Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
དགེ་འདུན་གྱི་ལྷག་མ་རྣམས་ལས། དང་པོ། ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་བཤད་པ།
   
   
   
   
   
   
   
   
   


 
previousདགེ་འདུན་གྱི་ལྷག་མ་རྣམས་ལས། དང་པོ། ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་བཤད་པ།next

དགེ་འདུན་གྱི་ལྷག་མ་རྣམས་ལས། དང་པོ། ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་བཤད་པ།


DKG005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གཏམ་འདྲེས་པར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཕམ་པར་འགྱུར་རོ། །ཀླུ་རྣམས་དང་གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དང་ལྷན་ཅིག་གཏམ་འདྲེས་པར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཕམ་པར་འགྱུར་རོ། །འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅོ་ལྔ་པ། སྡོམ་ལ། ཁུ་བ་འབྱིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་པ། བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཆལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀའི་ཀུན་ཏུ་སྤྱོད་པ་ནི་གྲོང་ངམ་གྲོང་བརྡལ་གང་ན་ཉེ་བར་བརྟེན་ཅིང་གནས་པ་དེ་ནང་པར་སྔར་ལངས་ཏེ་གཙུག་ལག་ཁང་དུ་ཆག་ཆག་འདེབས་པར་བྱེད། ལེགས་པར་ཉུག་པར་བྱེད། བ་ལང་ལྕིབ་སར་པའི་བྱུག་པས་སྐུད་པར་བྱེད་ཅིང་། དེ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་གཉིས་བཀྲུས་ནས། ལག་པ་གཉིས་བསྙལ་ཏེ་སོ་ཤིང་པོར་ནས། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། གྲོང་ངམ་གྲོང་རྡལ་དེ་ཉིད་དུ་ལུས་མ་བསྲུངས། དབང་པོ་རྣམས་མ་བསྡམས། དྲན་པ་ཉེ་བར་མ་བཞག་པར་བསོད་སྙོམས་ལ་འཇུག་ཅིང་། དེ་གྲོང་ངམ་གྲོང་རྡལ་དེར་བསོད་སྙོམས་བརྒྱུས་ནས། ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས། ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས་ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག་ལག་ཁང་དུ་འཇུག་པར་བྱེད་དེ། གལ་ཏེ་དེའི་སེམས་འདོད་པས་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་ན། དེས་རང་གི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་བྱས་ཏེ། ལག་པ་གཉིས་ཀྱིས་བཟུང་ནས་རྩོལ་བར་


DKG005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་ཁུ་བ་འབྱིན་པར་བྱེད་དོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གཙུག་ལག་ཁང་རྒྱུ་ཞིང་འདོང་བ་ན་ཚེ་དང་ལྡན་པ་འཆར་ཀའི་གཙུག་ལག་ཁང་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་འཆར་ཀ་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཇི་ལྟ་ཁྱོད་བཟོད་དམ། འཚོའམ། བདེ་བ་ལ་རེག་པར་གནས་སམ། བསོད་སྙོམས་ཀྱིས་ངལ་བར་མ་གྱུར་ཏམ། ཚེ་དང་ལྡན་པ་དག་བདག་ཏེ་པོར་བཟོད་དོ། །འཚོའོ། །བདེ་བ་ལ་རེག་པར་གནས་སོ། །བསོད་སྙོམས་ཀྱིས་ངལ་བར་མ་གྱུར་ཏོ། །ཚེ་དང་ལྡན་པ་འཆར་ཀ་ཁྱོད་ཇི་ལྟར་བཟོད་པ་དང་། འཚོ་བ་དང་། བདེ་བ་ལ་རེག་པར་གནས་པ་དང་། བསོད་སྙོམས་ཀྱིས་ངལ་བར་མ་གྱུར། ཚེ་དང་ལྡན་པ་དག་བདག་གྲོང་ངམ་གྲོང་རྡལ་གང་ན་ཉེ་བར་རྟེན་ཅིང་གནས་པར་བདག་ནང་པར་སྔར་ལངས་ཏེ་གཙུག་ལག་ཁང་ཆག་ཆག་འདེབས་པར་བྱེད། ལེགས་པར་ཉུག་པར་བྱེད། བ་ལང་གི་ལྕི་བ་སར་པའི་བྱུག་པས་སྐུད་པར་བྱེད་ཅིང་། བདག་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་གཉིས་བཀྲུས་ནས་ལག་པ་གཉིས་བསྙལ་ཏེ། སོ་ཤིང་བོར་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། གྲོང་ངལ་གྲོང་རྡལ་དེ་ཉིད་དུ་བསོད་སྙོམས་ལ་འཇུག་ཅིང་། བདག་གྲོང་ངམ་གྲོང་རྡལ་དེ་ཉིད་དུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས་ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག་ལག་ཁང་དུ་འཇུག་པར་བྱེད་དོ། །གལ་ཏེ་བདག་ནི་སེམས་འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་ན། བདག་གིས་རང་གི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་བྱས་ཏེ། ལག་པ་གཉིས་ཀྱིས་བཟུང་ནས་རྩོལ་བར་བྱེད་ཅིང་ཁུ་བ་ཕྱུང་ནས་རིམས་ནད་དང་བྲལ་ཞིང་ཡོངས་སུ་གདུངས་པ་དང་བྲལ་བས་བདེ་བ་ལ་རེག་པར་གནས་ཤིང་


DKG005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་སྙོམས་ཀྱིས་ངལ་བར་ཡང་མེད་དེ། ཚེ་དང་ལྡན་པ་དག་བདག་དེ་ལྟར་ན་བཟོད་པ་དང་། འཚོ་བ་དང་། བདེ་བ་ལ་རེག་པར་གནས་པ་དང་བསོད་སྙོམས་ཀྱིས་ངལ་བ་ཡང་མེད་དོ། །དགེ་སློང་དེ་དག་དེས་སྨྲས་པ་ལ་མངོན་པར་བསྟོད་པར་ཡང་མི་བྱེད། ཕྱིར་ཟློག་པར་མི་བྱེད་ཅིང་། མངོན་པར་བསྟོད་པར་མ་བྱས། ཕྱིར་བཟློག་པར་ཡང་མ་བྱས་པར་དོང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས། དགེ་སློང་རབ་ཏུ་མང་པོ་དག་གིས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །དེ་བཞིན་གཤེགས་པ་ནི་དོན་གྱི་དབང་གཉིས་གཟིགས་པ་ན། དགེ་སློང་གི་དགེ་འདུན་སྡུད་པར་མཛད་དེ། འདི་ལྟ་སྟེ། ངའི་ཉན་ཐོས་རྣམས་ཀྱིས་ཀུན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་དང་། ངས་འདུལ་བ་ལ་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་པ་མི་རྨེད་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ཡོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ་ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །འཆར་ཀ་ངས་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན་པ་དང་།


DKG005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང་། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར། སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན་པ་ལ། ཁྱོད་ཀྱིས་ཅིའི་ཕྱིར་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར། མི་གཏི་མུག་ཅན་ཁྱོད་ཀྱིས་ལག་པ་གང་དག་གིས་བྲམ་ཟེ་དང་ཁྱིམ་བདག་དང་པ་ཅན་དག་ལས་དད་པས་སྦྱིན་པར་བྱ་བ་ལེན་པར་བྱེད་པའི་ལག་པ་དེ་དག་ཉིད་ཀྱིས་ཅིའི་ཕྱིར་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར། མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ། དུག་དྲག་པ། དུག་རྣོ་བ། ལག་པ་གཉིས་ཀྱིས་གཟུང་བར་གྱུར་པ་ནི་བླའི། དེ་ལྟར་གྱུར་པས་རང་གི་ཡན་ལག་གི་རྣམ་པར་བཟུང་བ་ནི་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །འཆར་ཀ་ཇི་སྙམ་དུ་སེམས། དེ་ལྟ་ན་བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་བདག་གིར་མ་བྱས་སམ། བཙུན་པ་བགྱིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོད་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པར་བྱ་བའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མངོན་པར་མ་དད་པར་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བ་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བསམ་བཞིན་དུ་ཁུ་བ་ཕྱུང་ན། དགེ་འདུན་ལྷག་མའོ། །བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་


DKG005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་ཉལ་བ་དག་གི་རྨི་ལམ་ན། མི་གཙང་བ་ཤོར་ཅིང་ཁུ་བ་ཕྱུང་བར་གྱུར་ཏེ། དེ་དག་ལ་འདུ་ཤེས་ཀྱང་ཡོད། སེམས་པ་ཡང་ཡོད་པས་དེ་དག་འགྱོད་པ་སྐྱེས་པར་གྱུར་ནས། འདི་ལྟར་བཅོམ་ལྡན་འདས་ཀྱིས་བསམ་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མའོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་ན། བདག་ཅག་དགེ་སློང་རབ་ཏུ་མང་པོ་ཉལ་བ་དག་གི་རྨི་ལམ་ན་མི་གཙང་བ་ཤོར་ཞིང་ཁུ་བ་ཕྱུང་བ་གྱུར་ཏེ། བདག་ཅག་ལ་འདུ་ཤེས་ཀྱང་ཡོད། སེམས་པ་ཡང་ཡོད་པས་བདག་ཅག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བར་མ་གྱུར་ཏམ། ཚུར་ཤེག་བདག་ཅག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་དོང་ཞིང་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བརྗོད་པར་བྱའོ། །བདག་ཅག་ཚེ་དང་ལྡན་པ་ཀུན་དགའ་བོས་ཇི་སྐད་ལུང་སྟོན་པར་འགྱུར་བ་དེ་དེ་ཁོ་ན་བཞིན་དུ་གཟུང་བར་བྱའོ་སྙམ་མོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་མཁྱེན་པར་མཛོད་ཅིག །འདི་ལྟར་བཅོམ་ལྡན་འདས་ཀྱིས་བསམ་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མའོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་ན། བདག་ཅག་དགེ་སློང་རབ་ཏུ་མང་པོ་ཉལ་བ་དག་གི་རྨི་ལམ་ན་མི་གཙང་བ་ཤོར་ཅིང་ཁུ་བ་བྱུང་བར་གྱུར་ཏེ། བདག་ཅག་ལ་འདུ་ཤེས་ཀྱང་མཆིས་ལ། སེམས་པ་ཡང་མཆིས་པས། བདག་ཅག་ལ་དགེ་འདུན་ལ་ལྷག་མའི་ལྟུང་བ་བྱུང་བར་མ་གྱུར་ཏམ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རབ་ཏུ་མང་པོ་དེ་དག་ཁྲིད་དེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་


DKG005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་བསམ་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མའོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་ན། ཚེ་དང་ལྡན་པ་དགེ་སློང་རབ་ཏུ་མང་པོ་འདི་དག་མཆིས་ཉལ་བའི་གཡར་ལམ་ན། མི་གཙང་བ་ཤོར་ཅིང་ཁུ་བ་ཕྱུང་བར་གྱུར་ཏེ། འདི་དག་ལ་འདུ་ཤེས་ཀྱང་མཆིས། སེམས་པ་ཡང་མཆིས་པས། འདི་དག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བར་མ་གྱུར་ཏམ། ཀུན་དགའ་བོ་འདི་དག་ལ་འདུ་ཤེས་ཀྱང་ཡོད། སེམས་པ་ཡང་ཡོད་པས། དེ་མེད་དོ་ཞེས་ང་མི་སྨྲ་མོད་ཀྱི་འདི་དག་གི་དེ་ནི་ཐ་སྙད་དུ་བྱར་རུང་བ་མ་ཡིན་ཏེ། ཀུན་དགའ་བོ་དེ་ལྟ་བས་ན་རྨི་ལམ་གྱི་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱང་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བསམ་བཞིན་དུ་ཁུ་བ་ཕྱུང་ན་རྨི་ལམ་གྱི་མ་གཏོགས་ཏེ་དགེ་འདུན་ལྷག་མའོ། །བསམ་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་དཔྱད་ནས་སོ། །ཁུ་བ་ཞེས་བྱ་བ་ནི་ཁུ་བ་རྣམ་པ་ལྔ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། བསྐ་བ་དང་། སླ་བའོ། །དེ་ལ་སྔོན་པོ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའིའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་དབང་བསྐུར་བར་འོས་ལ། དབང་མ་བསྐུར་བ་གནས་པ་མཚམས་ཐོབ་པ་གང་ཡིན་པ་དེ་ཁུ་བ་ཡང་སྔོན་པོ་ཡིན་ནོ། །སེར་པོ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་དེ་ལས་གཞན་པ་དག་གིའོ། །དམར་པོ་ནི་སྣ་ཆེན་པོ་ལ་གཏོགས་པ་འཁོར་ལོའི་མཐའ་པའིའོ། །བསྐ་བ་ནི་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱིའོ། །སླ་བ་ནི་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱིའོ། །ཡང་ན་བུད་མེད་ཀྱིས་དུབ་པ་དང་། ཁུར་གྱིས་དུབ་པ་དང་། ལམ་གྱིས་དུབ་པ་དང་། གཏའ་གམ་པ་དང་། ཡ་ཟ་མ་ལུག་གང་ཡིན་པ་དེའི་ཡང་སླ་བ་ཡིན་ནོ། །ཕྱུང་ན་ཞེས་


DKG005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་དེ་མ་ཐག་ཏུ་ཕྱུང་བའོ། །རྨི་ལམ་གྱི་མ་གཏོགས་ཏེ་ཞེས་བྱ་བ་ནི་རྨི་ལམ་གྱི་བཞག་སྟེའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི། ལྟུང་བ་དེ་དགེ་འདུན་ལ་རག་ལུས་པ་དང་། དགེ་འདུན་དང་འབྲེལ་པ་དང་། དགེ་འདུན་ལ་རྟེན་པ་ཡིན་ཏེ། ལྟུང་བ་དེ་དགེ་འདུན་ལས་རྣམ་པར་ལྡང་བར་འགྱུར་གྱི་གང་ཟག་ལས་མ་ཡིན་པའོ། །གཞན་ཡང་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་ནི་ལྷག་མ་མེད་པ་ཡིན་གྱི། འདི་ནི་ལྷག་མ་དང་བཅས་པ་ཡིན་པ་སྟེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གཞི་ལྔ་སྟེ། བདེ་བ་འདོད་པ་དང་། ས་བོན་འདོད་པ་དང་། རིག་སྔགས་འདོད་པ་དང་། སྨན་འདོད་པ་དང་། བརྟག་པ་འདོད་པས་སོ། །ཇི་ལྟར་བདེ་བ་འདོད་པས་ཤེ་ན། དགེ་སློང་གིས་བདེ་བ་འདོད་པས་ནང་གི་གཟུགས་ཉེ་བར་ལེན་ཅིང་སེམས་པར་བྱེད། རྩོལ་བར་བྱེད་ལ་ཁུ་བ་འབྱིན་ན་དགེ་འདུན་ལྷག་མར་འགྱུར་རོ། །ཁུ་བ་མ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །བདེ་བ་འདོད་པས་ཇི་ལྟ་བ་བཞིན་དུ་ས་བོན་འདོད་པ་དང་། རིག་སྔགས་འདོད་པ་དང་། སྨན་འདོད་པ་དང་། བརྟག་པ་འདོད་པས་ཀྱང་དེ་བཞིན་ནོ། །དགེ་སློང་གིས་བདེ་བ་འདོད་པས་ནང་གི་གཟུགས་ཉེ་བར་ལེན་ཅིང་སེམས་པར་བྱེད། རྩོལ་བར་བྱེད། རིལ་གྱིས་འཆང་བར་བྱེད། དམ་དུ་འཆང་བར་བྱེད་ལ། ཁུ་བ་འབྱིན་ན་དགེ་འདུན་ལྷག་མར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །བདེ་བ་འདོད་པས་ཇི་ལྟ་བ་བཞིན་དུ་ས་བོན་འདོད་པ། རིག་སྔགས་འདོད་པ་དང་། སྨན་འདོད་པ་དང་། བརྟག་པ་འདོད་པས་ཀྱང་དེ་བཞིན་ནོ། །དགེ་སློང་གིས་བདེ་བ་འདོད་པས། ནང་གི་གཟུགས་ཉེ་བར་ལེན་ཅིང་སེམས་པར་བྱེད། རྩོལ་བར་བྱེད། རིལ་གྱིས་འཆང་བར་བྱེད། དམ་དུ་འཆང་བར་བྱེད་ལ་དེས་ཀྱང་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་། ཁུ་བ་འབྱིན་ན་དགེ་འདུན་ལྷག་མར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །བདེ་བ་འདོད་པས་ཇི་ལྟ་བ་བཞིན་དུ་ས་བོན་འདོད་པ་དང་། རིག་སྔགས་འདོད་པ་དང་། སྨན་འདོད་པ་དང་། བརྟག་པ་འདོད་པས་ཀྱང་དེ་བཞིན་ནོ། །དགེ་སློང་གིས་བདེ་བ་འདོད་པས་ནང་གི་གཟུགས་ཉེ་བར་ལེན་ཅིང་


DKG005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པར་བྱེད། རྩོལ་བར་བྱེད། རིལ་གྱིས་འཆང་བར་བྱེད། དམ་དུ་འཆང་བར་བྱེད་ལ། དེས་ཀྱང་བྱུང་ལ་ཐུག་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་། ཁུ་བ་འབྱིན་ན་དགེ་འདུན་ལྷག་མར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །བདེ་བ་འདོད་པས་ཇི་ལྟ་བ་བཞིན་དུ་ས་བོན་འདོད་པ་དང་། རིག་སྔགས་འདོད་པ་དང་། སྨན་འདོད་པ་དང་། བརྟག་པ་འདོད་པས་ཀྱང་དེ་བཞིན་ནོ། །དགེ་སློང་གིས་བདེ་བ་འདོད་པས་ནང་གིས་གཟུགས་ཉེ་བར་ལེན་ཅིང་སེམས་པར་བྱེད། རྩོལ་བར་བྱེད། རིལ་གྱིས་འཆང་བར་བྱེད། དམ་དུ་འཆང་བར་བྱེད་ལ། དེས་ཀྱང་ངད་ལས་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཁུ་བ་འབྱིན་ན་དགེ་འདུན་ལྷག་མར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །བདེ་བ་འདོད་པས་ཇི་ལྟ་བ་བཞིན་དུ་ས་བོན་འདོད་པ་དང་། རིག་སྔགས་འདོད་པ་དང་། སྨན་འདོད་པ་དང་། བརྟག་པ་འདོད་པས་ཀྱང་དེ་བཞིན་ནོ། །དགེ་སློང་གིས་བདེ་བ་འདོད་པས་ནང་གི་གཟུགས་ཉེ་བར་ལེན་ཅིང་སེམས་པར་བྱེད། རྩོལ་པར་བྱེད། རིལ་གྱིས་འཆང་བར་བྱེད། དམ་དུ་འཆང་བར་བྱེད་ལ། དེས་ཀྱང་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་དང་། བྱུང་ལ་ཐུག་པའི་བདེ་བ་དང་། ངང་ལས་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་། ཁུ་བ་འབྱིན་ན་དགེ་འདུན་ལྷག་མར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །བདེ་བ་འདོད་པས་ཇི་ལྟ་བ་བཞིན་དུ་ས་བོན་འདོད་པ་དང་། རིག་སྔགས་འདོད་པ་དང་། སྨན་འདོད་པ་དང་། བརྟག་པ་འདོད་པས་ཀྱང་དེ་བཞིན་ནོ། །ནང་གི་གཟུགས་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་གཟུགས་ཉེ་བར་ལེན་པ་ལ་ཡང་དེ་བཞིན་དུ་རྒྱས་པར་སྦྱར་རོ། །བར་སྡོམ་ལ། གར་བྱེད་རབ་ཏུ་གར་བྱེད་དང་། །མཁའ་དང་ཤུགས་དང་སྦུབས་འོངས་དང་། །ཀུན་དུ་མཉེད་དང་བྱེ་བྲག་ངེས། །མཛའ་བ་དང་ནི་ལྟ་བ་དང་། །རྒྱུན་ལས་བཟློག་དང་རྫི་བཟློག་པའི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །དགེ་སློང་གིས་གར་བྱེད་པས་ཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་རབ་ཏུ་གར་བྱེད་པས་ཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ནམ་མཁའ་ལ་རྐེད་པ་བསྐྱོད་པས་ཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཤུགས་བཏང་སྟེ། ཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་


DKG005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སུ་འགྱུར་རོ། །དགེ་སློང་གིས་སྦུབས་སུ་འོངས་པའི་ཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཀུན་དུ་མཉེད་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་མི་འབྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཀུན་ཏུ་ཆགས་པའི་སེམས་ཀྱིས་རང་གི་ཡན་ལག་གི་རྣམ་པ་འཇལ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་ཆགས་པའི་སེམས་ཀྱིས་རང་གི་ཡན་ལག་གི་རྣམ་པ་ལ་ལྟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཆགས་པའི་སེམས་ཀྱིས་རང་གི་ཡན་ལག་གི་རྣམ་པ་ཆུའི་རྒྱུན་ལས་བཟློག་ཕྱོགས་སུ་གཏོད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཆུའི་རྒྱུན་ཕྱོགས་སུ་གཏོད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཆགས་པའི་སེམས་ཀྱིས་རང་གི་ཡན་ལག་གི་རྣམ་པ་རྫི་ཕྱོགས་མ་ཡིན་པར་གཏོད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫི་ཕྱོགས་སུ་གཏོད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །རྨ་སྦྱང་བ་དང་། ཤུ་བ་དང་། གཡན་པ་དང་། མཛེ་དང་། ཕོལ་མིག་དང་། སྐྲངས་པ་དང་། ཁྱི་རྔོ་དང་། ལྷོག་པ་དང་། འབྲུམ་བུ་དང་། ཕྱི་རོལ་དུ་མཆོང་བ་དང་། འོབས་ལ་མཆོང་བ་དང་། བརླ་ལ་རེག་པ་དང་། གོས་ལ་རེག་པ་དང་། ཆགས་པར་འགྱུར་བའི་གཟུགས་དག་མཐོང་བ་དང་། སྔོན་སྤྱད་པའི་ཡུལ་རྗེས་སུ་དྲན་པ་དང་། བསྲོ་ཁང་གི་ལས་ཉམས་སུ་མྱོང་བར་བྱེད་པས་ཁུ་བ་ཕྱུང་བ་ལ་ནི་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ནི་ལྟུང་བ་མེད་དོ། །ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་སྟེ་དང་པོ་རྫོགས་སོ།། །།


previousདགེ་འདུན་གྱི་ལྷག་མ་རྣམས་ལས། དང་པོ། ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་བཤད་པ།next