྲི་དགུ་སྟོང་དང་། འདུ་ཤེས་ཅན་གྱི་གནས་བདུན་དང་། འདུ་ཤེས་མེད་པའི་གནས་བདུན་དང་། ལྷ་མ་ཡིན་བདུན་དང་། ཤ་ཟ་བདུན་དང་། ལྷ་བདུན་དང་། མི་བདུན་དང་། མཚོ་བདུན་དང་། མཚོ་བདུན་བརྒྱ་དང་། འབྲི་བ་བདུན་དང་། འབྲི་བ་བདུན་བརྒྱ་དང་། རྨི་ལམ་བདུན་དང་། རྨི་ལམ་བདུན་བརྒྱ་དང་། སད་པ་བདུན་དང་། སད་པ་བདུན་བརྒྱ་དང་། གཡང་ས་བདུན་དང་། གཡང་ས་བདུན་བརྒྱ་དང་། རིགས་བཙུན་པ་དྲུག་དང་། མངོན་པར་མཐོ་བ་བཅུ་དང་། སྐྱེས་བུ་ཆེན་པོའ་ས་བརྒྱད་པོ་དེ་དག་ཏུ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་མཚམས་སྦྱོར་ཅིང་འཁོར་ནས་སྡུག་བསྔལ་མཐར་བྱེད་དོ། །འདི་ལྟ་སྟེ། དཔེར་ན། སྐུད་པའི་དྲུ་བུ་ཡང་བ་སྟེང་གི་ནམ་མཁའ་ལས་འཕངས་པ་གཟངས་པ་ན་ས་ལ་འབབ་པ་དེ་བཞིན་དུ་བྱིས་པའམ། མཁས་པ་གང་དག་ཡིན་པ་དག་ཀྱང་དེ་དག་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་མཚམས་སྦྱོར་ཅིང་འཁོར་ནས་སྡུག་བསྔལ་མཐར་བྱེད་དོ། །དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དག་འདི་སྐད་ཅེས་བདག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། དཀའ་ཐུབ་བམ། ཚངས་པར་སྤྱོད་པ་ལ་གནས་པ་འདིས་ལས་ཡོངས་སུ་མ་སྨིན་པ་ནི་ཡོངས་སུ་སྨིན་པར་བྱ་ཞིང་ཡོངས་སུ་སྨིན་པ་ནི་རེག་པར་བྱས་ནས་བྱང་བར་བྱའོ་ཞེས་ཟེར་བ་འགའ་ཡང་མེད་དོ། །བདེ་བ་དང་སྡུག་བསྔལ་འདི་ངེས་པ་ཡིན་ནོ། །ཡང་སྐྱེ་བ་དང་མར་འགྲིབ་པ་ནི་མི་སྲིད་པོ། །འདི་ལྟ་བུ་འདི་ཉིད་དང་གཞན་མ་ཡིན་པས་འཁོར་བ་གཞལ་ལོ་ཞེས་མཆི་སྟེ། བཙུན་པ་དཔེར་ན་མི་ཞིག་ཨ་མྲའི་འབྲས་བུ་རྣམས་དྲིས་ན་ལ་ཀུ་ཙའི་འབྲས་བུ་རྣམས་ལུང་སྟོན་པར་བགྱིད་ལ། ལ་ཀུ་ཙའི་འབྲས་བུ་རྣམས་དྲིས་ན་ཨ་མྲའི་འབྲས་བུ་རྣམས་ལུང་སྟོན་པར་བགྱིད་པ་དེ་བཞིན་དུ་མི་ཕམ་སྐྲའི་ལ་བ་ཅན་ལ་བདག་གིས་ཡང་དག་པར་མཐོང་


DKG004_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དྲིས་ན་འཁོར་བ་དག་ཉིད་ལུང་སྟོན་པར་བགྱིད་ནས། བཙུན་པ་དེ་ལ་བདག་འདི་སྙམ་དུ་སེམས་ཏེ། བདག་འདྲ་བའི་སྐྱེས་བུ་མཁས་པས་གཟུགས་མཛེས་པར་བཀུར་བ་ཡུན་ན་གཉུག་མར་གནས་པའི་དགེ་སྦྱོང་ངམ་བྲམ་ཟེ་ལ་ད་ཇི་ལྟར་མངོན་སུམ་དུ་སྨད་པར་བྱ་སྙམ་ནས་མི་ཕམ་སྐྲའི་ལ་བ་ཅན་གྱིས་སྨྲས་པ་ལ་མངོན་པར་བསྟོད་པ་ཡང་མི་བགྱིད། སྨད་པ་ཡང་མི་བགྱིད་དེ། མངོན་པར་བསྟོད་པ་ཡང་མ་བགྱིས་སྨད་པ་ཡང་མ་བགྱིས་པར་སྟན་ལས་ལངས་ཏེ་མཆིས་ནས་བདག་གཅེར་བུ་པ་གཉེན་གྱི་བུ་གང་ན་བ་དེར་མཆིས་ནས། གཅེར་བུ་པ་གཉེན་གྱི་བུ་ལ་འདི་སྐད་ཅེས་བཙུན་པ་གཉེན་གྱི་བུ་འཇིག་རྟེན་གྱི་ལས་ཀྱི་གནས་དང་། བཟོའ་གནས་ཐ་དད་པ་གང་དག་ཡིན་པ་འདི་ལྟ་སྟེ། ཕྲེང་རྒྱུད་པ་དང་། སྨྱུག་མ་མཁན་དང་། གདན་པ་དང་། རྩྭ་ཐུན་དང་། འདུལ་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིག་རྟ་མཁན་དང་། རལ་གྲིའི་ཐབས་དང་། གཞུའི་འཛིན་སྟངས་པ་དང་། ཞམ་འབྲིང་བྱེད་པ་དང་། གོ་རེ་ལོང་དང་། བྲོ་ག་ལེན་པ་དང་། རྒྱལ་པོའ་བུ་རབ་གནོན་ཚན་པོ་ཆེ་དཔའ་བ་རྟུལ་ཕོད་པ་རྣམས་དང་། མཉེས་པར་བྱེད་པ་དང་། སྐྲ་མཁན་དང་ཁྲུས་མཁན་དེ་རྣམས་རང་རང་གི་བཟོའི་གནས་དང་། ལས་ཀྱི་གནས་རྣམས་ཀྱིས་བྱ་བ་བྱེད་ཅིང་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་ལ། གསོ་བ་ནི་གསོ་ཞིང་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་ནས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ན་དེ་ལྟ་བུ་རྣམས་ལ་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གདགས་པ་འཐོབ་བམ་ཞེས་དྲིས་པ་ན། དེ་འདི་སྐད་ཅེས་རྒྱལ་པོ་ཆེན་པོ་བདག་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སྐྱེས་བུ་གང་ཟག་འདིས་སོ་སོར་མྱོང་བ་གང་ཡིན་རུང་སྟེ། དེ་ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ལས་རྙིང་པ་རྣམས་ནི་དཀའ་ཐུབ་ཀྱིས་འབྱང་བར་འགྱུར་ལ། ལས་སར་པ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བཟློག་པར་བྱའོ། །དེ་ལྟ་ན་ཕྱིན་ཆད་ཟག་པ་མེད་དོ། །ཟག་མེད་ན་ལས་ཟད་དོ། །ལས་ཟད་ན་སྡུག་བསྔལ་ཟད་དོ། །


DKG004_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཟད་ན་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ་ཞེས་མཆི་སྟེ། བཙུན་པ་དཔེར་ན་མི་ཞིག་ཨ་མྲའི་འབྲས་བུ་རྣམས་དྲིས་ན་ལ་ཀུ་ཙའི་འབྲས་བུ་རྣམས་སུ་ལུང་སྟོན་པར་བགྱིད་ལ། ལ་ཀུ་ཙའི་འབྲས་བུ་རྣམས་དྲིས་ན་ཨ་མྲའི་འབྲས་བུ་རྣམས་ལུང་སྟོན་པར་བགྱིད་པ་དེ་བཞིན་དུ་གཅེར་བུ་པ་གཉེན་གྱི་བུ་ལ་བདག་གིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དྲིས་ན་སྔོན་བགྱིས་པའི་རྒྱུ་ལས་བྱུང་བ་ཉིད་ལུང་སྟོན་པར་བགྱིད་ནས། བཙུན་པ་དེ་ལ་བདག་འདི་སྙམ་དུ་སེམས་ཏེ། བདག་འདྲ་བའི་སྐྱེས་བུ་མཁས་པས་གཟུགས་བཟང་པོར་བཀུར་བ་ཡུན་ན་གཉུག་མར་གནས་པའི་དགེ་སྦྱོང་ངམ་བྲམ་ཟེ་ལ་མངོན་སུམ་དུ་སྨད་པ་ནི་བདག་གི་ཆ་མ་ལགས་སོ་སྙམ་ནས། བདག་གིས་གཅེར་བུ་པ་གཉེན་གྱི་བུའི་སྨྲས་པ་ལ་མངོན་པར་བསྟོད་པ་ཡང་མི་བགྱིད། སྨད་པར་ཡང་མི་བགྱིད་དེ། མངོན་པར་བསྟོད་པ་ཡང་མ་བགྱིས་སྨད་པར་ཡང་མ་བགྱིས་པར་སྟན་ལས་ལངས་ཏེ་མཆིས་ནས་བདག་ཀ་ཏྱའི་བུ་ནོག་ཅན་གང་ན་བ་དེར་མཆིས་ཏེ། མཆིས་ནས་ཀ་ཏྱའི་བུ་ནོག་ཅན་ལ་འདི་སྐད་ཅེས། བཙུན་པ་ཀ་ཏྱའི་བུ་འཇིག་རྟེན་གྱི་ལས་ཀྱི་གནས་དང་། བཟོའ་གནས་ཐ་དད་པ་གང་དག་ཡིན་པ་འདི་ལྟ་སྟེ། ཕྲེང་རྒྱུད་པ་དང་། སྨྱུག་མ་མཁན་དང་། གདན་པ་དང་། རྩྭ་ཐུན་དང་། འདུལ་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟ་མཁན་དང་། རལ་གྲིའི་ཐབས་དང་། གཞུའི་འཛིན་སྟངས་པ་དང་། ཞམ་འབྲིང་བྱེད་པ་དང་། །གོ་རེ་ལོང་དང་། བྲོ་ག་ལེན་པ་དང་། རྒྱལ་པོའ་བུ་རབ་གནོན་ཚན་པོ་ཆེ་དཔའ་བ་བརྟུལ་ཕོད་པ་རྣམས་དང་། མཉེས་པར་བྱེད་པ་དང་། སྐྲ་མཁན་དང་། ཁྲུས་མཁན་དེ་རྣམས་རང་རང་གི་བཟོའ་གནས་དང་། ལས་ཀྱི་གནས་རྣམས་ཀྱིས་བྱ་བ་བྱེད་ཅིང་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་ལ། གསོ་བ་རྣམས་གསོ་ཞིང་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་ནས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ན་དེ་ལྟ་བུ་རྣམས་ལ་ཡང་དག་པར་མཐོང་བའ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གདགས་པ་འཐོབ་བམ་ཞེས་དེ་སྐད་དྲིས་


DKG004_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཀ་ཏྱའི་བུ་ནོག་ཅན་བདག་ལ་འདི་སྐད་ཅེས་རྒྱལ་པོ་ཆེན་པོ་བདག་ནི་འདི་ལྟར་ལྟ་ཞིང་འདི་སྐད་ཅེས་སྨྲ་སྟེ། གལ་ཏེ་འགའ་ཞིག་བདག་གི་གན་དུ་མཆིས་ཏེ་འདི་སྐད་ཅེས་འཇིག་རྟེན་ཕ་རོལ་ཡོད་དམ་ཞེས་འདྲི་ན། དེ་ལ་བདག་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་དྲི་བ་དྲིས་པའི་ལན་འདེབས་སོ། །འཇིག་རྟེན་ཕ་རོལ་མེད་པ་དང་། འཇིག་རྟེན་ཕ་རོལ་ཡོད་པ་དང་མེད་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང་། དེ་བཞིན་དུ་འཇིག་རྟེན་ཕ་རོལ་འདི་ལྟ་བུ་ཉིད་དང་། འདི་ལྟ་བུ་ཉིད་མ་ཡིན་པ་དང་། གཞན་ཉིད་དང་གཞན་ཉིད་མ་ཡིན་པ་དང་། འཇིག་རྟེན་ཕ་རོལ་གཞན་མ་ཡིན་པ་ཉིད་དང་གཞན་མ་ཡིན་པ་ཉིད་མ་ཡིན་པ་ཡིན་ནམ་ཞེས་འདྲི་ན་དེ་ལ་བདག་འཇིག་རྟེན་ཕ་རོལ་གཞན་མ་ཡིན་པ་ཉིད་དང་གཞན་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་དྲིས་པའི་ལམ་འདེབས་སོ་ཞེས་མཆི་ནས་བདག་དེ་ལ་འདི་སྙམ་དུ་སེམས་ཏེ། རྒྱལ་པོའ་ཁབ་འདི་ན་རབ་ཏུ་བྱུང་བར་གྱུར་པ་ཇི་སྙེད་གནས་པ་དེ་རྣམས་ཀྱི་ནང་ན་ལྷག་པར་བླུན་པ། ལྷག་པར་གླེན་པ། ལྷག་པར་སླུ་བར་བྱེད་པ་ནི་འདི་ལྟ་སྟེ། ཀ་ཏྱའི་བུ་ནོག་ཅན་འདི་ཡིན་ནོ་སྙམ་པ་ལས་དེ་ལ་ཡང་བདག་འདི་སྙམ་དུ་སེམས་ཏེ། གཟུགས་བཟང་པོར་བཀུར་བ་ཡུལ་ན་གཉུག་མར་གནས་པའི་དགེ་སྦྱོང་ངམ་བྲམ་ཟེ་ལ་མངོན་སུམ་དུ་སྨད་པ་ནི་བདག་གི་ཆ་མ་ལགས་སོ་སྙམ་ནས་བདག་གིས་ཀ་ཏྱའི་བུ་ནོག་ཅན་གྱིས་སྨྲས་པ་ལ་མངོན་པར་བསྟོད་པ་ཡང་མི་བགྱིད། སྨད་པ་ཡང་མི་བགྱིད་དེ་མངོན་པར་བསྟོད་པ་ཡང་མ་བགྱིས། སྨད་པ་ཡང་མ་བགྱིས་པར་སྟན་ལས་ལངས་ཏེ་མཆིས་ལགས་ཏེ། བཅོམ་ལྡན་འདས་ལ་བདག་དོན་དེ་ཁོ་ན་ཞུ་ལགས་ན། བཙུན་པ་འཇིག་རྟེན་གྱི་ལས་ཀྱི་གནས་དང་། བཟོའ་གནས་ཐ་དད་པ་གང་དག་ལགས་པ་འདི་ལྟ་སྟེ། ཕྲེང་རྒྱུད་པ་དང་། སྨྱུག་མ་མཁན་དང་། གདན་པ་དང་། རྩྭ་ཐུན་དང་། འདུལ་མཁན་དང་། གླང་པོ་ཆེ་ལ་འཚལ་བ་དང་། རྟ་ལ་འཚལ་བ་དང་། ཤིང་རྟ་མཁན་དང་། རལ་གྲིའི་ཐབས་དང་། གཞུའི་འཛིན་སྟངས་པ་དང་། ཞམ་འབྲིང་བགྱིད་པ་དང་། གོ་རེ་ལོང་དང་། བྲོ་ག་ལེན་པ་དང་རྒྱལ་པོའ་བུ་རབ་གནོན་ཚན་པོ་ཆེ་དཔའ་བ་རྟུལ་ཕོད་པ་རྣམས་དང་། མཉེས་པར་


DKG004_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་པ་དང་། སྐྲ་མཁན་དང་། ཁྲུས་མཁན་དེ་རྣམས་རང་རང་གི་བཟོའ་གནས་དང་། ལས་ཀྱི་གནས་རྣམས་ཀྱིས་བགྱི་བ་བགྱིད་ཅིང་སྦྱིན་པ་དག་སྩོལ། བསོད་ནམས་དག་བགྱིད་ལ་གསོ་བ་དག་གསོ་ཞིང་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་ནས་རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་པར་བགྱིད་ན་དེ་ལྟ་བུ་རྣམས་ལ་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གདགས་པ་འཐོབ་ལགས་སམ། རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཉིད་ལ་དྲི་ཡིད་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་དེ་ལུང་སྟོན་ཅིག །རྒྱལ་པོ་ཆེན་པོ་དཔེར་ན་འདི་ན་ཁྱོད་ཀྱི་བྲན་མངག་གཞུག་པ་གོ་རེ་ལོང་རང་དབང་མེད་ལ་དགའ་མགུར་བྱར་མེད་པ་ཞིག་ཡོད་པ་དེས་ཁྱོད་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་སྟེ་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་ནས་སྐྱེས་པ་མེད་པར་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་འདི་ཡང་མི་ཡིན་ལ་བདག་ཀྱང་མི་ཡིན་པ་ལས་གཞན་དུ་ན་ལུས་འཕགས་མའི་བུ་མ་ག་འི་བུ་མ་སྐྱེས་དགྲས་སྔོན་བསོད་ནམས་དག་བྱས་ཤིང་བསགས་པ་དེས་ན་ད་ལྟར་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་ནས་སྐྱེས་པ་མེད་པའི་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་ཀྱིས། མ་ལ་བདག་གིས་ཀྱང་དགེ་བའི་ཆོས་ཅུང་ཟད་ཡང་དག་པར་བླངས་ཏེ་གནས་པར་བྱའོ་སྙམ་ཞིང་བདག་གིས་དགེ་བའི་ཆོས་ཅི་ཞིག་ཡང་དག་པར་བླངས་ཏེ་གནས་པར་བྱ་སྙམ་པ་ལས། མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་ནས་དེས་དེ་ལྟར་ཐག་བཅད་དེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་དུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེས་ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག །མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩིབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་།


DKG004_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སེམས་དང་། ལོག་པར་ལྟ་བ་སྤངས་ཏེ་ལོག་པར་ལྟ་བ་ལས་སླར་ལོག་པར་གྱུར་པ་དེ་ཁྱོད་ཀྱི་ཞོ་ཤས་འཚོ་བ་རྣམས་ལྗོངས་སུ་འཁྱམ་ཞིང་དོང་བས་མཐོང་ངོ་། །མཐོང་ནས་ཀྱང་དེ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ནི་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགའི་འབངས་མངག་གཞུག་པ་གོ་རེ་ལོང་རང་དབང་མེད་པ་དགའ་མགུར་བྱར་མེད་པ་ཡིན་ན། དེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་དུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤངས་ཏེ་ལོག་པར་ལྟ་བ་ལས་སླར་ལོག་ནས་ཡང་དག་པའི་ལྟ་བ་དང་ལྡན་གྱིས། མ་ལ་བདག་ཅག་རྒྱལ་པོའ་སྤྱན་སྔར་དོང་ལ་སྙན་དུ་གསོལ་ལོ་ཞེས་དེ་རྣམས་ཁྱོད་ཀྱི་དྲུང་དུ་འོངས་ནས་སྨྲས་པ། ལྷ་མཁྱེན་པར་མཛད་དུ་གསོལ། ལྷའི་འབངས་མངག་གཞུག་པ་གོ་རེ་ལོང་རང་དབང་མ་མཆིས་པ་དགའ་མགུར་བགྱིར་མ་མཆིས་པ་ཞིག་མཆིས་པ་དེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེས་ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག །མ་བྱིན་པར་ལེན་བ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤངས་ཏེ་ལོག་བར་ལྟ་བ་ལས་སླར་ལོག་སྟེ། ཡང་དག་པའི་ལྟ་བ་དང་ལྡན་ལགས་སོ་ཞེས་སྨྲས་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། ཇི་ག་ཁྱོད་ཀྱིས་དེ་སྐད་སྨྲ་བ་ལ་ཤེས་ལྡན་དག་དེང་ལ་མི་དེ་ཁུག་ཤིང་དང་སླར་ཡང་ངའི་བྲན་མངག་གཞུག་པ་གོ་རེ་ལོང་རང་དབང་མེད་པར་འགྱུར་རོ་ཞེས་སྨྲས་བར་འགྱུར་རམ། བཙུན་པ་མ་ལགས་སོ། །གཞན་དུ་ན་བདག་དེ་ལ་ལྟ་བའི་སླད་དུ་མཆི་སྟེ། དེས་སྔོན་བདག་ལ་མངོན་དུ་སྨྲ་བ་དང་།


DKG004_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བ་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པའི་ལས་གང་ལགས་པ་བགྱིད་ལགས་པས་དེ་ཉིད་ལ་བདག་གིས་དེ་དག་བགྱི་ཞིང་། ཇི་སྲིད་འཚོའ་བར་དུ་དེ་ལ་འདི་ལྟ་སྟེ་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྟབ་པར་བགྱིའོ། །རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །རྒྱལ་པོ་ཆེན་པོ་དཔེར་ན་ཁྱོད་ཀྱི་ཡུལ་འདི་ན་ཁྱིམ་བདག་ཞིང་པ་སྐྲུན་པ་སྐྱེད་པ་རྒྱལ་པོའ་བང་མཛོད་འཕེལ་བར་བྱེད་པ་ཞིག་ཡོད་པ་དེས་ཁྱིད་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་ནས་སྐྱེས་པ་མེད་པར་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ལུས་འཕགས་མའི་བུ་མ་གའི་རྒྱལ་པོ་མ་སྐྱེས་དགྲ་འདི་ཡང་མི་ཡིན་ལ། བདག་ཀྱང་མི་ཡིན་པ་ལས་གཞན་དུ་ན་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་སྔོན་བསོད་ནམས་དག་བྱས་ཤིང་བསགས་བ་དེས་ནང་ལྟར་སྟེང་གི་ཁང་བཟངས་ཀྱི་གཞིར་སོང་ནས་སྐྱེས་པ་མེད་པའི་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱིས། མ་ལ་བདག་གིས་ཀྱང་དགེ་བ་ཅུང་ཟད་ཡང་དག་པར་བླངས་ཏེ་གནས་པར་བྱའོ་སྙམ་ཞིང་བདག་གིས་དགེ་བའི་ཆོས་ཅི་ཞིག་ཡང་དག་པར་བླངས་ཏེ་གནས་པར་བྱ་སྙམ་པ་ལས། མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་ནས། དེས་དེ་ལྟར་ཐག་བཅད་དེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་དུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག །མ་བྱིན་བར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་


DKG004_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལོག་པར་ལྟ་བ་སྤངས་ཏེ་ལོག་པར་ལྟ་བ་ལས་སླར་ལོག་པ་གྱུར་པ་དེ་ཁྱོད་ཀྱི་ཞོ་ཤས་འཚོ་བ་རྣམས་ལྗོངས་སུ་འཁྱམ་ཞིང་དོང་བས་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། འདི་ནི་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་བདག་ཞིང་བསྐྲུན་པ་སྐྱེད་པའི་བང་མཛོད་འཕེལ་བར་བྱེད་པ་ཡིན་ན། དེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་དུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་མེད་པར་རབ་ཏུ་བྱུང་ནས། དེ་ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤངས་ཏེ། ལོག་པར་ལྟ་བ་ལས་སླར་ལོག་ནས་ཡང་དག་པའི་ལྟ་བ་དང་ལྡན་གྱིས། མ་ལ་བདག་ཅག་རྒྱལ་པོའ་སྤྱན་སྔར་དོང་ལ་སྙན་དུ་གསོལ་ལོ་ཞེས་དེ་རྣམས་ཁྱོད་ཀྱི་དྲུང་དུ་འོངས་ནས་སྨྲས་པ། ལྷ་མཁྱེན་པར་མཛད་དུ་གསོལ། ལྷའི་ཁྱིམ་བདག་ཞིང་པ་སྐྲུན་པ་རྒྱལ་པོའ་བང་མཛོད་འཕེལ་བར་བགྱིད་པ་ཞིག་མཆིས་པ་དེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་ཇི་སྲིད་འཚོའ་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག །མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤངས་ཏེ་ལོག་པར་ལྟ་བ་ལས་སླར་ལོག་སྟེ། ཡང་དག་པའི་ལྟ་བ་དང་ལྡན་ལགས་སོ་ཞེས་སྨྲ་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། ཇི་ག་ཁྱོད་ཀྱིས་དེ་སྨྲ་བ་ལ་ཤེས་ལྡན་དག་དེང་ལ་མི་དེ་ཁུག་ཤིག་དང་སླར་ཡང་ངའི་ཞིང་པ་སྐྲུན་པ་སྐྱེད་པ་རྒྱལ་པོའ་བང་མཛོད་འཕེལ་བར་འགྱུར་རོ་ཞེས་སྨྲ་བར་འགྱུར་རམ། བཙུན་པ་མ་ལགས་སོ། །གཞན་དུ་ན་བདག་དེ་ལ་བལྟ་བའི་སླད་དུ་མཆི་སྟེ། དེས་སྔོན་བདག་ལ་མངོན་དུ་སྨྲ་བ་དང་། ཕྱག་འཚལ་བ་དང་། ལྡང་བ་དང་།


DKG004_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྦྱར་བ་དང་། འདུད་པའི་ལས་གང་དག་ལགས་པ་བགྱིས་ལགས་པས་དེ་ཉིད་ལ་བདག་གིས་དེ་དག་བགྱི་ཞིང་ཇི་སྲིད་འཚོའ་བར་དུ་དེ་ལ་ཡང་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྟབ་པར་བགྱིའོ། །རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །རྒྱལ་པོ་ཆེན་པོ་འདྲི་ལ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེས་ཆོས་བཤད་པ་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་རྣམ་པར་བྱང་བ། ཚངས་པར་སྤྱོད་པ་རབ་ཏུ་སྟོན་ཏེ། ཆོས་དེ་ཁྱིམ་བདག་གམ། ཁྱིམ་བདག་གི་བུས་མཉན་ཏེ། དེ་ཆོས་དེ་ཐོས་ནས་གནས་གསུམ་པོ་འདི་ལྟ་སྟེ། ཆགས་པའི་ཆོས་དང་། ཞེ་སྡང་གི་ཆོས་དང་། གཏི་མུག་གི་ཆོས་ལ་སྟོན་པའི་རྣམ་པར་དག་པ་ཚོལ་བར་བྱེད་དེ། ཅི་ཚེ་དང་ལྡན་པ་འདི་ལ་ཆགས་པ་གང་གིས་ཟིལ་གྱིས་གནོན་ཅིང་སེམས་ལ་ཁྱབ་ན་མི་ཤེས་བཞིན་ཁོ་ནར་ཤེས་སོ་ཞེས་སྨྲ། མ་མཐོང་བཞིན་ཁོ་ནར་མཐོང་ངོ་ཞེས་སྨྲ་ཞིང་གཞན་དག་ལ་ཡང་གང་དེ་དག་ལ་ཡུན་རིང་པོར་གནོད་པ་དང་།


DKG004_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་མ་ཡིན་པ་དང་། སྡུག་བསྔལ་བར་འགྱུར་བ་དེ་ལྟ་དེ་ལྟར་སྟོན་པའི་ཆགས་པ་མ་སྤངས་པ་དང་། ཡོངས་སུ་མ་ཤེས་པ་དང་། མ་བཀག་པ་དང་། མ་བསལ་བའི་ཆགས་པ་དེ་ཡོད་དམ། འོན་ཏེ་ཚེ་དང་ལྡན་པ་འདི་ལ་ཆགས་པ་གང་གིས་ཟིལ་གྱིས་ནོན་ཅིང་སེམས་ལ་ཁྱབ་ན་མི་ཤེས་བཞིན་ཁོ་ནར་ཤེས་སོ་ཞེས་སྨྲ། མ་མཐོང་བཞིན་ཁོ་ནར་མཐོང་ངོ་ཞེས་སྨྲ་ཞིང་གཞན་དག་ལ་ཡང་གང་དེ་དག་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་། སྡུག་བསྔལ་བར་འགྱུར་བ་དེ་ལྟ་དེ་ལྟར་སྟོན་པའི་ཆགས་པ་མ་སྤངས་པ་དང་། ཡོངས་སུ་མ་ཤེས་པ་དང་། མ་བཀག་པ་དང་། མ་བསལ་བའི་ཆགས་པ་དེ་མེད་སྙམ་ན། དེ་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་འདི་ལ་ཆགས་པ་གང་གིས་ཟིལ་གྱིས་ནོན་ཅིང་སེམས་ལ་ཁྱབ་ན་མི་ཤེས་བཞིན་ཁོ་ནར་ཤེས་སོ་ཞེས་སྨྲ། མ་མཐོང་བཞིན་ཁོ་ནར་མཐོང་ངོ་ཞེས་སྨྲ་ཞིང་གཞན་དག་ལ་ཡང་གང་དེ་དག་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་། སྡུག་བསྔལ་པར་འགྱུར་བ་དེ་ལྟ་དེ་ལྟར་སྟོན་པའི་ཆགས་པ་མ་སྤངས་པ་དང་། ཡོངས་སུ་མ་ཤེས་པ་དང་། མ་བཀག་པ་དང་། མ་བསལ་བའི་ཆགས་པ་དེ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མ་ཆགས་པའི་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་གང་དག་ཡིན་པ་དེ་དག་ཚེ་དང་ལྡན་པ་འདི་ལ་ཡོད་ལ། འདི་ཆོས་གང་མདོར་བསྡུས་པའམ། རྒྱས་པར་འཆད་ཀྱང་རུང་འདིའི་ཆོས་ནི་ཞི་བ་གྱ་ནོམ་པ། ཟབ་པ་ཟབ་པར་སྣང་བ། མཐོང་བར་དཀའ་བ། རྟོགས་པར་དཀའ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་བརྟགས་པའི་མཁས་བ་དང་མཛངས་པས་རིག་པར་བྱ་བ་ཡིན་ན། དེ་ཡང་འདི་ལྟར་ཚེ་དང་ལྡན་པ་འདི་གཅིག་ཏུ་ཆགས་པས་ཤེས་པར་སླ་བ་མ་ཡིན་པས་ཚེ་དང་ལྡན་པ་འདི་མ་ཆགས་པ་ཡིན་ཏེ། ཚེ་དང་ལྡན་པ་འདི་ནི་ཆགས་པ་མ་ཡིན་ནོ་སྙམ་མོ། །གང་གི་ཚེ་འདི་དང་པོ་ཆགས་པའི་ཆོས་ལ་རྣམ་པར་དག་པར་མཐོང་ནས་དེའི་འོག་ཏུ་གཉིས་པ་ཞེ་སྡང་གི་ཆོས་དང་། གསུམ་པ་གཏི་མུག་གི་ཆོས་ལ་ཚོལ་བར་བྱེད་དེ། ཅི་ཚེ་དང་ལྡན་པ་འདི་ལ་གཏི་མུག་གང་གིས་ཟིལ་གྱིས་ནོན་ཅིང་སེམས་ལ་ཁྱབ་ན་མི་ཤེས་བཞིན་ཁོ་ནར་ཤེས་སོ་ཞེས་སྨྲ། མ་མཐོང་བཞིན་ཁོ་ནར་མཐོང་ངོ་ཞེས་སྨྲ་ཞིང་གཞན་དག་ལ་ཡང་གང་དེ་དག་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་། སྡུག་བསྔལ་བར་འགྱུར་བ་དེ་ལྟ་དེ་ལྟར་སྟོན་པའི་གཏི་མུག་མ་སྤངས་པ་དང་། ཡོངས་སུམ་ཤེས་པ་དང་། མ་བཀག་པ་དང་། མ་བསལ་བའི་གཏི་མུག་


DKG004_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡོད་དམ། འོན་ཏེ་ཚེ་དང་ལྡན་པ་འདི་ལ་གཏི་མུག་གང་གིས་ཟིལ་གྱིས་ནོན་ཅིང་སེམས་ལ་ཁྱབ་ན་མི་ཤེས་བཞིན་ཁོ་ནར་ཤེས་སོ་ཞེས་སྨྲ། མ་མཐོང་བཞིན་ཁོ་ནར་མཐོང་ངོ་ཞེས་སྨྲ་ཞིང་གཞན་དག་ལ་ཡང་གང་དག་དེ་དག་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་། སྡུག་བསྔལ་བར་གྱུར་པ་དེ་ལྟ་དེ་ལྟར་སྟོན་པའི་གཏི་མུག་མ་སྤངས་པ་དང་། ཡོངས་སུ་མ་ཤེས་པ་དང་། མ་བཀག་པ་དང་། མ་བསལ་བའི་གཏི་མུག་དེ་མེད་སྙམ་ན། དེ་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་འདི་ལ་གཏི་མུག་གང་གིས་ཟིལ་གྱིས་ནོན་ཅིང་སེམས་ཁྱབ་ན་མི་ཤེས་བཞིན་ཁོ་ནར་ཤེས་སོ་ཞེས་སྨྲ། མ་མཐོང་བཞིན་ཁོ་ནར་མཐོང་ངོ་ཞེས་སྨྲ་ཞིང་གཞན་དག་ལ་ཡང་གང་དག་དེ་དག་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མ་ཡིན་པ་དང་། སྡུག་བསྔལ་བར་འགྱུར་བ་དེ་ལྟ་དེ་ལྟར་སྟོན་པའི་གཏི་མུག་མ་སྤངས་པ་དང་། ཡོངས་སུ་མ་ཤེས་པ་དང་། མ་བཀག་པ་དང་། མ་བསལ་བའི་གཏི་མུག་དེ་མེད་དོ། །དེ་ཅིིའི་ཕྱིར་ཞེ་ན། གཏི་མུག་མེད་པའི་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་གང་དག་ཡིན་པ་དེ་དག་ཚེ་དང་ལྡན་པ་འདི་ལ་ཡོད་ལ། འདི་ཆོས་གང་མདོར་བསྡུས་པའམ། རྒྱས་པར་འཆད་ཀྱང་རུང་། འདིའི་ཆོས་ནི་ཞི་བ། གྱ་ནོམ་པ། ཟབ་པ་ཟབ་པར་སྣང་བ། མཐོང་བར་དཀའ་བ། རྟོགས་པར་དཀའ་བ། བརྟག་པར་དཀའ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་བརྟགས་པའི་མཁས་པ་དང་མཛངས་པས་རིག་པར་བྱ་བ་ཡིན་ན། དེ་ཡང་འདི་ལྟར་ཚེ་དང་ལྡན་པ་འདི་གཅིག་པུ་གཏི་མུག་པས་ནི་ཤེས་པར་སླ་བ་མ་ཡིན་པས་ཚེ་དང་ལྡན་པ་འདི་གཏི་མུག་པ་མ་ཡིན་ཏེ། ཚེ་དང་ལྡན་པ་འདི་ནི་གཏི་མུག་པ་ཡིན་ནོ་སྙམ་མོ། །གང་གི་ཚེ་འདི་གསུམ་པ་གཏི་མུག་གི་ཆོས་ལ་རྣམ་པར་དག་པར་མཐོང་ནས་དེའི་འོག་ཏུ་འདི་ལ་རྣམ་པ་དང་ལྡན་པའི་དད་པ་སྐྱེད་པར་བྱེད་དོ། །དད་པ་སྐྱེས་ནས་འདི་ལྟར་སློབ་པར་བྱེད་དེ། ཁྱིམ་ན་གནས་པ་ནི་གནོད་པ་ཅན་དང་། རྡུལ་ཁྲོད་ན་གནས་པ་ཡིན་ལ། རབ་ཏུ་བྱུང་བ་ནི་མངོན་པར་སྐབས་ཡོད་པ་ཡིན་ཏེ། ཁྱིམ་པ་


DKG004_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ན་གནས་པས་ནི་ཇི་སྲིད་འཚོའ་བར་དུ་གཅིག་ཏུ་སལ་གྱིས་དག་པར་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་རྣམ་པར་བྱང་བ་འབའ་ཞིག་པོ་འདི་ལ་སྤྱད་པར་སླ་བ་མ་ཡིན་པས། མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་སྟེ། དེས་དེ་ལྟར་ཐག་བཅད་ནས་ནོར་གྱི་ཚོགས་མང་པོའམ། ཉུང་དུ་སྤངས་ཏེ་ཉེ་དུའི་འཁོར་མང་པོའམ་ཉུང་དུ་སྤངས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་དེ་བཞིན་དུ་རབ་ཏུ་བྱུང་ནས་དེ་ཚུལ་ཁྲིམས་དང་ལྡན་པ་ལ་གནས་པ་ཡིན། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན། སྤྱོད་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན། ཐ་ན་ཁ་ན་མ་ཐོ་བ་ཕྲ་མོ་ལ་ཡང་འཇིགས་པར་ལྟ་བ་ཡིན། བསླབ་པའི་གཞི་རྣམས་བླངས་ཏེ་སློབ་པ་ཡིན་ནོ། །དེ་སྲོག་གཅོད་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལོག་པ་ཡིན་ཏེ། ཆད་པ་སྤངས་པ་ཡིན། མཚོན་ཆ་སྤངས་པ་ཡིན། འཛེམ་པ་དང་། སྙིང་རྗེར་ལྡན་པ་ཡིན། སེམས་ཅན་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་ཆུང་དུ་ན་སྲོག་ཆགས་གྲོག་སྤུར་ཡན་ཆད་སྲོག་གཅོད་པ་ལས་སླར་ལོག་པ་ཡིན་ནོ། །དེ་མ་བྱིན་པར་ལེན་པ་སྤངས་ནས་མ་བྱིན་པར་ལེན་པ་ལས་སླར་ལོག་པ་ཡིན་ཏེ། བྱིན་པ་ལེན་པ་ཡིན། བྱིན་པ་ལ་དགའ་བ་ཡིན་བྱིན་པ་ལྷུག་པར་བཏང་བ་ལ་དགའ་བ་ཡིན་ཏེ། རྐུན་མ་མ་ཡིན། བརྐམ་ཆགས་མ་ཡིན། གཙང་མ་ཡིན། དག་པ་ཡིན། བདག་ཉིད་ཁ་ན་མ་ཐོབ་མེད་པར་སྲུང་ཞིང་མ་བྱིན་པར་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་མི་ཚངས་པར་སྤྱོད་བ་སྤངས་ནས་མི་ཚངས་པར་སྤྱོད་པ་ལས་སླར་ལོག་པ་ཡིན་ཏེ། ཚངས་པར་སྤྱོད་པ་ཡིན། སྤྱོད་པ་ངན་བ་སྤངས་པས་དག་པ་ཡིན། གཙང་བ་ཡིན། དྲི་ང་བ་མེད་པ་ཡིན། འཁྲིག་པ་དང་བྲལ་བ་ཡིན། སྨད་རིམ་གྱི་ཆོས་དང་བྲལ་བ་ཡིན། མི་ཚངས་པར་སྤྱོད་པ་ལས་སླར་ལོག་པ་ཡིན་ནོ། །དེ་བརྫུན་དུ་སྨྲ་བ་སྤངས་ནས་བརྫུན་དུ་སྨྲ་བ་ལས་སླར་ལོག་པ་ཡིན་ཏེ། བདེན་པར་


DKG004_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་ཡིན་བདེན་པ་ལ་དགའ་བ་ཡིན། མཉན་པར་འོས་པ་ཡིན། ཡིད་ཆེས་པ་ཡིན། བརྟན་པ་ཡིན། འཇིག་རྟེན་ལ་མི་བསླུབ་ཡིན་ཏེ། བརྫུན་དུ་སྨྲ་བ་ལས་སླར་ལོག་པ་ཡིན་ནོ། །དེ་ཕྲ་མའི་ཚིག་སྤངས་ནས་ཕྲ་མ་ལས་སླར་ལོག་པ་ཡིན་ཏེ། དེ་ཚུ་བི་དག་ལས་ཐོས་ཏེ་དེ་དག་དབྱེ་བའི་ཕྱིར་ཕ་བི་དག་ལ་སྨྲ་བ་མ་ཡིན། ཕ་བི་དག་ལས་ཐོས་ཏེ་དེ་དག་དབྱེ་བའི་ཕྱིར་ཚུ་བི་དག་ལ་སྨྲ་བ་མ་ཡིན། བྱེ་བ་རྣམས་སྡུམས་བྱེད་པ་ཡིན། མཐུན་པ་རྣམས་ལ་གཟེངས་བསྟོད་པ་ཡིན། མཐུན་པ་ལ་དགའ་བ་ཡིན། མཐུན་པ་ལ་མགུ་བ་ཡིན། མཐུན་པར་བྱེད་པའི་ཚིག་སྨྲ་བ་ཡིན་ཏེ། ཕྲ་མ་ལས་སླར་ལོག་པ་ཡིན་ནོ། །དེ་ཚིག་རྩུབ་པོ་སྤངས་ནས་ཚིག་རྩུབ་པོ་ལས་སླར་ལོག་པ་ཡིན་ཏེ། དེ་གང་ཡང་ཚིག་གདུག་པ་དང་། རྩུབ་པ་དང་། ཕ་རོལ་ལ་མི་སྙན་པ་དང་། ཕ་རོལ་སྤ་འགོང་བར་བྱེད་པ་དང་། སྐྱེ་བོ་མང་པོའ་ཡིད་ལ་མི་འཐད་པ་དང་། སྐྱེ་བོ་མང་པོའ་སྙིད་དུ་མི་སྡུག་པ་དང་། སྐྱེ་བོ་མང་པོ་མི་དགའ་བ་དང་། སྐྱེ་བོ་མང་པོའ་ཡིད་དུ་མི་འོང་བ་དང་། མཉམ་པར་གཞག་པ་མ་ཡིན་པ་དང་། མཉམ་པར་འཇོག་པར་འགྱུར་བ་མ་ཡིན་པ་དེ་ལྟ་བུའི་ཚིག་སྤངས་ནས་གང་ཡང་མི་ཚུགས་པ་དང་། རྣར་སྙན་པ་དང་། སྙིང་ལ་འབབ་པ་དང་། དགའ་བར་བྱེད་པ་དང་། གྲོང་ཁྱེར་པ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་རིག་པར་བྱེད་པ་དང་། མཉན་པར་འོས་པ་དང་། མི་རྟེན་པ་དང་། འགལ་བ་མ་ཡིན་པ་དང་། ཐུབ་པ་མེད་པ་དང་། སྐྱེ་བོ་མང་པོ་ལ་སྡུག་པ་དང་། སྐྱེ་བོ་མང་པོ་མགུ་བ་དང་། སྐྱེ་བོ་མང་པོ་ལ་དགའ་བ་དང་། སྐྱེ་བོ་མང་པོའ་ཡིད་དུ་འོང་བ་དང་། མཉམ་པར་གཞག་པ་དང་། མཉམ་པར་འཇོག་པར་འགྱུར་བ་དེ་ལྟ་བུའི་ཚིག་སྨྲ་བས། ཚིག་རྩུབ་པོ་ལས་སླར་ལོག་པ་ཡིན་ནོ། །དེ་ཚིག་ཀྱལ་པ་སྤངས་ནས་ཚིག་ཀྱལ་པ་ལས་སླར་ལོག་པ་ཡིན་ཏེ། དེ་དུས་སུ་སྨྲ་བ་ཡིན། ཡང་དག་པར་སྨྲ་བ་ཡིན། དེ་ཁོ་ན་ཉིད་སྨྲ་བ་ཡིན། དོན་སྨྲ་བ་ཡིན། ཆོས་སྨྲ་བ་ཡིན། རྟོགས་པ་སྨྲ་བ་ཡིན། ཁོང་དུ་ཆུད་པར་བྱེད་པའི་


DKG004_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྨྲ་བ་ཡིན་ཏེ། དུས་སུ་དང་། འདྲེན་མ་མ་ཡིན་པ་དང་། གླེང་གཞི་དང་བཅས་པ་དང་། དན་རྟགས་དང་བཅས་པ་དང་། ཆོས་དང་དོན་དང་ལྡན་པ་ཡིན་ཏེ་ཚིག་ཀྱལ་པ་ལས་སླར་ལོག་པ་ཡིན་ནོ། །དེ་ཉོ་ཚོང་སྤངས་ནས་དེ་ཉོ་ཚོང་ལས་སླར་ལོག་པ་ཡིན་ཏེ། དེ་གཞལ་བླུགས་ལ་གཡོ་བྱེད་པ་དང་། སྲང་ལ་གཡོ་བྱེད་པ་དང་། ཚད་ལ་གཡོ་བྱེད་པ་སྤངས་ནས་གཞལ་བླུགས་ལ་གཡོ་བྱེད་པ་དང་། སྲང་ལ་གཡོ་བྱེད་པ་དང་། ཚད་ལ་གཡོ་བྱེད་པ་ལས་སླར་ལོག་པ་ཡིན་ནོ། །དེ་གསུག་ལེན་པ་དང་། འབྲིད་པ་དང་། བསྡིགས་ནས་རང་གིར་བྱེད་པ་སྤངས་ནས་གསུག་ལེན་པ་དང་། འབྲིད་པ་དང་། བསྡིགས་ནས་རང་གིར་བྱེད་པ་ལས་སླར་ལོག་པ་ཡིན་ནོ། །དེ་བསད་པ་དང་། བཅིངས་པ་དང་། གཅད་པ་དང་། དབུག་པ་དང་། བརྡེག་པའི་བསམ་པ་སྤངས་ནས་གསོད་པ་དང་། འཆིང་བ་དང་། གཅོད་པ་དང་། འབིགས་པ་དང་། རྡེག་པ་ཉམས་སུ་མྱོང་བར་བྱེད་པ་ལས་སླར་ལོག་པ་ཡིན་ནོ། །དེ་འོད་དང་བུད་མེད་དང་ལྷན་ཅིག་ཉལ་བ་སྤངས་ནས། འོད་དང་བུད་མེད་དང་ལྷན་ཅིག་ཉལ་བ་ལས་སླར་ལོག་པ་ཡིན་ནོ། །དེ་ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཚོང་ཁང་གི་གཞི་ལེན་པ་སྤངས་ནས་ཞིང་གི་གཞི་དང་། ཁྱིམ་གྱི་གཞི་དང་། ཚོང་ཁང་གི་གཞི་ལེན་པ་ལས་སླར་ལོག་པ་ཡིན་ནོ། དེ་གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་དང་། བྱ་གག་དང་། ཕག་ལེན་པ་སྤངས་ནས་གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་དང་། བྱ་གག་དང་། ཕག་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ལེན་པ་སྤངས་ནས་བྲན་ཕོ་དང་། བྲན་པོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ལེན་པ་སྤངས་ནས་བུད་མེད་དང་། ཁྱེའུ་དང་། བུ་མོ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་གསེར་དང་། དངུལ་ལེན་པ་སྤངས་ནས་གསེར་དང་། དངུལ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་འབྲུ་རྗེན་པ་ལེན་པ་སྤངས་


DKG004_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྲུ་རྗེན་པ་ལེན་པ་ལས་སླར་ལོག་པ་ཡིན་ནོ། །དེ་ཟ་མ་གཅིག་པ་ཡིན་ཏེ། ནུབ་མོའ་སྤངས་ཤིང་དུས་མ་ཡིན་པའི་ཁ་ཟས་སྤངས་པ་ཡིན། དུས་སུ་རྒྱུ་ཞིང་དུས་སྤྱོད་པས་སྦྱོར་བ་ལ་བརྩོན་པ་ཡིན། དེ་ལུས་འཚོ་བ་ཙམ་གྱི་ཆོས་གོས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན། བསོད་སྙོམས་ལྷོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པ་ཡིན་ནོ། །དེ་ལུས་འཚོ་བ་ཙམ་གྱི་ཆོས་གོས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན། བསོད་སྙོམས་ལྟོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པས་གང་དང་གང་དུ་འགྲོ་བ་ན་ལྷུང་བཟེད་དང་བཅས་ཆོས་གོས་དང་བཅས་པས་འགྲོའོ། །དཔེར་ན་འདབ་ཆགས་བྱ་གང་དང་གང་དུ་ལྡིང་བ་དེར་འདབ་མ་དང་ཆས་གཤོག་པ་དང་ཆས་ཏེ་ལྡིང་བ་དེ་བཞིན་དུ་དེ་ལུས་འཚོ་བ་ཙམ་གྱི་ཆོས་གོས་ཀྱིས་ཆོག་ཤེས་ཤིང་ཟིན། བསོད་སྙོམས་ལྟོ་འགྲངས་ཀྱིས་ཆོག་ཤེས་ཤིང་ཚོད་ཟིན་པས་གང་དང་གང་དུ་འགྲོ་བ་ན་ལྷུང་བཟེད་དང་བཅས། ཆོས་གོས་དང་བཅས་པས་འགྲོའོ།། །།འདུལ་བ་གཞི། བམ་པོ་བརྒྱ་རྩ་བདུན་པ། རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ས་བོན་གྱི་ཚོགས་དང་། འབྱུང་པོའ་ཚོགས་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། ཐོར་ཏོའ་ས་བོན་དང་། འགས་པའི་ས་བོན་དང་། ལྔ་པ་ས་བོན་གྱི་ས་བོན་ཉིད་དེ། དགེ་སྦྱོང་ནི་ས་བོན་གྱི་ཚོགས་དང་། འབྱུང་པོའ་ཚོགས་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་གསོག་འཇོག་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། ཟས་ཀྱི་གསོག་འཇོག་དང་། སྐོམ་གྱི་གསོག་འཇོག་དང་། གོས་ཀྱི་གསོག་འཇོག་དང་། དྲིའི་གསོག་འཇོག་དང་། མེ་ཏོག་ཕྲེང་གི་གསོག་འཇོག་དང་། ལོ་མའི་གསོག་འཇོག་དང་། མེ་ཏོག་གི་གསོག་འཇོག་དང་། འབྲས་བུའི་གསོག་འཇོག་སྟེ། དགེ་སྦྱོང་གི་གསོག་འཇོག་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་


DKG004_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་གནས་མ་ལ་མཐོང་པོ་དང་། གནས་མ་ལ་ཆེན་པོ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པར་བྱེད་པ་འདི་ལྟ་སྟེ་སྟན་དང་། ཁྲི་དང་། ཁྲི་སྣམ་བུ་ཅན་དང་། རས་ཀྱི་སྣམ་བུ་ཅན་དང་། བེའུ་རས་ཀྱིས་གཡོགས་པ་དང་། རས་ཡུག་ཆེན་གྱིས་གཡོགས་པ་དང་། རས་ཁྲ་བོས་གཡོགས་པ་དང་། པ་ལེ་ལའི་རས་ཀྱིས་གཡོགས་པ་དང་། གླང་པོ་ཆེའི་འཐབ་སྟན་དང་། རྟའི་འཐབ་སྟན་དང་། ངོས་གཅིག་བལ་ལས་བྱས་པ་དང་། ངོས་གཉིས་ཀ་བལ་ལས་བྱས་པ་དང་། སྟོད་བལ་ལས་བྱས་པ་དང་། རྒྱབ་བལ་ལས་བྱས་པ་དང་། ཀ་ལིང་ཀའི་གོས་ཀྱིས་སྟེང་གཡོགས་དང་བཅས་པའི་གོས་དང་། ཕྱོགས་གཉིས་སུ་སྔས་དམར་པོ་བཅུག་པ་སྟེ། དགེ་སྦྱོང་ནི་གནས་མལ་མཐོང་པོ་དང་། གནས་མལ་ཆེན་པོ་རྩོམ་པ་ལ་སྦྱོར་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཆབ་དང་། གཞག་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། མཉེ་བ་དང་། བཀྲུ་བ་དང་། དྲིལ་ཕྱི་དང་། མེ་ཏོག་གི་ཕྲེང་བ་དང་། དྲི་དང་བྱུག་པ་དང་། ཁ་དོག་འཆང་བ་དང་། སེན་མོའ་ཁ་དོག་བསྒྱུར་བ་དང་། སོ་བྱི་དོར་བྱེད་པ་དང་། ཁར་ཕྱེ་མ་འདེབས་པ་དང་། གདོང་གི་བྱི་དོར་དང་། གདོང་མེ་ལོངས་བལྟ་བ་དང་། གཙུག་ཕུད་འཆིང་བ་དང་། གདུགས་ཀྱི་རྩ་བ་སྤུ་བུ་ཅན་དང་། རལ་གྲི་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། མཆིལ་ལྷམ་ཁྲ་བོ་དང་། གོས་སར་པ་དང་། རས་སར་པ་ཁ་ཚར་ཅན་འཆང་བའི་རང་བཞིན་དག་སྟེ། དགེ་སྦྱོང་ནི་གཞག་པ་དང་ཆ་བ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ལྟད་མོ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། གླང་པོ་ཆེས་འགྱེད་པ་དང་། རྟས་འགྱེད་པ་དང་། ཤིང་རྟས་འགྱེད་པ་དང་།


DKG004_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དཔུད་བུ་ཆུང་གིས་འགྱེད་པ་དང་། དབྱུག་པས་འགྱེད་པ་དང་། ཁུ་ཚུར་གྱིས་འགྱེད་པ་དང་། ཁྱུ་མཆོག་གིས་འགྱེད་པ་དང་། མ་ཧེས་འགྱེད་པ་དང་། ར་འགྱེད་པ་དང་། ལུག་འགྱེད་པ་དང་། བྱ་གག་འཐབ་པ་དང་། མཆིལ་པ་འཐབ་པ་དང་། འུར་བ་འཐབ་པ་དང་། བྱ་གག་དང་། མཆི་ལ་པ་དང་། འུར་བར་འཐབ་པ་དང་། བུད་མེད་འཐབ་པ་དང་། སྐྱེས་པ་འཐབ་པ་དང་། གཞོན་ནུ་འཐབ་པ་དང་། གཞོན་ནུ་མ་འཐབ་པ་དང་། ཤིང་འཇོག་པ་དང་། བྲོ་གར་གྱི་ཚོགས་དང་། ཕྲག་པ་ནས་འགོང་བ་དང་། རྒྱལ་མཚན་གྱི་རྩེ་མོ་དང་། དཔུང་གི་ཚོགས་དང་། གཡུལ་བཤམས་པ་དང་། དམག་གི་ཚོགས་ལ་ལྟ་བ་དང་། འདུན་ཕལ་ཆེན་པོ་ལ་ལྟ་བར་འདོད་པ་སྟེ། དགེ་སྦྱོང་ནི་ལྟད་མོ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་སྒྲ་སྣ་ཚོགས་ཉན་པ་རྩོམ་པ་ལ་སྦྱོར་བར་བརྩོན་བས་གནས་པ་འདི་ལྟ་སྟེ། གླང་པོ་ཆེའི་སྐད་དང་། རྟའི་སྐད་དང་། ཤིང་རྟའི་སྒྲ་དང་། དཔུང་བུ་ཆུང་གི་སྒྲ་དང་། རྔ་པ་ཊ་ཧའི་སྒྲ་དང་། དུང་གི་སྒྲ་དང་། རྔ་པོ་ཆེའི་སྒྲ་དང་། རོལ་མོའ་ཚོགས་པའི་སྒྲ་དང་། གར་མཁན་གྱི་སྒྲ་དང་། གླུའི་སྒྲ་དང་། སྨྲ་བའི་སྒྲ་དང་། སེ་གོལ་གྱི་སྒྲ་དང་། ཐལ་མོའ་སྒྲ་དང་། བུམ་པའི་སྒྲ་དང་། རང་བཟོ་དང་། སྙན་དངགས་དང་། ཚིག་དང་ཡི་གེ་སྣ་ཚོགས་དང་། འཇིག་རྟེན་རྒྱང་པན་དང་ལྡན་པ་དང་། གྲགས་པའི་གཏམ་ཉན་འདོད་པ་དག་སྟེ། དགེ་སྦྱོང་ནི་སྒྲ་སྣ་ཚོགས་ཉན་པ་རྩོམ་པ་ལ་སྦྱོར་བར་བརྩོན་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས། ཨུག་ཤུད་དང་། ཁྲས་དང་། རྒྱལ་པོ་རྩོམ་པ་ལ་སྦྱོར་བར་བརྩོན་པར་གནས་པ་འདི་ལྟ་སྟེ། མིག་བརྒྱད་པ་དང་། མིག་བཅུ་པ་དང་། ན་ཡའི་མིག་དང་། ཕྱོགས་ཕྱོགས་ནས་འགྱེད་པ་དང་། བུམ་པས་རྩེ་བ་དང་། རྩ་ལེ་དང་། སུ་ཁ་ལེ་དང་། ཕེག་གིས་རྩེ་བ་དང་། གུལ་ཙ་བ་དང་། ཐུར་མ་དང་། ལག་རྒྱན་དང་། སྐུགས་ཇི་ལྟ་བར་


DKG004_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་པ་སྟེ། དགེ་སྦྱོང་ནི་ཨུག་ཤུད་དང་། ཁྲས་དང་། རྒྱན་པོ་རྩོམ་པ་ལ་སྦྱོར་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་གཏམ་སྣ་ཚོགས་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། རྒྱལ་པོའ་གཏམ་དང་། ཆོམ་རྐུན་གྱི་གཏམ་དང་། དམག་གི་གཏམ་དང་། ཟས་ཀྱི་གཏམ་དང་། སྐོམ་གྱི་གཏམ་དང་། གོས་ཀྱི་གཏམ་དང་། ཚོང་དུས་ཀྱི་གཏམ་དང་། སྨད་འཚོང་གི་གཏམ་དང་། ལས་ངན་བརྗོད་པའི་གཏམ་དང་། རྒྱ་མཚོ་ཆེན་པོ་བརྗོད་པའི་གཏམ་དང་། འཇིག་རྟེན་བརྗོད་པའི་གཏམ་དང་། ལྗོངས་དང་། སྣ་ཆེན་པོ་ལ་གཏོགས་པ་བརྗོད་པའི་གཏམ་སྟེ། དགེ་སྦྱོང་ནི་གཏམ་སྣ་ཚོགས་རྩོམ་པ་ལ་སྦྱོར་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་རྩོད་པའི་གཏམ་རྩོམ་པ་ལ་སྦྱོར་བར་བརྩོན་པས་གནས་པ་འདི་ལྟ་སྟེ། ཇི་ལྟར་ཁོ་བོས་ཆོས་འདུལ་བ་འདི་ཀུན་ཤེས་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་ཆོས་འདུལ་བ་འདི་ཀུན་ཤེས་མོད་ཀྱི་ངའི་ནི་རིགས་པ་དང་ལྡན་ལ་ཁྱོད་ཀྱི་ནི་རིགས་པ་དང་མི་ལྡན་ནོ། །ངའི་ནི་འབྲེལ་ལ་ཁྱོད་ཀྱི་ནི་མི་འབྲེལ་ཏེ་སྔར་སྨྲ་བར་བྱ་བ་ནི་ཕྱིས་སྨྲས། ཕྱིས་སྨྲ་བར་བྱ་བ་ནི་སྔར་སྨྲ་ལ། ཁྱོད་ཀྱིས་ཧ་ཅང་མྱུར་བར་སྨྲས་པ་མི་གསལ་ལོ། །བརྩད་པས་མཇུག་བརྟུལ་གྱིས། ཁྱོད་ཀྱིས་རྩད་པའི་དོན་དུ་སྨྲས་པའི་ཚིག་དེ་ཐོང་ཤིག །ཚར་བཅད་ཟིན་ཏོ། །གལ་ཏེ་སྤོགས་ནུས་ན་དྲིས་དང་། སྨྲོས་ཤིག་ཅེས་བྱ་བ་སྟེ། དགེ་སྦྱོང་ནི་རྩོད་པ་སྣ་ཚོགས་རྩོམ་པ་ལ་སྦྱོར་བ་དེ་ལྟ་བུ་ལས་སླ་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཕོ་ཉར་འགྲོ་བ་དང་། གཏོང་བ་ལོག་པའི་འཚོ་བས་འཚོ་བར་བྱེད་བ་འདི་ལྟ་སྟེ། དེ་དག་རྒྱལ་པོའ་འམ། བློན་པོ་ཆེན་པོ་རྣམས་ཀྱིའམ། བྲམ་ཟེ་རྣམས་ཀྱིའམ། གྲོང་མི་རྣམས་ཀྱིའམ། ཡུལ་མི་རྣམས་ཀྱིའམ། ནོར་ཅན་རྣམས་ཀྱིའམ། ཚོང་དཔོན་རྣམས་ཀྱིའམ། དེད་དཔོན་རྣམས་ཀྱི་ཕོ་ཉ་ཚུ་བི་ནས་ཁྲིད་དེ་ཕ་བིར་སྣ་འདྲེན་བར་བྱེད་པ་དང་། ཕ་བི་ནས་ཕོ་ཉ་


DKG004_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་དེ་ཚུ་བིར་སྣ་འདྲེན་བར་བྱེད་བ་སྟེ། དགེ་སྦྱོང་ནི་ཕོ་ཉར་འགྲོ་བ་དང་། གཏོང་བ་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇའ་བ་དང་། རྙེད་པས་རྙེད་པ་སྒྲུབ་པར་བྱེད་དེ་དགེ་སྦྱོང་ནི་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པ་སྒྲུབ་པ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། གནམ་འགྲུམ་པ་དང་། རྨ་མཚན་དང་། རྨི་ལམ་གྱི་མཚན་མ་དང་། མེས་ཚིག་པ་དང་། ཆུས་རེག་པ་དང་། བྱི་བས་ཟོས་པ་དང་། འབེབས་པ་དང་། སྐད་ཉན་པ་དང་། འབྱུང་པོ་ཐམས་ཅད་ཀྱི་སྐད་དང་། ལུས་ཀྱི་དཔྱད་དང་། ཁྱིམ་སའི་དཔྱད་དང་། ནེ་ཙོའ་དཔྱད་དང་། བྱའི་དཔྱད་དང་། ཁ་ཅིག་མཐེ་བོའ་དཔྱད་ལ་སྦྱོར་བ་སྟེ། དགེ་སྦྱོང་ནི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། རྒྱུ་སྐར་རྣམས་ལ་རབ་ཏུ་སྦྱོར་བ་དང་། ཡུད་ཙམ་དང་ལྡང་བ་དང་། རོ་བརྟག་པ་དང་། སྔགས་ཀྱི་ལས་དང་། ཞི་བའི་ལས་དང་། འབྱུང་པོའ་ལས་དང་། རྒྱས་པའི་ལས་དང་། དབང་དུ་བྱ་བའི་ལས་དང་། ཡི་གེ་འདྲི་བའི་ལས་དང་། བསང་གཏོར་བའི་ལས་དང་། གྲངས་དང་། ཁ་ཅིག་མེ་ལོང་གི་དཔྱད་པ་སྦྱོར་བ་སྟེ། དགེ་སྦྱོང་ནི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་བདག་སྤྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པར་འཚོ་བས་འཚོ་བར་བྱར་པ་འདི་ལྟ་སྟེ། ལུས་ཀྱི་དཔྱད། རྩ་བའི་སྨན། མིག་སྨན་སྦྱིན་པ་དང་། སྣུམ་བག་གི་རོ་སྦྱིན་པ་དང་། སྨན་སྦྱིན་པ་དང་། བུད་མེད་ཀྱི་དཔྱད་དང་། སྐྱེས་པའི་


DKG004_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་དང་། གཞོན་ནུའི་དཔྱད་དང་། གཞོན་ནུ་མའི་དཔྱད་དང་། སྨན་ལ་སྦྱོར་བར་བྱེད་པ་སྟེ། དགེ་སློང་ནི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དང་པས་བྱིན་པ་དག་དཔྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ནོར་བུའི་མཚན་ཉིད་དང་། དབྱུག་པའི་མཚན་ཉིད་དང་། རལ་གྲིའི་མཚན་ཉིད་དང་། མདའི་མཚན་ཉིད་དང་། གླང་པོ་ཆེའི་མཚན་ཉིད་དང་། རྟའི་མཚན་ཉིད་དང་། མཚོན་ཆའི་མཚན་ཉིད་དང་། མ་ཧེའི་མཚན་ཉིད་དང་། ཁྱུ་མཆོག་གི་མཚན་ཉིད་དང་། རའི་མཚན་ཉིད་དང་། ལུག་གི་མཚན་ཉིད་དང་། བྱ་གག་གི་མཚན་ཉིད་དང་། མཆིལ་པའི་མཚན་ཉིད་དང་། འུར་བའི་མཚན་ཉིད་དང་། བུད་མེད་ཀྱི་མཚན་ཉིད་དང་། སྐྱེས་པའི་མཚན་ཉིད་དང་། གཞོན་ནུའི་མཚན་ཉིད་དང་། གཞོན་ནུ་མའི་མཚན་ཉིད་དང་། ཚེ་ཐུང་བའི་རྟགས་དང་། ཚེ་རིང་བའི་རྟགས་དང་། སྐལ་བ་ཆུང་བའི་རྟགས་དང་། སྐལ་བ་ཆེ་བའི་རྟགས་དང་། བསོད་ནམས་ཆུང་བའི་རྟགས་དང་། བསོད་ནམས་ཆི་བའི་རྟགས་དང་། མཐུ་ཆུང་བའི་རྟགས་དང་། མཐུ་ཆེ་བའི་རྟགས་དང་། ཇོ་བོའ་མཚན་ཉིད་དང་། བྲན་གྱི་མཚན་ཉིད་དག་སྟེ། དགེ་སྦྱོང་ནི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། སྨན་མས་ཅིག་ཅར་གཏོང་བ་དང་། སྦྲེངས་ཏེ་གཏོང་བ་དང་། སྐྱུག་པ་དང་། འཁྲུ་བ་དང་། སྣར་བླུགས་པ་དང་། དུ་བ་བརྡུབ་པ་དང་། དུགས་ཀྱི་ལས་དང་། བད་ཀན་གྱི་དཔྱད་དང་། ཕོ་བོའི་དཔྱད་དང་། སྨེ་བའི་དཔྱད་དང་། ཕོལ་མིག་གི་དཔྱད་དང་། རི་དགས་འཁྱིལ་པ་དང་། བྱ་རོག་འཁྱིལ་པ་དང་། མཁུར་བ་འགུལ་བ་དང་། ལྕེ་སོས་ཆོད་པ་དང་། རོ་ལངས་དང་། རོ་ལངས་ཕྱེད་ཀྱི་སྦྱོར་བ་སྟེ། དགེ་སྦྱོང་ནི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་


DKG004_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་ཁ་ཅིག་དད་པས་བྱིན་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། དགུག་པ་དང་། ཀུན་དུ་དགུག་བ་དང་། རྣམ་པར་དགུག་པ་དང་། ཀུན་དུ་རྨོངས་པ་དང་། རྣམ་པར་རྨོངས་པ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇོམས་པའི་ཆོས་དང་། བདེ་བར་བྱེད་པ་དང་། སྡུག་བསྔལ་བར་བྱེད་པ་དང་། བུ་འཆགས་པར་བྱེད་པ་དང་། ཏིལ་གྱི་སྦྱིན་སྲེག་དང་། འབྲས་ཀྱི་སྦྱིན་སྲེག་དང་། ནོར་གྱི་སྦྱིན་སྲེག་དང་། འབྲུའི་སྦྱིན་སྲེག་དང་། མོན་སྲན་སྡེའུ་ཡི་སྦྱིན་སྲེག་དང་། མོན་སྲན་ན་གུའི་སྦྱིན་སྲེག་དང་། རྫས་ཀྱི་སྦྱིན་སྲེག་དང་། སྲེག་བླུགས་ཀྱི་སྦྱིན་སྲེག་དང་། ཉི་མ་ལ་བཀུར་སྟི་བྱེད་པ་དང་། རྒྱུ་སྐར་ལ་བཀུར་སྟི་བྱེད་པ་དང་། ལྷ་ལ་བཀུར་སྟི་བྱེད་པ་དང་། ཁ་ཅིག་དམག་མང་པོ་འདྲེན་པ་སྟེ། དགེ་སྦྱོང་ནི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། འཇིགས་པར་འགྱུར་བ་དང་། ཞི་བར་འགྱུར་པ་དང་། ལོ་ཉེས་པར་འགྱུར་བ་དང་། ལོ་ལེགས་པར་འགྱུར་བ་དང་། ཆར་མི་འབབ་པར་འགྱུར་བ་དང་། ཆར་ལེགས་བར་འབབ་པར་འགྱུར་བ་དང་། ཡ་མས་ཀྱི་ནད་འབྱུང་བར་འགྱུར་བ་དང་། ཡམས་ཀྱི་ནད་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་སྟེ། དགེ་སྦྱོང་ནི་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ཟུན་རྣམས་ཀྱི་རྒྱལ་པོ་རྒྱལ་བར་འགྱུར་ཞིང་ཕྱི་རོལ་པ་རྣམས་ཀྱི་རྒྱལ་པོ་ཕམ་པར་འགྱུར་བ་དང་། ཕྱི་རོལ་པ་རྣམས་ཀྱི་རྒྱལ་པོ་རྒྱལ་བར་འགྱུར་ཞིང་ཟུན་རྣམས་ཀྱི་རྒྱལ་པོ་ཕམ་པར་འགྱུར་བ་དང་། ཟུན་རྣམས་ཀྱི་རྒྱལ་པོ་གཡུལ་དུ་འཇུག་པར་འགྱུར་


DKG004_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཕྱི་རོལ་པ་རྣམས་ཀྱི་རྒྱལ་པོ་འབྱུང་བར་འགྱུར་བ་དང་། ཕྱི་རོལ་པ་རྣམས་ཀྱི་རྒྱལ་པོ་གཡུལ་དུ་འཇུག་པར་འགྱུར་ཞིང་ཟུན་རྣམས་ཀྱི་རྒྱལ་པོ་འབྱུང་བར་འགྱུར་རོ། །ཞེས་བྱ་བ་སྟེ། དགེ་སྦྱོང་ནི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པའི་འཚོ་བས་འཆོ་བར་བྱེད་པ་འདི་ལྟ་སྟེ། ཉི་མ་དང་ཟླ་བ་དག་ལམ་དུ་འགྲོ་ན་འདི་ལྟར་འགྱུར་རོ། །ཉི་མ་དང་ཟླ་བ་དག་ལམ་གོལ་བར་འགྲོ་ན་འདི་ལྟར་འགྱུར་རོ། །ཉི་མ་གཟས་ཟིན་པ་དང་། ཟླ་བ་གཟས་ཟིན་པ་དང་། སྐར་མདའ་ལྷུང་བ་དང་། ཕྱོགས་དམར་པོར་གྱུར་པ་དང་། བར་སྣང་ལས་སྒྲ་འབྱུང་བ་དང་། ལམ་གོལ་བར་ཉི་མ་གཟས་ཟིན་པ་དང་། ཟླ་བ་གཟས་ཟིན་པ་དང་། སྐར་མདའ་ལྷུང་བ་དང་། ཕྱོགས་དམར་པོར་འགྱུར་བ་དང་། བར་སྣང་ལས་སྒྲ་འབྱུང་བ་དང་། ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བ་འཆར་བ་དང་། ནུབ་པ་དང་། བསྒྲིགས་པ་དང་། མ་བསྒྲིབས་པ་དང་། འདི་ལྟ་སྟེ་ལམ་དང་། ལམ་གོལ་བའི་གནས་དག་མི་མངོན་ན་འདི་ལྟར་འགྱུར་རོ་ཞེས་བྱ་བ་སྟེ། དགེ་སྦྱོང་ནི་ཡོན་པོའི་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་དག་སྤྱད་ནས་ཡོན་པོའ་དཔྱད་ཀྱིས་ལོག་པའི་འཚོ་བས་འཚོ་བར་བྱེད་པ་འདི་ལྟ་སྟེ། ཉི་མ་དང་ཟླ་བ་དག་ལམ་དུ་འགྲོ་ན་འབྲས་བུ་འདི་ལྟ་བུར་འགྱུར་བ་དང་། ཉི་མ་དང་ཟླ་བ་དག་ལམ་གོལ་བར་འགྲོ་ན་འབྲས་བུར་འགྱུར་བ་དང་། ལམ་དུ་ཉི་མ་གཟས་ཟིན་པ་དང་། ཟླ་བ་གཟས་ཟིན་པ་དང་། སྐར་མདའ་ལྷུང་བ་དང་། ཕྱོགས་དམར་པོར་འགྱུར་བ་དང་། བར་སྣང་ལས་སྒྲ་བྱུང་ན་འབྲས་བུ་འདི་ལྟ་བུར་འགྱུར་བ་དང་། ལམ་གོལ་བར་ཉི་མ་གཟས་ཟིན་པ་དང་། ཟླ་བ་གཟས་ཟིན་པ་དང། སྐར་མདའ་ལྷུང་བ་དང་། ཕྱོགས་དམར་པོ་འགྱུར་བ་དང་། བར་སྣང་ལས་སྒྲ་བྱུང་ན་འབྲས་བུ་འདི་ལྟ་བུར་འགྱུར་བ་དང་། ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འཆར་བ་དང་ནུབ་པ་དང་། བསྒྲིབས་པ་དང་།


DKG004_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒྲིབས་པ་དང་། འདི་ལྟ་སྟེ་ལམ་དང་། ལམ་གོལ་བ་མངོན་ན་འབྲས་བུ་འདི་ལྟ་བུར་འགྱུར་བ་སྟོན་པ་སྟེ། དགེ་སྦྱོང་ནི་ཡོན་པོའ་དཔྱད་ཀྱི་ལོག་པའི་འཚོ་བ་དེ་ལྟ་བུ་ལས་སླར་ལོག་པ་ཡིན་ནོ། །དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དང་ལྡན་པས་ནང་གི་བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉམས་སུ་མྱོང་བར་བྱེད་ཅིང་དེ་དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དང་། ཀུན་དུ་བསྲུངས་པའི་དྲན་པ་དང་། འགྲུས་སྐྱོང་གི་དྲན་པ་དང་། ཡིད་དྲན་པས་བསྲུངས་པས་གནས་སྐབས་མཉམ་པར་སྤྱོད་པ་ཡིན་ཏེ། དེ་མིག་གི་ས་གཟུགས་རྣམས་མཐོང་ན་ཡིད་བདེ་བར་མི་འགྱུར། ཡིད་མི་བདེ་བར་མི་འགྱུར། མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ནོ། །གཞི་གང་གི་ཕྱིར་ཞེ་ན། མིག་གི་དབང་པོའ་སྡོམ་པས་མ་བསྡམས་པར་གནས་པ་ནི་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་དག་འབྱུང་བས་སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །དེ་རྣམས་བསྡམ་པའི་ཕྱིར་སྒྲུབ་ཅིང་བསྲུང་བར་མིག་གི་དབང་པོས་མིག་གི་དབང་པོ་སྡོམ་པར་བྱེད་དོ། རྣ་བས་སྒྲ་དང་། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། ཡིད་ཀྱིས་ཆོས་རྣམས་ཤེས་ནས་ཡིད་བདེ་བར་མི་འགྱུར། ཡིད་མི་བདེ་བར་མི་འགྱུར། མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན་ནོ། །གཞི་གང་གི་ཕྱིར་ཞེ་ན། ཡིད་ཀྱི་དབང་པོའ་སྡོམ་པས་མ་བསྡམས་པར་གནས་པ་ནི་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་དག་འབྱུང་བས་སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །དེ་རྣམས་བསྡམས་པའི་ཕྱིར་སྒྲུབ་ཅིང་བསྲུང་བར་ཡིད་ཀྱི་དབང་པོས་ཡིད་ཀྱི་དབང་པོ་སྡོམ་པར་བྱེད་དོ། །དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དང་། དབང་པོའ་སྒོ་བསྡམས་པ་དེ་དང་ལྡན་པས་ནང་གི་བདེ་བ་གནོད་པ་མེད་པ་ཉམས་སུ་མྱོང་ཞིང་དེ་འགྲོ་བ་དང་ལྡོག་པ་ལ་ཤེས་བཞིན་དུ་གནས་པ་ཡིན་ནོ། །དེ་ལྟ་བ་དང་། རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་ལེན་པ་དང་། འགྲོ་བ་དང་། འགྲེང་བ་དང་།


DKG004_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་ཀྱིས་དུབ་པ་སེལ་བ་ལ་ཡང་ཤེས་བ་ལ་ཡང་ཤེས་བཞིན་དུ་གནས་པ་ཡིན་ནོ། །དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དང་ལྡན་ཞིང་དབང་པོའ་སྒོ་བསྔམས་པ་དེ་དང་། དྲན་པ་དང་ཤེས་བཞིན་མཆོག་དེ་དང་ལྡན་པས་ནང་གི་བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉམས་སུ་མྱོང་བ་ཡིན་ནོ། །དེ་འཕགས་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་དང་ལྡན་ཞིང་དབང་པོའ་སྒོ་བསྔམས་པ་དེ་དང་། དྲན་པ་དང་ཤེས་བཞིན་མཆོག་དེ་དང་ལྡན་པས་གནས་མལ་དབེན་པ་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དག་ཏུ་གནས་པ་ཡིན་ཏེ། དེ་དགོན་པར་སོན་ཀྱང་རུང་། ཤིང་དྲུང་དུ་སོན་ཀྱང་རུང་། ཁང་སྟོང་དུ་སོན་ཀྱང་རུང་། འདུག་སྟེ་སྐྱིལ་མོ་ཀྲུང་བཅས་ཤིང་ལུས་དྲང་པོར་བསྲང་ནས་དྲན་པ་མངོན་དུ་བཞག་སྟེ། དེ་འཇིག་རྟེན་ལ་བརྣབ་སེམས་སྤངས་ཏེ། བརྣབ་སེམས་དང་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་ཤིང་བརྣབ་སེམས་ཡོངས་སུ་སྦྱོང་བ་ཡིན་ནོ། །འཇིག་རྟེན་ལ་གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་སྤངས་ཏེ་ཡིད་གཉིས་ལས་རྒལ་བ་ཡིན། ཐེ་ཚོམ་དང་སོམ་ཉི་ལས་རྒལ་བ་ཡིན་ཞིང་དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་ཡོངས་སུ་སྦྱོང་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་དཔེར་ན་མི་ཞིག་གིས་སྐྱིན་པོ་ཞིག་བླགས་ནས་ཞིང་བླས་ཀྱི་མཐའ་རྣམས་ལ་བརྩོན་པར་བྱས་ཏེ། དེའི་ལས་ཀྱི་མཐའ་དེ་རྣམས་ཆུད་མ་ཟོས་ཤིང་གྲུབ་ནས་དེས་དེ་ལས་བུ་ལོན་དེ་ཡང་གཞལ་ལ་དེ་ལ་ཆུང་མ་གསོ་བ་ཆོག་ཙམ་ཞིག་ཀྱང་བདོག་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྐྱིན་པོ་བླངས་ནས་ལས་ཀྱི་མཐའ་རྣམས་ལ་བརྩོན་པར་བྱས་ཏེ། བདག་གི་ལས་ཀྱི་མཐའ་དེ་རྣམས་ཆུད་མ་ཟོས་ཤིང་གྲུབ་ནས་བདག་གིས་དེ་ལ་བུ་ལོན་དེ་ཡང་གཞལ། བདག་ལ་ཆུང་མ་གསོ་བ་ཆོག་ཙམ་ཞིག་ཀྱང་བདོག་གོ་སྙམ་སྟེ། དེ་གཞི་དེས་བདེ་བར་གྱུར་ཡིད་བདེ་བར་གྱུར་པ་དང་། དཔེར་ན་མི་ན་བ་ནད་ཚབས་ཆེ་བ་སྡུག་བསྔལ་བ་ཞིག་ཡོད་ལ། དེ་ཟས་ཟོས་པ་ནི་ལུས་ལ་འཇུར་མི་བཏུབ། སྐོམ་


DKG004_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འཐུངས་པ་ནི་ཁོང་དུ་གནོད་པར་གྱུར་པ་ལས་དེ་དུས་གཞན་ཞིག་ན་ནད་མེད་ཅིང་མཐུ་དང་ལྡན་པར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་སྔོན་ན་བ་ན་ནད་ཚབས་ཆེ་བ་སྡུག་བསྔལ་བར་གྱུར་བ་དང་། བདག་གིས་ཁ་ཟས་ཟོས་པ་ནི་ལུས་ལ་འཇུར་མི་བཏུབ། སྐོམ་འཐུངས་པ་ནི་ཁོང་དུ་གནོད་པར་གྱུར་པ་ལས་ད་ནི་བདག་ནད་མེད་ཅིང་མཐུ་དང་ལྡན་པས་བདེ་སྟེ་བདག་གིས་ཟས་ཟོས་པ་ནི་ལུས་ལ་འཇུར་བཏུབ། སྐོམ་འཐུངས་པ་ནི་ཁོང་དུ་གནོད་པར་མ་གྱུར་ཏོ་སྙམ་སྟེ། གཞི་ངེས་དགའ་བ་དང་། རབ་ཏུ་དགའ་བར་གྱུར་པ་དང་། དཔེར་ན་མི་ཞིག་བྲན་དུ་གྱུར་ཏེ། མདག་གཞུག་པ་གོ་རེ་ལོང་ལྟོ་ཁོ་ལ་རང་དབང་མེད་པར་གྱུར་པ་ལས་དེ་དུས་གཞན་ཞིག་ན་བྲན་མི་བྱེད་པར་གྱུར་ཏེ་མངག་གཞུག་པ་མི་བྱེད། གོ་རེ་ལོང་མི་བྱེད། ལྟོ་ཁོལ་མི་བྱེད་དེ། རང་དབང་ཡོད་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་སྔོན་བྲན་དུ་གྱུར་པ་ན་མངག་གཞུག་པ་དང་། གོ་རེ་ལོང་དང་། ལྟོ་ཁོལ་དང་། རང་དབང་མེད་པ་ལས་ད་ནི་བདག་བྲན་མི་བྱེད་པས་མངག་གཞུག་མི་བྱེད། གོ་རེ་ལོང་མི་བྱེད། ལྟོ་ཁོལ་མི་བྱེད་དེ། རང་དབང་ཡོད་དོ་སྙམ་ནས། དེ་གཞི་དེས་བདེ་བར་གྱུར། ཡིད་བདེ་བར་གྱུར་པ་དང་། དཔེར་ན་མི་ཞིག་བཙོན་དུ་བཟུང་སྟེ། ཕྱིན་ཀ་ལོག་ཏུ་དམ་དུ་བཅིངས་པ་ལས་དེ་དེ་ལས་ནོར་གཞལ་བ་མེད་པར་བདེ་བར་ལེགས་པར་ཐར་པར་གྱུར་པ་དང་། དེ་འདི་སྙམ་དུ་སེམས་ཏེ། བདག་སྔོན་བཙོན་དུ་བཟུང་ནས་ཕྱིན་ཀ་ལོག་ཏུ་དམ་དུ་བཅིངས་པར་གྱུར་པ་ལས་ད་ནི་དེ་ལས་ནོར་གཞལ་མི་དགོས་པར་བདེ་བར་ལེགས་པར་ཐར་ཏོ་སྙམ་ནས། དེ་གཞི་དེས་བདེ་བར་གྱུར། ཡིད་བདེ་བར་གྱུར་པ་དང་། དཔེར་ན་མི་ཞིག་སྐྲག་པར་གྱུར་པ་ལས་བདེ་བ་དང་། ལོ་ཉེས་པ་ལས་ལོ་ལེགས་པར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་སྐྲག་པ་ལས་བདེ་བར་གྱུར་ཅིང་། ལོ་ཉེས་པ་ལས་ལོ་ལེགས་པར་གྱུར་ཏོ་སྙམ་སྟེ། དེ་གཞི་དེས་བདེ་བར་གྱུར། ཡིད་བདེ་བར་གྱུར་པ་དེ་བཞིན་དུ་རྒྱལ་པོ་ཆེན་པོ་དེས་བདག་ཉིད་ཀྱི་སྒྲིབ་པ་ལྔ་པོ་འདི་དག་སྐྱིན་པོ་ཇི་ལྟ་བ་དང་། ནང་ཇི་ལྟ་བ་དང་། བྲན་ཇི་ལྟ་བ་དང་། བཙོན་ཇི་ལྟ་བ་དང་། འཇིག་པ་ཇི་ལྟ་བ་བཞིན་དུ་སྤངས་པ་ཡང་དག་པར་རྗེས་སུ་མཐོང་ངོ་། དེ་སྒྲིབ་


DKG004_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔ་པོ་སེམས་ཉེ་བའི་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། མི་མཐུན་པའི་ཕྱོགས་དང་མཐུན་པ། མྱ་ངན་ལས་འདས་པར་མི་འགྱུར་བ་དག་སྤགས་ནས། དེ་འདོད་པ་རྣམས་ལས་དབེན། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན། རྟོག་པ་དང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ནས་གནས་སོ། །དེས་ལུས་དེ་ཉིད་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་མངོན་དུ་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད་ཡོངས་སུ་ཁྱབ་པར་བྱེད་དེ་དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དཔེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་མ་ཁྱབ་པ་འམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དཔེར་ན་ཁྲུས་མཁན་ནམ་ཁྲུས་མཁན་གྱི་སློབ་མ་མཁས་པ་ཞིག་ཁ་ཕོར་རམ། གཞོང་བུ་འམ། ཉ་ཕྱིས་ཀྱི་ནང་དུ་འདག་ཆལ་གྱི་ཕྱེ་མ་ཞི་བ་མོ་བླུགས་ཏེ་ཆུས་བཏབ་སྟེ་བདས་ན་འདག་ཆལ་གྱི་གོང་བུ་དེ་གཤེར་དང་ལྡན། གཤེར་གྱིས་ཞེན་ཏེ། གཤེར་གྱིས་ཕྱི་ནང་ཁྱབ་པས་འབོ་བར་མི་འགྱུར། འཛག་པར་མི་འགྱུར་བ་དེ་བཞིན་དུ་དེས་ལུས་དེ་ཉིད་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་མངོན་དུ་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་དོ། །དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །དེ་རྟོགས་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དངས་ཏེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ནས་གནས་ཤིང་། དེས་ལུས་དེ་ཉིད་


DKG004_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་མངོན་དུ་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དཔེར་ན་རིའི་རྩེ་མོའ་ཕྱོགས་ཤིག་ན་བཀོད་མའི་མཚོ་བྲན་ཞིག་ཡོད་པར་གྱུར་ལ། དེར་ནི་ཤར་ཕྱོགས་ནས་ཀྱང་ཆུ་མི་འབབ་པར་གྱུར་ལ། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན་ཞིང་། བྱང་ཕྱོགས་ནས་ཀྱང་ཆུ་མི་འབབ་ལ། དེར་ལྷས་ཀྱང་དུས་དུས་སུ་ཆར་གྱི་རྒྱུན་མི་འབེབས་ཏེ། གཞན་དུ་ན་བཀོད་མའི་མཚོ་བྲན་དེ་ཉིད་ནས་བཀོད་མའི་ཆུ་འམ། བཀོད་མའི་ཆུ་ཆེན་པོ་ལུང་ནས་བཀོད་མའི་མཚོ་བྲན་དེ་ཐམས་ཅད་ཆུ་བསིལ་བས་གང་བར་བྱེད། ཡོངས་སུ་གང་བར་བྱེད། ཤིན་ཏུ་གང་བར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། བཀོད་མའི་འཚོ་བྲན་དེ་ཐམས་ཅད་འདི་ལྟ་སྟེ། ཆུ་བསིལ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་དེས་ལུས་དེ་ཉིད་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་མངོན་དུ་རླན་བར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཡོངས་སུ་རྒྱས་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མང་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བར་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་རྫོགས་པར་བྱས་ནས་གནས་ཏེ། དེས་ལུས་དེ་ཉིད་དགའ་བ་མེད་པའི་བདེ་བས་མངོན་དུ་རླན་པར་བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དགའ་བ་མེད་པའི་བདེ་བས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དཔེར་ན་ཨུཏྤལ་འམ། པད་མ་འམ། ཀུ་མུ་དའམ། པད་མ་དཀར་པོ་ཆུ་ལས་སྐྱེས་ཤིང་ཚུ་ནས་ཆེན་པོར་གྱུར་པ་རྩེས་བཏགས་ཤིང་འདུག་པ་དེ་དག་གི་རྩ་བ་ནས་རྩེ་མོའ་བར་གྱི་གསབ་གསེབ་འདི་ལྟ་སྟེ། ཆུ་བསིལ་བསམ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་པ་དེ་བཞིན་དུ་དེས་ལུས་དེ་ཉིད་དགའ་བ་མེད་པའི་བདེ་བས་མངོན་དུ་རླན་པར་


DKG004_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། ཡོངས་སུ་རླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཡོངས་སུ་ཁྱབ་པར་བྱེད་དེ། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དགའ་བ་མེད་པའི་བདེ་བས་མ་ཁྱབ་བའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་བ་རྫོགས་པར་བྱས་ནས་གནས་ཏེ། དེ་ལུས་དེ་ཉིད་ཡོངས་སུ་དག་པ་དང་། རྣམ་པར་བྱང་བའི་སེམས་ཀྱིས་ལྷག་པར་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པས་དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། ཡོངས་སུ་དག་པ་དང་། རྣམ་པར་བྱང་བའི་སེམས་ཀྱིས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དཔེར་ན་ཁྱིམ་བདག་གམ་ཁྱིམ་བདག་གི་བུས་རས་ཁྲུ་བརྒྱད་པའམ། དགུ་པས་དེ་མགོ་དང་། ལག་པ་དང་རྐང་པ་གཡོགས་ནས། དེའི་མགོ་དང་ལག་པ་ནས་རྐང་པའི་བར་ལུས་ཐམས་ཅད་འདི་ལྟ་སྟེ། རས་གཙང་མ་ཡོངས་སུ་དག་པས་མ་ཡོག་པའམ། ཡོག་པར་མ་གྱུར་བ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་དེས་ལུས་དེ་


DKG004_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡོངས་སུ་དག་པ་དང་། རྣམ་པར་བྱང་བའི་སེམས་ཀྱིས་ལྷག་པར་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པས་དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། ཡོངས་སུ་དག་པ་དང་། རྣམ་པར་བྱང་བའི་སེམས་ཀྱིས་མ་ཁྱབ་པའམ། ཁྱབ་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །རྒྱལ་པོ་ཆེན་པོ་གང་གི་ཚེ་འཕགས་པའི་ཉན་ཐོས་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་པ་དེའི་ཚེ་དེའི་སེམས་རྒོད་པ་མ་ཡིན་ཞུམ་པ་མ་ཡིན་ནོ། །རྒོད་པ་མེད་ཅིང་ཞུམ་པ་མེད་པས་མི་གཡོ་བར་གནས་པ་ཐོབ་པོ། །དཔེར་ན་ཁང་པ་རྩེག་མའམ། ཁང་པ་རྩེག་མའི་ཁྱམས་སུ་འབྲུ་མར་གྱི་མེ་མར་བུས་པ་དེའི་མེ་ལྕེ་རླུང་ནས་བྱ་དང་མི་དང་མི་མ་ཡིན་པའི་བར་གྱི་ས་མ་བསྐྱོད་ཅིང་མ་བསྒུལ་བ་དེའི་མེ་ལྕེ་དེ་རྒོད་པ་མ་ཡིན་ཞུམ་པ་མ་ཡིན་ནོ། །རྒོད་པ་མེད་ཅིང་ཞུམ་པ་མེད་པར་གནས་པས་མི་གཡོ་བར་འབར་བ་དེ་བཞིན་དུ། གང་གི་ཚེ་འཕགས་པའི་ཉན་ཐོས་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་པ་དེའི་ཚེ་དེའི་སེམས་དེ་རྒོད་པ་མ་ཡིན། ཞུམ་པ་མ་ཡིན་ནོ། །རྒོད་པ་མེད་ཅིང་ཞུམ་པ་མེད་པས་མི་གཡོ་བར་གནས་པ་ཐོབ་ནས་དེ་འདི་སྣམ་དུ་སེམས་ཏེ། བདག་གི་ལུས་ཀྱི་གཟུགས་འདི་ནི་རགས་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་ཡིན་ཏེ། འདི་ལ་བདག་གི་རྣམ་པར་ཤེས་པ་རྟེན་ཅིང་འདི་ལ་གནས་ཏེ་འདི་ལ་ཁྱབ་པར་གནས་ཀྱིས། མ་ལ་བདག་གིས་ལུས་འདི་


DKG004_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡིད་བསྐྱོད་དེ་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་མ་ཡིན་ཞིང་དམན་པ་མ་ཡིན་པ་ཞིག་མངོན་པར་སྤྲུལ་ལོ་སྙམ་ནས། དེ་ལུས་དེ་ལས་ཡིད་བསྐྱོད་དེ་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་མ་ཡིན་ཞིང་དམན་པ་མ་ཡིན་པ་མངོན་པར་སྤྲུལ་པར་བྱེད་དོ། །དཔེར་ན་ནོར་བུ་བཻ་ཌཱུ་བཟང་པོ་རིགས་དང་ལྡན་པ་གསལ་བ་དང་། དང་བ་དང་། དྲི་མ་མེད་པ་ཚོན་སྐུད་སྣ་ལྔ་པ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་ལ་བརྒྱུས་པ་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་སྐུད་པ་ཡིན་ནོ། །འདི་ནི་ནོར་བུ་ཡིན་ཏེ། སྐུད་པ་འདི་ལ་ནོར་བུ་བརྒྱུས་སོ་ཞེས་བྱ་བར་ཤེས་པ་དེ་བཞིན་དུ་དེ་ལུས་དེ་ལས་ཡིད་བསྐྱོད་དེ། ལུས་གཞན་ཞིག་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་མ་ཡིན་ཞིང་དམན་པ་མ་ཡིན་པ་མངོན་པར་སྤྲུལ་པར་བྱེད་དོ། །དཔེར་ན་མི་ཞིག་གིས་རྩྭ་མུན་ཛ་ལས་ཐུར་མ་ཕྱུང་པ་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་རྩྭ་མུན་ཛ་ཡིན་ནོ། །འདི་ནི་ཐུར་མ་ཡིན་ཏེ། མུན་ཛ་ལས་ཐུར་མ་ཕྱུང་བ་ཡིན་ནོ་ཞེས་ཤེས་པ་དེ་བཞིན་དུ་དེ་ལུས་དེ་ལས་ཡིད་བསྐྱོད་ནས་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་མ་ཡིན་ཞིང་དམན་པ་མ་ཡིན་པ་མངོན་པར་སྒྲུབ་པར་བྱེད་དོ། །དཔེར་ན་མི་ཞིག་གིས་ཟ་མ་ཏོག་ནས་སྤྲུལ་ཕྱུང་བ་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་ཟ་མ་ཏོག་ཡིན་ནོ། ཟ་མ་ཏོག་ནས་སྤྲུལ་ཕྱུང་བ་ཡིན་ནོ་ཞེས་ཤེས་པ་དེ་བཞིན་དུ་དེ་ལུས་དེ་ལས་ཡིད་བསྐྱོད་ནས་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་མ་ཡིན་ཞིང་དམན་པ་མ་ཡིན་པ་མངོན་པར་སྤྲུལ་པར་བྱེད་དོ། །དཔེར་ན་མི་ཞིག་གིས་རལ་གྲི་ཤུབས་ནས་ཕྱུང་བ་དེ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན་འདི་ནི་ཤུབས་ཡིན་ནོ། །འདི་ནི་རལ་གྲི་ཡིན་ཏེ། རལ་གྲི་ཤུབས་ནས་ཕྱུང་བ་ཡིན་ནོ་ཞེས་ཤེས་པ་དེ་བཞིན་དུ། དེ་ལུས་དེ་ལས་ཡིད་བསྐྱོད་ནས་ལུས་གཞན་ཡིད་ལས་བྱུང་བའི་གཟུགས་དབང་པོ་མ་ཚང་བ་མ་ཡིན་ཞིང་དམན་པ་མ་ཡིན་པ་མངོན་པར་སྤྲུལ་པར་བྱེད་དོ། །དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་


DKG004_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ་ལས་སུ་རུང་བ་ལ་གནས་པ། མི་གཡོབ་ཐོབ་ནས་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་པར་གཏོད་པར་བྱེད་ཅིང་། དེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དེ། འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་པོར་གྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་གྱུར་པ་དང་། སྣང་བར་གྱུར་ཅིང་མི་སྣང་བར་གྱུར་པའི་ཤེས་པ་མཐོང་བ་ཉམས་སུ་མྱོང་བར་བྱེད་ཅིང་། རྩིག་པ་ལ་ཡང་ཐད་ཀར་འགྲོ། །རི་ལ་ཡང་ཐད་ཀར་འགྲོ། །ར་བ་ལ་ཡང་ཐད་ཀར་འགྲོ་སྟེ། ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བ་ནི་དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱེའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་རྒྱུན་ཕྱོགས་ལས་བཟློག་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་ལ། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་བྱེད་དོ། །དཔེར་ན་གསེར་མགར་རམ་གསེར་མགར་གྱི་སློབ་མ་མཁས་པ་ཞིག་གིས་གསེར་ཤིན་ཏུ་ལས་སུ་རུང་བར་བྱས་པར་རིག་ནས་རྡུངས་སུ་བྱ་བའི་རྣམ་པ་ཕོར་བུ་འམ། མགུལ་རྒྱན་ནམ། ལག་རྒྱན་ནམ། རྐང་རྒྱན་ནམ། སོར་གདུབ་རྒྱའམ། གསེར་གྱི་ཕྲེང་བ་གང་དང་གང་བྱེད་འདོད་པ་དེ་དང་དེ་མྱུར་བ་མྱུར་བར་བྱེད་པ་དེ་བཞིན་དུ། དེ་དེ་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དེ། འདི་ལྟ་སྟེ་གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་དང་། མང་པོར་གྱུར་ནས་གཅིག་ཏུ་གྱུར་པ་དང་། སྣང་བར་གྱུར་ཅིང་མི་སྣང་བར་


DKG004_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཤེས་པ་མཐོང་བ་ཉམས་སུ་མྱོང་བར་བྱེད་ཅིང་། རྩིག་པ་ལ་ཡང་ཐད་ཀར་འགྲོ། །རི་ལ་ཡང་ཐད་ཀར་འགྲོ། །ར་བ་ལ་ཡང་ཐད་ཀར་འགྲོ་སྟེ། ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བ་ནི་དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱེའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་རྒྱུན་ཕྱོགས་ལས་བཟློག་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་ལ། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་ཡང་བྱེད་དོ། །དཔེར་ན་རྫ་མཁན་ནམ་རྫ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་འཇིམ་པའི་གོང་བུ་ཤིན་ཏུ་ལས་སུ་རུང་བར་བྱས་པར་རིག་ནས་སྣོད་ཀྱི་རྣམ་པ་གང་དང་གང་དུ་བསྒྲུབ་པར་འདོད་པ་དེ་དང་དེ་ཁོ་ན་མྱུར་བ་མྱུར་བར་སྒྲུབ་པར་བྱེད་པ་དེ་བཞིན་དུ། དེ་དེ་ལྟར་མཉམ་པར་བཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་བ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་པར་གཏོད་པར་བྱེད་ཅིང་། དེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མཉམས་སུ་མྱོང་བར་བྱེད་དོ། །འདི་ལྟ་སྟེ་གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་དང་། མང་པོར་གྱུར་ནས་གཅིག་ཏུ་གྱུར་པ་དང་། སྣང་བར་གྱུར་ཅིང་མི་སྣང་པར་གྱུར་པའི་ཤེས་པ་མཐོང་བ་ཉམས་སུ་མྱོང་བར་བྱེད་ཅིང་། རྩིག་པ་ལ་ཡང་ཐད་ཀར་འགྲོ། རི་ལ་ཡང་ཐད་ཀར་འགྲོ། །ར་བ་ལ་ཡང་ཐད་ཀར་འགྲོ་སྟེ། ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བ་ནི་དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་། བྱེའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་རྒྱུན་ཕྱོགས་ལས་བཟློག་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་


DKG004_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་ལ། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་ཡང་བྱེད་དོ། །དཔེར་ན་བ་སོ་མཁན་ནམ་བ་སོ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་བ་སོ་ཤིན་ཏུ་ལས་སུ་རུང་བར་བྱས་པར་རིག་ནས་གཟུགས་ཀྱི་རྣམ་བ་གང་དང་གང་དུ་བསྒྲུབ་པར་འདོད་པའི་གཟུགས་ཀྱི་རྣམ་པ་དེ་དང་དེ་མྱུར་བ་མྱུར་བར་སྒྲུབ་པར་བྱེད་པ་དེ་བཞིན་དུ། དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་རྫུ་འཕྲུལ་གྱི་ཡུལ་ཤེས་བ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་པར་གཏོད་པར་བྱེད་ཅིང་། དེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མཉམས་སུ་མྱོང་བར་བྱེད་དེ། འདི་ལྟ་སྟེ་གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་དང་། མང་པོར་གྱུར་ནས་གཅིག་ཏུ་གྱུར་པ་དང་། སྣང་བར་གྱུར་ཅིང་མི་སྣང་བར་གྱུར་པའི་ཤེས་པ་མཐོང་བ་ཉམས་སུ་མྱོང་བར་བྱེད་ཅིང་། རྩིག་པ་ལ་ཡང་ཐད་ཀར་འགྲོ། །རི་ལ་ཡང་ཐད་ཀར་འགྲོ། །ར་བ་ལ་ཡང་ཐད་ཀར་འགྲོ་སྟེ། ལུས་ཀྱིས་ཐོགས་པ་མེད་པར་འགྲོ་བ་ནི་དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱེའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་རྒྱུན་ཕྱོགས་ལས་བཟློག་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་ལ། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་ཡང་བྱེད་དོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པ་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བར་ཉོན་མོངས་པ་དང་བྲལ་པ།


DKG004_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་ལྷའི་རྣ་བ་ཤེས་པའི་མངོན་པར་ཤེས་པ་མངོན་སུམ་དུ་བྱ་བ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེ་ལྷའི་རྣ་བ་རྣམ་པར་དག་པ་མིའི་ལས་འདས་ནས་མི་རྣམས་ཀྱིའམ། མི་མ་ཡིན་པ་རྣམས་ཀྱིའམ། གང་དག་རིང་པོའམ། གང་དག་ཉེ་བའི་སྒྲ་གཉི་ག་ཐོས་པར་བྱེད་དོ། །དཔེར་ན་མི་དུང་འབུད་པ་ཞིག་རི་བྲག་ཆེན་པོའ་ཁར་འཛེགས་ནས་མཚན་ནམ་ཕྱེད་ཀྱི་དུས་སུ་དུས་སུ་དུང་བུས་ན་དེའི་སྒྲ་དེས་ཕྱོགས་ཐ་དད་པ་ཐོགས་པ་མེད་པར་ཁྱབ་པ་དེ་བཞིན་དུ། དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་ལྷའི་རྣ་བ་ཤེས་པའི་མངོན་པར་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེ་ལྷའི་རྣ་བ་རྣམ་པར་དག་པ་མིའི་ལས་འདས་ནས་མི་རྣམས་ཀྱི་འམ། མི་མ་ཡིན་པ་རྣམས་ཀྱིའམ། གང་དག་རིང་པོའམ། གང་དག་ཉེ་བའི་སྒྲ་གཉི་ག་ཐོས་པར་བྱེད་དོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་དེ་སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེའི་ཡིད་ཀྱིས་སེམས་ཅན་གཞན་རྣམས་ཀྱི་དང་། གང་ཟག་གཞན་རྣམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་དབྱོད་པའི་ཡིད་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་བའི་སེམས་ལ་འདོད་ཆགས་དང་བཅསཔའི་སེམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་འཛིན་པ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། ཉེ་བར་ཞི་བ་དང་། ཉེ་བར་ཞི་བ་མ་ཡིན་པ་དང་། མཉམ་པར་གཞག་པ་དང་། མཉམ་པར་གཞག་པ་མ་ཡིན་པ་དང་། བསྒོམས་པ་དང་།


DKG004_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་མ་ཡིན་པ་དང་། རྣམ་པར་གྲོལ་བ་མ་ཡིན་པའི་སེམས་ལ་རྣམ་པར་གྲོལ་བ་མ་ཡིན་པའི་སེམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལ་ཤིན་ཏུ་རྣམ་པར་གྲོལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དཔེར་ན་སྐྱེས་བུ་མིག་དང་ལྡན་པས་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་བླངས་ནས་རང་གི་བཞིན་གྱི་མཚན་མ་ལ་རྟོག་པར་བྱེད་པ་དེ་བཞིན་དུ། དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་བ་དང་བྲལ་བ། དྲང་པོར་གྱུར་པ་ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་པར་གཏོད་པར་བྱེད་ཅིང་། དེའི་ཡིད་ཀྱིས་སེམས་ཅན་གཞན་རྣམས་ཀྱི་དང་། གང་ཟག་གཞན་རྣམས་ཀྱི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་ཡིད་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་འདོད་ཆགས་དང་བཅས་པའི་སེམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་འཛིན་པ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། ཉེ་བར་ཞི་བ་དང་། ཉེ་བར་ཞི་བ་མ་ཡིན་པ་དང་། མཉམ་པར་གཞག་པ་དང་། མཉམ་པར་གཞག་པ་མ་ཡིན་པ་དང་། བསྒོམས་པ་དང་། བསྒོམས་པ་མ་ཡིན་པ་དང་། རྣམ་བར་གྲོལ་བ་མ་ཡིན་པའི་སེམས་ལ་རྣམ་པར་གྲོལ་བ་མ་ཡིན་པའི་སེམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལ་ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ་ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ་སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་དུ་མ་དང་། སྐྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་རྗེས་སུ་དྲན་ཏེ། གང་དུ་བདག་སེམས་ཅན་འདི་དག་གི་ནང་དུ་སྐྱེས་པ་ན་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་བོ། བདག་གནས་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས།


DKG004_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཕྱོགས་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ།། །།འདུལ་བ་གཞི། བམ་པོ་བརྒྱ་རྩ་བརྒྱད་པ། དཔེར་ན་མི་ཞིག་གྲོང་ནས་གྲོང་དུ་སོང་ལ་དེ་ནས་ཀྱང་གྲོང་གཞན་དུ་སོང་སྟེ། དེ་ནས་ཀྱང་འདིར་འོངས་ནས་དེ་འདི་སྙམ་དུ་སེམས་ཏེ་བདག་གིས་གྲོང་ཆེ་གེ་མོ་ནས་གྲོང་ཆེ་གེ་མོར་སོན་ཏོ། །དེ་ནས་ཀྱང་གྲོང་ཆེ་གེ་མོར་རོ། །དེ་ནས་ཀྱང་འདིར་འོངས་སོ་སྙམ་པ་དེ་བཞིན་དུ། དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་བ་དང་བྲལ་བ། དྲང་པོར་གྱུར་པ་ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ། སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་དུ་མ་དང་། སྐྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་རྗེས་སུ་དྲན་ཏེ། གང་དུ་བདག་སེམས་ཅན་འདི་དག་གི་ནང་དུ་སྐྱེས་པ་ན་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་། སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་པོ། །བདག་གནས་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཀྱང་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་


DKG004_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་འཆི་འཕོ་དང་། སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེའི་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་རྣམས་དང་། སྐྱེ་བ་རྣམས་དང་། ཁ་དོག་བཟང་པོ་རྣམས་དང་། ཁ་དོག་ངན་པ་རྣམས་དང་། དམན་པ་རྣམས་དང་། གྱ་ནོམ་པ་རྣམས་དང་། བདེ་འགྲོ་དང་། ངན་འགྲོར་འགྲོ་བ་རྣམས་ཀྱང་མཐོང་ཞིང་སེམས་ཅན་ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་ཞིང་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང་། ལོག་པར་ལྟ་བ་དང་། ལོག་པར་ལྟ་བའི་ཆོས་ཀྱི་ལས་བླངས་པའི་རྒྱུས་རྒྱུད་དེ་དང་རྐྱེན་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་ཞིང་། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་དང་ཡང་དག་པར་ལྟ་བ་དང་ཡང་དག་པར་ལྟ་བའི་ཆོས་ཀྱི་ལས་བླངས་པའི་རྒྱུས། རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཤེས་སོ། །དཔེར་ན་སྐྱེས་བུ་མིག་དང་ལྡན་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་ནས་སྐྱེ་བོའ་ཚོགས་ཆེན་པོ་འོང་བ་དང་། འགྲོ་བ་དང་། འགྲེང་བ་དང། འདུག་པ་དང་། སྤྱོད་པ་སྣ་ཚོགས་ལ་རྟོག་པར་བྱེད་པ་དེ་བཞིན་དུ། དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་


DKG004_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ། ཉེ་བའ་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ་ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་འཆི་འཕོ་དང་། སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེའི་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་རྣམས་དང་། སྐྱེ་བ་རྣམས་དང་། ཁ་དོག་བཟང་པོ་རྣམས་དང་། ཁ་དོག་ངན་པ་རྣམས་དང་། དམན་པ་རྣམས་དང་། གྱ་ནོམ་པ་དང་། བདེ་འགྲོ་དང་། ངན་འགྲོར་འགྲོ་བ་རྣམས་ཀྱང་མཐོང་ཞིང་སེམས་ཅན་ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་ཞིང་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང་། ལོག་པར་ལྟ་བ་དང་ལོག་པར་ལྟ་བའི་ཆོས་ཀྱི་ལས་བླངས་བའི་རྒྱུས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན། ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་ཞིང་འཕགས་པ་རྣམས་ལ་སྐུར་བ་མི་འདེབས་པ་དང་། ཡང་དག་པར་ལྟ་བ་དང་། ཡང་དག་པར་ལྟ་བའི་ཆོས་ཀྱི་ལས་བླངས་པའི་རྒྱུས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཤེས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྤྱོད་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་བ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེས་འདི་ནི་སྡུག་བསྔལ་འཕགས་


DKG004_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ་དང་། འདི་ནི་སྡུག་བསྔལ་འགོག་པ་དང་། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་བ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་ཉིད་མཐོང་བར་འགྱུར་རོ། །དཔེར་ན་གྲོང་རྡལ་ལམ་གྲོང་ཁྱེར་དང་ཧ་ཅང་ཡང་མི་རིང་བ་ན་མཚོ་བྲན་གཏིང་ཟབ་པ། གསལ་བ་དང་བ། རྣམ་པར་དང་བ་ཞིག་ཡོད་པ་དེར་སྐྱེས་བུ་མིག་དང་ལྡན་པ་ཞིག་འགྲམ་དུ་འདུག་ནས་གསེག་མའམ། གྱོ་མོའམ། ཉ་འམ་རུས་སྦལ་ལམ། ཉ་ཕྱིས་སམ། དུང་རྣམས་མཐོང་བ་དེ་བཞིན་དུ། དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་པ། རྣམ་པར་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་བ་དང་བྲལ་བ། དྲང་པོར་གྱུར་པ། ལས་སུ་རུང་བ་ལ་གནས་པ། མི་གཡོ་བ་ཐོབ་ནས་ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ལ་སེམས་མངོན་དུ་གཏོད་པར་བྱེད་ཅིང་། དེས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ་དང་། འདི་ནི་སྡུག་བསྔལ་འགོག་པ་དང་། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་


DKG004_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྲོལ་བའི་ཡེ་ཤེས་ཉིད་མཐོང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེ་ལྟ་ཡིན་ན་ངས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་པ་མ་ཡིན་ནམ། བཙུན་པ་མད་ལགས་ཏེ། དེ་ལྟ་ལགས་ན་བཅོམ་ལྡན་འདས་ཀྱིས་ཡང་དག་པར་མཐོང་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བསྟན་ལགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ལུས་འཕགས་མའི་བུ་མ་གའི་རྒྱལ་པོ་མ་སྐྱེས་དགྲ་མཆི་མ་བླགས་ཏེ་དུས་སོ། །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲས་གོས་ཀྱི་མཐའ་མས་མཆི་མ་ཕྱིས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོངས་ལགས་སོ། །བདེ་བར་གཤེགས་པ་ནོངས་ལགས་ཏེ། འདི་ལྟར་བདག་སྡིག་པའི་གྲོགས་པོའ་གྲོགས་ཅན། སྡིག་པའི་གྲོགས་པོའ་དབང་དུ་མཆིས་པ། སྡིག་པའི་གྲོགས་པོས་ཟིན་པས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་བཀུམ་པས་བྱིས་པ་ཇི་ལྟ་བ་དང་། བླུན་པོ་ཇི་ལྟ་བ་དང་། མི་གསལ་བ་ཇི་ལྟ་བ་དང་། མི་མཁས་པ་ཇི་ལྟ་བ་ལགས་ཏེ། བཙུན་པ་བདག་ནོངས་པར་འཚལ་ཞིང་ནོངས་པར་མཐོང་ན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ནོངས་པ་ལ་ནོངས་པ་གཟུང་དུ་གསོལ། རྒྱལ་པོ་ཆེན་པོ་ཉེས་པ་ལ་ཉེས་པར་ཁྱོད་ཀྱིས་ཁོང་དུ་ཆུད་པ་ནི་བདེན་ཏེ། འདི་ལྟར་ཁྱོད་སྡིག་པའི་གྲོགས་པའི་གྲོགས་ཅན། སྡིག་བའི་གྲོགས་པོའ་དབང་དུ་སོང་བ། སྡིག་པའི་གྲོགས་པོས་ཟིན་པས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་བསད་པ་ནི་བྱིས་པ་ཇི་ལྟ་བ་དང་། བླུན་པོ་ཇི་ལྟ་བ་དང་། མིགས་ལ་བ་ཇི་ལྟ་བ་དང་། མི་མཁས་པ་ཇི་ལྟ་བ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་འདི་ལྟར་ཉེས་པ་ཤེས་ཤིང་མཐོང་ལ་དེ་མཐོང་ནས་ཀྱང་བཤགས་ནས། ཕྱིས་སྡོམ་པར་བྱེད་ན་དགེ་བའི་ཆོས་རྣམས་མི་ཉམས་ཤིང་འཕེལ་བ་ཉིད་དུ་འདོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་གང་འགའ་ཞིག་ཉེས་པ་ཤེས་ཤིང་ཉེས་པ་མཐོང་ནས་ཀྱང་བཤགས་ནས་ཕྱིས་སྡོམ་པར་བྱེད་ན་དེའི་དགེ་བའི་ཆོས་རྣམས་མི་ཉམས་ཤིང་འཕེལ་བ་ཉིད་དུ་འདོད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་


DKG004_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁྱོད་ཀྱིས་འདི་ལྟར་ཉེས་པ་ཤེས་ཤིང་ཉེས་པ་མཐོང་ལ་དེ་མཐོང་ནས་ཀྱང་བཤགས་ནས་ཕྱིས་སྡོམ་པར་བྱེད་ན་ཁྱོད་ཀྱི་དགེ་བའི་ཆོས་རྣམས་མི་ཉམས་ཤིང་འཕེལ་བ་ཉིད་དུ་འདོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་རཔ་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་རྨ་བྱུང་ཞིང་ཉམས་ཏེ། སྡིག་པའི་གྲོགས་པོའ་གྲོགས་ཅན། སྡིག་པའི་གྲོགས་པོའ་དབང་དུ་སོང་བ། སྡིག་པའི་གྲོགས་པོས་ཟིན་པ་དེས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཆོས་ལ་གནས་པ་རྒྱལ་པོ་ཆེན་པོ་བསད་དོ། །དགེ་སློང་དག་གལ་ཏེ་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་ཆོས་ལ་གནས་པ་རྒྱལ་པོ་ཆེན་པོ་བསད་པར་མ་གྱུར་ན། སྟན་འདི་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མངོན་དུ་བྱས་པར་འགྱུར་བ་གང་ཡིན་པའི་གནས་འདི་ཡོད་དོ། །དགེ་སློང་དག་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་ནི་དེ་ལྟར་རྨ་བྱུང་ཞིང་དེ་ལྟར་ཉམས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། །གང་སྡོང་དུམ་ཚིག་པ་ལ་ཡང་ངན་སེམས་མི་བསྐྱེད་ན། རྣམ་


DKG004_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་ཀྱིས། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་བའི་བཟའ་བ་དང་བཅའ་བ་དག་ལྟ་གོན་བྱས་ནས་ནང་བར་སྔར་ལངས་ཏེ་གདན་བཤམས། ནོར་བུའི་ཆུ་སྣོད་བཞག་ནས། སྤྱན་འདྲེན་གྱིས་བཅོམ་ལྡན་འདས་ལ་གདུགས་ཚོད་གསོལ་པ། བཙུན་པ་བཅོམ་ལྡན་འདས་གདུགས་ཚོད་ལགས་ན། ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲའི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། །རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲའི་སྦྱིན་པ་ལ་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་མཛད་དེ། སྦྱིན་སྲེག་མཆོད་སྦྱིན་རྣམས་ཀྱི་མཆོག །སྡེ་བ་སྦྱོར་མཆོག་ནི་ཉི་མའི་ལྷ། །མི་ཡི་མཆོག་ནི་རྒྱལ་པོ་སྟེ། །རྒྱ་མཚོ་ཆུ་བོ་རྣམས་ཀྱི་མཆོག །ཟླ་བ་རྒྱུ་སྐར་རྣམས་ཀྱི་གཙོ། །ཉི་མ་སྣང་བྱེད་རྣམས་ཀྱི་གཙོ། །སྟེང་དང་འོག་དང་ཐད་ཀར་ཡང་། །འགྲོ་བའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་


DKG004_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ནི་རྫོགས་སངས་རྒྱས། །དེ་ནས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་ཀུ་དགའ་བར་མཛད་ནས། གདན་ལས་བཞེངས་ཏེ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་མ་ག་འི་རྒྱལ་པོ་མ་སྐྱེས་དགྲ་གཞི་མེད་པའི་དད་པ་ལ་བཞག་པ་དེའི་ཚེ་གལ་ཏེ་ཁང་བཟངས་ཀྱི་སྟེང་ངམ། གླང་པོ་ཆེ་ལ་ཞོན་པ་ལས། བཅོམ་ལྡན་འདས་མཐོང་ན་ཡང་དེའི་ཚེ་བདག་ཉིད་མཆོད་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་གླང་པོ་ཆེ་ལ་ཞོན་པས་བཅོམ་ལྡན་འདས་མཐོང་ནས་དེས་བདག་ཉིད་མཆོངས་པ་དང་། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་བླངས་སོ། །དེས་ཞོ་ཤས་འཚོ་བ་དང་། ནང་མི་རྣམས་ལ་བསྒོ་བ། ཤེས་ལྡན་དག་ཤེས་པར་གྱིས་ཤིག་དེང་ཕན་ཆད་ང་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལ་སྐྱབས་སུ་སོང་གིས་དེ་ལྟ་བས་ན་དེང་ཕན་ཆད་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་སྒོ་མ་དགག་ཤིག །ལྷ་སྦྱིན་དང་། ལྷ་སྦྱིན་གྱི་ཉན་ཐོས་རྣམས་ལ་ནི་སྒོ་ཁོག་ཤིག །ཇི་ཙམ་དུས་གཞན་ཞིག་ན། ལྷ་སྦྱིན་རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་དུ་འཇུག་པར་བརྩམས་པ་དང་། སྒོ་བས་སྨྲས་པ། ནང་དུ་མ་འཇུག་པར་སྡོད་ཅིག །ཅིའི་ཕྱིར་ལྷས་བཀའ་སྩལ་པ། དེང་ཕན་ཆད་དང་བཅོམ་ལྡན་འདས་དང་། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་སྐྱབས་སུ་སོང་གིས། དེ་ལྟ་བས་ན་དེང་ཕན་ཆད་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་མ་རྣམས་ལ་སྒོ་མ་དགག་ཤིག །ལྷ་སྦྱིན་དང་། ལྷ་སྦྱིན་གྱི་ཉན་ཐོས་རྣམས་ལ་ནི་སྒོ་ཁོག་ཤིག་ཅེས་བྱུང་ངོ་། །དེ་ཡང་སྒོ་ན་སྟོད་ཅིང་འདུག་པ་ལས་དགེ་སློང་མ་ཨུཏྤ་ལའི་མདོག་བསོད་སྙོམས་བླངས་ཏེ་རྒྱལ་པོའ་ཕོ་བྲང་ནས་ཕྱིར་བྱུང་བ་དང་། ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། འདི་ནི་དགེ་སྦྱོང་མགོ་རེག་མོ་འདིའི་ལས་ཡིན་ཏེ། འདིས་རྒྱལ་པོ་མ་སྐྱེས་དགྲ་ནང་མི་དང་། གཞོན་ནུ་དང་། བློན་པོ་དང་བཅས་པ་དང་། བདག་ཏུ་དབེན་བྱས་པས་དེས་ན་བདག་འདི་འདྲ་འབི་གནས་སྐབས་སུ་གྱུར་ཏོ་སྙམ་དུ་བསམས་ནས། ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ལ་ཁོ་བོས་ཉེས་པ་ཅི་བྱས་ན། གང་གི་ཕྱིར་ཁྱོད་ཀྱིས་ཁོ་བོ་བསོད་སྙོམས་ཀྱི་ཁྱིམ་ལས་རིང་དུ་བྱས་ཤེས་དེས་དེ་བསད་པར་བརྩམས་ཏེ་དེ་ལ་བསྣུན་པ་ན། དེ་སྙིང་རྗེ་རྗེ་སྐད་དུ་ཚིག་རེ་རེ་ནས་དལ་གྱིས་སྨྲས་པ། འཕགས་པ་རྣམས་མི་བཟོད་དེ། ཅི་བདག་རེ་ཞིག་ཁྱོད་བཅོམ་ལྡན་འདས་ཀྱི་མཆེད་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་ལ་དེ་ལྟར་བགྱིད་དམ། བདག་གིས་དེ་ལྟར་མ་བགྱིས་ཀྱིས་བཟོས་པ་མཛོད་ཅིག་ཅེས་དེ་སྐད་སྨྲས་ཀྱང་། ལྷ་སྦྱིན་གྱིས་དེའི་མགོ་བོར་ཁུ་ཚུར་གྱིས་བསྣུན་ཏོ། །དེ་གནད་ཀྱི་ཚོར་བས་ཉེན་ཏེ་སྲོག་གི་འདི་བྱེད་བྱིན་གྱིས་བརླབས་ཏེ་ཚེའི་འདུ་བྱེད་བཏང་ནས་བརྩོན་འགྲུས་ལ་གནས་ཏེ་དགེ་སློང་མའི་དབྱར་ཁང་དུ་སོང་ངོ་། །དགེ་སློང་མ་རྣམས་ཀྱིས་དེ་ལྟ་བུ་དེ་མཐོང་ནས་སྨྲས་པ། འཕགས་མ་ཅི་ནོངས། དེས་སྨྲས་པ། ཕུ་ནུ་མོ་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་པ་ཡིན་པས་ཁྱེད་ཅག་དགེ་བའི་ཆོས་རྣམས་ལ་བག་ཡོད་པར་གྱིས་ཤིག །ལྷ་སྦྱིན་གྱིས་མཚམས་མེད་པ་གསུམ་པ་བྱས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་དེ་ནས་དགེ་སློང་མའི་དགེ་འདུན་གྱི་མདུན་དུ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བྱས་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་


DKG004_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལྷ་སྦྱིན་གྱིས་དགེ་སློང་མ་ཨུཏྤ་ལའི་མདོག་སྙིང་རྗེ་རྗེ་སྐད་དུ་སྨྲེས་བཞིན་དུ་ཁུ་ཚུར་གྱིས་བསྣུན་ཏེ་བཀུམ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ་ཇི་ལྟར་འདས་པའི་དུས་ན་ཡང་འདིས་འདི་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་བཞིན་དུ་བསད་དེ་ཤ་ཟོས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་ཁྱིམ་བདག་ཅིག་གནས་ཏེ། དེའི་ལུག་རྫིས་ལུག་གི་ཁྱུ་དེ་བསྐྱང་བའི་ཕྱིར་གྲོང་ཁྱེར་ནས་ཕྱི་རོལ་དུ་བྱུང་ངོ་། །དེ་ནས་བསྐྱངས་ནས་ཉི་མ་ནུབ་པའི་དུས་ཀྱི་ཚེ་རི་འོར་དུ་འདའ་བར་བརྩམས་པ་དང་། དེ་ན་ལུག་མ་རྒན་ཞིག་ཕྱི་ནས་འབྲང་ཞིང་སོང་བ་དེ་སྤྱང་ཀིས་བཟུང་བ་དང་སྨྲས་པ། ཞང་ཞང་ཅིག་ཁྱོད་བདེའམ། །ཞང་ཞང་རེ་ལྟ་བ་དེར་གྱུར་ཏམ། །ཞང་ཞང་ཉག་གཅིག་དགོན་པ་ན། །ཇི་ག་བདེ་བ་བལྟར་ལགས་སམ། །དེས་ཀྱང་སྨྲས་པ། ཁོ་བོའ་མཇུག་མ་བརྫིས་ནས་སུ། །མཇུག་མའི་སྤུ་ཡང་བྱི་ནས་ནི། །ཞང་པོ་ཞེས་པའི་ཚིག་སྨྲས་པ། །ལུག་ཁྱོད་ཐར་བར་རེའམ་ཅི། །ལུག་མ་མོས་ཡང་སྨྲས་པ། ཁྱོད་ཀྱི་མཇུག་མ་ཕོངས་ན་ཡོད། །བདག་གི་མདུན་ནས་འོངས་གྱུར་ན། ཇི་ལྟ་བུ་ཡི་ཐབས་ཤིག་གིས། །བདག་གིས་མཇུག་མ་བརྫིས་པར་འགྱུར། །སྤྱང་ཀིས་ཡང་སྨྲས་པ། གླིང་བཞི་པ་འདི་རྒྱ་མཚོར་བཅས། །རི་བོར་བཅས་པ་ཐམས་ཅད་ན། །བདག་གི་མཇུག་མ་ཡོད་ཡིན་ན། །ཁྱོད་ནི་གང་ནས་འོངས་པ་ཞིག །ལུག་མ་མོས་སྨྲས་པ། བཟང་པོ་ཁྱོད་ཀྱི་མཇུག་མ་ནི། །ཐམས་ཅད་ན་ནི་མཆིས་སོ་ཞེས། །བདག་གིས་གཉེན་ལས་སྔོན་ཐོས་ནས། །ནམ་མཁའ་ལས་ནི་མཆིས་ལགས་སོ། །སྤྱང་ཀིས་སྨྲས་པ། མ་རྒན་ཁྱོད་ཉིད་དེ་རིང་ནི། །ནམ་མཁའ་ལས་ནི་འོངས་ནས་སུ། །བདག་གི་བཟའ་སྐལ་གང་ཡིན་པའི། །བདག་གི་རི་དགས་ཚོགས་དེ་བསྐྲོགས། །དེ་ནི་དེ་སྐད་སྨྲ་བཞིན་དུ། །


DKG004_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་ལས་ཅན་གྱིས་མཆོངས་ནས། །ལུག་གི་མགོ་བོ་བཅད་ནས་ནི། །བསད་དེ་ཤ་ཡང་ཟོས་པར་གྱུར། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྤྱང་ཀི་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ལུག་མ་རྒན་གང་ཡིན་པ་དེ་ནི་དགེ་སློང་མ་ཨུཏྤ་ལའི་མདོག་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་བཞིན་དུ་བསད་དོ། །ད་ལྟར་ཡང་འདི་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་བཞིན་དུ་བསད་དོ། །དེ་ནས་ལྷ་སྦྱིན་འདི་སྙམ་དུ་སེམས་ཏེ། བདག་གིས་བཅོམ་ལྡན་འདས་ལ་ཕ་རོལ་གནོན་པ་མང་དུ་བྱས་ཤིང་མཚམས་མེད་པ་ཡང་གསུམ་བྱས་ཏེ། བཅོམ་ལྡན་འདས་ལ་རྡོ་འཕངས་ནས་ཁྲག་ཕྱུང་བ་འདི་ནི་མཚམས་མེད་པ་དང་པོ་ཡིན་ནོ། །དགེ་འདུན་ཕྱེ་བ་ནི་གཉིས་པ་ཡིན་ནོ། །ཨུཏྤ་ལའི་མདོག་བསད་པ་འདི་ནི་གསུམ་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་ཐོབ་ལ། གཞན་ཡང་དགོས་པ་ཅུང་ཟད་ཀྱང་མ་གྲུབ་སྟེ། ད་ནི་གཞན་བྱར་མེད་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་སྙམ་དུ་བསམས་ནས། ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ །ཇི་ཙམ་ན་རྫོགས་བྱེད་དེའི་དྲུང་དུ་ཕྱིན་ནས་སྨྲས་པ། ལྷ་སྦྱིན་ཅིའི་ཕྱིར་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། གང་གིས་ན་བདག་ཞེ་སྡང་གི་དབང་དུ་སོང་བས་བཅོམ་ལྡན་འདས་ལ་ཕ་རོལ་གནོན་པ་མང་དུ་བྱས་ཤིང་མཚམས་མེད་པའི་ལས་གསུམ་བྱས་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཡུན་རིང་དུ་གནས་པར་འགྱུར་ན། བདག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་མི་འདུག །དེས་སྨྲས་པ། བདག་གིས་ཤཱཀྱ་རྣམས་ཀྱི་ནང་ན་ཁྱོད་འབའ་ཞིག་མཁས་པ་ཡིན་ནོ་སྙམ་དུ་ཤེས་ན་ཁྱོད་ཀྱང་བླུན་པ་ལྟ། གང་གིས་ན་ཁྱོད་འདི་ལྟར་སེམས་ཁོང་དུ་ཆུད་ཅིང་འདུག་པའི་འཇིག་རྟེན་ཕ་རོལ་ག་ལ་ཡོད། གལ་ཏེ་འཇིག་རྟེན་ཕ་རོལ་ཡོད་ན་ཁྱོད་ཀྱིས་ལས་འདི་འདྲ་བ་བྱས་པས་ཁྱོད་ཀྱི་ཕྱིར་ཁོ་བོ་ཡང་སེམས་ཁོང་དུ་ཆུད་ཅིང་འདུག་


DKG004_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གོ། །དེ་ཡིད་ཆེས་པར་བྱ་བའི་ཕྱིར་དེས་དེའི་མདུན་དུ་རིལ་བ་བཅག་ནས། རེ་ཞིག་ལྷ་དང་བཅས་པའི་འཇིག་རྟེན་གྱིས་འདི་སླར་འབྱོར་པར་བྱོས་ཤིག །ཡེ་བག་མ་ཚ་ཤིག །འདི་ལ་བྱེད་པ་པོ་འམ། བྱེད་དུ་འཇུག་པ་པོ་ནི་འགའ་ཡང་མེད་དོ། །དེ་ལྟ་མོད་ཀྱི་སོང་ལ་སེར་སྐྱའི་གཞིར་སོན་ནས་རྒྱལ་སྲིད་བྱོས་ཤིག་དང་བདག་གིས་ཁྱོད་ཀྱི་བློན་པོའ་མཆོག་བགྱིའོ། །དེ་ན་ལྷ་སྦྱིན་འཕགས་པ་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་ཐོབ་སྟེ། དེས་ན་ཐམས་ཅད་ཀྱི་ཐམས་ཅད་དུ་དགེ་བའི་རྩ་བ་རྣམས་ཆད་པར་གྱུར་ཏོ། །དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷ་སྦྱིན་གྱིས་དགེ་བའི་རྩ་བ་རྣམས་བཅད་དེ། །དགེ་སློང་དག་ངས་ཇི་སྲིད་ལྷ་སྦྱིན་ལ་དཀར་པོའ་ཆོས་གཟིགས་པ་དེའི་བར་དུ་ངས་འདི་ལྟར་ལྷ་སྦྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་བར་གནས་པས་གསོར་མི་རུང་བའོ་ཞེས་ལྷ་སྦྱིན་ལུང་མ་བསྟན་ཏོ། །དཔེར་ན་གྲོང་ཁྱེར་རམ། གྲོང་རྔལ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཕྱི་ས་ཁུང་ཟབས་སུ་མི་གང་ལྷག་ཙམ་ཞིག་ཡོད་པ་དེར་མི་འགའ་ཞིག་མགོ་དང་། ལག་པ་དང་། རྐང་པ་དང་བཅས་པར་ནུབ་པར་གྱུར་པ་དེ་ལ་མི་ཡུན་རིང་པོར་དོན་དུ་འདོད་པ་ཕན་པར་འདོད་པ། བདེ་བར་འདོད་པ། གྲུབ་པ་དང་བདེ་བ་ལ་རེག་པར་འདོད་པ་འགའ་ཞིག་སོང་སྟེ། དེས་ཕྱིས་ཁུང་དེའི་ཉེ་འཁོར་ཀུན་ཏུ་བསྐོར་ཞིང་སོང་སྟེ། མི་དེའི་ཕྱི་སས་མ་རེག་པའི་ཕྱོགས་འགའ་ཞིག་རྙེད་ན་འདི་དེ་ནས་བཟུང་སྟེ་དབྱུང་བར་བྱའོ་སྙམ་ནས། དེས་དེའི་ཉེ་འཁོར་ཀུན་ཏུ་བསྐོར་ཏེ་སོང་ན་མི་དེ་ལ་དེས་བཟུང་སྟེ་དབྱུང་བའི་ཕྱོགས་ཆུང་དུ་ན་ལག་མཐིལ་ཙམ་ཡང་མི་གཙང་བསམ་རེག་པ་ཅུང་ཟད་ཀྱང་མེད་པ་དེ་བཞིན་དུ། དགེ་སློང་དག་ངས་ཇི་སྲིད་ལྷ་སྦྱིན་ལ་དཀར་པོའི་ཆོས་གང་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་གཟིགས་པ་དེའི་བར་དུ་ནི་ངས་འདི་ལྟར་ལྷ་སྦྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་པར་གནས་པས་གསོར་མི་རུང་བའོ་ཞེས་ལྷ་སྦྱིན་ལུང་མ་


DKG004_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་གྱི། ངས་གང་ནས་ལྷ་སྦྱིན་ལ་དཀར་པོའ་ཆོས་ཆུང་དུ་ན་སྐྲའི་རྩེ་མོའ་ཆ་ཤས་ཙམ་ཡང་མ་གཟིགས་པ་དེ་ནས། ངས་འདི་ལྟར་ལྷ་སྦྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་པར་གནས་པས་གསོར་མི་རུང་བའོ་ཞེས་ལྷ་སྦྱིན་ལུང་བསྟན་ཏོ། །དགེ་སློང་དག་ལྷ་སྦྱིན་སྡིག་པ་མི་དགེ་བའི་ཆོས་གསུམ་དང་ལྡན་པས་ངན་སོང་སེམས་ཅན་དམྱལ་བར་བསྐལ་པར་གནས་པས་གསོར་མི་རུང་ངོ་། །དགེ་སློང་དག་གསུམ་གང་ཞེ་ན། ཐོག་མ་ཉིད་ནས་ལྷ་སྦྱིན་སྡིག་པ་འདོད་པར་གྱུར་ཅིང་སྡིག་པ་འདོད་པའི་དབང་དུ་གྱུར་པ་སྟེ། གང་ལྷ་སྦྱིན་ཐོག་མ་ཉིད་ནས་སྡིག་པ་འདོད་པར་གྱུར་ཅིང་སྡིག་པ་འདོད་པའི་དབང་དུ་གྱུར་པ་དམ་པ་མ་ཡིན་པའི་ཆོས་དང་པོ་འདི་དང་ལྡན་པས། ལྷ་སྦྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་པར་གནས་པས་གསོར་མི་རུང་ངོ་། །དགེ་སློང་དག་གཞན་ཡང་ལྷ་སྦྱིན་སྡིག་པའི་བཤེས་གཉེན་ཅན། སྡིག་པའི་གྲོགས་ཅན། སྡིག་པ་དང་སྡོང་བ་སྟེ། གང་ལྷ་སྦྱིན་ཐོག་མ་ཉིད་ནས་སྡིག་པའི་བཤེས་གཉེན་ཅན། སྡིག་པའི་གྲོགས་ཅན། སྡིག་པ་དང་སྡོང་བ་དམ་པ་མ་ཡིན་པའི་ཆོས་གཉིས་པ་འདི་དང་ལྡན་པས་ལྷ་སྦྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་པར་གནས་པས་གསོར་མི་རུང་ངོ་། །གཞན་ཡང་ལྷ་སྦྱིན་ཁྱད་པར་ངན་དོན་ཅུང་ཟད་ཙམ་ཞིག་རྟོགས་ནས་གོང་དུ་བྱ་བ་ཡོད་བཞིན་དུ་སྒྱིད་ལུག་པར་གྱུར་ཏེ། གང་ལྷ་སྦྱིན་གྱིས་ཁྱད་པར་ངན་དོན་ཅུང་ཟད་རྟོགས་ནས་གོང་དུ་བྱ་བ་ཡོད་བཞིན་དུ་བར་དུ་སྒྱིད་ལུག་པ་དམ་པ་མ་ཡིན་པའི་ཆོས་གསུམ་པ་འདི་དང་ལྡན་པས་ལྷ་སྦྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་པར་གནས་པས་གསོར་མི་རུང་ངོ་ཞེས་སྨྲའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིག་རྟེན་འདི་ན་འགའ་ཡང་ནི། །ནམ་དུའང་སྡིག་འདོད་སྐྱེ་མ་གྱུར། །དེས་ན་སྡིག་པ་འདོད་རྣམས་ཀྱི། །འགྲོ་བ་གང་ཡིན་ཤེས་པར་གྱིས། །ལྷ་སྦྱིན་མཁས་པར་ཀུན་


DKG004_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཤིང་། །བསྒོམས་པ་ཡི་ནི་བདག་ཉིད་དུ། །བཀུར་ཅིང་དཔལ་གྱིས་ཤིན་ཏུ་ནི། །མཛེས་པར་རྣམ་པར་གྲགས་ཡིན་ན། །དེ་ནི་བག་མེད་དང་ལྡན་འདིར། །དེ་བཞིན་གཤེགས་ལ་ཁྱད་བསད་པས། །རྫོགས་སངས་རྒྱས་ནི་རབ་མཁྱེན་པས། །བསྐལ་པར་གནས་པར་དེ་ལུང་བསྟན། །འཇུངས་ཤིག་སྡིག་པའི་ཀུན་རྟོག་ཅན། །ལོག་པར་ལྟ་བ་མ་གུས་པ། །སྒོ་བཞི་པར་ནི་ཤེས་པ་ཡི། །མནར་མེད་དམྱལ་བ་དེ་ཐོབ་བོ། །གནོད་པ་མེད་ཅིང་སྡིག་པའི་ལས། །མི་མཛད་པ་ལ་གང་འཁུ་བ། །འཇིག་རྟེན་འདི་དང་ཕ་རོལ་དུའང་། །སྡིག་པ་དེ་ཉིད་རེག་པར་འགྱུར། །གང་ཞིག་དུག་གི་བུམ་པ་ཡིས། །རྒྱ་མཚོ་མ་རུང་བྱེད་འདོད་པ། །ཆུ་གཏེར་འཇིགས་རུང་ཆེན་པོ་དེ། །དེ་ཡིས་དེ་སུན་མི་ཕྱིན་ལྟར། །གང་ཞིག་དེ་བཞིན་གཤེགས་པ་ལ། །ཁ་ཟེར་སུན་འབྱིན་དེ་དང་འདྲ། །ཡང་དག་གཟིགས་པ་ཞི་བའི་ཐུགས། །གང་ལ་ཕྱར་ཀས་མི་རྫི་བ། །དེ་འདྲ་བ་ནི་བཤེས་གཉེན་བྱ། །དེ་ནི་མཁས་པས་བསྟེན་བྱ་སྟེ། །དེ་ལྟ་བུ་ལ་བསྟེན་བྱས་ན། །ལེགས་པར་འགྱུར་ཞིང་སྡིག་མི་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ནས་ལྷ་སྦྱིན་འཕགས་པ་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་དང་ལྡན་ཏེ། དགེ་བའི་རྩ་བ་ཆད་པ་འཇིག་རྟེན་ཕ་རོལ་མེད་དོ་སྙམ་པའི་ངེས་པ་ཐོབ་ནས་ཉན་ཐོས་རྣམས་ལ་གཞི་ལྔས་ཆོས་སྟོན་པར་བྱེད་དེ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་ནི་ཞོ་དང་འོ་མ་ལ་ལོངས་སྤྱོད་དེ། །དེང་ཕྱིན་ཆད་བདག་ཅག་གིས་ལོངས་སྤྱད་པར་མི་བྱའོ། །དེ་ཅིིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་རྣམས་ལ་གནོད་པར་འགྱུར་བས་སོ། །དགེ་སྦྱོང་གཽ་ཏ་མ་ནི་ཤ་ལ་ལོངས་སྤྱོད་དེ། །བདག་ཅག་གིས་ལོངས་སྤྱད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་ཆགས་དག་གསོད་པར་འགྱུར་བས་སོ། །དགེ་སྦྱོང་གཽ་ཏ་མ་ནི་ལན་


DKG004_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཚྭ་ལ་ལོངས་སྤྱོད་དེ། བདག་ཅག་གིས་ལོངས་སྤྱད་པར་མི་བྱ་སྟེ། རྡུལ་ཁྲོད་ནས་བྱུང་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་རས་ཁ་ཚར་བཅད་པ་དག་གྱོན་ཏེ། བདག་ཅག་གིས་རས་ཁ་ཚར་རིང་པོ་དག་བགོའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེས་རས་ཐག་པ་རྣམས་ཀྱི་སྐྱེས་བུའི་རྩལ་དོན་མེད་པར་འགྱུར་བས་སོ། །དགེ་སྦྱོང་གཽ་ཏ་མ་ནི་དགོན་པ་ན་གནས་ཏེ། བདག་ཅག་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་མི་རྣམས་ཀྱི་སྦྱིན་པའི་ཆོས་ལ་ལོངས་མ་སྤྱད་པར་འགྱུར་བས་སོ། །ཞེས་འཆད་པར་བྱེད་དོ། །བར་སྡོམ་ལ། འོ་མ་ཤ་དང་ལན་ཚྭ་དང་། །གོས་དང་དགོན་པར་གནས་པའོ། །ཇི་ཙམ་ན་བཅོམ་ལྡན་འདས་ལྗོངས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་པ་དང་ལྷ་སྦྱིན་གྱིས་བསམས་པ། བདག་གིས་དགེ་སྦྱོང་གཽ་ཏ་མ་ལ་གནོད་པ་ནི་མང་པོ་ཞིག་བྱས་ན་དགེ་སྦྱོང་གཽ་ཏ་མ་བསད་པར་མ་ནུས་ཀྱིས། སོང་ལ་དེའི་ཆུང་མ་དབྲོག་པར་བྱའོ་སྙམ་ནས་དེ་སེར་སྐྱའི་གཞིར་སོང་སྟེ། དེས་གྲགས་འཛིན་མ་ལ་དགེ་སྦྱོང་གཽ་ཏ་མ་རབ་ཏུ་བྱུང་ནས་ཁྱོད་ཀྱི་ཕྱིར་བདག་འོངས་ཀྱིས། བདག་དང་ཁྱོད་དུ་ལྷན་ཅིག་དགའ་མགུར་སྤྱད་པར་བྱའོ་ཞེས་སྤྲིང་བ། །དེས་ས་འཚོ་མ་ལ་བཟླས་པ་དང་། དེས་སྨྲས་པ། ཁྱོད་ཀྱིས་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་ནི་བདག་ཅག་གི་ལག་པ་ནས་འཛིན་པར་སྤྲོ་ན། གལ་ཏེ་ཁྱོད་ཀྱང་སྤྲོ་ན་ཚུར་ཤོག་ཤིག་ཅེས་སྤྲིང་ཤིག །དེས་དེ་ལ་སྤྲིང་ནས་དེ་ངོ་ཚ་མེད་པས་ཕོ་བྲང་དུ་ཞུགས་སོ། །དེས་ཐམ་སྐས་ལ་འཛེགས་ནས་ས་འཚོ་མ་མཐོང་བ་དང་། དེས་འཛུམ་པས་ཐལ་མོ་སྦྱར་བར་བརྩམས་ཤིང་དེ་ནི་ཚན་པོ་ཆེའི་སྟོབས་ཅན་ཡིན་པས་དེའི་ལག་པ་གཡོན་པས་དེའི་སོར་མོ་བསྡམས་པས་ཁྲག་འཛག་པར་གྱུར་ཏོ། །དེ་ནས་དེས་བྱང་ཆུབ་སེམས་དཔའི་རོལ་པའི་རྫིང་དུ་བོར་རོ། །དེ་བོར་བ་ན་ཁུས་བཏབ་པ་ཤཱཀྱ་རྣམས་ཀྱིས་ཐོས་ནས། ལྷ་སྦྱིན་བྱང་ཆུབ་སེམས་དཔའ་ཕོ་བྲང་དུ་ཞུགས་ནས་བཙུན་མོ་རྣམས་འཕྲོག་གོ་ཞེས་བརྒྱུགས་པ་ན། དེ་


DKG004_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དེ་རོལ་པའི་རྫུང་དུ་བོར་མཐོང་ནས་དེ་རྣམས་ཀྱིས་གྲོས་བྱ་བར་བརྩམས་པ། འདི་བསད་དམ། ཡང་བསམས་པ། ཤི་ཟིན་པ་འདི་བས་ད་དེ་ཅི་རུང་། བཅོམ་ལྡན་འདས་ཀྱིས་འདི་ལྟར་ལྷ་སྦྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་བར་གནས་ཏེ་གསོར་མི་རུང་བའོ་ཞེས་འདི་ལུང་བསྟན་པ་ཉིད་དོ་ཞེས་དེ་རྣམས་ཀྱིས་དེ་བསྐྲད་པ་དང་གཏོར་ཁུང་ནས་བྱུང་སྟེ་བྲོས་པ་ལས་དེའི་གོས་རལ་ཏེ་དུམ་བུ་གཉིས་སུ་གྱུར་ཏོ། །དེས་བསམས་པ། འདི་ནི་ལེགས་ཀྱིས། བདག་གི་ཉན་ཐོས་རྣམས་ལ་བསྐོན་ནོ་སྙམ་མོ། །དེས་དུས་གཞན་ཞིག་ན་ཤཱཀྱ་རྣམས་བསྡུས་ཏེ་སྨྲས་པ། བདག་རྒྱལ་སྲིད་ལ་ཞོག་ཤིག །དེ་རྣམས་ཀྱིས་སྨྲས་པ། བྱང་ཆུབ་སེམས་དཔའི་བཙུན་མོ་ཡོད་དེ་རེ་ཞིག་བདག་གིར་བྱོས་ལ། དེ་ནས་ཕྱིས་རྒྱལ་སྲིད་གྱིས་ཤིག་ཅེས་དེ་སྐད་སྨྲས་པ་དང་། ལྷ་སྦྱིན་ཤཱཀྱ་རྣམས་ཀྱི་དོགས་པ་དང་བྲལ་ནས་ཁང་བཟངས་ཀྱི་སྟེང་དུ་འཛེགས་ཏེ་གྲགས་འཛིན་མའི་དྲུང་དུ་སོང་སྟེ་ཐལ་མོ་སྦྱར་ཏེ་སྨྲས་པ། ཁྱོད་ཀྱིས་བཀའ་སྩལ་པ་ཉན་གྱིས་ཐུགས་བག་མཛོད་ཅིག་དང་། བདག་གི་བཙུན་མོའི་དམ་པར་བགྱིས་ལ་སེར་སྐྱའི་གཞི་ལ་རྒྱལ་སྲིད་བགྱིའོ། །གྲགས་འཛིན་མ་ནི་རབ་གནོན་ཆེན་པོའ་སྟོབས་དང་ལྡན་པ་ཡིན་པས་དེ་ཁྲི་བཟང་པོ་ལས་ལངས་ནས་ལག་པ་གཉིས་ནས་བཟུང་སྟེ། པུས་མོས་བརྡབས་ནས་དེའི་ལག་པ་གཉིས་ནས་ཁྲག་འཛག་པར་གྱུར་ཏོ། །དེ་སྡུག་བསྔལ་ཚོར་བས་ཉེན་པ་དང་གྲགས་འཛིན་མས་སྨྲས་པ། ཁྱོད་ནི་ངོ་ཚ་མེད་ཅིང་བླུན་པོ་ཡིན་ཏེ། ཁྱོད་ཁོ་མོས་ལག་པ་ནས་བཟུང་བ་གང་ཡིན་པའང་བཟོད་པར་མི་ནུས་པར་ཁོ་མོ་འདོད་དམ། ཁོ་མོའ་ཁྱིམ་ཐབ་ཏུ་ནི་འཁོར་ལོས་སྒྱུར་བའམ། བྱང་ཆུབ་སེམས་དཔའ་འགྱུར་རོ་ཞེས་དེས་སྤྱོས་ནས་དེ་ནས་ཕོ་བྲང་ནང་ནས་བྱུང་བ་དང་། ཤཱཀྱ་རྣམས་ཀྱིས་སྨྲས་པ། སོང་ལ་བཅོམ་ལྡན་འདས་ལ་བཟོད་པ་གསོལ་ཅིག །གལ་ཏེ་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་བཟོད་པ་གནང་ན་དེའི་འོག་ཏུ་


DKG004_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་བྱས་སོ་ཅོག །དེས་བེའུ་ཡི་ལྟེ་བ་ལྟ་བུ་ཞེས་བྱ་བའི་དུག་མཆོག་ཏུ་རྣོ་བས་སེན་མོའ་གསེབ་བཀང་སྟེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ལ། གལ་ཏེ་དགེ་སྦྱོང་གཽ་ཏ་མས་བཟོད་པ་བྱས་ན་དེ་ལྟ་ན་ལེགས། གལ་ཏེ་བཟོད་པ་མ་བྱས་ན་དེ་ཉིད་དུ་དེའི་རྐང་པ་གཉིས་ལ་གཏུགས་ནས་སེན་མོ་བཀང་བའི་དུག་གིས་རྐང་པ་གཉིས་བསྐུ་བར་བྱའོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཟོད་པར་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་ཅི་འདྲ་བའི་སེམས་ཀྱིས་ངའི་སྤྱན་སྔར་འོངས་སྙམ་ན་དེ་བསད་པའི་སེམས་ཀྱིས་ཡིན་པར་གཟིགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཞབས་ཀྱི་མཐིལ་ནས་ཞབས་ཀྱི་པུས་མོའ་ལྷ་ང་མན་ཆད་ཤེལ་གྱི་རང་བཞིན་དུ་མངོན་པར་སྤྲུལ་ནས་ཅང་མི་གསུང་བར་བཞུགས་སོ། །དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སེན་མོས་རྨད་བྱུང་བར་བརྩམས་པ་ལས་དེའི་སེན་མོ་ཆག་ནས་དེ་སྐྱེངས་ཏེ་གསོལ་པ། འདི་ལྟར་ཁྱོད་ཀྱིས། གང་དག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །ཞེས་གསུངས་པས་ཁྱོད་ལ་སྐྱབས་སུ་མཆིའོ། །གལ་ཏེ་ངན་འགྲོར་མཆི་བར་གྱུར་ན་ཁྱོད་ཀྱི་དེ་བརྫུན་ལགས་པར་འགྱུར་རོ། །ཤིན་ཏུ་དྲག་པོའ་ལས་ཡོངས་སུ་རྫོགས་པར་བྱས་པ་རྣམས་ལ་ནི་ལུས་ཞིག་པ་ལ་མི་སྡོད་པས་དེ་གསོན་པོ་ཉིད་དུ་མནར་མེད་པའི་མེ་འབར་བས་ཀུན་ནས་ཡོག་ནས་ཀུན་དགའ་བོ་ཚིག་གོ །ཀུན་དགའ་བོ་བསྲེགས་སོ་ཞེས་དུ་བར་བརྩམས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རང་གི་སྐྱེ་བོ་ལ་མཉེས་གཤིན་པ། སྙིང་རྗེ་དང་ལྡན་པ། བྱམས་པའི་བདག་ཉིད་ཅན་དེས་སྨྲས་པ། ལྷ་སྦྱིན་ཚུར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐྱབས་སུ་སོང་ཤིག །དེ་སྡུག་བསྔལ་གྱི་ཚོར་བས་ཉེན་ཅིང་ལས་ཀྱི་འབྲས་བུ་མངོན་སུམ་དུ་མཐོང་ནས་བསམ་པ་ཐག་པ་ནས་སེམས་བསྐྱེད་ཅིང་ཚིག་


DKG004_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡང་སྨྲས་པ། བདག་རུས་པའི་ཁོང་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོའོ་ཞེས་སྨྲས་ནས། རང་གི་ལུས་ཀྱིས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷ་སྦྱིན་གྱིས་དགེ་བའི་རྩ་བ་མཚམས་སྦྱར་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་བསྐལ་པར་གནས་ནས་རང་བྱང་ཆུབ་མངོན་སུམ་དུ་བྱས་པར་འགྱུར་ཏེ། རང་སངས་རྒྱས་རུས་པ་ཅན་ཞེས་བྱ་བར་འགྱུར་རོ། །དེ་མངོན་པར་བྱང་ཆུབ་མ་ཐག་ཏུ་བསོད་སྙོམས་ལ་སོང་ནས་དེ་མཐའ་གཅིག་ཏུ་བཞག་སྟེ། ལག་པ་འཁྲུ་ཞིང་སེམས་པ་ལ་ཞུགས་པ། བདག་ཅིའི་ཕྱིར་ཡུན་རིང་པོར་འཁོར་བ་ན་འཁོར་བར་གྱུར་སྙམ་པ་ལས་དེས་བསམས་ན། བདག་གིས་ཚེ་རབས་ཚེ་རབས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པ་དང་། ཐམས་ཅད་མཁྱེན་པ་ཤེས་བྱ་ལ་མངའ་བརྙེས་པ་ལ་ཡང་ཕ་རོལ་གནོན་པ་བྱས་ལ། དེ་ཡང་རྙེད་པ་དང་བཀུར་སྟིའི་ཕྱིར་ཡིན་པར་ཤེས་ནས། དེས་བསོད་སྙོམས་དེ་ཡང་ལོངས་མ་སྤྱད་པར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱི་ཀུན་ཏུ་སྤྱོད་པ་ནི་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་ཞིང་འགྲོ་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་རང་བྱང་ཆུབ་ཏུ་ལུང་བསྟན་གྱིས། ཚུར་བདག་ཅག་མནར་མེད་པའི་དམྱལ་བ་ཆེན་པོའ་ནང་དུ་དོང་ལ་ལྷ་སྦྱིན་སྤྲོ་བ་སྲིང་ངོ་ཞེས་དེ་ནས་ཚེ་དང་ལྡན་པ་


DKG004_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་མནར་མེད་པའི་སེམས་ཅན་དམྱལ་བ་ཅེན་པོའི་ནང་དུ་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་སྨྲས་པ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སེམས་ཅན་དམྱལ་བ་རྣམས་ལ་སོམས་ཤིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཇི་ལྟར་སེམས་མཉམ་པར་གཞག་ན་ཆར་པའི་རྒྱུན་གཏུན་ཤིང་ཙམ་འབབ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཆུ་དེ་མནར་མེད་པའི་ལྕེ་རྣམས་ཀྱི་བར་དུ་བསྐམས་སོ། །དེ་བཞིན་དུ་གཉའ་ཤིང་དང་། ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་གྱི་རྒྱུན་དག་དབབ་པར་བརྩམས་པ་དང་། ཆུ་དེ་ཡང་བར་དུ་བསྐམས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་མོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དམྱལ་བ་དེ་ཐམས་ཅད་ཆུས་བཀང་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། ལྷ་སྦྱིན་གང་ཡིན་པ་དེ་ཚུར་ཤོག །ལྷ་སྦྱིན་བརྒྱ་སྟོང་ཕྲག་དུ་མ་འོངས་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། བཅོམ་ལྡན་འདས་ཀྱི་གཅུང་ལྷ་སྦྱིན་གང་ཡིན་པ་དེ་ཚུར་ཤོག་ཤིག །དེ་ནས་ལྷ་སྦྱིན་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུའི་རྐང་པ་གཉིས་ལ་གཏུགས་པ་དང་དེ་གཉིས་ཀྱིས་སྨྲས་པ། ཁྱོད་ལ་གནོད་པའི་ཁྱད་པར་ཅུང་ཟད་ཡོད་དམ་དེས་སྨྲས་པ། རེ་ཞིག་མནར་མེད་པའི་སེམས་ཅན་རྣམས་ཀྱི་སྤྱི་ཐུན་གང་ཡིན་པ་དེ་ལྟ་ཞོག་གི །བདག་ལ་གང་ཟག་པ་ལྷག་པ་མཆིས་པ་གང་ལགས་པ་དེ་གསོན་ཅིག །ལྕགས་ཀྱི་རི་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་དག་མཆིས་ནས་བདག་ལ་ཏིལ་བཞིན་འཐག་པར་བགྱིད་དོ། །སོག་ལེ་ཕྱོགས་གཉིས་ཀ་ན་སོ་མཆིས་པས་ཡན་ལག་དང་ཉིད་ལག་རྣམས་འཐུབ་པར་བགྱིད་དོ། །ལྕགས་ཀྱི་ཐོ་བ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་


DKG004_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གྱུར་པ་དག་གིས་མྱུར་བ་མྱུར་བར་མགོ་ཕྱེ་མར་རློག་པར་བགྱིད་དོ། །ཕྱོགས་བཞིན་ས་གླང་པོ་ཆེ་དག་མཆིས་ནས་དེ་རྣམས་ཀྱིས་བདག་འབྲས་ཕྱེ་བཞིན་དུ་འཐག་པར་བགྱིད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱིས་སྨྲས་པ། ལྷ་སྦྱིན་ཁྱོད་ཀྱིས་ལྕགས་ཀྱི་རི་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་དག་འོངས་ཏེ་ཁྱོད་ལ་ཏིལ་བཞིན་འཐག་པར་བྱེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་འདི་ལྟར་ཁྱོད་ཀྱིས་བཅོམ་ལྡན་འདས་དགྲོངས་པའི་ཕྱིར་རི་བྱ་རྒོད་ཀྱི་ཕུང་པོ་ལས་རྡོ་འཕངས་པ་དེའི་ལས་ཀྱི་འབྲས་བུ་ཡིན་ནོ། །སོག་ལེ་ཕྱོགས་གཉིས་ན་སོ་ཡོད་པ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་དག་གིས་ཡན་ལག་དང་ཉིང་ལག་ཐམས་ཅད་འཐུབ་པར་བྱེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་འདི་ལྟར་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཕྱེ་བ་དེའི་ལས་ཀྱི་འབྲས་བུ་ཡིན་ནོ། །ལྕགས་ཀྱི་ཐོ་བ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་རྣམས་ཀྱིས་མྱུར་བ་མྱུར་བར་གླད་པ་ཕྱེ་མར་རློག་གོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་འདི་ལྟར་ཁྱོད་ཀྱིས་དགེ་སློང་མ་དགྲ་བཅོམ་པ་ཨུཏྤ་ལའི་མདོག་ཁུ་ཚུར་གྱིས་བསྣུན་ཏེ་བསད་པ་དེའི་ལས་ཀྱི་འབྲས་བུ་ཡིན་ནོ། །ཕྱོགས་བཞི་ནས་གླང་པོ་ཆེ་རྣམས་ལྷགས་ཏེ་དེ་རྣམས་ཀྱིས་བདག་འབྲས་ཕྱེ་བཞིན་དུ་འཐག་པར་བྱེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་འདི་ལྟར་ཁྱོད་ཀྱིས་བཅོམ་ལྡན་འདས་དགྲོངས་པའི་ཕྱིར་གླང་པོ་ཆེའི་དམ་པ་ནོར་སྐྱོང་རྦད་པ་དེའི་ལས་ཀྱི་འབྲས་བུ་ཡིན་ནོ། །དེ་ལྟ་མོད་ཀྱི་ཁྱོད་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། །བཙུན་པ་ཤཱ་རིའི་བུ་ཅི་ཞིག་ཏུ། །དགེ་སློང་དག་ལྷ་སྦྱིན་གྱིས་དགེ་བའི་རྩ་བ་མཚམས་སྦྱར་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་བསྐལ་པར་གནས་ནས་རང་སངས་རྒྱས་རུས་པ་ཅན་ཞེས་བྱ་བར་འགྱུར་རོ་ཞེས་གསུང་ངོ་། །དེས་


DKG004_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། བཙུན་པ་ཤཱ་རིའི་བུ་གལ་ཏེ་དེ་ལྟ་ན་བདག་བློ་གཅིག་པུས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་གནས་པར་བཟོད་དོ།། །།འདུལ་བ་གཞི། བམ་པོ་བརྒྱ་རྩ་དགུ་པ་སྟེ་ཐ་མའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དེ་གཉིས་ཀོ་ཀ་ལི་ཀ་ལ་སོགས་པ་གང་ན་བ་དེར་དོང་བ་དང་། ཇི་ཙམ་ན་ཀོ་ཀ་ལི་ཀའི། ལྕེ་ཐོང་གཤོལ་བརྒྱས་རྨེད་དོ། །མི་མཇེད་ཀྱི་བདག་པོ་ཚངས་པས་ཀོ་ཀ་ལི་ཀ་ལ་སྨྲས་པ། ཀོ་ཀ་ལི་ཀ་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དེས་པ། ཚངས་པ་མཚུངས་པར་སྤྱོད་པ་ལའོ་བྱམས་དག་ལ་སེམས་དད་པ་སྐྱེད་ཅིག་ཅེས་སྨྲས་པ་དང་། ཀོ་ཀ་ལི་ཀས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་མཐོང་ནས་སྨྲས་པ། སྡིག་པ་ཅན་འདི་གཉིས་འདིར་ཡང་འོངས་པ་ལྟ་ཞེས་ཚིག་ཏུ་སྨྲས་མ་ཐག་ཏུ་ཀོ་ཀ་ལི་ཀའི་ལྕེ་ལ་ཐོང་གཤོལ་སྟོང་གིས་རྨེད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱིས་འདི་དག་ལ་ཅི་བྱར་ཡང་མེད་དོ་སྙམ་ནས་སླར་ལོག་སྟེ། འོད་སྲུང་རྫོགས་བྱེད་གང་ན་བ་དེར་དོང་བ་དང་། དེ་ནས་འོད་སྲུང་རྫོགས་བྱེད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱི་རྐང་པ་ལ་གཏུགས་ནས་སྨྲས་པ། འཕགས་པ་ཤཱ་རིའི་བུ་བདག་གིས་ཆོས་ལོག་པར་བཤད་ནས་སྐྱེ་བོའ་ཚོགས་བསླུས་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་བདག་གི་ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨེད་དོ། །སློབ་མ་རྣམས་ཀྱིས་ཇི་ལྟ་ཇི་ལྟར་བདག་གི་ཆད་པ་ལ་བགྱི་བ་བགྱིད་པ་དེ་ལྟ་དེ་ལྟར་བདག་གིས་ཆེས་མི་བཟད་པའི་ཚོར་བ་ཉམས་སུ་མྱོང་བ་ལགས་ཀྱིས། བདག་གི་གནས་སྐབས་དེ་དག་ལ་རིག་པར་བགྱིས་ནས། དེའི་ཆད་པ་ལ་བྱ་བ་མ་བྱེད་ཅིག་ཅེས་བཟློག་ཏུ་གསོལ། དེ་བཞིན་དུ་བྱའོ་ཞེས་ཁས་བླངས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་པུ་གཉིས་ཀྱིས་དམྱལ་བར་བརྒྱུས་ཏེ་རྫུ་འཕྲུལ་གྱིས་འཛམ་བུའི་གླིང་དུ་ཕྱིན་ནས་དེ་གཉིས་ཀྱིས་


DKG004_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དང་། དགེ་སློང་རྣམས་དང་། སྐྱེ་བོའ་ཚོགས་ལ་ལྷ་སྦྱིན་དང་། ཀོ་ཀ་ལི་ཀ་དང་། རྫོགས་བྱེད་ལ་སོགས་པ་སེམས་ཅན་དམྱལ་བར་སྐྱེས་པ་རྣམས་ཀྱི་གནས་སྐབས་རྒྱས་པར་བསྙད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལྷ་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་བཀའ་མ་ལགས་པར་བགྱིས་པས་མནར་མ་མཆིས་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་འདིས་ངའི་ཚིག་མ་ཡིན་པར་བྱས་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ན་བ་ལང་རྣམས་ཀྱི་ནང་དུ་སྐྱེས་ནས་ཁྱུ་མཆོག་ཏུ་གྱུར་ཏེ། དེ་ནུབ་མོ་གྲོང་ཁྱེར་ནས་བྱུང་ནས་རྒྱལ་པོའ་མོན་སྲན་གྲེའུ་ཡི་ཞིང་ལ་ཟ་ཞིང་ཉིན་པར་གྲོང་ཁྱེར་ན་གནས་སོ། །ཇི་ཙམ་ན་དེའི་དྲུང་དུ་བོང་བུ་ཞིག་འོངས་ནས་སྨྲས་པ། ཞང་པོ་ཁྱོད་ཀྱི་ཁྲག་དང་། ཤ་དང་། པགས་པ་ནི་རྒྱས་ལ། ཁྱོད་རྒྱུ་བ་ནི་ལན་འགའ་ཡང་བདག་གིས་མ་མཐོང་ངོ་། །དེས་སྨྲས་པ། ཚ་བོ་བདག་ནི་ནུབ་མོ་རྒྱལ་པོའ་མོན་སྲན་གྲེའུ་ཡི་ཞིང་ལ་ཟའོ། །དེས་སྨྲས་པ། ཞང་པོ་བདག་ཀྱང་ཁྱོད་དང་ལྷན་ཅིག་མཆིའོ། །དེས་སྨྲས་པ། ཚ་བོ་ཁྱོད་ནི་སྐད་འབྱིན་འདོད་པས་གནོད་པ་བྱས་པར་མི་འགྱུར་གྲང་། དེས་སྨྲས་པ། ཞང་པོ་མི་དབྱུང་གིས་འདོང་ངོ་། །དེ་གཉིས་ཀྱིས་རྒྱལ་པོའ་མོན་སྲན་གྲེའུའི་ཞིང་གི་འགྲེང་རིབ་རྣམས་དྲལ་ཏེ་ཞུགས་ནས་བོང་བུས་ཇི་སྲིད་འགྲངས་པ་དེ་སྲིད་སྐད་མ་ཕྱུང་ངོ་། །དེ་ནས་སྨྲས་པ། ཞང་པོ་རེ་ཞིག་གླུ་ཞིག་བླང་ངམ། ཁྱུ་མཆོག་གིས་སྨྲས་པ། ཁོ་བོ་མ་སོང་གི་བར་དུ་ཡུད་ཙམ་ཞིག་སྡོད་ལ་དེའི་འོག་ཏུ་ཅི་དགའ་བ་གྱིས་ཤིག་ཅེས་སྨྲས་ནས་བྲོས་པ་དང་།


DKG004_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བོང་བུས་སྐད་ཕྱུང་བ་རྒྱལ་པོའ་མི་རྣམས་ཀྱིས་ཐོས་ནས་བཟུང་སྟེ། ཤེས་ལྡན་དག་བོང་བུ་འདིས་ནི་རྒྱལ་པོའ་མོན་སྲན་གྲེའུ་ཡི་ཞིང་འདི་ཐམས་ཅད་ཟོས་ཀྱིས་ཆད་པས་གཅད་པར་བྱའོ་ཞེས་དེ་རྣམས་ཀྱིས་རྣ་བ་བཅད་དེ་མགུལ་དུ་གཏུན་ཅིག་བཏགས་ནས་བཏང་ངོ་། །དེ་ཕན་ཚུན་འཁྱམ་པ་ཁྱུ་མཆོག་གིས་མཐོང་ནས་དེས་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ལེགས་པར་གླུ་བླངས་གླུ་རབ་བླངས། །ཁྱོད་ཀྱིས་གླུ་ཡི་འབྲས་བུ་ཐོབ། །ཁྱོད་ཀྱི་གླུ་ཡིས་བདག་གིས་ཡང་། །རྣ་བ་དེའུ་ནི་ཡལ་བར་གྱུར། །ཚིག་མི་སྲུང་བ་གང་ཡིན་པ། །དེ་ལ་འདི་འདྲ་འབྱུང་འགྱུར་གྱིས། །རྣ་རྡུམ་གཏུན་གྱིས་རྣམ་བརྒྱན་པ། །ད་ནི་འཁྱམ་པར་བྱེད་ལ་རག །དེས་ཀྱང་ཚིགས་སུ་བཅད་དེ་སླར་སྨྲས་པ། སོ་ཆག་ཁྱོད་ནི་ཁ་རོག་ཤིག །གླང་རྒན་ཁྱོད་ནི་རོག་ཤིག །ལག་ན་དབྱུག་ཐོགས་མི་གསུམ་པོ། །ཁྱོད་ཉིད་ཀྱང་ནི་ཚོལ་བར་བྱེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱུ་མཆོག་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བོང་བུ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདིས་ངའི་ཚིག་ཚིག་ཏུ་མ་བྱས་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ད་ལྟར་ཡང་འདིས་ངའི་ཚིག་ཚིག་ཏུ་མ་བྱས་འདི་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །གཞན་ཡང་ཇི་ལྟར་འདིས་ངའི་ཚིག་ཚིག་ཏུ་མ་བྱས་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་ཁྱིམ་བདག་ཅིག་གནས་པ་དེ་ལ་གླང་མཚན་དང་ལྡན་པ་ཞིག་ཡོད་ནས། དེས་དེ་དགེ་སྦྱོང་དང་། བྲམ་ཟེ་དང་། རང་གི་སྐྱེ་བོ་དང་། ཕོངས་པ་དང་། མགོན་མེད་པ་དང་། བཀྲེན་པ་དང་། ནད་པ་རྣམས་ཟན་བྱིན་ནས་ཅི་དགར་སྤྱོད་དུ་བཏང་ངོ་། །དེ་དུས་གཞན་ཞིག་ན་ཕན་ཚུན་དུ་རྒྱུ་རྒྱུ་བ་ལས་འདམ་དུ་སོང་ནས་ཁྱིམ་བདག་གིས་ཉི་མ་ནུབ་ཙམ་ན་ཐོས་ཏེ་


DKG004_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་བ་ལས། དེའི་དྲུང་དུ་ཕྱིན་ནས་དེས་བསམས་པ། ད་ནི་དབྱུང་མི་ནུས་ཀྱིས་སང་ནང་པར་དབྱུང་བར་བྱའོ་སྙམ་མོ། །གླང་གིས་སྨྲས་པ། བདག་གི་མདུན་དུ་ཞགས་པ་ཞིག་ཞོག་ལ་བཞུད་ཅིག་དང་། གལ་ཏེ་ཝ་འོངས་པར་གྱུར་དང་། བདག་གི་རྭས་ཞགས་པ་བླངས་ཏེ་དེ་ལ་གདབ་པར་བགྱིའོ། །དེས་དེའི་མདུན་དུ་ཞགས་པ་ཞིག་བཞག་ནས་སོང་བ་དང་མཚན་མོ་ཇི་ཙམ་ན་ཝ་ཞིག་འོངས་ནས་དེས་སྨྲས་པ། པད་མའི་རྩ་བ་དང་། པད་མ་དཀར་པོ་དག་འབྱིན་པ་འདི་སུ་ཞིག །གླང་གིས་སྨྲས་པ། ཁོ་བོ་ཡིན་ནོ། །འདམ་གྱི་ནང་དུ་བྱིན་ནས་འདུག་གོ །ཝས་བསམས་པ། བདག་ཟས་དང་ཕྲད་དོ་སྙམ་ནས་དེས་དེ་ལ་གཙེ་བར་བརྩམས་པ་དང་། གླང་གིས་སྨྲས་པ། ཁྱོད་ཕྱོགས་འདི་ནས་སོང་ཤིག །ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏ་རེ། འོན་ཀྱང་དེ་ལྡོག་ཏུ་མ་བཏུབ་ནས་དེ་ཁོ་ན་བཞིན་དུ་འཚེ་བ་དང་། གླང་གིས་ཚིགས་སུ་བཅད་དེ་སྨྲས་པ། ཁོ་བོ་པད་མའི་རྩ་མི་འབྱིན། །ཁོ་བོ་པད་མ་དཀར་པོའང་མིན། །གལ་ཏེ་ཁྱོད་ནི་ཟ་འདོད་ན། །རྒྱབ་ཏུ་སོང་ལ་བཟའ་བར་གྱིས། །ཝས་བཟའ་སྙམ་ནས་རྒྱབ་ཏུ་ཞོན་པ་དང་། ཁྱུ་མཆོག་གི་རྭས་ཞགས་པ་བཏབ་པས་ཝའི་སྐེ་ནས་ཐོགས་ནས་ནམ་མཁའ་ལ་འཕྱང་བ་དང་། གླང་གིས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཅིག་ར་མཁན་ཛབ་ཀེ་བའམ། །འོན་ཏེ་གར་སློབ་ཁྱེའུ་ཞིག་ཡིན། །དགོན་པར་བྱ་དགའ་སྟེར་བ་མེད། །བཟོ་ནི་གྲོང་ཁྱེར་བསྟན་པར་གྱིས། །ཝས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། བདག་ནི་གར་མཁན་ཛབ་ཀེ་བའམ། །གར་སློབ་ཁྱེའུ་ནི་མ་ཡིན་ཏེ། །བརྒྱ་བྱིན་གྱིས་ནི་སྐས་བཙུགས་པས། །བདག་ནི་ཚངས་པའི་འཇིག་རྟེན་འགྲོ། །གླང་གིས་ཡང་ཚིགས་སུ་བཅད་དེ་སྨྲས་པ། བརྒྱ་བྱིན་གྱིས་ནི་སྐས་མ་བཙུགས། །ཚངས་པའི་འཇིག་རྟེན་སྨོས་ཅི་དགོས། །ཐབས་ཀྱི་ཞགས་པས་ཁྱོད་ཐོགས་


DKG004_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཁྱོད་ནི་འཚོ་བར་མ་མཐོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱུ་མཆོག་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཝ་གང་ཡིན་པ་དེ་ལྟ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདིས་ངའི་ཚིག་ཚིག་ཏུ་མ་བྱས་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ད་ལྟར་ཡང་འདིས་ངའི་ཚིག་ཚིག་ཏུ་མ་བྱས་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལྷ་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་བཀའ་མ་མཉན་པས་མནར་མ་མཆིས་པར་གཞོལ་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་འདིས་ངས་སྨྲས་པའི་ཚིག་མ་མཉན་པས་མནར་མེད་པར་གཞོལ་བར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རྒྱལ་པོའ་ཕོ་བྲང་འབྱོར་བ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་ཞིག་ན་རྒྱལ་པོ་སེམས་པ་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་བཅུག་སྟེ། བསོད་ནམས་ཀྱི་མཐུས་ལྷ་རྣམས་ཀྱིས་བར་སྣང་ལ་སྟན་འཛིན་ཏོ། །རྒྱལ་པོ་དེའི་མདུན་ན་འདོན་དེ་ལ་བུ་སྤུན་གཉིས་ཡོད་པ་ལས། དེ་ལ་ཕུ་བོ་ཤོས་ནི་མངོན་པར་འབྱུང་བ་ལ་དགའ་ལ། ནུ་པོ་ཤོས་ནི་མདུན་ན་འདོན་ལ་དགའ་བར་གྱུར་ཏོ། །ཕུ་བོ་ཤོས་ཀྱིས་ཕ་ཆོས་དང་ཆོས་མ་ཡིན་པས་མདུན་ན་འདོན་བྱེད་པ་མཐོང་ནས་དེས་བསམས་པ། བདག་ཕ་ཤི་ནས་མདུན་ན་འདོན་དུ་གྱུར་ཏེ། བདག་གིས་ཀྱང་ཆོས་དང་ཆོས་མ་ཡིན་པས་མདུན་ན་འདོན་བྱས་ན་སེམས་ཅན་དམྱལ་པ་རྣམས་སུ་གཞོལ་བར་འགྱུར་གྱིས། མ་ལ་བདག་རབ་ཏུ་འབྱུང་བར་བྱའོ་སྙམ་ནས་དེས་ཕ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་མདུན་ན་འདོན་ཤི་ནས་ནུ་བོ་ཤོས་མདུན་


DKG004_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདོན་དུ་བཅུག་སྟེ། དེ་ཆོས་དང་ཆོས་མ་ཡིན་པས་མདུན་ན་འདོན་བྱེད་པར་བརྩམས་ཏེ། སྐྱེ་བོའ་ཚོགས་ལ་འཚེ་བར་བྱེད་དོ། །ཇི་ཙམ་ན་མི་ཞིག་ཕན་ཚུན་འཁྱམ་འཁྱམ་པ་ལས་ཕུ་བོ་ཤོས་རབ་ཏུ་བྱུང་བ་དེའི་དྲུང་དུ་སོང་བ་དང་། དེས་དེ་ལ་དྲིས་པ། ཁྱོད་གང་ནས་འོངས། དེས་སྨྲས་པ། རྒྱལ་པོའི་ཕོ་བྲང་ཆེ་གེ་མོ་ཞེས་བྱ་བ་ནས་སོ། །དེ་གཏམ་དྲི་བར་བརྩམས་པ་དང་། དེས་སྨྲས་པ། རྒྱལ་པོའ་མདུན་ན་འདོན་ཤི་ནས་དེའི་བུ་ནུ་བོ་ཤོས་མདུན་ན་འདོན་དུ་བཅུག་སྟེ། དེ་ཆོས་མ་ཡིན་པས་མདུན་ན་འདོན་བྱེད་པས་སྐྱེ་བོའ་ཚོགས་འཚེ་བར་བྱེད་དོ། །དེས་སྨྲས་པ། དུས་ཅུང་ཟད་ཅིག་ནོགས་ཤིག་དང་། བདག་ཉིད་དེར་སོང་ནས་ཕན་པ་མ་ཡིན་པ་ལས་བཟློག་པར་བྱ་ཞིང་། ཇི་ལྟར་ཡུལ་མི་རྣམས་ལ་མི་གནོད་པར་ཕན་པར་བྱེད་པ་ལ་སྦྱར་བར་བྱའོ། །མི་དེས་གཉེན་རྣམས་ཀྱི་དྲུང་དུ་སོང་སྟེ་སྐབས་དེ་སྨྲས་པ་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་ནས། ནུ་བོ་ཤོས་དེས་ཐོས་ནས་དེས་རྒྱལ་པོ་ལ་སྨྲས་པ། ལྷ་བདག་གི་ཕུ་བོ་དེ་མཆིས་ལགས་སོ། །རྒྱལ་པོས་སྨྲས་པ། ལེགས་ཀྱིས་དེ་ཉིད་མདུན་ན་འདོན་དུ་འགྱུར་རོ། །དེས་སྨྲས་པ། ལྷ་ཁྱོད་ལ་བདག་གིས་དུས་འདི་སྲིད་ཅིག་ཏུ་ཞམ་འབྲིང་བགྱིས་པ་ནི་དོན་མ་མཆིས་སོ། །རྒྱལ་པོས་སྨྲས་པ། འདི་ནི་འཇིག་རྟེན་གྱི་ཆོས་ཡིན་ཏེ། དེ་ཕུ་བོ་ཡིན་པས་སོ། །འོན་ཀྱང་རྣམ་པ་གཅིག་གིས་ཁྱོད་མདུན་ན་འདོན་དུ་འགྱུར་བ་ཡོད་དེ། གལ་ཏེ་དེ་འོངས་ནས་ཁྱོད་ཀྱིས་བདག་ཕུ་བོ་ལགས་སོ་སྨྲོས་ཤིག །དེས་སྨྲས་པ། བཀའ་བཞིན་འཚལ་དེ་བཞིན་དུ་སྨྲ་བར་བགྱིའོ། །ཇི་ཙམ་ན་དེ་འོངས་པ་དེ་རྒྱལ་པོ་འཁོར་དང་བཅས་པས་མཐོང་ནས་ལངས་པ་དང་། དེ་ནི་མ་ལངས་སོ། །ངེས་དེ་ལ་སྨྲས་པ། ཁྱོད་ཁོ་བོའ་ནུ་བོ་ཡིན་ན་ཅིའི་ཕྱིར་མི་ལྡང་། དེས་སྨྲས་པ། ཁྱོད་ཉིད་ནུ་བོ་ཡིན་གྱི་ཁོ་བོ་ནི་ཕུ་བོ་ཡིན་ནོ། །གལ་ཏེ་ཁྱོད་ཡིད་མི་ཆེས་ན་བདག་ཅག་ནི་རྒྱལ་པོའ་ཕོ་བྲང་དུ་ཆེན་པོར་གྱུར་པས་ལྷ་ལ་ཞུའོ། །ཕུ་བོས་རྒྱལ་པོ་ལ་དྲིས་པ། ཀྱེ་རྒྱལ་པོ་བདག་ཅག་གཉིས་ལས་ཕུ་བོ་གང་ལགས་པ་གསུང་ཤིག །རྒྱལ་པོས་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲས་པ། འདི་ནི་ཕུ་བོ་ཡིན་ནོ། །ཁྱོད་ནི་ནུ་བོ་ཡིན་ནོ་ཞེས་ཚིག་སྨྲས་མ་ཐག་ཁོ་ནར་ལྷ་རྣམས་ཀྱིས་སྟན་བཏང་བས་ས་ལ་རྡབ་ནུས་ཏེ། དེའི་ཁ་ནས་རུལ་བའི་དྲི་བྱུང་བར་གྱུར་ཏོ། །མདུན་ན་འདོན་གྱི་ཕུ་བོ་ཤོས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། བརྫུན་གྱི་ཚིག་ནི་གསུངས་པས་ན། །ལྷ་རྣམས་འདི་ནས་དོང་བ་དང་། །ཞལ་ཡང་མནམ་པར་གྱུར་ནས་སུ། །མཐོ་རིས་ལས་ཀྱང་ཉམས་པར་གྱུར། །རྒྱལ་པོ་བདེན་པར་གསུང་ཤིག་ཀྱེ། །སྔོན་གྱི་ཇི་ལྟ་བཞིན་དུ་འགྱུར། །གལ་ཏེ་བརྫུན་ནི་གསུང་མཛད་ན། །སེམས་པ་འོག་ཏུ་ངེས་པར་བཞུད། །གང་ཞིག་ཆོས་བཞིན་འདྲི་བ་ལ། །ཆོས་མ་ཡིན་པ་སྟོན་བྱེད་ན། །ཆུ་ན་རྒྱུ་བའི་ཉ་བཞིན་དུ། །དེ་ནི་ལྕེ་མ་མཆིས་པར་འགྱུར། །རྒྱལ་པོས་བདེན་པར་གསུང་ཤིག་ཀྱེ། །སྔོན་གྱི་ཇི་ལྟ་བཞིན་དུ་འགྱུར། །གལ་ཏེ་བརྫུན་ནི་གསུང་མཛད་ན། །སེམས་པ་འོག་ཏུ་ངེས་པར་བཞུད། །གང་ཞིག་ཆོས་བཞིན་འདྲི་བ་ལ། །ཆོས་མ་ཡིན་པ་སྟོན་བྱེད་ན། །དེེར་ནི་སྐྱེས་པ་མི་སྐྱེ་ཞིང་། །དེར་ནི་སྐྱེས་པར་སྐྱེ་མི་འགྱུར། །རྒྱལ་པོ་བདེན་པར་གསུང་ཤིག་ཀྱེ། །སྔོན་གྱི་ཇི་ལྟ་བཞིན་དུ་འགྱུར། །གལ་ཏེ་བརྫུན་ནི་གསུང་མཛད་ན། །སེམས་པ་འོག་ཏུ་ངེས་པར་བཞུད། །གང་ཞིག་ཆོས་བཞིན་འདྲི་བ་ལ། །ཆོས་མ་ཡིན་པ་སྟོན་བྱེད་ན། །ལྷས་ནི་དུས་སུ་ཆར་མི་འབེབས། །དེར་ནི་དུས་མ་ཡིན་པར་འབབ། །རྒྱལ་པོ་བདེན་པར་གསུང་ཤིག་ཀྱེ། །སྔོན་གྱི་ཇི་ལྟ་བཞིན་དུ་འགྱུར། །གལ་ཏེ་བརྫུན་ནི་གསུང་མཛད་ན། །སེམས་པ་འོག་ཏུ་ངེས་པར་བཞུད། །གང་ཞིག་ཆོས་བཞིན་འདྲི་བ་ལ། །ཆོས་མ་ཡིན་པ་སྟོན་བྱེད་ན། །སྦྲུལ་བཞིན་དུ་ནི་སྐྱེ་བོ་དེའི། །


DKG004_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་གཉིས་དག་ནི་འབྱུང་བར་འགྱུར། །རྒྱལ་པོ་བདེན་པར་གསུང་ཤིག་ཀྱེ། །སྔོན་གྱི་ཇི་ལྟ་བཞིན་དུ་འགྱུར། །གལ་ཏེ་བརྫུན་ནི་གསུང་མཛད་ན། །སེམས་པ་འོག་ཏུ་ངེས་པར་བཞུད། །དེ་ལྟར་རྒྱལ་པོ་སེམས་པ་ཡིས། །ཤིན་ཏུ་མི་བཟད་ལས་བྱས་ནས། །སྡིག་པ་བྱེད་པ་རྣམས་ཀྱི་གནས། །དམྱལ་བ་མནར་མེད་ཐོབ་པར་གྱུར། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཕུ་བོ་ཤོས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་སེམས་པ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་ངས་སྨྲས་པའི་ཚིག་མ་མཉན་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཐོབ་པོ། །ད་ལྟར་ཡང་འདི་ངས་སྨྲས་པའི་ཚིག་མ་མཉན་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཐོབ་པོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་སྨན་པར་གསུངས་པའི་བཀའ་ལྷ་སྦྱིན་གྱིས་མ་མཉན་པར་གྱུར་པས་མནར་མ་མཆིས་པར་གཞོལ་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་འདི་ལྟར་ངས་ཕན་པར་སྨྲས་པའི་ཚིག་མ་མཉན་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་འཁྲུལ་འཁོར་གྱི་སློབ་དཔོན་ཞིག་གནས་ཏེ། ངེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་ན་ཁྱེའུ་ཞིག་བཙས་སོ། །བཙས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་རིགས་


DKG004_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པའི་མིང་བཏགས་ཏེ། དེ་བསྐྱེད་བསྲིངས་ནས་ཆེན་པོར་གྱུར་པ་དང་དེའི་ཕ་ཤིའོ། །དེ་རི་འོར་ཞིག་ན་འཁྲུལ་འཁོར་གྱི་སློབ་དཔོན་གཞན་ཞིག་ཡོད་པ་ལ་འཁྲུལ་འཁོར་གྱི་བཟོ་བསླབ་པར་བརྩམས་ནས། དེས་རི་འོར་ཞིག་ན་ཁྱིམ་བདག་ཅིག་ཡོད་པ་ལས་བུ་མོ་བླངས་པ་དང་། དེས་སྨྲས་པ། གལ་ཏེ་ཉི་མ་ག་གེ་མོ་ཞིག་ལ་འོངས་ན་ནི་སྦྱིན་ནོ། །གཞན་དུ་ན་ནི་མི་སྦྱིན་ནོ། །དེས་འཁྲུལ་འཁོར་གྱི་སློབ་དཔོན་ལ་སྨྲས་པ། མཁན་པོ་རི་འོར་ཆེ་གེ་མོ་ཞེས་བགྱི་བ་ན་ཁྱིམ་བདག་ཅིག་མཆིས་པ་ལ་བདག་གིས་བུ་མོ་བསླངས་ན་དེའི་མཆིད་ནས་གལ་ཏེ་ཉི་མ་ག་གེ་མོ་ཞེས་བྱ་བ་ལ་འོངས་ན་ནི་སྦྱིན་གྱི། འོན་ཏེ་མ་འོངས་ན་ནི་མི་སྦྱིན་ནོ་ཞེས་མཆིའོ། །འཁྲུལ་འཁོར་གྱི་སློབ་དཔོན་གྱིས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་འདོད་ཁོ་བོ་ཉིད་ཀྱིས་བླང་བར་བྱའོ་ཞེས་དེ་དེ་དང་ལྷན་ཅིག་ཤིང་ལས་བྱས་པའི་རྨ་བྱ་ལ་ཞོན་ནས་ཉི་མ་གང་ལ་ངེས་པར་བྱས་པ་དེ་ཉིད་ཀྱི་ཉི་མ་ལ་རི་འོར་དེར་ཕྱིན་པ་འཇིག་རྟེན་གྱིས་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་སོ། །དེ་ནས་བུ་མོ་བསླངས་ཏེ་སླར་ཡང་འཁྲུལ་འཁོར་ལ་ཞོན་ཏེ་རང་གི་ཁྱིམ་དུ་འོངས་ནས་འཁྲུལ་འཁོར་བསྡུས་ཏེ་དེའི་མ་ལ་གཏད་ནས་སྨྲས་པ། ཁྱོད་ཀྱི་བུ་འདིས་འཁྲུལ་འཁོར་འགྲོ་བའི་སྦྱོར་བ་ཤེས་ཀྱི་སླར་ལྡོག་པ་མི་ཤེས་ཀྱིས་འདི་ལ་འཁྲུལ་འཁོར་མ་སྦྱིན་ཅིག་ཅེས་བསྒོའོ། །དེས་ཡང་ནས་ཡང་དུ་མ་ལ་སྨྲས་པ། ཡུམ་འཁྲུལ་འཁོར་བདག་ལ་སྩོལ་ཅིག་དང་སྐྱེ་བོའ་ཚོགས་དབང་དུ་བགྱིའོ། །དེས་སྨྲས་པ། བུ་ཁྱོད་ཀྱི་སློབ་དཔོན་ན་རེ་འདིས་འཁྲུལ་འཁོར་འགྲོ་བའི་སྦྱོར་བ་ཤེས་ཀྱི་སླར་ལྡོག་པ་མི་ཤེས་ཀྱིས་མ་སྦྱིན་ཅིག་ཅེས་ཟེར་བས་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་དུ་འོང་ངོ་། །དེ་བས་ན་ཁོ་མོས་མི་སྦྱིན་ནོ། །དེས་སྨྲས་པ། ཡུམ་བདག་གིས་འགྲོ་བ་དང་ལྡོག་པ་འཚལ་མོད་ཀྱི་སློབ་དཔོན་དེ་ཕྲག་དོག་གིས་མི་སྟེར་མོད། བུད་མེད་ནི་སེམས་ཡང་ཞིང་འདོད་ཆེན་ཆེ་བ་ཡིན་པས་དེ་དེ་ལ་བྱིན་ནས་འཁྲུལ་འཁོར་


DKG004_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ་ཞོན་ནས་སོང་བ་དང་། སྐྱེ་བོའ་ཚོགས་ཆེན་པོ་དགའ་བར་གྱུར་ཏོ། །དེ་ནས་འཁྲུལ་འཁོར་གྱི་སློབ་དཔོན་གྱིས་མཐོང་ནས་དེས་སྨྲས་པ། ཕ་བི་སླར་མི་འོང་བར་སོང་ངོ་། །དེས་ཇི་ལྟ་ཇི་ལྟར་འཁྲུལ་འཁོར་གཅུས་པ་དེ་ལྟ་དེ་ལྟར་ཤིན་ཏུ་ཐག་རིང་པོར་ལྡིངས་ནས་ཇི་ཙམ་ན་རྒྱ་མཚོ་ཆེན་པོར་ལྡིངས་པ་དང་། རྒྱ་མཚོ་ཆེན་པོར་ནི་ལྷས་རྒྱུན་དུ་ཆར་འབེབས་པ་ཡིན་པས་དེས་སྦྱོར་ཁ་རྣམས་བངས་ནས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ལྷས་ཚིགས་སུ་བཅད་དེ་སྨྲས་པ། གང་ཞིག་དོན་འདོད་བརྩེ་བས་ཕན་པ་ཡིས། །ཇི་སྐད་བསྟན་པའི་ཚིག་ནི་མི་འཛིན་ཅིང་། །འཆོས་པ་མེད་ཅིང་སུ་ཚིག་མི་མཉན་གང་། །དེ་ནི་ཤིང་ལས་བྱས་པའི་བྱ་ཡིས་ཁྱེར། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་འཁྲུལ་འཁོར་གྱིས་སློབ་དཔོན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་དེའི་སློབ་མ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་ངས་ཕན་པར་སྨྲས་ན། ངའི་ཚིག་འདིས་མ་མཉན་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ད་ལྟར་ཡང་ངས་ཕན་པར་སྨྲས་ན་ངའི་ཚིག་འདིས་མ་མཉན་པས་མནར་མེད་པའི་སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དགེ་འདུན་གྱི་དབྱེན་ཞེས་བགྱི། དགེ་འདུན་མཐུན་པ་ཞེས་བགྱི་ན་དེ་ལ་དབྱེན་ནི་གང་ལགས། དགེ་འདུན་མཐུན་པ་ནི་གང་ལགས། ཉེ་བ་འཁོར་འདི་ལྟར་དགེ་སློང་རྣམས་ཆོས་ཀྱིས་ཆོས་མ་ཡིན་པའི་འདུ་ཤེས་དང་། ཆོས་མ་ཡིན་པས་ཆོས་ཀྱི་འདུ་ཤེས་དང་། མི་མཐུན་པ་ལ་མཐུན་པའི་འདུ་ཤེས་ཀྱིས་ལས་རྣམས་བྱེད་ན་འདི་ནི་དགེ་འདུན་གྱི་དབྱེན་ཞེས་བྱའོ། །འདི་ལྟར་ཆོས་ལ་ཆོས་ཀྱི་འདུ་ཤེས་དང་། མཐུན་པ་ལ་མཐུན་པའི་འདུ་ཤེས་ཀྱིས་ལས་རྣམས་བྱེད་ན། འདི་ནི་དགེ་འདུན་མཐུན་པ་ཞེས་བྱའོ། །གང་ན་དགེ་སློང་གཅིག་གནས་པ་དེ་ན་དགེ་


DKG004_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་དབྱེན་དུ་མི་འགྱུར་རོ། །གང་ན་གཉིས་དང་གསུམ་ནས་བརྒྱད་ཀྱི་བར་གནས་པ་དེ་ན་ཡང་དགེ་འདུན་གྱི་དབྱེན་དུ་མི་འགྱུར་རོ། །གང་ན་དགེ་སློང་དགུ་འམ་ལྷག་པ་ཡོནད་པ་དེ་ན་རྒྱུ་གཉིས་ཀྱིས་དགེ་འདུན་གྱི་དབྱེན་དུ་འགྱུར་ཏེ། །གསོལ་བའི་ལས་དང་ཚུལ་ཤིང་ལེན་པས་སོ། །གསོལ་བའི་ལས་ཇི་ལྟ་བུ་ཞེ་ན་འདི་ལྟར་ལྷ་སྦྱིན་གྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་དེ། ཚེ་དང་ལྡན་དགེ་སྦྱོང་གཽ་ཏམ་ནི་འདི་སྐད་ཅེས་བརྟུལ་ཞུགས་ཀྱི་གཞི་ལྔས་དགེ་སློང་དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བ་དང་། བདེ་བ་དང་སྡུག་བསྔལ་ལས་འདའ་བར་འགྱུར། བདེ་བ་དང་སྡུག་བསྔལ་ལས་འདས་པ་ཐོབ་པར་འགྱུར་ཏེ། ཚེ་དང་ལྡན་པ་དག་ལྔ་གང་ཞེ་ན། དགེ་སློང་དགོན་པ་པ་ཉིད་ནི་དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བ་དང་། བདེ་བ་དང་། སྡུག་བསྔལ་ལས་འདའ་བར་འགྱུར། བདེ་བ་དང་སྡུག་བསྔལ་ལས་འདས་པ་ཐོབ་པར་འགྱུར་རོ། །ཚེ་དང་ལྡན་དག་དགེ་སློང་ཤིང་དྲུང་པ་ཉིད་དང་། བསོད་སྙོམས་པ་ཉིད་དང་། ཆོས་གོས་གསུམ་པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་ནི་དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བ་དང་། བདེ་བ་དང་སྡུག་བསྔལ་ལས་འདའ་བར་འགྱུར། བདེ་བ་དང་སྡུག་བསྔལ་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་ཟེར་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གང་བརྟུལ་ཞུགས་ཀྱི་གཞི་ལྔ་པོ་འདི་དག་གིས། དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བར་མི་བཟོད་པ་དེ་དག་དགེ་སྦྱོང་གཽ་ཏ་མ་ལས་རིང་དུ་གྱིས་ཤིག ཐ་དད་པ་གྱིས་ཤིག །རྒྱང་སྲིངས་ཤིག་ཅེས་ཟེར་བ་འདི་ནི་གསོལ་བ་སྟེ། །དེ་ལྟ་བུ་ནི་གསོལ་བའི་ལས་ཀྱིས་ཡིན་ནོ། ཚུལ་ཤིང་ལེན་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་ལྷ་སྦྱིན་གྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་དུ་གོ་བར་བྱེད། སློབ་པར་བྱེད་འཛིན་དུ་འཇུག་པར་བྱེད་དེ། ཚེ་དང་ལྡན་པ་དག་དགེ་


DKG004_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་གཽ་ཏ་མ་ནི་འདི་སྐད་ཅེས་བརྟུལ་ཞུགས་ཀྱི་གཞི་ལྡས་དགེ་སློང་དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བ་དང་། བདེ་བ་དང་སྡུག་བསྔལ་ལས་འདའ་བར་འགྱུར། བདེ་བ་དང་སྡུག་བསྔལ་ལས་འདས་པ་ཐོབ་པར་འགྱུར་ཏེ། ཚེ་དང་ལྡན་པ་དག་ལྔ་གང་ཞེ་ན། དགེ་སློང་དགོན་པ་བ་ཉིད་ནི་དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བ་དང་། བདེ་བ་དང་། སྡུག་བསྔལ་ལས་འདའ་བར་འགྱུར། བདེ་བ་དང་སྡུག་བསྔལ་ལས་འདས་ཐོབ་པར་འགྱུར་རོ། དགེ་སློང་ཤིང་དྲུང་པ་ཉིད་དང་བསོད་སྙོམས་པ་ཉིད་དང་། ཆོས་གོས་གསུམ་པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་ནི་དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བ་དང་། བདེ་བ་དང་སྡུག་བསྔལ་ལས་འདའ་བར་འགྱུར། བདེ་བ་དང་སྡུག་བསྔལ་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་ཟེ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གང་བརྟུལ་ཞུགས་གྱི་གཞི་ལྔ་བོ་འདི་དག་གིས། དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བར་མི་བཟོད་པ་དེ་དག་དགེ་སྦྱོང་གཽ་ཏ་མ་ལས་རིང་དུ་འགྱུར། ཐ་དད་པར་འགྱུར། རྒྱང་སྲིང་བར་འགྱུར་གྱིས་ཚུལ་ཤིང་ལོང་ཤིག་ཅེས་ལྷ་སྦྱིན་བདག་ཉིད་དང་ལྔས་ཚུལ་ཤིང་ལེན་པ་ཡིན་ཏེ། དེ་ལྟ་བུ་ནི་ཚུལ་ཤིང་ལེན་པས་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་རེ་ཞིག་གནས་ནས་ཕྱུང་བས་དགེ་འདུན་གྱི་དབྱེན་དུ་འགྱུར་ལ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས་སམ། བཙུན་པ་རེ་ཞིག་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པས་དགེ་འདུན་གྱི་དབྱེན་དུ་གྱུར་ལ་གནས་ནས་ཕྱུང་བས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་


DKG004_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས་སམ། བཙུན་པ་རེ་ཞིག་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་དགེ་འདུན་གྱི་དབྱེན་དུ་འགྱུར་ལ་གནས་ནས་ཕྱུང་པས་མ་ལགས། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས་སམ། བཙུན་པ་རེ་ཤིག་གནས་ནས་འབྱིན་པས་དགེ་འདུན་གྱི་དབྱེན་དུ་འགྱུར་བ་ལ་གནས་ནས་ཕྱུང་བས་མ་ལགས། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པ་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས་སམ། བཙུན་པ་རེ་ཞིག་གནས་ནས་བྱིན་པའི་རྗེས་སུ་ཕྱོགས་པས་དགེ་འདུན་གྱི་དབྱེན་དུ་འགྱུར་ལ་གནས་ནས་ཕྱུང་བས་མ་ལགས། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས་སམ། བཙུན་པ་རེ་ཞིག་གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་དགེ་འདུན་གྱི་དབྱེན་དུ་འགྱུར་བ་ལ་གནས་ནས་ཕྱུང་བས་མ་ལགས། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་རྗེས་སུ་ཕྱོགས་པས་མ་ལགས། གནས་ནས་འབྱིན་པས་མ་ལགས། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པས་མ་ལགས་


DKG004_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སམ། ཉེ་བ་འཁོར་གནས་ནས་ཕྱུང་བ་འབའ་ཞིག་མ་གཏོགས་པར་འདི་དག་ཐམས་ཅ་ཀྱིས་དགེ་འདུན་གྱི་དབྱེན་དུ་འགྱུར་རོ།། །།བར་སྡོམ་ལ། དགེ་འདུན་དབྱེན་དང་མཐུན་པ་དང་། །གཅིག་ཏུ་དགེ་འདུན་དབྱེན་མིན་དང་། །ཐ་མ་དགུ་པོ་དབྱེན་དང་ནི། །གནས་དབྱུང་གསུམ་པོ་དྲུག་ཚན་ཡིན། །སངས་རྒྱས་བཅོམ་ལྡན་འདས་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བགྱིས་ནས་མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་འགྱུར་རོ་ཞེས་གང་གསུངས་པ་བཙུན་པ་ཇི་ཙམ་གྱིས་ན་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བགྱིས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་འགྱུར་ལགས། ཉེ་བ་འཁོར་འདི་ལྟར་དགེ་སློང་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པའི་འདུ་ཤེས་དང་། དབྱེན་ལ་ཆོས་མ་ཡིན་པའི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱིས་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་གིས་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པའི་འདུ་ཤེས་དང་། དབྱེན་ལ་ཆོས་ཀྱི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས་མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པའི་འདུ་ཤེས་དང་། དབྱེན་ལ་ཡིད་གཉིས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་མ་ཡིན་པ་ལ་ཆོས་ཀྱི་འདུ་ཤེས་དང་། དབྱེན་ལ་ཆོས་མ་ཡིན་པའི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བའཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་མ་ཡིན་པ་ལ་ཆོས་ཀྱི་འདུ་ཤེས་དང་། དབྱེན་ལ་ཆོས་ཀྱི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་བར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་མ་ཡིན་པ་ལ་ཆོས་ཀྱི་འདུ་ཤེས་དང་། དབྱེན་ལ་ཡིད་གཉིས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བར་འཁོར་འདི་ལྟར་དགེ་སློང་གིས་ཆོས་མ་ཡིན་པ་ལ་ཆོས་


DKG004_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདུ་ཤེས་དང་། དབྱེན་ལ་ཆོས་མ་ཡིན་པའི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་པ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་ལ་ཆོས་མ་ཡིན་པའི་འདུ་ཤེས་དང་། དབྱེན་ལ་ཆོས་ཀྱི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་ལ་ཆོས་མ་ཡིན་པའི་འདུ་ཤེས་དང་། དབྱེན་ལ་ཡིད་གཉིས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་ག་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་ལ་ཆོས་ཀྱི་འདུ་ཤེས་དང་། དབྱེན་ལ་ཆོས་མ་ཡིན་པའི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་དགེ་


DKG004_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་ལ་ཆོས་ཀྱི་འདུ་ཤེས་དང་། དབྱེན་ལ་ཆོས་ཀྱི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་ཀྱི་འདུ་ཤེས་དང་། དབྱེན་ལ་ཡིད་གཉིས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་མ་ཡིན་པ་ལ་ཡིད་གཉིས་དང་། དབྱེན་ལ་ཆོས་མ་ཡིན་པའི་འདུ་ཤེས་ཀྱི་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས་མནར་མེ་དཔའི་ཁ་ན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་


DKG004_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཅོས་མ་ཡིན་པ་ལ་ཡིད་གཉིས་དང་། དབྱེན་ལ་ཆོས་ཀྱི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ཉེ་པ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་མ་ཡིན་པ་ལ་ཡིད་གཉིས་དང་། དབྱེན་ལ་ཡིད་གཉིས་ཀྱིས་དགེ་སློང་རྣམས་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་ལ་ཡིད་གཉིས་དང་། དབྱེན་ལ་ཆོས་མ་ཡིན་པའི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད་། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་ལ་ཡིད་གཉིས་དང་། དབྱེན་ལ་ཆོས་ཀྱི་འདུ་ཤེས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད།


DKG004_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་གྱི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །ཉེ་བ་འཁོར་འདི་ལྟར་དགེ་སློང་གིས་ཆོས་ལ་ཡིད་གཉིས་དང་། དབྱེན་ལ་ཡིད་གཉིས་ཀྱིས་དགེ་སློང་རྣམས་ལ་གོ་བར་བྱེད། ཀུན་ཏུ་གོ་བར་བྱེད། སློབ་པར་བྱེད། འཛིན་དུ་འཇུག་པར་བྱེད་ཅིང་། དགེ་འདུན་མཐུན་པའི་དབྱེན་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱེད་ན། འདི་ཙམ་གྱིས་ན་ཉེ་བ་འཁོར་དགེ་སློང་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱས་ནས། མནར་མེད་པའི་ཁ་ན་མ་ཐོ་བ་སྐྱེ་ཞིང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་ནི་རེག་པར་མི་འགྱུར་རོ། །དེ་ལྟར་ན་དེ་དག་ནི་མུ་བཅྭ་བརྒྱད་དུ་འགྱུར་ལ། དེ་དག་ལས་དྲུག་ལ་ནི་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་འགྱུར་ཏེ། དབྱེན་ལ་ཆོས་མ་ཡིན་པར་འདུ་ཤེས་པ་གང་དག་ཡིན་པའོ། །ལྷག་མ་རྣམས་ནི་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཀྱིས་རེག་པར་མི་འགྱུར་རོ། །དགེ་


DKG004_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་དབྱེན་གྱི་གཞི་རྫོགས་སྷོ། །འདུལ་བ་གཞི་རྫོགས་སོ།། །།ཐུབ་དབང་ཟླ་བའི་ཞལ་ནས་བྱུང་གྱུར་བ། །གསུང་གི་མེ་ཏོག་ཆར་པ་ཡིད་འོང་རྣམས། །ལྷ་བ་ངན་ཟློག་རྙི་བ་མེད་པ་ཡི། །རང་བཞིན་ཡུན་རིང་སྐྱེ་དགུའི་ནང་གནས་ཤོག །ཁ་ཆེའི་མཁན་པོ་སརྦ་ཛྙཱ་དེ་བ་དང་། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཁཆེའི་མཁན་པོ་དྷརྨཱ་ཀ་ར་དང་། ལོ་ཙྪ་བ་བན་དེ་དཔལ་གྱི་ལྷུན་པོས་བསྒྱུར་ཅིང་། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདའ་བ་མཆོག་ཅེས་སངས་རྒྱས་གསུང་། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏེ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ།།


previousམནར་མེད་ཀྱི་སྡེ་ཚན། no next