Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དྲུག་པ།


   
   
བཅུ་གཅིག་པ། རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་གཅིག་པ། རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་བཤད་པ། next

བཅུ་གཅིག་པ། རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་བཤད་པ།


DKG006_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་གདན་དེ་ཉིད་ལ་བཞུགས་བཞིན་དུ་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་གཉིས་པ་བཅའ་བར་བཞེད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་གྱིས་བྱ་བ་ཅུང་ཞིག་ཡོད་ཀྱིས་རེ་ཞིག་སྟན་ལས་མ་ལྡང་ཤིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་བ་སྟེ་ཞེས་བྱ་བ་ལ་སོགས་པ་སང་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་


DKG006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ལ་རྨས་པ། ཀོ་ཀ་ལི་ཀ །ཁན་ད་དྲ་བྱ། ཀ་ཊ་མོ་ར་ཀ་ཏི་ཥྱ། རྒྱ་མཚོས་བྱིན་ཁྱེད་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་བ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེད་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་། འདུལ་བ་ཡང་དག་བར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་བར་བྱེད་པ་དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་བའི་ཕྱིར་ཏེ། དགེ་སློང་འདིགང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་སྨྲས་པ་བདེན་ནམ ། བཙུན་བ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨད་པ་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུམས་རྣམ་བར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་གཅིག་གམ། གཉིས་སམ། མང་པོ་དག་ཡོད་ཅིང་། གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་


DKG006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་ཕར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དེ་སྐད་ཅེས་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་། འདུལ་བ་ཡང་དག་བར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་བ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་བར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅུག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་


DKG006_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་བར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་པ་ན་གཞི་དེ་གཏོག་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །དགེ་སློང་དེའི་ཞེས་བྱ་བ་ནི་ལྷས་བྱིན་གྱིའོ། །གྲོགས་བྱེད་པའི་དགེ་སློང་ཞེས་བྱ་བ་ནི་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་གོ །མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་ཞེས་བྱ་བ་ནི་ལྟ་བ་དེ་དག་དང་། འདོད་པ་དེ་དག་དང་། བསམ་པ་དེ་དག་དང་ལྡན་པའོ། །གཅིག་གམ། གཉིས་སམ། མང་པོ་དག་ཡོད་ཅིང་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་མང་བའོ། །གལ་ཏེ་དེ་དག་ཅེས་བྱ་བ་ནི་རྗེས་སུ་ཕྱོགས་པ་དེ་དག་གོ །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་ཡང་རུང་ཞེས་བྱ་བ་ནི་དགེ་བ་ལ་སྦྱོར་པར་ཡང་མ་བྱེད་ཅིག་པའོ། །སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་ཟློག་པར་ཡང་མ་བྱེད་ཅིག་ཅེས་བྱ་བའོ། །དགེ་སློང་འདི་ལ་ཞེས་བྱ་བ་ནི་ལྷས་བྱིན་ལའོ། །ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་ཅུང་ཟད་ཀྱང་མ་སྨྲ་ཤིག་པའོ། །དེ་ཅེའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་། འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ནི་ལྟ་བ་དེ་ལྟར་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའོ། །དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། ཞེས་བྱ་བ་ནི་དོན་རྟོགས་པ་ཡིན་གྱི། དོན་མ་རྟོགས་པ་མ་ཡིན་པའི་ཕྱིར་རོ། །དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ། །ཞེས་ཟེར་ན་ཞེས་བྱ་བ་ནི་དགེ་སློང་ལྷས་བྱིན་འདི་གཞི་གང་འདོད་བ་དེ་བདག་ཅག་ཀྱང་འདོད་དོ་ཞེས་ཟེར་ནའོ། །


DKG006_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དེ་དག་ལ་ཞེས་བྱ་བ་ནི་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ་དང་། ཀ་ཊ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་དག་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བ་སྟེ། ཡང་དག་བར་བསྒོ་བ་དེ་ནི་དེ་ཡིན། ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་ཡིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཅུང་ཟད་ཇི་ཙམ་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་བར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་བ་དེའི་གྲོགས་བྱེད་ཅིང་མི་མཐུན་པ་སྨྲ་བའི་རྗེས་སུ་ཕྱོགས་པར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པར་འགྱུར་རོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་གཏོག་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་བྱས་པ་ན་ཉེས་པ་སྦོས་པོར་འགྱུར་རོ། །ལས་བརྗོད་པ་དང་པོ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་


DKG006_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་བོར་འགྱུར་རོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་གལ་ཏེ་མཐུན་པ་དང་། ཆོས་མ་ཡིན་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་ཀྱིས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་། ཆོས་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་། ཆོས་མ་ཡིན་པ་ལྟར་བཅོམ་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་མཐུན་པས་བསྒོ་བར་བྱེད་ན་རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་དེས་སྟན་དེ་ལ་འདུག་བཞིན་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་དེ་ཕྱིན་ཅད་ནས་དེ་ལ་འཆབ་པའི་ཉེས་པ་འབྱུང་བར་འགྱུར་རོ། །དེ་བས་ན་དགེ་སློང་གིས་ཇི་ཙམ་དུ་གཞི་དེས་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་བ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་སྟེ་བཅུ་གཅིག་པ་རྫོགས་སོ། །


previousབཅུ་གཅིག་པ། རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་བཤད་པ། next