Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོ་ལྔ་པ། མཐོ་གང་གི་སྤང་བ་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོ་ལྔ་པ། མཐོ་གང་གི་སྤང་བ་བསྟན་པ།next

བཅོ་ལྔ་པ། མཐོ་གང་གི་སྤང་བ་བསྟན་པ།


DKG006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་རྣམ་པར་འབྱེད་པ། བམ་པོ་སུམ་བཅུ་རྩ་གཉིས་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བ་ར་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་མཁྱེན་བ་ཐུགས་སུ་ཆུད་པ་དེའི་ཚེ་ན་ཐམས་ཅད་དུ་ཡུལ་དབུས་སུ་སངས་རྒྱས་འཇིག་རྟེན་དུ་བྱུང་ཞེས་གྲག་གོ་ཞེས་སྒྲ་གྲགས་སོ། །བྱང་ལམ་ན་ཚོང་བ་དག་གིས་ཡུལ་དབུས་སུ་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། གང་དག་དེ་ལ་མཆོད་པ་དག་བྱེད་བ་དེ་དག་གི་མཆོད་པ་བྱས་པ་དེ་དག་ནི་ཤིན་ཏུ་འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། གསལ་བ་ཆེ་བ་དང་། རྒྱ་ཚེན་པོར་འགྱུར་རོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཟོང་དག་ཐོགས་ཏེ་མཉན་ཡོད་དུ་འདོད་ཞིང་དེར་བདག་ཅག་གིས་ཁེ་སྤོགས་ཀྱང་བསྒྲུབ་པར་བྱ། བཅོམ་ལྡན་འདས་ལ་ཡང་བསྙེན་བཀུར་བྱའོ་སྙམ་དུ་རིག་ནས་ཚོང་པ་ལྔ་བརྒྱ་བྱང་ལམ་ནས་ཟོང་དག་ཐོགས་ཏེ་ཡུལ་དབུས་སུ་འཕགས་སོ། །དེ་དག་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་དེ་དག་གིས་ཟོང་མཁོས་སུ་ཕབ་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་བདག་ཅག་སངས་རྒྱས་བཅོམ་ལྡན་འདས་བལྟ་བར་འདོད་དོ། །ཤེས་ལྡན་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པ་རྣམས་ནི་བལྟ་བར་བྱ་བ་རིན་པོ་ཆེ་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདི་ལྟ་སྟེ། དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་ལྟར་བལྟམས་པ་དང་། འབྱུང་བ་དཀོན་པ་ཡིན་ནོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཚོང་པ་ལྔ་བརྒྱ་པོ་དེ་དག་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་


DKG006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཚོང་པ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཚོང་པ་དེ་དག་གིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་ནས། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་གཙུག་ལག་ཁང་བལྟ་བར་བརྩམས་པ་དང་། ཚོང་པ་དེ་དག་གིས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་མལ་དག་ན་གདིང་བ་དབུས་རྡོལ་བ་དག་མཐོང་ངོ་། །མཐོང་ནས་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཅིའི་ཕྱིར་དགེ་སློང་གནས་བརྟན་གནས་བརྟན་འདི་དག་གི་འདིང་བ་དག་དབུས་རྡོལ་བར་གྱུར། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བདག་ཉིད་ཆེན་པོ་འདི་དག་ནི་ཕལ་ཆེར་མཚན་མོ་སྐྱིལ་མོ་ཀྲུང་གིས་འདའ་བར་བྱེད་དོ། །དེ་དག་སེམས་མངོན་པར་དད་པར་གྱུར་ནས་དད་པ་སྐྱེས་པ་དེ་དག་གིས་དགེ་སློང་རྣམས་ལ་རས་ཡུག་ཆེན་ལྔ་བརྒྱ་ཕུལ་ལོ། །དགེ་སློང་རྣམས་ཀྱིས་གདིང་བ་རྙིང་པ་དེ་དག་ཁང་པ་ཆེན་པོའ་གཙུག་ལག་ཁང་བླ་གབ་མེད་པ་ཞིག་ཏུ་བཞག་གོ །དེའི་ཚེ་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། དགེ་སློང་གི་དགེ་འདུན་ནི་ཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པ་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་པར་བཞེད་པ་དང་། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང་། ནད་བ་ལ་བལྟ་བར་བཞེད་པ་དང་། གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདིར་ནི་བཅོམ་ལྡན་


DKG006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པས། རྫས་ལས་བྱུང་བ་ནི་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་ལ་མོན་པར་ཐུགས་སུ་ཆུད་ནས་ལྡེ་མིག་བསྣམས་ཏེ་ཀུན་དགའི་ར་བ་ནས། ཀུན་དགའི་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་ས་དང་། གོལ་བར་གཤེགས་ཤིང་མཐར་གྱིས་གཤེགས་པ་ན་ཁང་པ་ཆེན་པོའ་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཁང་པ་ཆེན་པོའ་གཙུག་ལག་ཁང་དེ་ན་གཅིང་བ་རྙིང་པ་རྡོལ་བ་དང་རལ་བས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་རབ་ཏུ་མང་པོ་དག་ས་ལ་བཀྲམ་ཞིང་འདུག་གོ །བཅོམ་ལྡན་འདས་ཀྱིས་གདིང་བ་རྙིང་པ་རྡོལ་བ་དང་། རལ་བ་ས་རྡུལ་གྱི་ཕྱེ་བ་དང་འདྲེས་པ་རབ་ཏུ་མང་པོ་དག་ས་ལ་བཀྲམ་ཞིང་འདུག་པ་དག་གཟིགས་སོ། །གཟིགས་ནས་ཀྱང་ཨེ་མ་ཞེས་གསུང་ཞིང་སྨད་ནས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ལྤགས་པ་དང་། ཤ་དང་། ཁྲག་དག་བཙིར་ཅིང་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདིང་བ་རྙིང་པ་དེ་དག་ལེགས་པར་བརྟུལ་ཅིང་སྤྲུགས་ནས་བཏིང་ཞིང་བསྐབས་ཏེ་རྩིག་པ་ལ་མི་རེག་པར་མཛད་ནས། གཙུག་ལག་ཁང་གི་སླད་རོལ་དུ་ཞབས་གཉིས་བསིལ་ཏེ་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་བསོད་སྙོམས་སྒྲུབ་པས། བསོད་སྙོམས་བླངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱི་བསོད་སྙོམས་སྒྲུབ་པའི་དགེ་སློང་ལ་དགེ་སློང་ལས་ཇི་ལྟར་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་འདིས་སོ་སོར་ཀུན་དགའ་བར་


DKG006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཡིན་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་བསོད་སྙོམས་སྒྲུབ་པ་ལ། དགེ་སློང་ཇི་ལྟར་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་ཏེ་བོར་ཟས་བསོད་ཅིང་དགེ་སློང་གི་དགེ་འདུན་ཚིམ་པར་བགྱིས་སོ། །དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས། གཙུག་ལག་ཁང་གི་སླད་རོལ་དུ་ཞབས་གཉིས་བསིལ་ཏེ་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་ངས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཤེས་ནས་ལྡེ་མིག་ཁྱེར་ཏེ། ཀུན་དགའི་ར་བ་ནས་ཀུན་དགའི་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང་། གོལ་བར་སོང་ཞིང་མཐར་གྱིས་འགྲོ་བ་ན་ཁང་པ་ཆེན་པོའ་གཙུག་ལག་ཁང་ཞིག་ག་ལ་བ་དེར་ཕྱིན་ནས་ངས་ཁང་པ་ཆེན་པོའ་གཙུག་ལག་ཁང་དེ་ན་གཅིང་བ་རྙིང་པ་རྡོལ་བ་དང་རལ་བ་ས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་རབ་ཏུ་མང་པོ་དག་ས་ལ་བཀྲམ་ཞིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་ཨེ་མ་ཞེས་བྱས་ཏེ་སྨད་ནས་འདི་སྙམ་དུ་བྲམ་ཟེ་དང་། ཁྱིམ་བདག་དང་བཅན་དག་གིས་ལྤགས་པ་དང་། ཤ་དང་། ཁྲག་དག་བཙིར་ཅིང་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་ཀྱིས། དགེ་སློང་དག་ཁྱེད་ཀྱིས་དད་པས་སྦྱིན་པར་བྱ་བ་ལ། དྲོད་རན་པར་ཡོངས་སུ་ལོངས་སྤྱད་པ་དང་། སྤང་ཞིང་ཡོངས་སུ་ལོངས་སྤྱད་པ་དང་། དུས་སུ་ཡོངས་སུ་ལོངས་སྤྱད་པ་དང་། བརྟག་ཅིང་ཡོངས་སུ་ལོངས་སྤྱད་པ་དང་། ཁད་ཀྱིས་ཡོངས་སུ་ལོངས་སྤྱད་ན་ལེགས་སོ།། །།བར་སྡོམ་ལ། དྲོད་རན་པ་དང་སྤང་བ་དང་། །དེ་


DKG006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུས་དང་བརྟག་པ་དང་། །ཁད་ཀྱིས་ཡོངས་སུ་སྤྱད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲོད་རན་པ་དང་། སྤང་བ་དང་། བརྟག་པ་དང་། །ཁད་ཀྱིས་ཡོངས་སུ་ལོངས་སྤྱད་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གདིང་བ་སར་པ་བྱེད་ན་སར་པ་བྱ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་ཀླན་པར་བྱའོ། །གལ་ཏེ་དགེ་སློང་གིས་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་ཀླན་པར་གདིང་བ་སར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །གདིང་བ་ཞེས་བྱ་བ་ནི་སོ་སོར་གདིང་བའོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་། རྙེད་པས་སར་པ་སྟེ། དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་བྱེད་དུ་འཇུག་ནའོ། །སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སར་པ་སྲ་བར་བྱ་བའི་ཕྱིར་རོ། །གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་ཀླན་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་དེ་ལ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བ་གཞན་ཡོད་ནའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །བདེ་བར་གཤེགས་པའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་ཕྱེད་དང་དོ་ཡོད་དོ། །འཁོར་བས་ཞེས་བྱ་བ་ནི་ཀུན་ནས་མཐོ་རེ་ཡོད་པས་སོ། །ཀླན་པར་བྱའོ་ཞེས་བྱ་བ་ནི་སྦྱར་བར་བྱ་བའོ། །མ་ཀླན་པར་ཞེས་བྱ་བ་ནི་མ་སྦྱར་བར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་


DKG006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་ཀླན་པར་ཇི་ཙམ་ཅུང་ཟད་དུ་གདིང་བ་སར་པ་སྤྱོད་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གདིང་བ་རྙིང་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤ་ཟད་པ་དང་། བུག་རྡོལ་དུ་གྱུར་པ་དང་། བཅོས་སུ་མི་རུང་བ་ཡིན་ན་ལྟུང་བ་མེད་དོ། །དེ་ཙམ་མེད་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མཐོ་གང་གི་སྤང་བ་སྟེ་བཅྭ་ལྔ་པ་རྫོགས་སོ། །


previousབཅོ་ལྔ་པ། མཐོ་གང་གི་སྤང་བ་བསྟན་པ།next