Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་པ། དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མ་བཤད་པ།


 
previousབཅུ་པ། དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མ་བཤད་པ། no next

བཅུ་པ། དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མ་བཤད་པ།


DKG005_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་བསོད་སྙོམས་རྙེད་པར་དཀའ་བ་བྱུང་ངོ་། །དེ་ན་དགེ་སློང་གང་དག་རྫུ་འཕྲུལ་ཐོབ་པ་དེ་དག་ནི། གང་གི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་ཤེས་པའི་ཤིང་འཛམ་བུ་དེ་ལས་འཛམ་བུའི་འབྲས་བུ་ལྷགས་པ་ཁ་དོག་དང་དྲི་དང་རོ་དང་ལྡན་པ་དག་དང་། དེའི་ཉེ་འཁོར་ན་སྐྱུ་རུ་རའི་ཚལ་དང་། བིལ་པའི་ཚལ་དང་། ཀ་པིད་ཐའི་ཚལ་དང་། དེ་དག་གི་འབྲས་བུ་ལྷགས་པ་ཁ་དོག་དང་དྲི་དང་རོ་དང་ལྡན་པ་དག་གིས་ལྷུང་བཟེད་བཀང་སྟེ། ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱེད་དོ། །ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དུ་ཡང་སོང་། བྱང་གི་སྒྲ་མི་སྙན་དུ་ཡང་སོང་སྟེ། མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་རྣམས་ལ་བགོ་བཤའ་བྱེད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་སྟེ། ལྷའི་བདུད་རྩི་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་


DKG005_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱེད་དོ། །ཡུལ་གང་དག་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་སྟེ། བཅའ་བ་དང་བཟའ་བ་གཙང་པ་བསོད་པ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱེད་དོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། དེ་ལྟར་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་བསོད་སྙོམས་རྙེད་པར་དཀའ་བ་བྱུང་སྟེ། འདི་ན་དགེ་སློང་གང་དག་རྫུ་འཕྲུལ་ཐོབ་པ་དེ་དག་ནི་གང་གི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་ཤེས་པའི་འཛམ་བུ་དེ་ལས་འཛམ་བུའི་འབྲས་བུ་ལྷགས་པ། ཁ་དོག་དང་དྲི་དང་རོ་དང་ལྡན་པ་དག་དང་། དེའི་ཉེ་འཁོར་ན་སྐྱུ་རུ་རའི་ཚལ་དང་། བིལ་བའི་ཚལ་དང་། ཀ་པིད་ཐའི་ཚལ་ནས་དེ་དག་གི་འབྲས་བུ་ལྷགས་པ། ཁ་དོག་དང་དྲི་དང་རོ་དང་ལྡན་པ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱེད། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དུ་ཡང་སོང་། བྱང་གི་སྒྲ་མི་སྙན་དུ་ཡང་སོང་སྟེ། མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱེད། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་སྟེ། ལྷའི་བདུད་རྩི་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དག་སློང་རྣམས་ལ་བགོ་བཤའ་བྱེད། ཡུལ་གང་དག་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་སྟེ། བཅའ་བ་དང་བཟའ་བ་གཙང་བ་བསོད་པ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱེད་ཀྱིས། བདག་གིས་ཀྱང་གལ་ཏེ་རྫུ་འཕྲུལ་ཐོབ་པར་གྱུར་ན། བདག་གིས་ཀྱང་གང་གི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་ཤེས་པའི་ཤིང་འཛམ་བུའི་འབྲས་བུ་ལྷགས་པ། ཁ་དོག་དང་དྲི་དང་རོ་དང་ལྡན་པ་དག་དང་། དེའི་ཉེ་འཁོར་ན་སྐྱུ་རུ་རའི་ཚལ་དང་། བིལ་པའི་ཚལ་དང་། ཀ་པིད་ཐའི་ཚལ་ནས་དེ་དག་གི་འབྲས་བུ་ལྷགས་པ། ཁ་དོག་དང་དྲི་དང་རོ་དང་ལྡན་པ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ། ལྷག་


DKG005_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡོད་ན་དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱ། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དུ་ཡང་སོང་། བྱང་གི་སྒྲ་མི་སྙན་དུ་ཡང་སོང་སྟེ། མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ། ལྷག་མ་ཡོད་ན་དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་སྟེ། ལྷའི་བདུད་རྩི་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ། ལྷག་མ་ཡོད་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱ། ཡུལ་གང་དག་འབྱོར་པ་རྒྱས་པ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་སྟེ། བཅའ་བ་དང་བཟའ་བ་གཙང་བ་བསོད་པ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ། ལྷག་མ་ཡོད་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱ་ན། དེའི་ཕྱིར་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་ནུས་པ་སུ་ཡོད་སྙམ་མོ། །དེ་ནས་ལྷས་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ལྷས་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་དེ་བྱུང་བར་ཐུགས་སུ་ཆུད་ནས་ལྷས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། གོའུ་ཏ་མའི་བུ་ཁྱོད་ཀྱིས་ལྷག་པའི་ཚུལ་ཁྲིམས་ལ་མངོན་པར་བརྩོན་པར་གྱིས་ཤིག་དང་། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །གོའུ་ཏ་མའི་བུ་ཁྱོད་ཀྱིས་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལ་མངོན་པར་བརྩོན་པར་གྱིས་ཤིག་དང་། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །དེ་ནས་ལྷས་བྱིན་འདི་


DKG005_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ཏོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་ཌི་ནྱ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་ཌི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་གྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་ཌི་ནྱས་བཅོམ་ལྡན་འདས་ཀྱི་ཐུགས་ལ་ཡང་རྣམ་པར་བལྟས། ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་དེ་བྱུང་བར་ཡང་རིག་ནས་ལྷས་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷས་བྱིན་ཁྱོད་ཀྱིས་གཟུགས་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང་། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །ལྷས་བྱིན་ཁྱོད་ཀྱིས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང་ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་ཀུན་ཤེས་ཀོའུ་ཌི་ནྱ་ཡང་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་མི་བྱེད་དོ་སྙམ་དུ་རིག་ནས་ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་པོ་དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟང་ལ་སོགས་པ་གནས་བརྟན་ལྔ་བརྒྱ་པོ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གནས་བརྟན་ལྔ་བརྒྱ་པོ་དག་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་དག་གིས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་གནས་བརྟན་ལྔ་བརྒྱ་པོ་དག་གིས་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཐུགས་ཡིད་ལ་རྣམ་པར་བལྟས། ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་དེ་བྱུང་བར་ཡང་རིག་ནས་ལྷས་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷས་བྱིན་ཁྱོད་ཀྱིས་གཟུགས་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང་ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །ལྷས་བྱིན་ཁྱོད་ཀྱིས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང་། ཁྱོད་


DKG005_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་ལྔ་བརྒྱ་པོ་དག་ཀྱང་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ཏེ། འདི་ལྟར་ཚེ་དང་ལྡན་པ་འདི་དག་གིས་སྔར་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་བགྲོས་པར་གྱུར་པས་དེས་ན་འགའ་ཡང་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་མི་བྱེད་ན། བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་ནུས་པ་གཞན་སུ་ཡོད་སྙམ་མོ། །དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་པ་རྒྱལ་པོའི་ཁབ་ན་སྡེ་ཅན་མའི་ཕུག་ན་འདུག་གོ། དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་འོད་སྲུང་སྟོབས་བཅུ་པ་འདི་ནི་ཡུན་རིང་པོ་ནས་གཡོ་མེད་པ་སྒྱུ་མེད་པ་དྲང་པོ་དྲང་པོའི་རང་བཞིན་ཅན་བདག་གི་ཕུ་ནུ་བོ་རྒན་པ་ཀུན་དགའ་བོའི་མཁན་པོ་ཡིན་པས་གནས་བརྟན་འོད་སྲུང་སྟོབས་བཅུ་པས་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་ནུས་སོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་པའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་པ་ལ་ལྷས་བྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་གྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་པས། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཐུགས་ཡིད་དང་། ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་དེ་བྱུང་བ་ལ་རྣམ་པར་མ་བལྟས་པར་ལྷས་བྱིན་ལ་རྫུ་འཕྲུལ་གྱི་ལམ་བསྟན་ཏོ། །དེ་ནས་ལྷས་བྱིན་གྱིས་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་


DKG005_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པས་སྤྱོད་ཅིང་བསམ་གཏན་དང་པོ་ལ་བརྟེན་ནས་འཇིག་རྟེན་པའི་ལམ་གྱི་རྫུ་འཕྲུལ་མངོན་པར་བསྒྲུབས་ནས། དེ་གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །ཤེས་པ་དང་མཐོང་བས་སྣང་བ་དང་མི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ། །ངོས་ཀྱི་རྩིག་པ་དང་ངོས་ཀྱི་ར་བ་དང་རི་ལ་ཡང་ལུས་ཀྱིས་མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱེའུ་ཟུལ་བྱེད་དོ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་པར་རྒྱུན་ཕྱོགས་སུ་འགྲོ་སྟེ། དཔེར་ན་ས་ཆེན་པོ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །དུ་བ་འཐུལ་བར་ཡང་བྱེད། འབར་བར་ཡང་བྱེད་དེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ལུས་ལས་ཆུའི་རྒྱུན་འབྱིན་ཏེ། དཔེར་ན་སྤྲིན་ཆེན་པོ་བཞིན་ནོ། །ཉི་མ་དང་ཟླ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ་འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ལག་པས་ནོམ་ཞིང་ཉུག་པར་བྱེད་དོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། བདག་ལ་གང་གི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་ཤེས་པའི་ཤིང་འཛམ་བུ་དེ་ལས་འཛམ་བུའི་འབྲས་བུ་ལྷགས་པ་ཁ་དོག་དང་དྲི་དང་རོ་དང་ལྡན་པ་རྣམས་དང་། དེའི་ཉེ་འཁོར་ནས་སྐྱུ་རུ་རའི་ཚལ་དང་། བིལ་བའི་ཚལ་དང་། ཀ་པིད་ཐའི་ཚལ་དེ་ལས་དེ་དག་གི་འབྲས་བུ་ལྷགས་པ་ཁ་དོག་དང་དྲི་དང་རོ་དང་ལྡན་པ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱད་པར་བྱ། ལྷག་མ་ཡོད་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱ་བ་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དུ་ཡང་སོང་། བྱང་གི་སྒྲ་མི་སྙན་དུ་ཡང་སོང་སྟེ། མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱད་པར་བྱ། ལྷག་མ་ཡོད་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱ་བ་དང་། རྒྱལ་ཆེན་བཞིའི་རིས་ཀྱིས་ལྷ་རྣམས་ཀྱི་ནང་དུ་ཡང་སོང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་སྟེ། ལྷའི་བདུད་རྩི་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་


DKG005_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ལོངས་སྤྱད་པར་བྱ། ལྷག་མ་ཡོད་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱ་བ་དང་། ཡུལ་གང་དག་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ནས་བཅའ་བ་དང་བཟའ་བ་གཙང་བ་བསོད་པ་དག་གིས་ལྷུང་བཟེད་བགྲང་་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ། ལྷག་མ་ཡོད་ན་དགེ་སློང་དག་ལ་ཡང་བགོ་བཤའ་བྱ་བས་ཅི་ཞིག་བྱས། བདག་གིས་མ་ག་དྷའི་ཞིང་འདི་ན་མི་གཙོ་བོ་གང་ཡིན་པ་རྗེས་སུ་འཇུག་པར་བྱ་ན། མ་ག་དྷའི་ཞིང་འདི་ན་གང་རྗེས་སུ་འཇུག་པར་བྱས་ནས་ཚེགས་ཆུང་དུས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱང་རྗེས་སུ་འཇུག་པར་འགྱུར་བའི་མིའི་གཙོ་བོ་རྗེས་སུ་འཇུག་པར་བྱ་བ་གང་ཡོད་སྙམ་མོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། གཞོན་ནུ་མ་སྐྱེས་དགྲ་འདི་ནི་ཕ་འདས་ནས་ཕའི་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོ་ལ་གནས་པར་གྱུར་པ་ཡིན་གྱིས། བདག་གིས་གཞོན་ནུ་མ་སྐྱེས་དགྲ་རྗེས་སུ་འཇུག་པར་བྱས་ཏེ། དེ་རྗེས་སུ་ཞུགས་པ་ན། ཚེགས་ཆུང་དུས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱང་རྗེས་སུ་འཇུག་པར་འགྱུར་རོ་སྙམ་མོ། །དེ་ནས་ལྷས་བྱིན་གྱིས་གླང་པོ་ཆེ་མཐུ་དང་ལྡན་པའི་བུ་རིགས་བཙུན་པར་བསྒྱུར་ནས། གཞོན་ནུ་མ་སྐྱེས་དགྲའི་ཁྱིམ་དུ་སྒོ་ནས་ཞུགས་ཏེ་སྒེའུ་ཆུང་ནས་ཕྱིར་བྱུང་ཞིང་། སྒེའུ་ཆུང་ནས་ཞུགས་ཏེ་སྒོ་ནས་ཕྱིར་བྱུང་ངོ་། །རྟ་མཐུ་དང་ལྡན་པའི་བུ་རིགས་བཙུན་པར་བསྒྱུར་ནས། སྒོ་ནས་ཞུགས་ཏེ་སྒེའུ་ཆུང་ནས་ཕྱིར་བྱུང་ཞིང་། སྒེའུ་ཆུང་ནས་ཞུགས་ཏེ་སྒོ་ནས་ཕྱིར་བྱུང་ངོ་། །དེ་ནས་དགེ་སློང་མགོ་བྲེགས་པ་སྣམ་སྦྱར་གྱོན་པར་བསྒྱུར་ནས། གཞོན་ནུ་མ་སྐྱེས་དགྲའི་ཁྱིམ་དུ་སྒོ་ནས་ཞུགས་ཏེ་སྒེའུ་ཆུང་


DKG005_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱིར་བྱུང་ཞིང་། སྒེའུ་ཆུང་ནས་ཞུགས་ཏེ་སྒོ་ནས་ཕྱིར་བྱུང་བ་དང་། གཞོན་ནུ་མ་སྐྱེས་དགྲས་ཀྱང་ཀྱེ་མ་འདི་ནི་འཕགས་པ་ལྷས་བྱིན་ཡིན་ནོ་སྙམ་དུ་ཤེས་སོ། །དེ་ནས་ལྷས་བྱིན་གྱིས་སྐྱེས་ཕྲན་གཞོན་ནུ་གསེར་གྱི་འོག་པག་ཅན་དུ་བསྒྱུར་ནས་གཞོན་ནུ་མ་སྐྱེས་དགྲའི་པང་པ་ན་འགྲེ་བར་བྱེད། ལྡོག་པར་བྱེད་ཅིང་གཞོན་ནུ་མ་སྐྱེས་དགྲ་ཡང་དེ་ལ་འཁྱུད་པར་བྱེད། ཁ་སྦྱོར་བར་བྱེད། ཀུན་ཏུ་འཁྱུད་པར་བྱེད་ཅིང་། དེའི་ཁར་མཆིལ་མ་ཡང་ལྡུག་པར་བྱེད་པ་ན། འདི་ལྟ་སྟེ། ལྷས་བྱིན་རྙེད་པ་དང་། བཀུར་སྟིས་ཟིལ་གྱིས་ནོན་ཅིང་སེམས་ཡོངས་སུ་གཏུགས་པས་དེ་ཡང་མིད་པར་བྱེད་དོ། །གཞོན་ནུ་མ་སྐྱེས་དགྲས་ཀྱང་ཀྱེ་མ་འདི་ནི་འཕགས་པ་ལྷས་བྱིན་ཡིན་ནོ་སྙམ་དུ་ཡང་ཤེས་སོ། །དེ་ནས་གཞོན་ནུ་མ་སྐྱེས་དགྲས་ཀྱེ་མ་འཕགས་པ་ལྷས་བྱིན་ནི་སྟོན་པ་བས་ཀྱང་ཆེས་རྫུ་འཕྲུལ་ཆེ་བ་ཡིན་ནོ་སྙམ་པའི་སྡིག་པ་ཅན་གྱི་ལྟ་བ་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིང་དེ་ལ་དད་པར་གྱུར་ནས་དད་པའི་ཆེད་དུ་བྱ་བ་བྱེད་པར་གྱུར་ཏེ། ནང་པར་དང་དགོངས་ཀར་ཤིང་རྟ་ལྔ་བརྒྱ་ཙམ་དང་ལྷན་ཅིག་འབྱུང་ཞིང་དེ་ལ་བསྙེན་བཀུར་བྱེད་དོ། །དེ་ལ་སྣོད་དུ་བཙོས་པ་ལྔ་བརྒྱ་ཙམ་གྱི་ཟས་ཀྱི་ཚོམ་བུ་ཚོམ་བུ་དག་འབུལ་བར་བྱེད་དོ། །ལྷས་བྱིན་ཡང་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཟས་ཀྱི་གྲལ་དུ་བཀད་པར་བྱེད་དོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་ན། དགེ་སློང་རབ་ཏུ་མང་པོ་དག་རྒྱལ་པོའི་ཁབ་ན་བསོད་སྙོམས་རྒྱུ་བས་ལྷས་བྱིན་ལ་རྙེད་པ་དང་བཀུར་སྟི་རྣམ་པ་འདི་ལྟ་བུ་འདི་འབྱུང་སྟེ། ལུས་འཕགས་མའི་བུ་མ་ག་དྷར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ནང་པར་དང་དགོངས་ཀར་ཤིང་རྟ་ལྔ་བརྒྱ་ཙམ་དང་ལྷན་ཅིག་འབྱུང་ཞིང་དེ་ལ་བསྙེན་བཀུར་བྱེད་དོ། །དེ་ལ་སྣོད་དུ་བཙོས་པ་ལྔ་བརྒྱ་ཙམ་གྱི་ཟས་ཀྱི་ཚོམ་བུ་ཚོམ་བུ་དག་ཀྱང་འབུལ་བར་བྱེད་དོ། །ལྷས་བྱིན་ཡང་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཟས་ཀྱི་གྲལ་དུ་བཀད་པར་བྱེད་དོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བརྒྱུས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་


DKG005_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ལས་ཕྱིར་ལོག་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་རབ་ཏུ་མང་པོ་དང་སྔ་དྲོ་ཤམ་ཐབས་འཚལ། ལྷུང་བཟེད་དང་ཆོས་གོས་ཐོགས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་ན། བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་རྒྱལ་པོའི་ཁབ་ན་བསོད་སྙོམས་རྒྱུ་བས་ལྷས་བྱིན་ལ་རྙེད་པ་དང་བཀུར་སྟི་རྣམ་པ་འདི་ལྟ་བུ་འདི་འབྱུང་སྟེ། ལུས་འཕགས་མའི་བུ་མ་ག་དྷར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ནང་པར་དང་དགོངས་ཀར་ཤིང་རྟ་ལྔ་བརྒྱ་ཙམ་དང་ལྷན་ཅིག་འབྱུང་ཞིང་དེ་ལ་བསྙེན་བཀུར་བགྱིད་དོ། །དེ་ལ་སྣོད་དུ་བསྒྲལ་བ་ལྔ་བརྒྱ་ཙམ་གྱི་ཟས་ཀྱི་ཚོམ་བུ་ཚོམ་བུ་དག་ཀྱང་འབུལ་བར་བགྱིད་དོ། །ལྷས་བྱིན་ཡང་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཟས་ཀྱི་གྲལ་དུ་བཀད་པར་བགྱིད་དོ་ཞེས་ཐོས་སོ། །དགེ་སློང་དག་ཁྱེད་ཅག་ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ལ་དགའ་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ནི་གསོད་པར་འགྱུར་བ་དང་། ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ནི་ཟིལ་གྱིས་གནོན་པར་འགྱུར་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ། དཔེར་ན་ཆུ་ཤིང་འབྲས་བུ་རྒྱས་པ་ནི་གསོད་པར་འགྱུར་བ་དང་། ཆུ་ཤིང་འབྲས་བུ་རྒྱས་པ་ནི་ཟིལ་གྱིས་གནོན་པར་འགྱུར་བ་དེ་བཞིན་དུ། ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ཡང་གསོད་པར་འགྱུར་བ་དང་། ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ཡང་ཟིལ་གྱིས་གནོན་པར་འགྱུར་བ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་འོད་མ་དང་འདམ་བུ་འབྲས་བུ་རྒྱས་པ་ནི་གསོད་པར་འགྱུར་བ་དང་། འོད་མ་དང་འདམ་བུ་འབྲས་བུ་རྒྱས་པ་ནི་ཟིལ་གྱིས་གནོན་པར་འགྱུར་བ་དེ་བཞིན་དུ། ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ཡང་གསོད་པར་འགྱུར་བ་དང་། ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ཡང་ཟིལ་གྱིས་


DKG005_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པར་འགྱུར་བ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་དྲེའུ་མོས་མངལ་ན་གནས་པ་འཛིན་པ་ནི་གསོད་པར་འགྱུར་བ་དང་། དྲེའུ་མོས་མངལ་ན་གནས་པ་འཛིན་པ་ནི་ཟིལ་གྱིས་གནོན་པར་འགྱུར་བ་དེ་བཞིན་དུ། ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ཡང་གསོད་པར་འགྱུར་བ་དང་། ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ཡང་ཟིལ་གྱིས་གནོན་པར་འགྱུར་བ་ཡིན་ནོ། །དགེ་སློང་དག་ལྷས་བྱིན་ལ་ཇི་ཙམ་དུ་རྙེད་པ་དང་བཀུར་སྟི་རྣམ་པ་དེ་ལྟ་བུ་དེ་འབྱུང་བར་འགྱུར་བ་ནི་མི་གཏི་མུག་ཅན་དེ་ལ་ཡུན་རིང་པོར་དོན་མེད་པ་དང་གནོད་པ་དང་སྡུག་བསྔལ་དུ་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། རྙེད་པ་དང་བཀུར་སྟི་ཟིལ་གྱིས་གནོན་པར་བྱ་ཞིང་རྙེད་པ་དང་བཀུར་སྟི་བྱུང་བས་སེམས་ཡོངས་སུ་གཏུགས་ཤིང་གནས་པར་མི་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆུ་ཤིང་འབྲས་བུས་གསོད་པར་བྱེད། །འོད་འབྲས་འདམ་བུ་འབྲས་བུས་གསོད། །དྲེའུ་མོ་རང་གི་མངལ་གྱིས་ལྟར། །མི་ངན་བཀུར་སྟིས་གསོད་པར་བྱེད། །བྱིས་པ་ཇི་ཙམ་གྲགས་གྱུར་པ། །དོན་མེད་ཉིད་དུ་འགྱུར་པ་ཡིན། །བྱིས་པའི་དཀར་ཆ་གསོད་བྱེད་ཅིང་། །རྩེ་མོ་ལས་ཀྱང་ལྟུང་བར་འགྱུར། །དེ་ནས་ལྷས་བྱིན་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་ཅིང་སེམས་ཡོངས་སུ་གཏུགས་པ་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ད་ལྟར་བཅོམ་ལྡན་འདས་ནི་རྒན་པོ་རྒས་པ་དགོག་ཏུ་གྱུར་པས་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་འདོམས་པས་ངལ་བར་འགྱུར་བས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་བཏང་བར་གྱུར་ན། བདག་གིས་ཀྱང་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་བར་བྱ་ཞིང་། བཅོམ་ལྡན་འདས་ཀྱང་ཚེ་འདི་ཉིད་ལ་བདེ་བར་གནས་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པས་ཐུགས་ལས་ཆུང་ངུར་གནས་པར་འགྱུར་རོ་སྙམ་མོ། །སེམས་བསྐྱེད་


DKG005_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་ཏུ་དེའི་རྫུ་འཕྲུལ་ཡོངས་སུ་ཉམས་པར་གྱུར་ཅིང་ཡོངས་སུ་ཉམས་ཀྱང་བདག་ཡོངས་སུ་ཉམས་སོ་སྙམ་དུ་མི་ཤེས་པར་གྱུར་ཏོ། །དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀོའུ་འདི་ནྱའི་བུ་དགེ་སློང་ནོག་ཅན་གྱིས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པ་དེ། ཚངས་པའི་གནས་བཞི་པོ་དག་བསྒོམས་ནས་འདོད་པ་དག་ལ་འདོད་པ་ལ་འདུན་པ་སྤངས་ཏེ། དེས་མང་དུ་གནས་པས་ཚངས་པའི་འཇིག་རྟེན་དང་རིས་མཐུན་པར་སྐྱེས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ངན་སྤོང་གི་བུ་དག་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ཚལ་རི་དྭགས་ཀྱི་ནགས་ན་འདུག་གོ་།དེ་ནས་ཚངས་པ་ནོག་ཅན་གྱིས་ལྷས་བྱིན་རྫུ་འཕྲུལ་དེ་ལས་ཡོངས་སུ་ཉམས་པར་རིག་ནས། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་ངར་བསྐུམས་པ་ལས་བརྐྱང་པའམ། བརྐྱངས་པ་ལས་བསྐུམ་པར་བྱེད་པ་དེ་བཞིན་དུ་ཚངས་པ་ནོག་ཅན་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས་ངན་སྤོང་གི་བུ་དག་ཏུ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ཚལ་རི་དྭགས་ཀྱི་ནགས་སུ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་མདུན་དུ་འདུག་གོ་།དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་ཚངས་པ་ནོག་ཅན་གྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མོའུ་འགལ་གྱི་བུ་མཁྱེན་པར་མཛོད་ཅིག །ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་ཅིང་སེམས་ཡོངས་སུ་གཏུགས་པ་ལ་སྡིག་པ་ཅན་གྱིས་འདོད་པའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ད་ལྟར་བཅོམ་ལྡན་འདས་ནི་རྒན་པོ་རྒས་པ་དགོག་ཏུ་གྱུར་པས་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་འདོམས་པས་ངལ་བར་འགྱུར་བས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་བཏང་བར་གྱུར་ན། བདག་གིས་ཀྱང་དགེ་སློང་གི་དགེ་འདུན་དྲང་བར་བྱ་ཞིང་། བཅོམ་ལྡན་འདས་ཀྱང་ཚེ་འདི་ལ་བདེ་བར་གནས་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པས་ཐུགས་ལས་ཆུང་ངུར་གནས་པར་འགྱུར་རོ་སྙམ་ནས་སེམས་བསྐྱེད་མ་ཐག་ཏུ་དེ་རྫུ་འཕྲུལ་ཡོངས་སུ་ཉམས་པར་གྱུར་ཅིང་། ཡོངས་སུ་ཉམས་ཀྱང་བདག་ཡོངས་སུ་ཉམས་སོ་སྙམ་དུ་མི་ཤེས་པར་གྱུར་གྱིས་བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་


DKG005_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བཞུད་དེ། བྱོན་ནས་དོན་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ན་ལེགས་སོ། །ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཚངས་པ་ནོག་ཅན་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚངས་པ་ནོག་ཅན་གྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཚངས་པ་ནོག་ཅན་སོང་ནས་རིང་པོ་མ་ལོན་པར་རིག་ནས། ཇི་ལྟར་སེམས་མཉམ་པར་བཞག་ན་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པས་ལག་ངར་བསྐུམས་པ་ལས་བརྐྱང་པའམ། བརྐྱངས་པ་ལས་བསྐུམ་པར་བྱེད་པ་དེ་བཞིན་དུ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ངན་སྤོང་གི་བུ་དག་ནས་མི་སྣང་བར་གྱུར་ཅིང་། རྒྱལ་པོའི་ཁབ་ཏུ་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་སུ་གནས་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་དེ་ལ་ཚངས་པ་ནོག་ཅན་དང་ལྷན་ཅིག་པར་དུ་གཏམ་བརྗོད་པ་ཅི་བྱུང་བར་གྱུར་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མོའུ་འགལ་གྱི་བུ་ཁྱོད་ཀྱིས་ཆེས་སྔར་ལྷས་བྱིན་གྱི་སེམས་ལ་སེམས་ཀྱིས་ཁྱབ་པར་བྱས་ཏེ་རིག་ནས། དེའི་འོག་ཏུ་ཚངས་པ་ནོག་ཅན་གྱིས་མ་བརྗོད་དམ། བཙུན་པ་དེ་ལགས་ཏེ། བདག་གིས་ཆེས་སྔར་ལྷས་བྱིན་གྱི་སེམས་ལ་སེམས་ཀྱིས་ཁྱབ་པར་བགྱིས་ཏེ་རིག་ནས་དེའི་འོག་ཏུ་ཚངས་པ་ནོག་ཅན་གྱི་བརྗོད་ལགས་སོ། །བཅོམ་ལྡན་འདས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང་ཐབས་ཅིག་བར་དུ་བཀའ་མཆིད་འདི་གསུང་བའི་སྐབས་སུ་ལྷས་བྱིན་གྲོགས་དགེ་སློང་བཞི་པོ་ཀོ་ཀ་ལི་དང་། ཁན་ད་དྲབ་བྱ་དང་། ཀ་ཏ་མོར་ཀ་ཏི་ཤྱ་དང་། རྒྱ་མཚོས་བྱིན་དང་ལྷན་ཅིག་བཅོམ་ལྡན་འདས་དེ་ལ་བ་དེར་སོང་ངོ་། །བཅོམ་ལྡན་འདས་ཀྱིས་ལྷས་བྱིན་ཐག་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་བུ་ལྷས་བྱིན་དེ་


DKG005_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འོང་་ཞིང་ད་མི་གཏི་མུག་ཅན་དེ་ངའི་མདུན་དུ་བདག་ཉིད་ཀྱི་བདག་ཉིད་ལུང་སྟོན་པར་བྱེད་ཀྱིས་ད་ཚིག་སྲུངས་ཤིག །དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཇི་ལྟར་སེམས་མཉམ་པར་བཞག་ན་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པས་ལག་ངར་བསྐུམས་པ་ལས་བརྐྱང་བའམ། བརྐྱངས་པ་ལས་བསྐུམ་པར་བྱེད་པ་དེ་བཞིན་དུ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ནས་མི་སྣང་བར་གྱུར་ཅིང་ངན་སྤོང་གི་བུ་དག་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ཚལ་རི་དྭགས་ཀྱི་ནགས་སུ་གནས་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལྷས་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ལྷས་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ད་ལྟར་བཅོམ་ལྡན་འདས་བགྲེས་པོ་བགྲེས་པ་དགོག་ཏུ་གྱུར་པས་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་འདོམས་པས་བསྙེལ་བར་གྱུར་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་བཏང་ན་ལེགས་ཏེ། བདག་གིས་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་བར་བགྱི་ཞིང་། བཅོམ་ལྡན་འདས་ཀྱང་ཚེ་འདི་ལ་བདེ་བར་གནས་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པས་ཐུགས་ལས་ཆུང་ངུར་གནས་པར་འགྱུར་རོ། །མི་གཏི་མུག་ཅན་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་ཚངས་པ་མཚུངས་པར་སྤྱོད་པ། དེས་པ་དེས་པ་དག་ལ་ཡང་རེ་ཞིག་དགེ་སློང་གི་དགེ་འདུན་གཏོང་བར་མི་བྱེད་ན། རོ་དང་འདྲ་བ་མཆིལ་མ་ཟ་པ་ཁྱོད་ལ་གཏོང་རེ་སྐན། དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་གཉིས་ཀྱི་བསྔགས་པ་བརྗོད་ཅིང་། བདག་ལ་རོ་དང་འདྲ་བ་མཆིལ་མ་ཟ་བ་ཞེས་བརྗོད་པས་ཀུན་ཏུ་སྤྱད་དོ་སྙམ་ནས། དེ་ན་ལྷས་བྱིན་གྱིས་དེའི་དང་པོར་བཅོམ་ལྡན་འདས་ལ་ཀུན་ནས་མནར་སེམས་དང་མི་བཟོད་པ་དང་ཡིད་མི་ཆེས་པ་བྱས་པར་གྱུར་ཏོ། །དེ་ནས་ལྷས་བྱིན་གྱིས་སྡོད་ཅིག་ཅེས་བརྗོད་དེ། མགོ་ལན་གསུམ་ལྕོགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་།། །


previousབཅུ་པ། དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མ་བཤད་པ། no next