Nitartha Digital Library
Tibetan
 
previousབཅུ་ཚན་བདུན་པ། བསམས་བཞིན་ལ་སོགས་པའི་སྡེ་ཚན།next

བཅུ་ཚན་བདུན་པ། བསམས་བཞིན་ལ་སོགས་པའི་སྡེ་ཚན།


DKG007_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིག་སྔངས་བྱེད་དང་། །སྦེད་དང་རྡེང་མེད་གཞི་མེད་དང་། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེར་བསོད་སྙོམས་བརྒྱུས་ཏེ་འཕོང་གི་དཔོང་ས་མཐོང་ནས་དེས་དེར་ཞུགས་པ་དང་། འཕོང་གི་སློབ་དཔོན་ནི་མེད་ཁྱེའུ་དག་འཁོད་ནས་དེས་ཁྱེའུ་དག་ལ་དྲིས་པ། ཁྱེའུ་དག་ཅི་བྱེད་དེ་དག་གིས་སྨྲས་པ། འཕགས་པ་འཕོང་སློབ་པོ་འཆར་ཀས་སྨྲས་པ། བུ་དག་ལེགས་ཏེ་ཁྱོད་ཀྱིས་སྒྱུ་རྩལ་མཆོག་ལ་རྒལ་ཏོ་བལྟས་གཡོན་འཕོངས་དང་། གཡས་འཕོངས་དང་མདའ་ལྔ་འཕང་བ་བྱོས་ཤིག །དེ་དག་གིས་གཡོན་འཕོངས་དང་། གཡས་འཕོངས་དང་། མདའ་ལྔ་འཕང་བར་བྱ་བར་བརྩམས་པ་དང་། དེ་ལག་པ་གཉིས་འདྲིལ་བར་བྱེད། བཞིན་སྒྱུར་བར་བྱེད་དོ། །དེ་དག་གིས་སྨྲས་པ། འཕགས་པ་ཅིའི་སླད་དུ་ཕྱག་གཉིས་འདྲིལ་བར་མཛད། ཞལ་སྒྱུར་བར་མཛད། འཆར་ཀས་སྨྲས་པ། ད་དུང་ཁྱེད་ཅག་གི་སློབ་དཔོན་གྱིས་ཀྱང་མི་ཤེས་ན་ཁྱེད་ཅག་གིས་ལྟ་ཤེས་པར་འགྱུར་རེ་སྐན། དེ་དག་གིས་སྨྲས་པ། འཕགས་པ་འདི་ལ་མཁྱེན་པ་ཅུང་ཟད་མངའ་འམ། འཆར་ཀས་སྨྲས་པ། སའི་སྟེང་ན་ཁོ་བོས་མི་ཤེས་པའི་བཟོའི་གནས་དང་ལས་ཀྱི་གནས་གང་ཡོད། དེ་དག་གིས་སྨྲས་པ། འཕགས་པ་གཡར་སྔ་བྲིམ་གྱིས་གཡོན་འཕོངས་དང་གཡས་འཕོངས་དང་། མདའ་ལྔ་འཕང་བ་མཛད་དུ་གསོལ། འཆར་ཀས་སྨྲས་པ་གཞུ་འོན་ཅིག་དེ་དག་གིས་གཞུ་ཕུལ་བ་དང་། འཆར་ཀས་སྨྲས་པ། གཞུ་འདི་ནི་རས་བལ་གྱི་གཞུ་འདྲ་ལ་གཞུ་གཞན་འོན་ཅིག །དེ་དག་གིས་གཞུ་གཉིས་པ་དང་། གསུམ་པ་ཕུལ་བ་དང་འཆར་ཀས་སྨྲས་པ། གཞུ་འདི་དག་ཀྱང་རས་བལ་གྱི་གཞུ་འདྲས་ཁྱེད་ཀྱིས་སློབ་དཔོན་གྱི་གཞུ་འོན་ཅིག་དེ་དག་གིས་སློབ་དཔོན་གྱི་གཞུ་ཕུལ་བ་དང་འཆར་ཀས་སྨྲས་པ། འདི་ཡང་ཚོད་ཡོད་པ་ཞིག་


DKG007_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཞེས་དེས་གཞུ་དེ་རས་བལ་གྱི་གཞུ་བཞིན་དུ་བདུངས་ཏེ་རྒྱུད་སྒྲ་སྦྲེངས་པ་དང་། སྟེང་གི་ནམ་མཁའ་ལ་བྱ་རོག་གི་ཚོགས་རྒྱུ་བར་བརྩམས་ནས་འཆར་ཀས་སྨྲས་པ། ཇི་ལྟ་ཇེ་བྱ་རོག་འདིའི་རྐུབ་ཏུ་བསྣུན་ལ་ཁར་དབྱུང་བར་བྱའམ། འོན་ཏེ་ཁར་བསྣུན་ལ་རྐུབ་ཏུ་དབྱུང་བར་བྱ་དེ་དག་གིས་སྨྲས་པ། འཕགས་པ་རྐུབ་ཏུ་བསྣུན་ལ་ཁར་དབྱུང་དུ་གསོལ། འཆར་ཀས་ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མདའ་གཅིག་འཕངས་ཤིང་ལྷོ་དང་ནུབ་དང་། བྱང་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་ཡང་མདའ་རེ་རེ་འཕང་བ་དང་། བྱ་རོག་དེས་ཁ་གྱེན་དུ་ཕྱོགས་ཏེ་འགྲོ་བར་བརྩམས་ནས། འཆར་ཀས་དེའི་ཕྱི་བཞིན་མདའ་གཅིག་འཕངས་པས་རྐུབ་ཏུ་བསྣུན་ཏེ་ཁར་ཕྱུངས་ནས་བྱ་རོག་དེ་ས་ལ་ལྷུང་བ་དང་། དེ་དག་ཡ་མཚན་སྐྱེས་ནས་སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །འཆར་ཀས་སྨྲས་པ། བུ་དག་བཟོ་འདི་ལྟར་བསླབ་པར་བྱ་བའམ་ཡང་ན་སློབ་དཔོན་གཞན་བཙལ་བར་བྱའི་འབྲས་བུ་མེད་པའི་སྦུན་པ་ཕྱར་ཞིང་འཁོད་དེ་ཅི་རུང་ཞེས་སྨྲས་ཏེ་སོང་ངོ་། །དེ་དག་སེམས་ཁོང་དུ་ཆུད་ཅིང་འཁོད་པ་དང་ཇི་ཙམ་ན་དེ་དག་གི་སློབ་དཔོན་འོངས་ནས་དེས་སྨྲས་པ། ཁྱེའུ་དག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འཁོད། གཡོན་འཕོངས་དང་། གཡས་འཕོངས་དང་། མདའ་ལྔ་འཕང་བ་བྱོས་ཤིག་དེ་དག་ལག་པ་གཉིས་འདྲིལ་བར་བྱེད། བཞིན་སྒྱུར་བར་བྱེད་པ་དང་སློབ་དཔོན་གྱིས་སྨྲས་པ། ཁྱེའུ་དག་སྔོན་མ་བྱུང་བའི་རྣམ་པར་འགྱུར་བ་འདི་ལྟ་བུ་བྱུང་ན་འདིར་འགའ་ཞིག་འོང་བར་མ་གྱུར་ཏམ་མཆིས་སོ། །སུ་འཕགས་པ་འཆར་ཀའོ་དེས་ཅི་བྱས། མདའ་ལྔ་འཕང་བ་བགྱི་ནས་བྱ་རོག་འདིའི་རྐུབ་ཏུ་བསྣུན་ནས་ཁར་ཕྱུང་ངོ་། །དེས་སྨྲས་པ་ཁྱེའུ་དག་བྱང་ཆུབ་སེམས་དཔའ་འཕོང་གི་དཔོང་ས་གང་དུ་འཕོང་བསླབས་པར་གྱུར་པ་དེར་དེས་ཀྱང་བསླབས་ཏེ་གལ་ཏེ་དེ་རབ་ཏུ་བྱུང་བར་མ་གྱུར་ན་འཛམ་བུའི་གླིང་མཐའ་དག་ཏུ་འཕོང་གི་སློབ་དཔོན་གྱི་མཆོག་ཏུ་འགྱུར་རོ། །འོན་ཀྱང་ཁོ་བོས་ཅི་ཤེས་པ་རེ་ཞིག་ཁོ་བོ་ལས་སློབས་ལ་ལྷག་མ་གཞན་ལས་སློབས་ཤིག །དེས་བསམས་པ་དེ་ཡང་དང་ཡང་དུ་བདག་ལ་མཐོ་འཚམ་པར་འགྱུར་བས་བདག་གིས་དེ་མི་དགའ་བར་བྱའོ་སྙམ་ནས་དེས་ཁྱེའུ་དེ་དག་


DKG007_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨྲས་པ། ཁྱེའུ་དག་ཁྱེད་ཅག་ཕྱོགས་དང་ཕྱོགས་མཚམས་རྣམ་སུ་བཙུན་པ་འཆར་ཀའི་སྒྲའི་ཚོགས་སྙན་པ་རྒྱ་ཆེན་པོ་གྲགས་པར་འདོད་དམ་དེ་དག་གིས་སྨྲས་པ། འཚལ་ལོ་དེས་སྨྲས་པ། གང་གི་ཚེ་འཕགས་པ་འཆར་ཀ་བསོད་སྙོམས་ལ་ཞུགས་པ་དེའི་ཚེ་ན་ཁྱེད་ཀྱིས་བྱ་རོག་གི་རོ་འདི་སྨྱུག་མ་རིང་པོའི་རྩེ་མོ་ལ་ཐོགས་ཏེ་དེའི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་སོང་ལ་མིའོ་ཅོག་ལ་འདི་སྐད་ཅེས་འཕགས་པ་འཆར་ཀས་མདའ་ལྔ་འཕང་བ་འདི་ལྟ་བུ་བྱས་ཏེ་བྱ་རོག་འདིའི་རྐུབ་ཏུ་བསྣུན་ནས་ཁར་ཕྱུང་བ་ལ་ལྟོས་ཤིག་ཅེས་སྒྲོགས་ལ། གལ་ཏེ་ཕྱིར་ལོག་ཤིག །ཅེས་ཟེར་ན་ཡང་མ་ལོག་ཤིག །ཕྱི་དེ་ཉིན་པར་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། ཁྱེའུ་དེ་དག་གིས་དེ་མཐོང་ནས་དེ་དག་གིས། བྱ་རོག་གི་རོ་དེ་སྨྱུག་མ་རིང་པོའི་རྩེ་མོ་ལ་བཏགས་ཏེ། ཚེ་དང་ལྡན་པ་འཆར་ཀའི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་སོང་ནས་མིའོ་ཅོག་ལ་འདི་སྐད་ཅེས་འཕགས་པ་འཆར་ཀས་མདའ་ལྔ་འཕང་བ་འདི་ལྟ་བུ་བྱས་པས་བྱ་རོག་འདིའི་རྐུབ་ཏུ་བསྣུན་ནས་ཁར་ཕྱུང་བ་ལ་ལྟོས་ཞེས་བསྒྲགས་པ་དང་། འཆར་ཀས་དེ་དག་མཐོང་ནས་དེས་སྨྲས་པ། ཁྱེའུ་དག་ཅིའི་ཕྱིར་ཁོ་བོ་ལ་མཐོ་འཚམ་པར་བྱེད་ཕྱིར་ལོག་ཤིག །འོན་ཀྱང་དེ་དག་ཕྱིར་མ་ལོག་ན་ཡང་དེ་སྐད་སྒྲོག་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་པར་བྱེད་པ་སྟེ། སྲོག་གཅོད་པ་ལས་མ་ལོག། མ་སྤངས། སོ་སོར་མ་སྤངས་པ་ཡིན་ནོ། །ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་སེམས་ཅན་གང་གི་པགས་པ་ཡང་དགོས་པར་མི་རུང་། ཤ་དང་། རྒྱུས་པ་དང་། རུས་པ་ཡང་དགོས་པར་མི་རུང་བ་འདི་ལྟ་བུ་ཡང་གསོད་པར་བྱེད་པ་ལ་ལྟོས། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །


DKG007_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཞེས་བྱ་བ་ནི་བྱ་རོག་གམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གསོད་ན་ཞེས་བྱ་བ་ནི་དེའི་སྲོག་གཅོད་པར་བྱེད་ནའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ།། །།དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། བར་སྡོམ་ལ། བདག་


DKG007_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ནི་ཟིན་པ་དང་། །ཕྱི་རོལ་དུ་ནི་འཕངས་པ་དང་། །གཉི་ག་དང་ནི་ལྡན་པ་ནི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཇི་ལྟར་བདག་ཉིད་ཀྱིས་ཟིན་པས་ཤེ་ན། དགེ་སློང་གིས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་ལ་བསད་པའི་སེམས་ཀྱིས་འདི་ལྟར་བརྩམས་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སོར་མོ་གཅིག་གིས་སྣུན་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་རོ། །སོར་མོ་གཅིག་གིས་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སོར་མོ་གཉིས་ཀྱིས་སམ་གསུམ་གྱིས་སམ། བཞིས་སམ། ལྔས་སམ། ཁུ་ཚུར་གྱིས་སམ། གྲུ་མོས་སམ། ཕྲག་པས་སམ། མགོ་བོས་སམ། གློས་སམ། རྐེད་པས་སམ། བརླས་སམ། པུས་མོས་སམ། རྗེ་ངར་གྱིས་སམ། ལོང་བུས་སམ། རྐང་མཐིལ་གྱིས་སམ། ཐ་ན་རྐང་པའི་མཐེ་བོས་སྣུན་པར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང། དེས་དེའི་འོག་ཏུ་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་ཏེ། དེ་ལྟར་བདག་ཉིད་ཀྱིས་ཟིན་པས་སོ། །ཇི་ལྟར་ཕྱི་རོལ་དུ་འཕངས་པས་ཤེ་ན། དགེ་སློང་གིས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་ལ་བསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་མདས་སྣུན་པར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་རོ། །


DKG007_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མདས་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་ལྕགས་མདས་སམ། མདའ་ཕྱེད་ལྕགས་ལས་བྱས་པས་སམ། སྟེའུ་ཀ་མས་སམ། མདེའུ་བེའུ་སོ་ལྟ་བུས་སམ། མདེའུ་ཟུར་བཞི་མས་སམ། མདེའུ་ཀར་བཱི་རའི་ལོ་མ་ལྟ་བུས་སམ། མདེའུ་བྱེའུ་སྙིང་མས་སམ། འཁོར་ལོས་སམ། རྡོ་རྗེ་རྩེ་གཅིག་པས་སམ། མདའ་བོ་ཆེས་སམ། མཚོན་རྩེ་གཅིག་པས་སམ། ཐ་ན་རྒྱ་ཤུག་གི་འབྲས་བུས་སྣུན་པར་བྱེད་ཅིང་། དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་རོ། །དེ་ལྟར་ཕྱི་རོལ་ཏུ་འཕངས་པས་སོ། །ཇི་ལྟར་དེ་གཉི་ག་དང་ལྡན་པས་ཤེ་ན། དགེ་སློང་གིས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ལ་བསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་རལ་གྲིས་སྣུན་པར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་རོ། །རལ་གྲིས་ཇི་ལྟ་བ་དེ་བཞིན་དུ་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་ཤང་ལང་གིས་སམ། རལ་གྲི་སོ་གཅིག་པས་སམ། རལ་གྲི་སོ་གཉིས་པས་སམ། མདུང་གིས་སམ། འཕང་མདུང་གིས་སམ། ཀྱོ་བ་ཁ་བྲག་གིས་སམ། ཚ་ལྕག་གིས་སམ། ཐ་ན་རྩྭ་མདས་སྣུན་པར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་ཏེ། དེ་ལྟར་དེ་གཉི་ག་དང་ལྡན་


DKG007_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དེ་དྲུག་བཅུ་རྩ་གཅིག་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་པ་དེའི་ཚེ་ན་དེ་དག་དྲུག་སྡེ་དག་ལ་སྟེན་པར་བྱེད། སྙེན་པར་བྱེད་བསྙེན་བཀུར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་བཅུ་བདུན་སྡེ་དག་ལ་སྨྲས་པ། བཅུ་བདུན་སྡེ་དག་ཚུར་ཤོག །འདི་དང་འདི་གྱིས་ཤིག །དེ་དག་གིས་སྨྲས་པ། ཁྱོད་ཁོ་བོ་ཅག་གི་སློབ་དཔོན་ཡིན་ནམ། མཁན་པོ་ཡིན་ནམ་ཅི་མི་བྱེད་དོ། །འཆར་ཀས་སྨྲས་པ། གླེན་པ་དག་འོ་ན་གཞན་ཅི་བྱེད་ཅེས་དེས་གཉའ་བ་དག་ནས་བཟུང་སྟེ་ཕྱི་རོལ་དུ་བསྐྲད་དོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་དྲུག་སྡེ་དག་གིས་གང་ཅུང་ཟད་བརྙས་པར་གྱུར་པ་དེ་དག་ཐམས་ཅད་ནི་བདག་ཅག་ཐོས་པ་ཉུང་བ་ལས་གྱུར་པ་ཡིན་གྱིས་ཇེ་ཐོས་པ་འཛིན་དུ་འདོད་དང་དེས་ན་ཕྱིན་ཅད་དྲུག་སྡེ་དག་ལ་ཅུང་ཟད་ཀྱང་དྲི་མི་དགོས་པར་འགྱུར་རོ། །ཞེས་དེ་དག་དགེ་སློང་ཞིག་གི་གན་དུ་དོང་སྟེ་སྨྲས་པ་བཙུན་པ་བདག་ཅག་ཀློག་ཏུ་སྩོལ་ཅིག །དེས་དེ་དག་ལ་ཐབས་ཡིན་ནོ་ཞེས་སྨྲས་ནས། དེ་དག་གིས་དེའི་གན་དུ་བཀླག་པར་བརྩམས་སོ། །ཉེ་དགསའས་སྨྲས་པ། བཙུན་པ་འཆར་ཀ་བཅུ་བདུན་སྡེ་དག་དེ་བར་བདག་ཅག་ལ་སྟེན་པར་མི་བྱེད། སྙེན་པར་མི་བྱེད། བསྙེན་བཀུར་མི་བྱེད་དོ། །འཆར་ཀས་སྨྲས་པ། ཁོ་བོས་དེ་དག་བསྐྲད་ནས་ད་ལྟར་ཐོས་པ་འཛིན་པར་བརྩམས་སོ། །བཙུན་པ་འཆར་ཀ་ཁྱོད་ཀྱིས་བདག་ཅག་གིས་སྦྲུལ་ཉལ་བ་ལྕག་གིས་གཞུས་སོ། །ཇི་སྲིད་དུ་གླེན་པ་དེ་དག་ཐོས་པ་ཉུང་བ་དེ་སྲིད་དུ་དེ་དག་བདག་ཅག་ལ་སྟེན་པར་བྱེད། སྙེན་པར་བྱེད། བསྙེན་བཀུར་བྱེད་ཀྱིས། གང་གི་ཚེ་དེ་དག་ཐོས་པ་མང་པོར་གྱུར་ཅིང་མདོ་སྡེ་འཛིན་པ་


DKG007_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། གདུག་ཅིང་ཕ་རོལ་གནོན་པར་གྱུར་པ་དེའི་ཚེ་ན་དེ་དག་བདག་ཅག་ལ་གནོད་པ་བྱ་བར་སེམས་པར་འགྱུར་རོ། །འཆར་ཀས་སྨྲས་པ། ཁོ་བོས་དེ་དག་ཅི་ནས་ཀྱང་ཐོས་པ་འཛིན་པར་མི་འགྱུར་བ་དང་། ཐོས་པ་བཟུང་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་དེ་ལྟར་བྱའོ་ཞེས་དེ་དག་གི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅུ་བདུན་སྡེ་དག་ཤིན་ཏུ་བརྩོན་འགྲུས་བརྩམས་སམ། དེ་དག་གིས་སྨྲས་པ། བརྩམས་སོ། །བརྩོན་འགྲུས་ཀྱིས་ཅི་བྱ། ཐོས་པ་བཟུང་ངོ་། །ཐོས་པ་བཟུང་བས་ཅིར་འགྱུར། མང་དུ་ཐོས་པར་འགྱུར་རོ། །མང་དུ་ཐོས་པས་ཅིར་འགྱུར། དབང་པོ་ཡོངས་སུ་སྨིན་པར་འགྱུར་རོ། །དབང་པོ་ཡོངས་སུ་སྨིན་པས་ཅིར་འགྱུར། ངེས་པ་ལ་འཇུག་པ་དང་། ཟག་པ་ཟད་པར་འགྱུར་རོ། །ཁྱེད་ངེས་པ་ལ་འཇུག་པ་དང་། ཟག་པ་ཟད་པར་འགྱུར་རེ་སྐན། བཙུན་པ་འཆར་ཀ་ཁོ་བོ་ཅག་མཚམས་མེད་པའི་ལས་དག་བྱས་པའམ། དགེ་བའི་རྩ་བ་ཆད་པ་ཡིན་ནམ་ཅི། ཁྱེད་ཅག་འཚམས་མེད་པའི་ལས་དག་བྱས་པ་ཡང་མ་ཡིན། དགེ་བའི་རྩ་བ་ཆད་པ་ཡང་མ་ཡིན་མོད་ཀྱི་འོན་ཀྱང་ཁྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གང་ཟག་ལོ་ཉི་ཤུ་མ་ལོན་པ་དག་དགེ་སློང་གི་དངོས་པོར་རྫོགས་པར་བསྙེན་པར་བྱེད་ན་གང་ཟག་དེ་ཡང་རྫོགས་པར་བསྙེན་པར་མི་འགྱུར་ལ། དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་རོ། །ཞེས་གསུངས་པ་མ་ཐོས་སམ། ཁྱེད་ཅག་ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པས་ཁྱེད་ཅག་ངེས་པ་ལ་འཇུག་པ་དང་། ཟག་པ་ཟད་པར་འགྱུར་རེ་སྐན། དེ་དག་གིས་དེ་ཐོས་ནས་སེམས་ཁོང་དུ་ཆུད་ཅིང་འཁོད་པ་དང་། དེ་དག་གི་སློབ་དཔོན་འོངས་ནས་དེས་སྨྲས་པ། གཞོན་ནུ་དག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འཁོད། ཚུར་ཤོག་ལ་ཐོས་པ་ཟུང་ཤིག །དེ་དག་གིས་སྨྲས་པ། སློབ་དཔོན་ཐོས་པ་བཟུང་བས་ཅིར་འགྱུར། མང་དུ་ཐོས་པར་འགྱུར་རོ། །མང་དུ་ཐོས་པས་ཅིར་འགྱུར། དབང་པོ་ཡོངས་སུ་སྨིན་པར་འགྱུར་རོ། །དབང་པོ་ཡོངས་སུ་སྨིན་པས་ཅིར་འགྱུར། ངེས་པ་


DKG007_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པ་དང་། ཟག་པ་ཟད་པར་འགྱུར་རོ། །དེ་དག་གིས་སྨྲས་པ། སློབ་དཔོན་བདག་ཅག་ངེས་པ་ལ་འཇུག་པ་དང་། ཟག་པ་ཟད་པར་འགྱུར་རེ་སྐན། ཁྱེད་ཅག་མཚམས་མེད་པའི་ལས་དག་བྱས་པ་དང་། དགེ་བའི་རྩ་བ་ཆད་པ་ཡིན་ནམ་ཅི། དེ་དག་གིས་སྨྲས་པ། སློབ་དཔོན་བདག་ཅག་མཚམས་མ་མཆིས་པའི་ལས་དག་བགྱིས་པ་ཡང་མ་ལགས། དགེ་བའི་རྩ་བ་ཆད་པ་ཡང་མ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་རྫོགས་པར་བསྙེན་པར་བྱེད་ན་གང་ཟག་དེ་ཡང་རྫོགས་པར་བསྙེན་པར་མི་འགྱུར་ལ། དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་རོ། །ཞེས་གསུངས་པས་བདག་ཅག་ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པས་བདག་ཅག་ངེས་པ་ལ་འཇུག་པ་དང་། ཟག་པ་ཟད་པར་འགྱུར་རེ་སྐན། དེས་སྨྲས་པ། ཁྱེད་ཀྱིས་དེ་ནི་ཐོས་ན་བཅོམ་ལྡན་འདས་ཀྱིས་ལས་དང་པོ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དེ་མ་ཐོས་སམ། ཁྱེད་ཅག་ལས་དང་པོ་པ་ཡིན་པས་རྫོགས་པར་བསྙེན་པར་གྱུར་གྱིས་ཚུར་ཤེག་ལ་ལུང་ནོས་ཤིག །གཞན་ཡང་འདི་ལྟར་ཁྱེད་སུས་འགྱོད་པ་བསྐྱེད། བཙུན་པ་འཆར་ཀས་སོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བསམས་བཞིན་དུ་དགེ་སློང་ལ་འགྱོད་པ་སྐྱེད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་བསམས་བཞིན་དུ་དགེ་སློང་ལ་འགྱོད་པ་སྐྱེད་པར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ།


DKG007_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བསམས་བཞིན་དུ་ཅི་ནས་ཀྱང་དགེ་སློང་འདི་ཡིད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་དགེ་སློང་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །ཅི་ནས་ཀྱང་དགེ་སློང་འདི་ཡིད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་ཞེས་བྱ་བ་ནི་ཐ་ན་ཡིད་ཙམ་ཞིག་ཀྱང་ཡིད་མི་དགའ་བར་བྱའོ་སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །འགྱོད་པ་སྐྱེད་ན་ཞེས་བྱ་བ་ནི་སེམས་ལ་ཅུང་ཟད་འགྱོད་པ་དང་། རྣམ་པར་འགྱོད་པ་དང་། རབ་ཏུ་འགྱོད་པ་སྐྱེད་ནའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ལ་འགྱོད་པ་སྐྱེད་པའི་བསམ་པས་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པས་རྒྱལ་པོ་དང་། ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་ཆེ་གེ་མོ་ཞིག་


DKG007_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ནམ་ཞེས་དྲིས་ཏེ། མི་དྲན་ནོ་ཞེས་ཟེར་ནས་དེ་ནི་དུས་སྔ་བ་མ་ཡིན་གྱི་ཚེ་དང་ལྡན་པ་ནི་དུས་འཕྱི་བ་ཡིན་པས་ཚེ་དང་ལྡན་པ་རྫོགས་པར་མ་བསྙེན་ཅིང་ཉེས་པར་རྫོགས་པར་བསྙེན་པས་ཡང་རྫོགས་པར་བསྙེན་པར་བྱ་དགོས་སོ་ཞེས་སྨྲས་ན་དགེ་སློང་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་འགྱོད་པ་སྐྱེད་པའི་བསམ་པས་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པས་ཟླ་བ་གཟས་ཟིན་པ་དང་། ཉི་མ་གཟས་ཟིན་པ་ཆེ་གེ་མོ་ཞིག་དྲན་ནམ་ཞེས་དྲིས་ཏེ། མི་དྲན་ནོ་ཞེས་ཟེར་ནས་དེ་ནི་དུས་སྔ་བ་ཡིན་གྱིས་ཚེ་དང་ལྡན་པ་ནི་དུས་འཕྱི་བ་ཡིན་པས་ཚེ་དང་ལྡན་པ་རྫོགས་པར་མ་བསྙེན་ཅིང་ཉེས་པར་རྫོགས་པར་བསྙེན་པས་ཡང་རྫོགས་པར་བསྙེན་པར་བྱ་དགོས་སོ་ཞེས་སྨྲས་ན་དགེ་སློང་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་འགྱོད་པ་སྐྱེད་པའི་བསམ་པས་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ལོ་ལེགས་པ་དང་། ལོ་ཉེས་པ་ཆེ་གེ་མོ་ཞིག་དྲན་ནམ་ཞེས་དྲིས་ཏེ། མི་དྲན་ནོ་ཞེས་ཟེར་ན་དེ་ནི་དུས་སྔ་བ་ཡིན་གྱི་ཚེ་དང་ལྡན་པ་ནི་དུས་འཕྱི་བ་ཡིན་པས་ཚེ་དང་ལྡན་པ་རྫོགས་པར་མ་བསྙེན་ཅིང་ཉེས་པར་རྫོགས་པར་བསྙེན་པས་ཡང་རྫོགས་པར་བསྙེན་པར་བྱ་དགོས་སོ་ཞེས་སྨྲས་ན། དགེ་སློང་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་འགྱོད་པ་སྐྱེད་པའི་བསམ་པས་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་གནས་གང་དུ་རྫོགས་པར་བསྙེན་ཅེས་དྲིས་ཏེ། ག་གེ་མོ་ཞིག་ཏུའོ་ཞེས་ཟེར་ནས་གནས་དེ་ནི་མཚམས་མ་བཅད་པ་དང་། དཀྱིལ་འཁོར་བར་བློ་མཐུན་པར་མ་བྱས་པ་ཡིན་པས་ཚེ་དང་ལྡན་པ་རྫོགས་པར་མ་བསྙེན་ཅིང་ཉེས་པར་རྫོགས་པར་བསྙེན་པས་ཡང་རྫོགས་པར་བསྙེན་པར་བྱ་དགོས་སོ་ཞེས་སྨྲས་ན་དགེ་སློང་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་འགྱོད་པ་སྐྱེད་པའི་བསམ་པས་གན་དུ་སོང་སྟེ་འདི་


DKG007_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་ཚེ་དང་ལྡན་པའི་མཁན་པོ་ནི་གང་ཡིན། སློབ་དཔོན་ནི་གང་ཡིན་ཞེས་དྲིས་ཏེ་མཁན་པོ་ནི་ཆེ་གེ་མོ་ཞིག་ཡིན། སློབ་དཔོན་ནི་ཆེ་གེ་མོ་ཞིག་ཡིན་ནོ་ཞེས་ཟེར་ནས། དེ་གཉིས་ནི་ཚུལ་ཁྲིམས་འཆལ་བ་ཡིན་པས་ཚེ་དང་ལྡན་པ་རྫོགས་པར་མ་བསྙེན་ཅིང་ཉེས་པར་རྫོགས་པར་བསྙེན་པས་ཡང་རྫོགས་པར་བསྙེན་པར་བྱ་དགོས་སོ་ཞེས་སྨྲས་ན་དགེ་སློང་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་འགྱོད་པ་སྐྱེད་པའི་བསམ་པས་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕྱོགས་ག་གེ་མོ་ཞིག་ཏུ་འགྲོའམ་ཞེས་དྲིས་ཏེ། འགྲོའོ་ཞེས་ཟེར་ནས་དེ་ནི་གཅན་སྒོ་ཡིན་པས་ཚེ་དང་ལྡན་པ་ཕམ་པར་འགྱུར་བའི་ལྟུང་བ་བྱུང་ངོ་ཞེས་སྨྲས་ན་དགེ་སློང་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་འགྱོད་པ་སྐྱེད་པའི་བསམ་པས་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་སློབ་དཔོན་དང་། མཁན་པོ་དག་གི་ཆོས་གོས་དག་བླངས་སམ་ཞེས་དྲིས་ཏེ་བླངས་སོ་ཞེས་ཟེར་ནས་ཚེ་དང་ལྡན་པས་རྐུ་སེམས་ཀྱིས་བླངས་པས་ཚེ་དང་ལྡན་པ་ཕམ་པར་འགྱུར་བའི་ལྟུང་བ་བྱུང་ངོ་ཞེས་སྨྲས་ན་དགེ་སློང་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་འགྱོད་པ་སྐྱེད་པའི་བསམ་པས་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པས་དགེ་འདུན་གྱི་ནང་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། ཆོས་ཐམས་ཅད་ནི་བདག་མེད་པ་མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་སྨྲས་སམ་ཞེས་དྲིས་ཏེ། སྨྲས་སོ་ཞེས་ཟེར་ནས་ཚེ་དང་ལྡན་པ་མིའི་ཆོས་བླ་མ་སྨྲས་པས་ཚེ་དང་ལྡན་པ་ཕམ་པར་འགྱུར་བའི་ལྟུང་བ་བྱུང་ངོ་ཞེས་སྨྲས་ན་དགེ་སློང་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དོན་གཞན་དང་། འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ། །ཇི་ལྟར་དོན་གཞན་གྱིས་ཞེ་ན་འདི་ལྟ་སྟེ། དགེ་སློང་གིས་དགེ་སློང་གི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པས་རྒྱལ་པོ་དང་། ནོར་ཅན་དང་ཚོང་དཔོན་དང་། དེད་དཔོན་ཆེ་གེ་མོ་ཞིག་དྲན་


DKG007_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཞེས་དྲིས་ཏེ། མི་དྲན་ནོ་ཞེས་ཟེར་ན་དེ་ནི་དུས་སྔ་བ་ཡིན་པས་ཚེ་དང་ལྡན་པས་མི་དྲན་ཏེ་ཚེ་དང་ལྡན་པ་ལེགས་པར་རྫོགས་པར་བསྙེན་ཏོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །འདི་ལྟ་སྟེ་དགེ་སློང་གིས་དགེ་སློང་གི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པས་ཟླ་བ་གཟས་ཟིན་པ་དང་། ཉི་མ་གཟས་ཟིན་པ་ཆེ་གེ་མོ་ཞིག་དྲན་ནམ་ཞེས་དྲིས་ཏེ་མི་དྲན་ནོ་ཞེས་ཟེར་ནས་དེ་ནི་དུས་སྔ་བ་ཡིན་པས་ཚེ་དང་ལྡན་པས་མི་དྲན་ནོ་ཞེས་ཚེ་དང་ལྡན་པ་ལེགས་པར་རྫོགས་པར་བསྙེན་ཏོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །འདི་ལྟ་སྟེ་དགེ་སློང་གིས་དགེ་སློང་གི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པས་ལོ་ལེགས་པ་དང་། ལོ་ཉེས་པ་ཆེ་གེ་མོ་ཞིག་དྲན་ནམ་ཞེས་དྲིས་ཏེ། མི་དྲན་ནོ་ཞེས་ཟེར་ནས་དེ་ནི་དུས་སྔ་བ་ཡིན་པས་ཚེ་དང་ལྡན་པ་མི་དྲན་ཏེ་ཚེ་དང་ལྡན་པ་ལེགས་པར་རྫོགས་པར་བསྙེན་ཏོ་ཞེས་སྨྲས་ན་ལྟུང་བ་མེད་དེ། དེ་ལྟར་དོན་གཞན་གྱིས་སོ། །ཇི་ལྟར་འདུལ་བའི་ཡོ་བྱད་ཀྱིས་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་དགེ་སློང་གི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་གནས་གང་དུ་རྫོགས་པར་བསྙེན་ཅེས་དྲིས་ཏེ། ག་གེ་མོ་ཞིག་ཏུའོ་ཞེས་ཟེར་ནས་གནས་དེ་ནི་མཚམས་བཅད་པ་དང་། དཀྱིལ་འཁོར་བར་བློ་མཐུན་པར་བྱས་པ་ཡིན་པས་ཚེ་དང་ལྡན་པ་ལེགས་པར་རྫོགས་པར་བསྙེན་ཏོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །འདི་ལྟ་སྟེ། དགེ་སློང་གིས་དགེ་སློང་གི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པའི་མཁན་པོ་ནི་གང་ཡིན་སློབ་དཔོན་ནི་གང་ཡིན་ཞེས་དྲིས་ཏེ། མཁན་པོ་ནི་ཆེ་གེ་མོ་ཞིག་ཡིན། སློབ་དཔོན་ནི་ཆེ་གེ་མོ་ཞིག་ཡིན་ཞེས་ཟེར་ནས་དེ་གཉིས་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡིན་པས་དེ་གཉིས་ལ་བསྙེན་བཀུར་བྱས་ན་ཁྱོད་ལ་བསོད་ནམས་མང་དུ་སྐྱེ་ཞིང་ཚེ་དང་ལྡན་པ་ལེགས་པར་རྫོགས་པར་བསྙེན་པ་ཡིན་ནོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །འདི་ལྟ་སྟེ། དགེ་སློང་གིས་དགེ་སློང་གི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པས་མཁན་པོ་དང་། སློབ་དཔོན་དག་གི་ཆོས་གོས་དག་བླངས་སམ་ཞེས་དྲིས་ཏེ་བླངས་སོ་ཞེས་ཟེར་ནས། རྐུ་སེམས་ཀྱིས་མ་ལེན་ཅིག །ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་བར་གྱིས་ཤིག་ཅེས་


DKG007_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ན་ལྟུང་བ་མེད་དོ། །འདི་ལྟ་སྟེ། དགེ་སློང་གིས་དགེ་སློང་གི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕྱོགས་ག་གེ་མོ་ཞིག་ཏུ་འགྲོའམ་ཞེས་དྲིས་ཏེ་འགྲོའོ་ཞེས་ཟེར་ནས་ཚེ་དང་ལྡན་པ་ཕྱོགས་དེ་ནི་གཅན་སྒོ་ཡིན་གྱིས་ཕྱོགས་དེར་མ་འགྲོ་ཤིག །ཁྱོད་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་མི་དོགས་པའི་གནས་ལ་དོགས་པར་འགྱུར་བར་མ་བྱེད་ཅིག །མི་རྟོག་པའི་གནས་ལ་རྟོག་པར་འགྱུར་བར་མ་བྱེད་ཅིག་ཅེས་སྨྲས་ན་ལྟུང་བ་མེད་དོ། །འདི་ལྟ་སྟེ། དགེ་སློང་གིས་དགེ་སློང་གི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པས་དགེ་འདུན་གྱི་ནང་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་སྨྲས་སམ་ཞེས་དྲིས་ཏེ། སྨྲས་སོ། །ཞེས་ཟེར་ནས་མིའི་ཆོས་བླ་མ་མ་སྨྲ་ཤིག །ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་བར་གྱིས་ཤིག་ཅེས་སྨྲས་ན་ལྟུང་བ་མེད་དོ། །དེ་ལྟར་འདུལ་བའི་ཡོ་བྱད་ཀྱིས་སོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འགྱོད་པ་སྐྱེད་པའི་ལྟུང་བྱེད་དེ་དྲུག་བཅུ་རྩ་གཉིས་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་པ་དེའི་ཚེ་ན་བཅུ་བདུན་སྡེ་དག་གལ་ཏེ་ཅིག་ལ་ལས་སུ་བསྒོ་བ་བབ་པ་ན་ཡང་དེ་དག་ཐམས་ཅད་བསྡོངས་ཏེ་བྱེད་དོ། །ཅི་ཙམ་དུས་གཞན་ཞིག་ན་གཙུག་ལག་ཁང་དེར་མཚན་ཐོག་ཐག་ཏུ་ཆོས་མཉན་པ་བྱུང་ནས་དེར་དེ་དག་ཐམས་ཅད་ཀྱིས་བསྡོངས་ཏེ་ཏྲོན་བྱས་སོ། །ཕྱི་དེ་ཉིན་པར་དགེ་འདུན་གྱི་བསྲོ་གང་དུ་ཆོས་མཉན་པ་བྱུང་ནས་དེར་ཡང་དེ་དག་ཐམས་ཅད་ཀྱིས་བསྡོམས་ཏེ་ཏྲོན་བྱས་སོ། །དེའི་ཕྱི་དེ་ཉིན་པར་བཅུ་བདུན་སྡེ་ལས་གཅིག་ལ་དགེ་སྐོས་བབ་ནས་དེའི་ཉིན་མོ་ཡང་ཐམས་ཅད་


DKG007_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཙུག་ལག་ཁང་བརྒྱན་ཏེ་འཁོད་དོ། །དེ་ནས་དགེ་སྐོས་ཏྲོན་བྱེད་པའི་ཚེ་བཅུ་བདུན་སྡེ་ལས་གཅིག་ལ་བློ་བྱུང་བ་བདག་ནི་ཆད་ཀྱིས་ཉལ་ལོ། །མི་བཅུ་དྲུག་གིས་ཅིའི་ཕྱིར་ཏྲོན་མི་ནུས་སྙམ་མོ། །དེ་དེ་བཞིན་དུ་རེ་རེ་ལ་ཡང་བློ་དེ་ལྟ་བུ་བྱུང་ནས་གཞན་བཅུ་དྲུག་པོ་ཐམས་ཅད་སོ་སོར་ཉལ་དུ་དོང་ངོ་། །དགེ་སྐོས་དེ་འབའ་ཞིག་གཅིག་པུས་མཚན་ཐོག་ཐག་ལས་བྱས་ཏེ་མཚན་མོ་ནམ་ནངས་པ་དང་མར་མེའི་ཀོང་བུ་དག་བསྡུས། སྒོ་དག་ཕྱེ། གཙུག་ལག་ཁང་ཆག་ཆག་བཏབ་བྱུག་པ་བྱས་ཏེ་དུས་ཤེས་པར་བྱས་ནས་སྟན་བཤམས་ཤིང་མཆོད་རྟེན་གྱི་འཁོར་སར་བདུག་སྤོས་བྲིམས་ཏེ་གཙུག་ལག་ཁང་གི་སྟེང་དུ་འགྲེང་ནས་གཎྜཱི་བརྡུང་བར་བརྩམས་སོ། །དེ་ནས་བཅུ་དྲུག་པོ་དེ་གཎྜཱིའི་སྒྲས་སད་ནས་རང་རང་གི་གནས་ཁང་དག་ནས་ལྷུང་བཟེད་ཐོགས་ཏེ་བྱུང་བ་དང་། དེ་དག་གིས་དགེ་སྐོས་དེ་གཅིག་པུ་ཕར་རྒྱུག་ཚུར་རྒྱུག་ཅིང་འདུག་པ་མཐོང་ནས། དེ་དག་གིས་ཕན་ཚུན་སྨྲས་པ། ཚེ་དང་ལྡན་པ་དག་འདི་གཅིག་པུ་ཕར་རྒྱུག་ཚུར་རྒྱུག་ཅིང་འདུག་ན་ཡུ་བུ་ཅག་ལས་སུས་ཀྱང་འདིའི་གྲོགས་མ་བྱས་སམ། གཅིག་གིས་སྨྲས་པ། ཁོ་བོ་ལ་བློ་བྱུང་བ། བདག་ནི་ཆད་ཀྱིས་ཉལ་ལོ། །མི་བཅུ་དྲུག་གིས་ཅིའི་ཕྱིར་ཏྲོན་མི་ནུས་སྙམ་མོ། །དེ་བཞིན་དུ་གཞན་ཡང་དེ་སྐད་ཟེར། གཞན་དག་ཀྱང་དེ་སྐད་ཟེར་ཏེ། ཐམས་ཅད་ཀྱིས་དེ་སྐད་སྨྲས་སོ། །དེ་ནས་བཅུ་དྲུག་པོ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་བདག་ཅག་གིས་འཕྲལ་གྱི་བྱ་བ་ཐམས་ཅད་ལ་ཐོག་མར་འགྲོ་བ་ཡིན་ན། བདག་ཅག་གིས་འདིའི་གྲོགས་མ་བྱས་པ་ནི་ཡུ་བུ་ཅག་གིས་མ་ལེགས་པ་བྱས་ཏེ་འདི་བདག་ཅག་ལ་གཤེ་བར་འགྱུར་གྱིས་ཟན་ཟོས་མ་ཐག་ཏུ་བཟོད་པ་གསོལ་བར་བྱའོ་ཞེས་དེ་དག་གིས་ཟན་ཟོས་ནས་བཟོད་པ་གསོལ་བར་བརྩམས་ཏེ། གཞོན་པ་རྣམས་ཀྱིས་ནི་དེའི་རྐང་པ་གཉིས་ལ་གཏུགས། རྒན་པ་རྣམས་ཀྱིས་ནི་མགུལ་ནས་འཁྱུད་དེ་ཚེ་དང་ལྡན་པ་བཟོད་པ་གསོལ་ལོ་ཞེས་བྱས་ན་དེ་ཅང་མི་སྨྲ་བ་ཉིད་དུ་འདུག་གོ། །དེ་དང་ཆེས་བཤེས་པ་ཅིག་ཡོད་པ་དེས་ག་ག་ཚིལ་བྱས་པ་དང་དེས་དགོད་པར་བརྩམས་


DKG007_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཟོད་དོ་ཞེས་ཀྱང་ཟེར་རོ། །དེ་དག་གིས་བསམས་པ། དེ་ནི་ཐབས་ལེགས་པ་ཡིན་ནོ་སྙམ་ནས་གཞན་གྱིས་ཀྱང་ག་ག་ཚིལ་བྱས་ཤིང་དེ་བཞིན་དུ་ཐམས་ཅད་ཀྱི་བར་གྱི་ག་ག་ཚིལ་བྱས་པ་དང་། དེ་རླུང་གྱེན་དུ་འཆུགས་ཏེ་དུས་ལ་བབ་བོ། །དེ་དག་བརྟད་ཅིང་མྱ་ངན་བྱ་བར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཀྱེ་བཅུ་བདུན་སྡེ་དག་ཅིའི་ཕྱིར་བརྟད་ཅིང་མྱ་ངན་བྱེད། དེ་དག་གིས་སྨྲས་པ། བདག་ཅག་སྔོན་ནི་བཅུ་བདུན་སྡེར་གྱུར་ན་དེ་ནི་བཅུ་དྲུག་སྡེར་གྱུར་ཏེ། ཚངས་པ་མཚུངས་པར་སྤྱོད་པ་ཡིད་དུ་འོང་བ་དང་བྲལ་ཞིང་ཕམ་པར་གྱུར་པའི་ལྟུང་བ་བྱུང་ངོ་། །དགེ་སློང་དེ་དག་གིས་མ་ལེགས་སོ་ཞེས་སྨྲས་ཏེ་དོང་ངོ་། །བཅུ་དྲུག་པོ་དེ་དག་ཀྱང་མཐའ་གཅིག་ཏུ་དོང་སྟེ་སེམས་ཁོང་དུ་ཆུད་ཅིང་འཁོད་པ་དགེ་སློང་གཞན་དག་གིས་མཐོང་ནས་དགེ་སློང་དེ་དག་གིས་སྤྱོ་བར་བརྩམས་ཏེ། ཚེ་དང་ལྡན་པ་བཅུ་བདུན་སྡེ་འདི་དག་ནི་སོག་མའི་མེ་བཞིན་དུ་སྐད་ཅིག་གིས་འབར་ཞིང་སྐད་ཅིག་གིས་ཤི་བར་གྱུར་ཏེ། ཡིད་ཙམ་ཞིག་གིས་རྒོད་བག་བྱེད་ཅིང་། ཡིད་ཙམ་ཞིག་གིས་སེམས་ཁོང་དུ་ཆུད་ཅིང་འཁོད་དོ་ཞེས་ཟེར་རོ། །དེ་དག་མྱ་ངན་གྱི་མེས་ཡིད་གདུངས་པས་ཡོངས་སུ་སྤྱོས་ཀྱང་ཅང་མི་སྨྲ་བར་སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །དེ་དག་སེམས་ཁོང་དུ་ཆུད་ཅིང་འཁོད་པ་འཆར་ཀས་མཐོང་ནས་དེས་སྨྲས་པ། བཅུ་བདུན་སྡེ་དག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འཁོད་དེ་དག་གིས་སྨྲས་པ། ཁོ་བོ་ཅག་ད་དུང་ཡང་བཅུ་བདུན་སྡེ་ཡིན་སྙམ་མམ། ཅིའི་ཕྱིར་མ་ཡིན། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་ལ་སོར་མོས་ག་ག་ཚིལ་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་


DKG007_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་སོར་མོས་ག་ག་ཚིལ་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། སོར་མོས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། །སོར་མོས་ག་ག་ཚིལ་བྱེད་ན་ཞེས་བྱ་བ་ནི་སོར་མོས་ག་ག་ཚིལ་བྱ་བའི་བསམ་པས་ལུས་ཀྱི་ལས་དང་། ལུས་ཀྱི་སྤྱོད་པ་དང་། ལུས་ཀྱི་གཡོ་བ་གང་ཡིན་པ་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད་འཚོད་པར་བྱེད་ལྟུང་བར་བྱེད་པའོ་གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ལ་སོར་མོ་གཅིག་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །སོར་མོ་གཉིས་དང་། གསུམ་དང་། བཞི་དང་། ལྔས་ག་ག་ཚིལ་བྱེད་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །ཁུ་ཚུར་དང་། གྲུ་མོ་དང་། ཕྲག་པ་དང་། མགོ་དང་། གློ་དང་། རྒྱབ་དང་། རྐེད་པ་དང་། བརླ་དང་། བྱིན་པ་དང་། ཐ་ན་རྐང་པའི་མཐེ་བོས་ག་ག་ཚིལ་བྱེད་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །རྨ་སྟོན་པ་དང་། སྦྲང་བུ་དང་། འབྲུམ་བུ་དང་། སྨེ་བ་དང་། སྤུའི་ཚངས་སྟོན་པ་ལ་ལྟུང་བ་མེད་དོ། །


DKG007_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དེ་དྲུག་བཅུ་རྩ་གསུམ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅུ་བདུན་སྡེ་དག་ལས་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དེའི་ཚེ་ན་དེས་བསམས་པ། བདག་གི་ཚངས་པ་མཚུངས་པར་སྤྱོད་པ་འདི་དག་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ་སྙམ་ན་དེས་ཡོད་པར་མཐོང་ངོ་། །སུ་ལ་རག་ལས་སྙམ་ན་བདག་ཉིད་ལ་རག་ལས་པར་མཐོང་ནས་དེ་བཅུ་དྲུག་པོ་གཞན་དག་གདུལ་བ་ལ་ལྟོས་པས་དེ་དག་གི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་བ་ན་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཆུ་ཀླུང་གནས་ཅན་གྱི་ངོགས་སུ་ཆུའི་དོན་དུ་འདོང་ཞིང་དེར་ཁྲུས་ཀྱང་བྱའོ་ཞེས་དེ་དག་ཆུ་ཚགས་དང་། ཆུ་བུམ་ཐོགས་ཏེ་ཆུ་ཀླུང་གནས་ཅན་ག་ལ་བ་དེར་དོང་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཇི་ལྟ་ཇེ་ཁྲུས་བྱའམ། འོན་ཏེ་ཆུ་བཙག་པར་བྱ། དེ་དག་གིས་སྨྲས་པ། ཇེ་ཆུ་བཙག་པར་བྱ་སྟེ། དེའི་འོག་ཏུ་ཁྲུས་བྱའོ། །ཞེས་དེ་དག་གིས་ཆུ་བཙགས་ནས་གོས་དག་མཐའ་གཅིག་ཏུ་ཕུད་དེ་ཁྲུས་བྱ་བར་བརྩམས་ནས་ཆུར་ཞུགས་ཏེ་དེ་དག་སྟེང་དུ་འབྱུང་བར་ཡང་བྱེད། འོག་ཏུ་ནུབ་པར་ཡང་བྱེད། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བར་ཡང་བྱེད། ཕ་རོལ་གྱི་འགྲམ་ནས་ཚུ་རོལ་གྱི་འགྲམ་དུ་འོང་བར་ཡང་བྱེད། རྒྱུན་ཕྱོགས་སུ་འགྲོ་བར་ཡང་བྱེད། རྒྱུན་ལས་ཟློག་ཕྱོགས་སུ་འགྲོ་བར་ཡང་བྱེད། ཆུ་ལ་རྔ་བོ་ཆེའི་སྒྲ་འབྱིན་པར་ཡང་བྱེད། རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པར་ཡང་བྱེད། ཆུ་ལ་གསེག་མ་འཁྲབ་པ་དང་། འཕེན་པར་ཡང་བྱེད། ཆུ་ལ་ཁོར་ཡུག་དང་རྡོ་རྗེ་ལྟ་བུ་ཡང་བྱེད། ཆུ་ལ་ཁྲོན་པ་དང་། དབའ་ཀློང་དང་། ཆུ་སྲུབས་འདྲེན་པ་ཡང་བྱེད། ཆུ་ལ་རྒོད་བག་དང་། ཕྱར་གཡེམ་དང་། ལུས་སྒྱུར་བ་དག་ཀྱང་བྱེད་དོ། །


DKG007_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཉེ་བ་འཁོར་ཡང་ཤེས་བཞིན་དུ་ཁྲུས་བྱས་ཏེ་ཆུ་ཀླུང་གནས་ཅན་རྒལ་ནས་ཆོས་གོས་དག་བགོས་ཏེ་སྡོད་དོ། །དེའི་ཚེ་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་བཙུན་མོ་ཕྲེང་ལྡན་མ་དང་ལྷན་ཅིག་འདུག་པས་ཇི་ཙམ་ན་བཅུ་བདུན་སྡེ་དག་ཆུ་ལ་རྩེ་བས་རྩེ་བ་མཐོང་ངོ་། །མཐོང་ནས་ཀྱང་དེས་བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ་ཡོན་གནས་དག་གི་མཛེས་པ་ལ་ལྟོས་ཤིག་ལྟོས་ཤིག །ཕྲེང་ལྡན་མས་སྨྲས་པ། ལྷ་དེ་ནི་ངོ་མཚར་མི་ཆེ་སྟེ། ལང་ཚོ་གསར་དུ་གྱུར་ནས་ཚངས་པར་སྤྱད་པ་སྤྱོད་པ་ལགས་ཀྱི། ལྷ་བགྲེས་པའི་གནས་སྐབས་སུ་གྱུར་ཀྱང་ད་དུང་ཐུགས་མ་བྱུང་བ་ངོ་མཚར་ཆེ་ལགས་སོ། །རྒྱལ་པོ་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ལ་ལ་ཞིག་མི་དགའ་བར་སེམས་པར་མ་གྱུར་ཏམ་སྙམ་དུ་བསམས་ན། དེ་ཇི་ཙམ་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་མི་དགའ་བར་སེམས་པ་མཐོང་ངོ་། །མཐོང་ནས་ཀྱང་དེས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་མི་དགའ་བར་སེམས་ཀྱིས་བྱུང་ཤིག་དང་དེ་དགའ་བར་བྱའོ། །དེ་ནས་དེ་དག་བྱུང་སྟེ་གོས་དག་གྱོན་པ་ན་ཚེ་དང་ལྡན་པ་ཉེ་བ་འཁོར་མོས་པ་ལས་བྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ལྟར་དེ་དག་ཐམས་ཅད་ཆུ་ཚགས་དང་ཆུ་བུམ་དང་བཅས་ཏེ་སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་འཕགས་ཏེ་དོང་ངོ་། །དེ་དག་སྟེང་གི་ནམ་མཁའ་ལ་འདོང་བའི་གྲིབ་མ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་སྟེང་གི་ཁང་བཟངས་ཀྱི་གཞིར་བབ་ནས་བཙུན་མོ་ཕྲེང་ལྡན་མས་དེ་དག་སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་འཕགས་ཏེ་འདོང་བ་མཐོང་ནས་དེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷ་ཡོན་གནས་དག་གི་མཛེས་པ་ལ་གཟིགས་ཤིག་གཟིགས་ཤིག །རྒྱལ་པོས་སྨྲས་པ། ཕྲེང་ལྡན་མ་དགྲ་བཅོམ་པ་ཟག་པ་ཟད་པ་དག་ཆུ་ལ་ཕྱར་གཡེང་


DKG007_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྩེ་བར་འགྱུར་བ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ། དེ་ནི་གནས་མེད་དོ། །ཕྲེང་ལྡན་མས་སྨྲས་པ། ལྷས་དེ་ནི་གསན་ན་བཅོམ་ལྡན་འདས་ཀྱིས་འདི་ན་ངས་དགེ་སློང་འདུག་པ་ན་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་པར་མཐོང་ལ། དེ་ཉིད་ལངས་པ་ན་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་བར་ཡང་མཐོང་ངོ་། །དགེ་སློང་དག་དེ་ལྟ་བས་ན་སེམས་ནི་གློག་དང་འདྲ་ལ། ཏིང་ངེ་འཛིན་ནི་རྡོ་རྗེ་དང་འདྲ་བས་ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་འཇོམས་སོ་ཞེས་གསུངས་པ་དེ་མ་གསན་ཏམ། རྒྱལ་པོ་ཐོས་པ་ཉུང་བས་དེ་ཅང་མི་སྨྲ་བར་འདུག་གོ །ཕྲེང་ལྡན་མས་ཀྱང་བསམས་པ། དགྲ་བཅོམ་པ་ཟག་པ་ཟད་པ་དག་ཆུ་ལ་ཕྱར་གཡེང་གིས་རྩེ་བ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ། དེ་ནི་གནས་མེད་དོ་སྙམ་ནས། དེ་ནས་བཙུན་མོ་ཕྲེང་ལྡན་མས་མི་ཞིག་ལ་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ཚུར་ཤོག །བཅོམ་ལྡན་འདས་ག་ལ་བ་དེར་སོང་ལ་ཕྱིན་པ་དང་། ཁོ་མོའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚོལ་ལ། འདི་སྐད་ཅེས་བཙུན་མོ་ཕྲེང་ལྡན་མའི་མཆིད་ནས། བཙུན་པ་འཕགས་པ་འདི་དག་ཆབ་ལ་ཕྱར་གཡེང་གིས་རྩེ་བར་བགྱིད་པས་རྒྱལ་པོ་གློ་བ་མི་དགའ་བར་སེམས་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་གང་གིས་འཕགས་པ་དག་ཆབ་ལ་ཕྱར་གཡེང་གིས་རྩེ་བར་མི་འགྱུར་བ་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་མཆིའོ་ཞེས་གསོལ་ཅིག །མི་དེས་ཇོ་མོ་བཀའ་བཞིན་འཚལ་ཞེས་བཙུན་མོ་ཕྲེང་ལྡན་མ་ལས་མཉན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཙུན་མོ་ཕྲེང་ལྡན་མ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ལོ། །བཙུན་མོ་ཕྲེང་ལྡན་མ་དང་། ཁྱོད་བདེ་བར་གྱུར་ཅིག །བཙུན་པ་བཙུན་མོ་ཕྲེང་ལྡན་མའི་


DKG007_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མཆིད་ནས་འཕགས་པ་འདི་དག་ཆབ་ལ་ཕྱར་གཡེང་གིས་རྩེ་བར་བགྱིད་པས་རྒྱལ་པོ་གློ་བ་མི་དགའ་བར་སེམས་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་གང་གིས་འཕགས་པ་དག་ཆབ་ལ་ཕྱར་གཡེང་གིས་རྩེ་བར་མི་འགྱུར་བའི་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མི་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཆུ་ལ་ཕྱར་གཡེང་གིས་རྩེ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཆུ་ལ་རྩེ་ན་ལྟུང་བྱེད་དོ། །ཆུ་ལ་རྩེ་ན་ཞེས་བྱ་བ་ནི་ཆུ་ལ་རྩེ་བའི་བསམ་པས་ལུས་ཀྱི་ལས་དང་། ལུས་ཀྱི་སྤྱོད་པ་དང་། ལུས་ཀྱི་གཡོ་བ་བྱེད་ནའོ། །ལྟུང་བྱེད་དོ། །ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་


DKG007_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གཞི་དགུ་ལས་ཏེ། རྩེ་བར་བྱའོ། །རྩེར་གཞུག་པར་བྱའོ། །རྩེད་མོ་བྱའོ། །རྩེད་མོ་བྱེད་དུ་གཞུག་གོ །དགའ་བར་བྱའོ། །དགའ་བར་བྱེད་དུ་གཞུག་གོ །རྒོད་བག་བྱའོ། །འཕྱར་གཡེང་བྱའོ། །ལུས་བསྒྱུར་བར་བྱའོ་སྙམ་པའི་བསམ་པས་སོ། །དེ་ལ་ཇི་ལྟར་རྩེ་བར་བྱའོ་སྙམ་པའི་བསམ་པས་ཤེ་ན། དགེ་སློང་གིས་ཆུ་ལ་རྩེ་བའི་བསམ་པས་ཁྲི་ལས་ལྡང་བར་བྱེད། ཤམ་ཐབས་གྱོན་པར་བྱེད། ཆོས་གོས་གྱོན་པར་བྱེད། འགྲོ་བར་བྱེད་ཅིང་ཆོས་གོས་དག་བཞག་ནས་ཁྲུས་རས་གྱོན་པར་བྱེད། ཆུར་འཇུག་པར་བྱེད་ཅིང་འོག་ཏུ་ནུབ་པར་བྱེད་པ་ན་ལྟུང་བྱེད་དུ་འགྱུར་རོ། །སྟེང་དུ་འབྱུང་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །སིམ་པར་འདོད་པའི་བསམ་པས་ནི་ལྟུང་བ་མེད་དོ། །ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཕ་རོལ་གྱི་འགྲམ་ནས་ཚུ་རོལ་གྱི་འགྲམ་དུ་འོང་ན་ལྟུང་བྱེད་དུ་འགྱུར་རོ། །རྒལ་བའི་བསམ་པས་ནི་ལྟུང་བ་མེད་དོ། །རྒྱུན་ཕྱོགས་སུ་རྩོལ་ན་ལྟུང་བྱེད་དུ་འགྱུར་རོ། །རྒྱུན་ལས་ཟློག་ཕྱོགས་སུ་རྩོལ་ན་ལྟུང་བྱེད་དུ་འགྱུར་རོ། །སློབ་པའི་བསམ་པས་ནི་ལྟུང་བ་མེད་དོ། །ཆུ་ལ་རྔ་བོ་ཆེ་རྡུང་ངམ། ཆུ་ལ་རྫ་རྔ་ཁ་གཅིག་པ་རྡུང་ངམ། ཆུ་ལ་གསེག་མ་འཁྲབ་བམ། ཆུ་ལ་ཁོར་ཡུག་བྱེད་དམ། ཆུ་ལ་རྡོ་རྗེ་བྱེད་དམ། ཆུ་ལ་ཆུ་སྲུབས་འདྲེན་ན་ལྟུང་བྱེད་དུ་འགྱུར་རོ། །ཐ་ན་ཆུ་ལ་བེམ་ཏོལ་གྱིས་རྡེག་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བུམ་པ་དང་། ཕྲུ་བ་དང་། རིལ་བ་དང་། ཁམ་ཕོར་དུ་ཆུ་ལ་རྔ་བོ་ཆེ་རྡུང་བར་བྱེད་དམ།


DKG007_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལ་རྫ་རྔ་ཁ་གཅིག་པ་རྡུང་བར་བྱེད་དམ། ཐ་ན་བེམ་ཏོལ་གྱིས་རྡེག་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སྲན་ཚོད་དང་། འུ་ཤ་དང་། ཐང་ཚ་བར་ཆུ་ལ་རྔ་བོ་ཆེ་རྡུང་བར་བྱེད་དམ། རྫ་རྔ་ཁ་གཅིག་པ་རྡུང་བར་བྱེད་དམ། ཐ་ན་བེམ་ཏོལ་གྱིས་རྡེག་ན་ཉེས་བྱས་སུ་འགྱུར་རོ། །གྲངས་པར་འདོད་པའི་བསམ་པས་ནི་ལྟུང་བ་མེད་དོ། །དེ་ལྟར་རྩེ་བར་བྱའོ་སྙམ་པའི་བསམ་པས་སོ། །རྩེར་གཞུག་གོ་སྙམ་པའི་བསམ་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཆུ་ལ་རྩེ་བའི་ལྟུང་བྱེད་དེ་དྲུག་བཅུ་རྩ་བཞི་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་རྩ་གཅིག་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མ་འགགས་པས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་དེས་རྣམ་པར་གྲོལ་བའི་བདེ་བ་ཉམས་སུ་མྱོང་བའི་ཚེ་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་དེ་ནི་བདག་ལ་ཕན་པ་མཛད་པ་ཡིན་ནོ། །བདེ་བར་གཤེགས་པ་དེ་ནི་བདག་ལ་ལེགས་པ་མཛད་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་སེལ་བར་མཛད་པ། བཅོམ་ལྡན་འདས་དེ་ནི་བདག་གི་བདེ་བའི་ཆོས་མང་པོ་སྒྲུབ་པར་མཛད་པ། བཅོམ་ལྡན་འདས་དེ་ནི་བདག་གི་སྡིག་པ་མི་དགེ་བའི་ཆོས་མང་པོ་སེལ་བར་མཛད་པ། བཅོམ་ལྡན་འདས་དེ་ནི་བདག་གི་དགེ་བའི་ཆོས་མང་པོ་སྒྲུབ་པར་མཛད་པ་ཡིན་ན་བདག་གིས་དེ་ལ་ཇི་ཞིག་བྱས་ན་བདག་གིས་བཅོམ་ལྡན་འདས་ལ་ལན་བྱས་པ་དང་། ཉེ་བར་བྱས་པ་དང་། རབ་ཏུ་བྱས་པར་འགྱུར་སྙམ་ནས། ཡང་དེ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དཀའ་བ་མཛད་པ་བརྒྱ་སྟོང་དུ་མ་དག་གིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་སེམས་ཅན་གྱི་དོན་གྱི་ཕྱིར་ཡིན་པས་བདག་གིས་ཀྱང་གདུལ་བའི་བྱ་བ་ཅུང་ཞིག་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པ་ཕྱེ་མ་རེད་ན་ནང་དུ་ཡང་དག་


DKG007_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མ་འགགས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལྗོངས་རྒྱུར་མཆི་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པའི་སེམས་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་འགགས་པ་ཁྱོད་སོང་ལ་སེམས་ཅན་མ་རྒལ་བ་རྣམས་ནི་སྒྲོལ་ཅིག །མ་གྲོལ་བ་རྣམས་ནི་ཁྲོལ་ཅིག །དབུགས་མ་ཕྱིན་པ་རྣམས་ནི་དབུགས་ཕྱུང་ཤིག །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་ཟློས་ཤིག །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་མ་འགགས་པ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་ལོངས་སྤྱོད་པའི་གནས་མལ་མཁོས་སུ་ཕབ་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ལྗོངས་རྒྱུར་སོང་ངོ་། །རི་བྲགས་ཤིག་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་གཉིས་དང་། བུ་མོ་གཅིག་ཡོད་ནས་དེས་བུ་དེ་གཉིས་ཀྱི་ཁྱིམ་ཕུབ་ཅིང་བུ་མོ་དེ་ཡང་བག་མར་བཏང་ངོ་། །དུས་གཞན་ཞིག་ན་ཁྱིམ་བདག་དེ་ཡང་དུས་ལ་བབ། དེའི་བུ་མོ་དེ་ཡང་ཁྱོ་ཤི་བར་གྱུར་ནས་མིང་པོ་གཉིས་ཀྱི་ཁྱིམ་དུ་གནས་པར་བརྩམས་ཤིང་དེ་སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་དོ། །རི་བྲགས་དེ་ན་དེའི་མིང་པོ་དེ་གཉིས་གཙོ་བོར་གྲགས་པ་ཡིན་ཏེ། གང་གི་ཚེ་དེ་གཉིས་འགའ་ཞིག་དང་ལྷན་ཅིག་འཐབ་པ་དེའི་ཚེ་ན་འཐབ་ཟླ་དེ་ན་རེ་ཁྱོད་གཉིས་ཀྱང་སྨྲའམ། ཁྱེད་གཉིས་ཀྱི་སྲིང་མོ་སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་མགུར་


DKG007_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་བྱེད་དོ་ཞེས་ཟེར་རོ། །དེ་གཉིས་དོང་སྟེ་སྲིང་མོ་ལ་སྨྲས་པ། སྲིང་མོ་ཁོ་བོ་ཅག་གཉིས་མི་དང་འཐབ་པ་ན་དེ་ན་རེ་ཁྱེད་གཉིས་ཀྱང་སྨྲའམ། ཁྱོད་གཉིས་ཀྱི་སྲིང་མོ་སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་དོ་ཞེས་ཟེར་རོ། །སྲིང་མོས་སྨྲས་པ། མིང་པོ་གཉིས་བདག་ནི་ཚུལ་ཁྲིམས་དང་ལྡན་པ་ལགས་ན་སྐྱེ་བོ་བརྫུན་མ་དག་བདག་ལ་སྐུར་པ་མཆིའོ། །དུས་གཞན་ཞིག་ན་དེ་ལ་སེམས་ཅན་ཞུགས་པར་གྱུར་ཏེ་མངལ་ན་གནས་པའི་མཚན་མ་དག་ཀྱང་བྱུང་ནས་མིང་པོ་གཉིས་ཀྱིས་དེ་ལ་སྨྲས་པ། སྲིང་མོ་ཁྱོད་ན་རེ་བདག་ནི་ཚུལ་ཁྲིམས་དང་ལྡན་པ་ལགས་ན་སྐྱེ་བོ་བརྫུན་མ་དག་སྐུར་པ་མཆིའོ་ཞེས་ཟེར་ན་འདི་ག་ལས་བྱུང་། སྲིང་མོས་སྨྲས་པ། མིང་པོ་གཉིས་འདི་ནི་སེམས་ཅན་སྤྱི་རྡོལ་ཅན་ཞིག་ནན་གྱིས་བདག་གི་མངལ་དུ་ཞུགས་པ་ལགས་སོ། །དུས་གཞན་ཞིག་ན་དེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་དེའི་ཉེ་དུ་དག་འདུས་ཤིང་ལྷགས་ཏེ་ཁྱེའུ་འདིའི་མིང་ཅིར་གདགས་ཞེས་དེའི་མིང་འདོགས་པར་བྱེད་པ་ན་དེ་དག་འདི་སྙམ་དུ་སེམས་ཏེ། ཁྱེའུ་འདི་མ་བཙས་པ་ཁོ་ན་ནས་མས་སྤྱི་རྡོལ་ཅན་ཞེས་བྱ་བའི་ཚིག་ཀུན་དུ་བརྗོད་པས་ཁྱེའུ་འདིའི་མིང་སྤྱི་རྡོལ་ཅན་དུ་གདགས་སོཞེས་ཁྱེའུ་དེའི་མིང་སྤྱི་རྡོལ་ཅན་ཞེས་བྱ་བར་བཏགས་སོ། །དེའི་མ་ཡང་སྤྱི་རྡོལ་ཅན་གྱི་མ་ཞེས་བྱ་བའི་མིང་དུ་གྱུར་ནས། མིང་པོ་གཉིས་ཀྱིས་དེ་གནས་གཞན་དུ་བཞག་གོ །ཚེ་དང་ལྡན་པ་མ་འགགས་པ་ལྗོངས་རྒྱུ་ཞིང་འགྲོ་བ་ན་རི་བྲགས་དེར་ཕྱིན་ནས་དེས་དེར་བསྟི་གནས་བརྙས་པ་དང་། ཁྱེའུ་དག་ཅིག་རྩེ་ཞིང་འཁོད་པ་དེ་དག་གིས་དེ་ལ་སྨྲས་པ། འཕགས་པ་སྤྱི་རྡོལ་ཅན་གྱི་མ་ལ་བསྟི་གནས་གཡོར་ཅིག་དང་། དེ་ཁྱོད་ལ་བསྟི་གནས་འབུལ་བར་འགྱུར་རོ། །དགྲ་བཅོམ་པ་རྣམས་ཀྱི་ཆོས་ཉིད་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས་དེ་དེར་སོང་སྟེ་བསྟི་


DKG007_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྙས་པ་དང་། དེས་དེ་ལ་བསྟི་གནས་ཕུལ་ཏེ་སྟན་བཤམས་ནས་འདིར་བཞུགས་ཤིག་ཅེས་སྨྲས་སོ། །དེ་དེར་འདུག་པ་དང་དེས་དེའི་རྐང་པ་བཀྲུ་བའི་ཆུ་ཁྱེར་ཏེ་འོངས་ནས་སྨྲས་པ། འཕགས་པ་ཞབས་བཀྲུ་བར་བགྱིའོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཁོ་བོ་ནི་བུད་མེད་ཀྱིས་རྐང་པ་མི་འཁྲུའོ། །དེས་བསམས་པ། རབ་ཏུ་བྱུང་བ་དག་ལ་འདི་ལྟ་བུའི་བརྟུལ་ཞུགས་ཡང་དག་པར་བླངས་པ་ཡོད་དོ་སྙམ་ནས་དེས་དེའི་རྐང་པ་བསྐུ་བ་ཁྱེར་ཏེ་འོངས་ནས་སྨྲས་པ། འཕགས་པ་ཞབས་བསྐུ་བར་བགྱིའོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཁོ་བོ་ནི་བུད་མེད་ཀྱིས་རྐང་པ་མི་སྐུད་དོ། །དེས་བསམས་པ། རབ་ཏུ་བྱུང་བ་དག་ལ་འདི་ལྟ་བུའི་བརྟུལ་ཞུགས་ཡང་དག་པར་བླངས་པ་ཡོད་དོ་སྙམ་ནས། དེས་ཟན་ཁྱེར་ཏེ་འོངས་ནས་སྨྲས་པ། འཕགས་པ་བཤོས་གསོལ་ཅིག །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཁོ་བོ་ནི་དུས་མ་ཡིན་པར་མི་ཟའོ། །དེས་བསམས་པ། རབ་ཏུ་བྱུང་བ་དག་ལ་བརྟུལ་ཞུགས་འདི་ལྟ་བུ་ཡང་དག་པར་བླངས་པ་ཡོད་དོ་སྙམ་ནས། དེས་དེའི་མལ་བཤམས་པ་དང་། ཚེ་དང་ལྡན་པ་མ་འགགས་པ་མལ་དེར་སྐྱིལ་མོ་ཀྲུང་བཅས་ནས་ལུས་དྲང་པོར་བསྲང་སྟེ་དྲན་པ་མངོན་དུ་ཕྱོགས་པར་བཞག་ནས་འདུག་གོ །དེ་དེའི་གན་དུ་འོངས་ཏེ། བུད་མེད་ཀྱི་གཡོ་དག་དང་། བུད་མེད་ཀྱི་གྱ་གྱུ་དག་དང་། བུད་མེད་ཀྱི་ཡ་ཡོ་དག་དང་། བུད་མེད་ཀྱི་སྒྱུ་གང་དག་ཡིན་པ་དེ་དག་ཉེ་བར་བསྟན་པར་བརྩམས་པ་དང་། ཚེ་དང་ལྡན་པ་མ་འགགས་པ་དབང་པོ་དག་འབེབས་པར་བྱེད་དོ། །དེས་བསམས་པ། འདི་ཆད་པས་རེ་ཞིག་ཉལ་དུ་བཅུག་སྟེ་ནམ་ཕྱེད་ན་འགྲོ་བར་བྱའོ་སྙམ་ནས། དེ་ནམ་ཕྱེད་ན་སོང་སྟེ་དེ་བཞིན་དུ་བུད་མེད་ཀྱི་གཡོ་དག་དང་། བུད་མེད་ཀྱི་གྱ་གྱུ་དག་དང་། བུད་མེད་ཀྱི་ཡ་ཡོ་དག་དང་། བུད་མེད་ཀྱི་སྒྱུ་གང་དག་ཡིན་པ་དེ་དག་བསྟན་པར་བརྩམས་པ་དང་། ཚེ་དང་ལྡན་པ་མ་འགགས་པ་དབང་པོ་དག་འབབས་པར་བྱེད་དོ། །དེས་བསམས་པ། སྐྱེས་བུ་འདི་ལྟ་བུ་དང་ནི་ཤིན་ཏུ་ཐག་རིང་དུ་སོང་ཡང་ལྷན་ཅིག་དགའ་མགུར་སྤྱད་པར་བྱ་བ་ཡིན་ན་གང་གིས་འདི་བདག་གི་


DKG007_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་འགྱུར་བའི་ཐབས་ཅི་ཡོད་སྙམ་ནས། དེས་བསམས་པ། བུད་མེད་ཀྱི་ཡུལ་གྱི་རེག་པ་ནི་དུག་ཡིན་པས་བདག་གིས་འཁྱུད་ན་འདི་བདག་གི་དབང་དུ་འགྱུར་རོ། །སྙམ་ནས་དེས་འཁྱུད་པར་བརྩམས་པ་དང་། ཚེ་དང་ལྡན་པ་མ་འགགས་པ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་བུད་མེད་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་ཚེ་དང་ལྡན་པ་མ་འགགས་པའི་རྐང་པ་གཉིས་ཀྱི་དྲུང་དུ་སྒྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་སུག་པ་ནས་དྲང་བ་སྩལ་དུ་གསོལ། ཚེ་དང་ལྡན་པ་མ་འགགས་པ་བུད་མེད་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །དེ་ནས་བུད་མེད་དེས་ཚེ་དང་ལྡན་པ་མ་འགགས་པའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ཤིན་ཏུ་དམའ་བ་ཞིག་བླངས་ནས་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་གོ །ཚེ་དང་ལྡན་པ་མ་འགགས་པས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་གང་ཐོས་ནས་བུད་མེད་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་བྱས་སོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་མ་འགགས་པས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་དག་གིས་ཀྱང་མ་བགྱིས་ཏེ། ཁྲག་


DKG007_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་། ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ནས་ནི་རྐང་པ་ཕྱུང་། ལྷ་དང་། མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་མ་འགགས་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་མ་འགགས་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་མ་འགགས་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཅད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་སྐྱབས་སུ་མཆིའོ། །བཙུན་པ་མ་འགགས་པ་དེའི་སླད་དུ་སང་འདི་ཉིད་དུ་གདུགས་ཚོད་གསོལ་བར་ཅི་གནང་། སྲིང་མོ་དམ་ཚིག་གིས་བཟའ་བར་བྱ་སྟེ། གལ་ཏེ་སྒོ་བཅད་དེ་སྦྱིན་པར་བྱེད་ན་བཟའོ། །དེས་སྨྲས་པ། ཆབ་སྒོ་བཀུམ་སྟེ་གསོལ་ལོ། །དེས་དེ་ཉིད་ཀྱི་མཚན་མོ་ཁ་ཟས་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་སྟན་བཤམས་ནས་སྒོ་བཅད་དེ་གདུགས་ཚོད་ལ་བབ་པ་དང་། ཚེ་དང་ལྡན་པ་མ་འགགས་པ་བདེ་བར་འདུག་པར་རིག་ནས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་ནས། ཚེ་དང་ལྡན་པ་མ་འགགས་པ་ཟན་ཟོས་ཤིང་ལག་པ་བསྙལ་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཚེ་དང་ལྡན་པ་མ་འགགས་པའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་གོ །དེའི་ཚེ་ན་དེའི་མིང་པོ་གཉིས་མི་ཞིག་དང་ལྷན་ཅིག་ཐབ་མོ་བྱུང་བ་ན་མི་དེ་ན་རེ་ཁྱེད་གཉིས་ཀྱིས་སྨྲའམ། ཁྱེད་གཉིས་ཀྱི་སྲིང་མོ་ཡ་མཚན་ཅན་སྣ་ཚོགས་དང་ལྡན་པའི་མཆོད་སྦྱིན་བྱེད་པས་ཤཱཀྱའི་བུའི་དགེ་སྦྱོང་ཡང་མ་


DKG007_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྟེ། ཤཱཀྱའི་བུའི་དགེ་སྦྱོང་ཁར་རྩང་ཞུགས་ན་ད་དུང་ཡང་མ་བྱུང་ངོ་ཞེས་ཟེར་རོ། །དེ་གཉིས་ཀྱིས་བསམས་པ། བདག་ཅག་གཉིས་གང་ཅུང་ཟད་མིས་བརྙས་པར་གྱུར་པ་དེ་ཐམས་ཅད་ནི་འདིའི་ལེ་ལན་ཡིན་གྱིས་དེ་གསད་དུ་འདོང་ངོ་སྙམ་ནས་རལ་གྲི་ཤུབས་ནས་ཕྱུང་སྟེ་དེའི་ཁྱིམ་ག་ལ་བ་དེ་ལོགས་སུ་ཕྱོགས་ཏེ་བརྒྱུགས་པ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་ཁ་ཅིག་ནི་ལྟད་མོ་སྐྱེས་པ་ན། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན་དེ་གཉིས་ཀྱི་ཕྱི་བཞིན་ཕྱི་བཞིན་དུ་རྗེས་སུ་འབྲང་ངོ་། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། སྲིང་མོ་ཁོ་བོ་ཕྱིར་འབྱུང་གིས་ཁྱོད་ཀྱིས་སྒོ་ཆོད་ཅིག །དེ་ཕྱིར་ཕྱུང་བ་དང་དེས་སྒོ་བཅད་དོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་དེ་གཉིས་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་ཚེ་དང་ལྡན་པ་མ་འགགས་པའི་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་ཅག་གི་སུག་པ་ནས་དྲང་བ་སྩལ་དུ་གསོལ། ཚེ་དང་ལྡན་པ་མ་འགགས་པ་དེ་གཉིས་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །དེ་ནས་དེ་གཉིས་ཀྱིས་ཚེ་དང་ལྡན་པ་མ་འགགས་པའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཚེ་དང་ལྡན་པ་མ་འགགས་པས་འཁོར་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་སྲོག་ཆགས་ཉི་ཁྲིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དང་། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་རབ་ཏུ་


DKG007_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཁ་ཅིག་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་ནི་རང་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པ་དེ་ལྟར་ཆོས་བསྟན་པར་བྱས་ཏེ་འཁོར་དེ་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་འཁོར་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ནས་རི་བྲགས་གཞན་ཞིག་ག་ལ་བ་དེ་ལོགས་སུ་སོང་ངོ་། །རི་བྲགས་དེ་དང་ཧ་ཅང་མི་རིང་བ་ན་སྐྱེད་མོས་ཚལ་ཞིག་ཡོད་པ་དེར་མཚན་མོ་གནས་པར་ཁས་བླངས་ནས་དེ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ །ཆོམ་རྐུན་པ་རི་བྲགས་འཇོམས་པར་འདོད་པ་ལྔ་བརྒྱ་ཙམ་ཞིག་ཀྱང་། སྐྱེད་མོས་ཚལ་དེར་ཞུགས་ནས་དེ་ན་ཆོམ་རྐུན་པ་གཅིག་གིས་ཚེ་དང་ལྡན་པ་མ་འགགས་པ་སྡོང་དུམ་ཡིན་ནོ་སྙམ་ནས། དེའི་སྟེང་དུ་མདའ་དག་བཞག་སྟེ་ཆོམ་རྐུན་པ་དེས་མདའ་དག་ཕྱིར་བླང་བར་བརྩམས་པ་དང་། ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། བཞིན་བཟངས་རྣ་སྦྲང་ཆོས་གོས་ལ་ཐོགས་ཀྱིས། ཆོས་གོས་རལ་བར་མི་འགྱུར་བར་དལ་བུས་ལོང་ཤིག །དེས་སྨྲས་པ། ཁྱོད་སུ་ཞིག །དགེ་སྦྱོང་ངོ་། །གང་དག་གི། ཤཱཀྱའི་བུའི་དགེ་སྦྱོང་དག་གིའོ། །དེས་སྨྲས་པ། ཤེས་ལྡན་དག་བདག་ཅག་གིས་བཀྲ་མི་ཤིས་པ་མཐོང་གིས་གསད་པར་བྱའོ། །དེ་ན་དམག་དཔོན་གང་ཡིན་པ་དེ་ཚེ་དང་ལྡན་པ་མ་འགགས་པ་སྔོན་ཁྱིམ་ན་གནས་པའི་བྲན་དུ་གྱུར་ཅིང་། ཚེ་དང་ལྡན་པ་མ་འགགས་པས་འཕོང་གི་དཔོང་ས་གང་དུ་བསླབས་པ་དེར་དེས་ཀྱང་བསླབས་ཤིང་དེ་གཅད་པ་ལ་མཁས་པར་གྱུར་ཏོ། །གང་གི་ཚེ་ཚེ་དང་ལྡན་པ་མ་འགགས་པ་རབ་ཏུ་བྱུང་བ་དེའི་ཚེ་ན་དེ་ཡང་ཆོམ་རྐུན་པའི་ནང་དུ་ཞུགས་ཏེ། ཆོམ་རྐུན་པ་ལྔ་བརྒྱའི་དམག་དཔོན་དུ་གྱུར་པས་དེས་སྐད་ལས་


DKG007_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་མ་འགགས་པ་ངོ་ཤེས་ནས་དེས་སྨྲས་པ། འཕགས་པ་མ་འགགས་པ་མ་ལགས་སམ། བཞིན་བཟངས་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །དེས་སྨྲས་པ། ཤེས་ལྡན་དག་འདི་མ་བསད་ཅིག །འདི་ནི་མི་སྐལ་བ་བཟང་པོ་རབ་ཏུ་བྱུང་བ་ཡིན་ཏེ། འདིའི་མིང་གིས་ཚོང་པ་དག་རྒྱ་མཚོ་ཆེན་པོ་ནས་ཀྱང་གྲུ་བོ་ཆེ་ལེགས་པར་གྲུབ་སྟེ་འོང་ངོ་། །ཇི་ལྟར་ཤེས་གལ་ཏེ་བདག་ཅག་གིས་དེ་མོད་ཅི་ཡང་མི་ཐོབ་ན་དེའི་འོག་ཏུ་གཟོད་གསད་པར་བྱའི་ཐོབ་ན་གསད་པར་མི་བྱས་རེ་ཞིག་སྡོད་ཅིག་ཅེས་དེ་དག་གིས་དེའི་སྲུང་མ་ཆོམ་རྐུན་པ་མི་བཞི་བཞག་སྟེ། འདི་བྲོས་པར་གྱུར་ཏ་རེ་ཞེས་བསྒོ་ནས་དེ་དག་འཇོམས་པར་འདོད་པས་རི་བྲགས་དེར་ཞུགས་སོ། །ཚེ་དང་ལྡན་པ་མ་འགགས་པས་སྲུང་མ་བཞི་པོ་དེ་དག་ལ་སྨྲས་པ། བཞིན་བཟངས་དག་རེ་ཞིག་གོ་ཕུད་ཅིག །དེ་དག་གིས་སྨྲས་པ། ཁྱོད་འབྲོས་པར་འགྱུར་རོ། །ཁྱོད་ཅག་མི་བཞི་འཁོད་ན་ཁོ་བོ་ཇི་ལྟར་འབྲོས་པར་འགྱུར། དེ་དག་གིས་གོ་ཕུད་དེ་འཁོད་པ་དང་། ཚེ་དང་ལྡན་པ་མ་འགགས་པས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་དེ་དག་གིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་བྱས་སོ། །དེ་དག་གིས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་ཅག་གིས་དགེ་བའི་བཤེས་གཉེན་བཙུན་པ་ལ་བརྟེན་ནས་བཙུན་པས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་


DKG007_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །འཕགས་པ་བདག་ཅག་གི་གྲོགས་གཞན་དེ་དག་གིས་ཀྱང་ཆོས་འདི་ལྟ་བུ་དག་འཐོབ་པར་འགྱུར་རམ། ཁྱེད་ཅག་ལས་ཤས་ཆེར་རྟེན་པ་ཐམས་ཅད་ཀྱིས་འཐོབ་པར་འགྱུར་རོ། །ཚེ་དང་ལྡན་པ་མ་འགགས་པས་ཅི་ནས་ཀྱང་རི་བྲགས་དེ་ན་ཁྱི་གཅིག་ཀྱང་སད་པར་མ་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་ནས་ཆོམ་རྐུན་པ་དེ་དག་གིས་ལས་བྱས་ཏེ་ཕྱིར་ལྷགས་ནས། དེ་དག་གིས་མི་བཞི་པོ་དག་ལ་སྨྲས་པ། རབ་ཏུ་བྱུང་བ་དེ་གར། དེས་ཅི་བྱ། ཁོ་བོ་ཅག་གིས་ལས་བྱས་ཏེ། ལྷགས་པས་དེ་ལ་བསྙེན་བཀུར་བྱའོ། །ཚེ་དང་ལྡན་པ་མ་འགགས་པས་དེ་དག་ལ་སྨྲས་པ། བཞིན་བཟངས་དག་གོ་ཕུད་ལ་འཁོད་ཅིག་དང་ཁྱེད་ལ་ཆོས་བསྟན་པར་བྱའོ། །འཕགས་པ་བདག་ཅག་འཛིན་པ་མི་མཆིའམ། མི་འོང་ངོ་དེ་དག་གིས་གོ་ཕུད་དེ། ཚེ་དང་ལྡན་པ་མ་འགགས་པའི་མདུན་དུ་ཆོས་མཉན་པའི་ཕྱིར་འཁོད་པ་དང་། ཚེ་དང་ལྡན་པ་མ་འགགས་པས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་དེ་དག་གིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་བྱས་སོ། །དེ་དག་གིས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་


DKG007_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གིས་དགེ་བའི་བཤེས་གཉེན་བཙུན་པ་ལ་བརྟེན་ནས་བཙུན་པས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་ཅག་བཅོམ་ལྡན་འདས་དང་ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །འཕགས་པ་བདག་ཅག་གིས་ད་ནི་གཞན་གྱི་ཏིལ་གྱི་ཕུབ་མ་ཙམ་ཡང་མ་བྱིན་པར་ལེན་པའི་རྔོ་མི་ཐོག་པས་རྫས་འདིས་ཅི་བགྱི། བཞིན་བཟངས་དག་དེ་ཉིད་དུ་དེང་ལ་ཞོག་ཤིག །འཕགས་པ་བདག་ཅག་འཛིན་པ་མི་མཆིའམ། ཅི་ཁྱེད་ཀྱིས་དེར་ཁྱི་གཅིག་ཙམ་ཡང་སད་པར་གྱུར་ཏམ། དེང་ལ་དེ་ཉིད་དུ་ཞོག་ཤིག །དེ་དག་གིས་དེར་དོང་སྟེ་རྫས་དེ་དག་ཕྱིར་བཞག་གོ །དེ་ནས་ཚེ་དང་ལྡན་པ་མ་འགགས་པ་ལ་མངོན་པར་དད་པའི་ལྷ་གང་ཡིན་པ་དེས་རི་བྲགས་དེར་སྨྲས་པ། ཁྱེད་མ་བཅོམ་པ་གང་ཡིན་པ་དེ་ཐམས་ཅད་ནི་འཕགས་པ་མ་འགགས་པའི་མཐུ་ཡིན་ཏེ། འཕགས་པ་མ་འགགས་པ་སྐྱེད་མོས་ཚལ་


DKG007_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་བཞུགས་ཀྱིས་དེང་ལ་ཆོས་ཉོན་ཅིག །དེ་ནས་སྲོག་ཆགས་བརྒྱ་ཕྲག་དུ་མ་དག་ཁ་ཅིག་ནི་ལྟད་མོ་སྐྱེས་པ་ན། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན། དེ་ནས་ཕྱིར་འཐོན་ནས། འཕགས་པ་མ་འགགས་པ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། འཕགས་པ་མ་འགགས་པའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་འཕགས་པ་མ་འགགས་པའི་མདུན་དུ་འཁོད་དོ། །ཚེ་དང་ལྡན་པ་མ་འགགས་པས་འཁོར་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་སྲོག་ཆགས་ཁྲི་ཉི་སྟོང་གིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དང་། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་ཆོས་བསྟན་པ་བྱས་ཏེ། འཁོར་དེ་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་གྱུར་ཏོ། །དེ་ནས་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་དག་གིས་ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མ་འགགས་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་འཐོབ་ན་བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ། །བཞིན་བཟངས་དག་ཚུར་ཤོག་དང་། བཅོམ་ལྡན་འདས་ཀྱིས་ཁྱེད་རབ་ཏུ་འབྱིན་པ་དང་རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་འཐོབ་པར་མཛད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་དག་ཁྲིད་ནས་


DKG007_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ན་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་བཞུགས་ཤིང་ཆོས་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ཐག་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་མ་འགགས་པ་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ངམ་། བཙུན་པ་མཐོང་ངོ་། །དགེ་སློང་དག་མ་འགགས་པ་འདི་དེ་བཞིན་གཤེགས་པ་ལ་སྐྱེས་དང་བཅས་ཤིང་འོང་སྟེ། དེ་བཞིན་གཤེགས་པའི་སྐྱེས་ནི་འདི་ལྟར་གདུལ་བ་ལས་གཞན་པ་དེ་ལྟ་བུ་མེད་དོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མ་འགགས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རིགས་ཀྱི་བུ་ལྔ་བརྒྱ་པོ་འདི་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་འཚལ་ན་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་འདི་དག་རབ་ཏུ་དབྱུང་དུ་གསོལ། རྫོགས་པར་བསྙེན་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་གིས་རབ་ཏུ་ཕྱུང་ཞིང་དགེ་སློང་དག་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང་། དེ་དག་བཅོམ་ལྡན་འདས་ཀྱི་བཀའི་མཇུག་ཁོ་ནར་སྐྲ་བྱི་བ་དང་སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་། ལག་པ་ལྷུང་བཟེད་དང་བྱ་མ་བུམ་གྱིས་བྲེལ་བ་དང་། དགེ་སློང་རྫོགས་པར་བསྙེན་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །དེ་ནས་


DKG007_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་དེ་དག་ལ་གདམས་ངག་སྩལ་ཏེ། གཅིག་པུ་དབེན་པ་བག་ཡོད་པ་རྟུལ་བ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་དག་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་དྲིས་པ། ཚེ་དང་ལྡན་པ་མ་འགགས་པ་ཇི་ལྟར་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཅུང་ཟད་བདེ་བར་ཡང་བརྒྱུས། ཅུང་ཟད་སྡུག་བསྔལ་བར་བརྒྱུས་སོ། །ཇི་ལྟར་བདེ་བར་བརྒྱུས། ཇི་ལྟར་སྡུག་བསྔལ་བར་བརྒྱུས། འདི་ལྟར་རེ་ཞིག་གདུལ་བའི་བྱ་བ་བྱས་པ་གང་ཡིན་པ་དེ་ནི་བདེ་བར་བརྒྱུས་པ་ཡིན་ནོ། །ཧད་པོར་དེའུ་བསད་པ་དེ་ནི་སྡུག་བསྔལ་བར་བརྒྱུས་པ་ཡིན་ནོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་མ་འགགས་པ་ཁྱོད་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་དུ་རུང་ངམ། གང་གི་ཕྱིར་མི་རུང་བ་དེ་ཉིད་ཀྱི་ཕྱིར་ཉེས་དམིགས་བྱུང་བར་གྱུར་ཏོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་


DKG007_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་རྨས་པ། མ་འགགས་པ་ཁྱོད་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་བརྩོན་པ་དང་། མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྩོན་པ་དང་། སྦྱོར་བ་དང་། བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །བུད་མེད་ཀྱི་ཡུལ་དང་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་སྤྲོད་པ་ལས་བྱུང་བའི་ཆོས་སྟེན་ནུས་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་དེའོ། །གནས་གཅིག་ཏུ་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུའོ། །གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་། འཁོར་གྱི་ཁྱམས་དང་། ཁང་པ་བརྩེགས་པ་དག་གོ། །


DKG007_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་སྒོ་བཅུ་གཉིས་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་། འཁོར་གྱི་ཁྱམས་དག་གོ །ཉལ་ན་ཞེས་བྱ་བ་ནི་མཚན་མོ་གློས་ཕབ་སྟེ་ཉལ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་བར་ཁང་ན་ཉལ་ཞིང་བུད་མེད་ཀྱི་ཡུལ་འོག་ཁང་ན་ཉལ་ན་དགེ་སློང་དེས་སྐས་བསྡུ་བར་བྱ་བའམ། སྒོ་གཏན་པས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །སྐས་སྡུད་པར་མི་བྱེད་དམ། སྒོ་གཏན་པས་གཅོད་པར་མི་བྱེད་དམ། སྲུང་བ་དགེ་སློང་འཇོག་པར་མི་བྱེད་ན་ཇི་སྲིད་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་སྟེང་ཁང་ན་ཉལ་ཞིང་བུད་མེད་ཀྱི་ཡུལ་བར་ཁང་ན་ཉལ་ན་དགེ་སློང་དེས་སྐས་བསྡུ་བར་བྱ་བའམ། སྒོ་གཏན་པས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །སྐས་སྡུད་པར་མི་བྱེད་དམ། སྒོ་གཏན་པས་གཅོད་པར་མི་བྱེད་དམ། སྲུང་བ་དགེ་སློང་འཇོག་པར་མི་བྱེད་ན་ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། སྐྱ་རེངས་ཤར་ནས་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་བར་ཁང་ན་ཉལ་ཞིང་བུད་མེད་ཀྱི་ཡུལ་སྟེང་ཁང་ན་ཉལ་ན་དགེ་སློང་དེས་སྐས་བསྡུ་བར་བྱ་བའམ། སྒོ་གཏན་པས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །སྐས་སྡུད་པར་མི་བྱེད་དམ། སྒོ་གཏན་པས་གཅོད་པར་མི་བྱེད་དམ། སྲུང་བ་དགེ་སློང་འཇོག་པར་མི་བྱེད་ན་ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་


DKG007_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྱུར་ལ། སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་འོག་ཁང་ན་ཉལ་ཞིང་བུད་མེད་ཀྱི་ཡུལ་བར་ཁང་ན་ཉལ་ན་དགེ་སློང་དེས་སྐས་བསྡུ་བར་བྱ་བའམ། སྒོ་གཏན་པས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །སྐས་སྡུད་པར་མི་བྱེད་དམ། སྒོ་གཏན་པས་གཅོད་པར་མི་བྱེད་དམ། སྲུང་བ་དགེ་སློང་འཇོག་པར་མི་བྱེད་ན་ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གནས་ཁང་ན་ཉལ་ཞིང་བུད་མེད་ཀྱི་ཡུལ་ཁྱམས་ན་ཉལ་ན་དགེ་སློང་དེས་སྒོ་གཏན་པས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །སྒོ་གཏན་པས་གཅོད་པར་མི་བྱེད་དམ། སྲུང་བ་དགེ་སློང་འཇོག་པར་མི་བྱེད་ན། ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཁྱམས་ན་ཉལ་ཞིང་བུད་མེད་ཀྱི་ཡུལ་གནས་ཁང་ན་ཉལ་ན་དགེ་སློང་དེས་སྒོ་ཕྱི་རོལ་ནས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །སྒོ་ཕྱི་རོལ་ནས་གཅོད་པར་མི་བྱེད་དམ། སྲུང་བ་དགེ་སློང་འཇོག་པར་མི་བྱེད་ན་ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་སྒོ་ཁང་ན་ཉལ་ཞིང་བུད་མེད་ཀྱི་ཡུལ་བང་རིམ་ན་ཉལ་ན། དགེ་སློང་དེས་སྒོ་ནང་ནས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །སྒོ་ནང་ནས་གཅོད་པར་མི་བྱེད་དམ། སྲུང་བ་དགེ་སློང་འཇོག་པར་མི་བྱེད་ན་ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་བང་རིམ་དུ་ཉལ་ཞིང་བུད་མེད་ཀྱི་ཡུལ་སྒོ་ཁང་ན་ཉལ་ན་དགེ་སློང་དེས་སྒོ་ཕྱི་རོལ་ནས་གཅད་པར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །སྒོ་ཕྱི་རོལ་ནས་གཅོད་པར་མི་བྱེད་དམ། སྲུང་བ་དགེ་སློང་འཇོག་པར་མི་བྱེད་ན་ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ། །ཁྱིམ་ཐབ་ཀྱིས་བསྲུངས་ན་ལྟུང་བ་མེད་དོ། །


DKG007_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་བ་ལང་གི་ལྷས་སམ། ཕྱུགས་ལྷས་སུ་ཉལ་ན་དགེ་སློང་དེས་ཕྱོགས་དེ་རེ་ལྡེ་དག་གམ། སེག་དག་གམ། ཡོལ་བ་དག་གིས་བསྐོར་བར་བྱ་བའམ། སྲུང་བ་དགེ་སློང་གཞག་པར་བྱའོ། །ཕྱོགས་དེ་རེ་ལྡེ་དག་གམ། སེག་དག་གམ། ཡོལ་བ་དག་གིས་བསྐོར་བར་མི་བྱེད་དམ། སྲུང་བ་དགེ་སློང་འཇོག་པར་མི་བྱེད་ན་ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། སྐྱ་རེངས་ཤར་ན་ཡང་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་མ་འགགས་པས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཏེ། དེས་གདུལ་བའི་བྱ་བ་དེ་སྙེད་བགྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་མ་འགགས་པ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་མ་འགགས་པ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་


DKG007_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་བ་ན་འདི་དེའི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ནས་རི་བྲགས་ཤིག་ན་གཙུག་ལག་ཁང་ཞིག་ཡོད་པ་དེ་ན་འདི་ཞལ་ཏ་བྱེད་པར་གྱུར་ཅིང་། དེ་ལྷན་ཅིག་གནས་པ་དང་། ཉེ་གནས་ཀྱང་ལྔ་བརྒྱ་ཡོད། རི་བྲགས་དེ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱང་ཕལ་ཆེར་དེ་ལ་མངོན་པར་དད་དོ། །དུས་གཞན་ཞིག་ན་དེ་ན་བར་གྱུར་ནས། དེ་ལ་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་དྲིས་པ། མཁན་པོ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འགའ་ཞིག་ཐོབ་པ་མཆིས་སམ། དེས་སྨྲས་པ། འགའ་ཡང་མེད་དོ། །མཁན་པོས་སྨོན་ལམ་ཇི་ལྟར་བཏབ། ཁོ་བོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ངེས་པར་སྐལ་བ་དང་ལྡན་པ་ཉིད་དུ་ལུང་བསྟན་པ་དེའི་གསུང་རབ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་དག་གིས་སྨྲས་པ། བདག་ཅག་ཀྱང་མཁན་པོ་ལ་བརྟེན་ཏེ་བཅོམ་ལྡན་འདས་དེའི་གསུང་རབ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བགྱིད་པར་གྱུར་ཅིག་རི་བྲགས་དེ་ན་གནས་པའི་སྐྱེ་བོའི་ཚོགས་དེས་དེ་ལྟར་འཕགས་པ་ནའོ་ཞེས་ཐོས་ནས་དེ་དག་དེའི་


DKG007_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གན་དུ་སོང་སྟེ་དྲིས་པ། འཕགས་པས་ཡོན་ཏན་གྱི་ཚོགས་འགའ་ཞིག་ཐོབ་པ་མཆིས་སམ། འགའ་ཡང་མེད་དོ། །འཕགས་པས་སྨོན་ལམ་ཇི་ལྟར་བཏབ། ཁོ་བོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ངེས་པར་སྐལ་བ་དང་ལྡན་པ་ཉིད་དུ་ལུང་བསྟན་པ་དེའི་གསུང་རབ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་དག་གིས་སྨྲས་པ། བདག་ཅག་ཀྱང་འཕགས་པ་ལ་བརྟེན་ཏེ་བཅོམ་ལྡན་འདས་དེའི་གསུང་རབ་ལ་བདེན་པ་དག་མཐོང་བར་གྱུར་ཅིག །དགེ་སློང་དག་དེའི་ཚེ་དེའི་དུས་ན་དགེ་སློང་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་མ་འགགས་པ་འདི་ཡིན་ཏེ། འདིས་དེར་ཆོས་དང་ལྡན་པས་ཞལ་ཏ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེའི་ཚེ་དེའི་དུས་ན་དེའི་ལྷན་ཅིག་གནས་པ་དང་། ཉེ་གནས་ལྔ་བརྒྱ་པོ་གང་དག་ཡིན་པ་དེ་དག་ནི་དགེ་སློང་ལྔ་བརྒྱ་པོ་འདི་དག་ཡིན་ཏེ། འདི་དག་གིས་དེར་སྨོན་ལམ་དེ་སྐད་


DKG007_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་དབང་གིས་ད་ལྟར་མ་འགགས་པ་ལ་བརྟེན་ཏེ་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེའི་ཚེ་དེའི་དུས་ན་རི་བྲགས་དེ་ན་གནས་པའི་སྐྱེ་བོའི་ཚོགས་གང་དག་ཡིན་པ་དེ་དག་ནི་ད་ལྟར་རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་འདི་དག་ཡིན་ཏེ། འདི་དག་གིས་དེར་སྨོན་ལམ་དེ་སྐད་བཏབ་པའི་དབང་གིས་ད་ལྟར་མ་འགགས་པ་ལ་བརྟེན་ཏེ་ངའི་གསུང་རབ་ལ་བདེན་པ་དག་མཐོང་བར་གྱུར་ཏོ། །བཙུན་པ་ཚེ་དང་ལྡན་པ་མ་འགགས་པས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ལྷའི་མིག་དང་ལྡན་པར་གྱུར། དགེ་སློང་དག་སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས་རྒྱལ་པོ་མཛེས་པས་དེའི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་ལས་བྱས་པ། རྒྱར་དཔག་ཚད་གཅིག་པ། འཕང་དུ་དཔག་ཚད་ཕྱེད་པ་བྱེད་དུ་བཅུག་ནས་དེས་དེ་ལ་དུས་སྟོན་བྱ་བ་ཡང་བཤམས་སོ། །དེར་དུས་སྟོན་ལ་བབ་པ་ན་ཆོམ་རྐུན་པ་འཇོམས་པར་འདོད་པ་ལྔ་བརྒྱ་དེར་ལྷགས་ནས་དེ་ན་ཆོམ་རྐུན་པའི་དམག་དཔོན་གྱི་ལྷམ་རལ་ནས་དེ་དང་ཧ་ཅང་མི་རིང་བ་ན་དྲི་གཙང་ཁང་འདུག་པ་དེ་ན་མར་མེ་ཚོད་དུ་མི་གསལ་བར་འབར་བ་ཆོམ་རྐུན་པའི་དམག་དཔོན་དེས་མཐོང་ནས་དེ་དྲི་གཙང་ཁང་དེར་ཞུགས་ཏེ་ལྷམ་དྲུབ་པར་བརྩམས་པ་ན་མར་མེའི་འོད་ཚོད་དུ་མི་གསལ་བར་འབར་ནས་དེས་མར་མེའི་སྙིང་པོ་བསྐུལ་བ་དང་། མར་མེ་དེ་ཤིན་ཏུ་འོད་གསལ་བར་འབར་བར་གྱུར་ནས། ཇི་ཙམ་ན་དེས་སྐུ་གཟུགས་མཐོང་ངོ་། །མཐོང་ནས་ཀྱང་དེ་ཤིན་ཏུ་དད་པ་སྐྱེས་ནས་དེས་དབྱིག་གིས་མཆོད་པ་བྱས་ཏེ། བདག་གི་དགེ་བའི་རྩ་བ་འདིས་བདག་ལྷའི་མིག་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་ཆོམ་རྐུན་པའི་དམག་དཔོན་གང་ཡིན་པ་དེ་ནི་དགེ་སློང་མ་འགགས་པ་འདི་ཡིན་ཏེ། འདིས་མར་མེའི་སྙིང་པོ་བསྐུལ་ཅིང་སེམས་དད་པ་བསྐྱེད་པའི་ལས་


DKG007_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྣམ་པར་སྨིན་པས་ལྷའི་མིག་དང་ལྡན་པར་གྱུར་ཏོ། །བཙུན་པ་ཚེ་དང་ལྡན་པ་མ་འགགས་པས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་ལྷའི་མིག་ཅན་རྣམས་ཀྱི་མཆོག་ཏུ་བསྟན། དགེ་སློང་དག་དེ་ཡང་སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག་སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ་དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་གང་གིས་དེ་རབ་ཏུ་ཕྱུང་བའི་དགེ་སློང་དེ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ལྷའི་མིག་ཅན་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་བར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས་དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་


DKG007_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ངེས་པ་ཉིད་དུ་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང་། ཇི་ལྟར་མཁན་པོ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ལྷའི་མིག་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱའི་སེང་གེ། ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་ལྷའི་མིག་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་ལྷའི་མིག་ཅན་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ་ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་དེ་ལྟར་ཁྱོད་ཀྱིས་བསླབ་པར་བྱའོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དེ་དྲུག་བཅུ་རྩ་ལྔ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་པ་དེའི་ཚེ་ན་དེ་དག་དྲུག་སྡེ་དག་ལ་སྟེན་པར་བྱེད། སྙེན་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་ནས་འཆར་ཀས་དེ་དག་ལ་སྨྲས་པ། བཅུ་བདུན་སྡེ་དག་ཚུར་ཤོག་འདི་དང་འདི་གྱིས་ཤིག །དེ་དག་གིས་སྨྲས་པ། ཁྱོད་ཁོ་བོ་ཅག་གི་སློབ་དཔོན་ནམ། མཁན་པོ་ཡིན་ནམ་ཅི། མི་བྱེད་དོ། །


DKG007_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཀས་སྨྲས་པ། གླེན་པ་དག་འོ་ན་གཞན་ཅི་བྱེད་ཅེས་དེས་དེ་དག་གཉའ་བ་དག་ནས་བཟུང་སྟེ་བསྐྲད་དོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་དྲུག་སྡེ་དག་གིས་གང་ཅུང་ཟད་བརྙས་པར་གྱུར་པ་དེ་དག་ཐམས་ཅད་ནི་བདག་ཅག་ཐོས་པ་ཉུང་བ་ལས་གྱུར་པ་ཡིན་གྱིས་བདག་ཅག་ཐོས་པ་འཛིན་དུ་འདོང་དང་། དེས་ན་ཕྱིན་ཅད་དྲུག་སྡེ་དག་ལ་ཅུང་ཟད་ཀྱང་དྲི་བར་མི་བྱའོ། །ཞེས་དེ་དག་དགེ་སློང་ཞིག་གི་གན་དུ་དོང་སྟེ་སྨྲས་པ། བཙུན་པ་བདག་ཅག་ཀློག་ཏུ་སྩོལ་ཅིག། དེས་དེ་དག་ལ་ཐབས་ཡིན་ནོ་ཞེས་སྨྲས་ནས་དེ་དག་གིས་དེ་ལས་བཀླག་པར་བརྩམས་སོ། །ཉེ་དགའས་སྨྲས་པ། བཙུན་པ་འཆར་ཀ་བཅུ་བདུན་སྡེ་དག་དེ་བར་བདག་ཅག་ལ་སྟེན་པར་མི་བྱེད། སྙེན་པར་མི་བྱེད། བསྙེན་བཀུར་མི་བྱེད་དོ། །འཆར་ཀས་སྨྲས་པ། དེ་དག་ཁོ་བོས་བསྐྲད་ནས་ཐོས་པ་འཛིན་པར་བརྩམས་སོ། །བཙུན་པ་འཆར་ཀ་ཁྱོད་ཀྱིས་བདག་ཅག་གི་སྦྲུལ་ཉལ་བ་ལྕག་གིས་གཞུས་སོ། །ཇི་སྲིད་དུ་གླེན་པ་དེ་དག་ཐོས་པ་ཉུང་བར་གྱུར་པ་དེ་སྲིད་དུ་དེ་དག་བདག་ཅག་ལ་སྟེན་པར་བྱེད། སྙེན་པར་བྱེད། བསྙེན་བཀུར་བྱེད་ཀྱི། གང་གི་ཚེ་དེ་དག་མང་དུ་ཐོས་པར་གྱུར་ཅིང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། གདུག་ཅིང་ཕ་རོལ་གནོན་པར་གྱུར་པ་དེའི་ཚེ་ན་དེ་དག་བདག་ཅག་ལ་གནོད་པ་བྱ་བར་སེམས་པར་འགྱུར་རོ། །འཆར་ཀས་སྨྲས་པ། ཁོ་བོས་ཅི་ནས་ཀྱང་དེ་དག་གིས་མ་རྟོགས་པ་ཡང་རྟོགས་པར་མི་འགྱུར་ཞིང་། རྟོགས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་དེ་ལྟར་བྱའོ། །བཅུ་བདུན་སྡེ་དག་མེ་ཁང་དུ་མར་མེ་བཙུགས་ཏེ་ཁ་ཏོན་བྱ་བར་བརྩམས་པ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་འཆར་ཀ་ལ་བ་ཞིག་སྤུ་ཕྱིར་བསྟན་ཏེ་གྱོན་ནས་མེ་ཁང་དུ་ཞུགས་ཏེ་མར་མེ་བསད་ནས་འབྱུང་པོའོ་འབྱུང་པོའོ་ཞེས་སྨྲས་པ་དང་། དེ་དག་སྔངས་ཤིང་སྐྲག་ནས་མེ་ཁང་ནས་ཕྱིར་བྱུང་སྟེ་མཐའ་གཅིག་ཏུ་འཁོད་དོ། །དེ་དག་སློབ་དཔོན་གྱིས་མཐོང་ནས་དེས་སྨྲས་པ། གཞོན་ནུ་དག་


DKG007_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཁ་ཏོན་མི་བྱེད་པར་ཁ་རོག་སྟེ་འཁོད། དེ་དག་གིས་སྨྲས་པ། སློབ་དཔོན་བདག་ཅག་མི་མ་ལགས་པས་གཙེས་སོ། །དེས་བསམས་པ། རྒྱལ་བྱེད་ཀྱི་ཚལ་གནོད་སྦྱིན་གོས་སྔོན་པོ་གྱོན་པ་ལྔ་བརྒྱས་རྟག་ཏུ་མི་སྟོང་བས་འདི་ན་མི་མ་ཡིན་པ་ཡོད་རེ་སྐན། ལྷུང་བཟེད་ནག་པོ་ཅན་གནས་ངན་ལེན་ཀུན་དུ་སྤྱོད་པ་འགའ་ཞིག་གིས་འདི་དག་བསྡིགས་སོ་སྙམ་ནས། དེས་སྨྲས་པ། གཞོན་ནུ་དག་ཁྱོད་ཅག་མི་མ་ཡིན་པ་དེ་འཛིན་པར་འདོད་དམ། དེ་དག་གིས་སྨྲས་པ། འཚལ་ལོ། །དེས་སྨྲས་པ། གཞོན་ནུ་དག་མེ་ཁང་གི་གྲྭ་བཞིར་མར་མེ་བཙུགས་ཏེ་རྫ་མས་ཁོབ་ལ་དབུས་སུ་མར་མེ་བཙུགས་ཏེ་ཁ་ཏོན་གྱིས་ཤིག་དང་། གལ་ཏེ་དེ་འོངས་ཏེ་དབུས་ཀྱི་མར་མེ་བསད་ནས་འབྱུང་པོའོ་འབྱུང་པོའོ་ཞེས་ཟེར་བ་ན་སྒོ་ཆོད་ལ་མེ་ཁང་གི་གྲྭ་བཞིའི་མར་མེ་ཕྱེ་ལ་ཟུང་ཤིག །དེ་དག་གིས་དེ་ལྟར་བྱས་པ་དང་ཇི་ཙམ་ན་ཚེ་དང་ལྡན་པ་འཆར་ཀ་ལ་བ་ཞིག་སྤུ་ཕྱིར་བསྟན་ཏེ་གྱོན་ནས་མེ་ཁང་དུ་ཞུགས་ཏེ་དབུས་ཀྱི་མར་མེ་བསད་ནས་འབྱུང་པོའོ་འབྱུང་པོའོ། །ཞེས་སྨྲས་པ། དེ་དག་གིས་སྒོ་བཅད་ནས་མེ་ཁང་གི་གྲྭ་བཞིའི་མར་མེ་ཕྱེ་སྟེ་བཟུང་ནས་བརྡེག་པར་བརྩམས་པ་དང་། དེས་སྨྲས་པ། འཆར་ཀའོ་འཆར་ཀའོ། །དེ་དག་གིས་སྨྲས་པ། ཁྱོད་ཀྱི་སྙིང་ལམ་ན་འཆར་ཀ་ཁོ་བོ་ཅག་གི་གྲོགས་ཡིན་པས་དེ་ཡིན་ནོ་ཞེས་བྱས་ན་བཏང་བར་འགྱུར་སྙམ་མམ། ཤི་དྲོད་ཀྱིས་མ་བཟུང་གི་བར་དུ་མི་གཏོང་ངོ་། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་མི་མ་ཡིན་པ་ནི་ཤིན་ཏུ་ཆེན་པོ་ཞིག་བསད་ཀྱང་ཉེས་པ་སྦོམ་པོར་འགྱུར་བར་ཟད་པས་བདག་ཅག་གིས་ལྟུང་བ་མཐོལ་ཞིང་བཤགས་པར་བྱས། ཏེ་པོར་བརྡེག་གོ་ཞེས་དེ་དག་གིས་ཏེ་པོར་གཏལ་གཏལ་ཏེ་བཏང་ནས། འཆར་ཀ་འཕྱེས་འཁྲུད་དེ་རང་གི་གནས་སུ་ཕྱིན་ནས། དེ་ཕྱི་དེ་ཉིན་པར་ལུས་དག་འབྲུ་མར་གྱིས་བསྐུ་མཉེ་བྱས་ནས་ཁྲི་ལ་ཉལ་ཞིང་འདུག་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་ཁྱོད་ཅི་ཉེས། འཆར་ཀས་སྨྲས་


DKG007_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཚེ་དང་ལྡན་པ་དག་ཁོ་བོས་ཀུ་རེ་ཅུང་ཞིག་བྱས་ན་ཉེས་དམིགས་འདི་ལྟ་བུ་བྱུང་བར་གྱུར་ཏོ། །ཅི་བྱས། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཁྱོད་དགེ་སློང་ལ་སྔངས་པར་བྱེད་དུ་རུང་ངམ། གང་གི་ཕྱིར་མི་རུང་བ་དེ་ཉིད་ཀྱི་ཕྱིར་ཉེས་དམིགས་འདི་ལྟ་བུ་བྱུང་བར་གྱུར་ཏོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་ལ་སྔངས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། ཞེས་བྱ་བ་ལ་སོགས་པ་ཡང་ལྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་དགེ་སློང་ལ་སྔངས་པར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་ལ་སྔངས་པར་བྱེད་དམ། སྔངས་པར་བྱེད་དུ་འཇུད་ན་ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྔངས་པར་བྱེད་


DKG007_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྔངས་པར་བྱེད་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཐ་ན་ཀུ་རེ་བྱ་བར་བསམས་ཀྱང་རུང་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱ་བའི་བསམ་པས་འདི་ལྟ་སྟེ་དཔེར་ན་ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་གཟུགས་ལ་བ་ནག་པོ་དང་། སོལ་བ་དང་། ཀ་བ་ཚིག་པ་ལྟ་བུ་གཟུགས་ཡིད་དུ་མི་འོང་བ་དག་ཡོད་དེ། དེ་དག་གིས་ཁྱོད་ཁྲིད་པར་འགྱུར། དེ་དག་གིས་ཁྱོད་གསོད་པར་འགྱུར། དེ་དག་གིས་ཁྱོད་སྲོག་དང་བྲལ་བར་བྱེད་པར་འགྱུར་རོ་ཞེས་ཉེ་བར་སྒྲུབ་པར་བྱེད་ན། དགེ་སློང་འཇིགས་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱ་བའི་བསམ་པས་འདི་ལྟ་སྟེ་དཔེར་ན་ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་སྒྲ་སེང་གེ་དང་། སྟག་དང་། གུང་དང་། མཚའ་དང་། གཟིག་དང་། ཝའི་སྐད་ལྟ་བུ་སྒྲ་ཡིད་དུ་མི་འོང་བ་དག་ཡོད་དེ། དེ་དག་གིས་ཁྱོད་ཁྲིད་པར་འགྱུར། དེ་དག་གིས་ཁྱོད་གསོད་པར་འགྱུར། དེ་དག་གིས་ཁྱོད་སྲོག་དང་བྲལ་བར་བྱེད་པར་འགྱུར་རོ། །ཞེས་ཉེ་བར་སྒྲུབ་པར་བྱེད་ན། དགེ་སློང་འཇིགས་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱ་བའི་བསམ་པས་འདི་ལྟ་སྟེ། དཔེར་ན་ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་དྲི་བཤང་བ་དང་། གཅི་བ་དང་། ར་དང་། རའི་ཟེ་བའི་དྲི་ལྟ་བུ་དྲི་ཡིད་དུ་མི་འོང་བ་དག་ཡོད་དེ། དེ་དག་གིས་ཁྱོད་ཁྲིད་པར་འགྱུར། དེ་དག་


DKG007_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྱོད་གསོད་པར་འགྱུར། དེ་དག་གིས་ཁྱོད་སྲོག་དང་བྲལ་བར་བྱེད་པར་འགྱུར་རོ་ཞེས་ཉེ་བར་སྒྲུབ་པར་བྱེད་ན། དགེ་སློང་འཇིགས་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱ་བའི་བསམ་པས་འདི་ལྟ་སྟེ་དཔེར་ན་ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་རེག་པ་སེག་དང་། རེ་ལྡེ་དང་། ཕྱར་བའི་རེག་པ་ལྟ་བུ་རེག་པ་ཡིད་དུ་མི་འོང་བ་དག་ཡོད་དེ། དེ་དག་གིས་ཁྱོད་ཁྲིད་པར་འགྱུར། དེ་དག་གིས་ཁྱོད་གསོད་པར་འགྱུར། དེ་དག་གིས་ཁྱོད་སྲོག་དང་བྲལ་བར་བྱེད་པར་འགྱུར་རོ་ཞེས་ཉེ་བར་སྒྲུབ་པར་བྱེད་ན། དགེ་སློང་འཇིགས་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱ་བའི་བསམ་པས་འདི་ལྟ་སྟེ་དཔེར་ན་ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གཟུགས་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་ལྟ་བུ་གཟུགས་ཡིད་དུ་འོང་བ་དག་ཡོད་དེ། དེ་དག་གིས་ཁྱོད་ཁྲིད་པར་འགྱུར། དེ་དག་གིས་ཁྱོད་གསོད་པར་འགྱུར། དེ་དག་གིས་ཁྱོད་སྲོག་དང་བྲལ་བར་བྱེད་པར་འགྱུར་རོ་ཞེས་ཉེ་བར་སྒྲུབ་པར་བྱེད་ན། དགེ་སློང་འཇིགས་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱ་བའི་བསམ་པས་འདི་ལྟ་སྟེ། དཔེར་ན་ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་སྒྲ་པི་བང་དང་། འོད་མ་དང་། པ་ལ་རི་དང་། མ་ཧ་ཏི་དང་། སུ་གྷོ་ཤ་ཀའི་སྒྲ་ལྟ་བུ་ཡིད་དུ་འོང་བ་དག་ཡོད་དེ། དེ་དག་གིས་ཁྱོད་ཁྲིད་པར་འགྱུར། དེ་དག་གིས་ཁྱོད་གསོད་པར་འགྱུར། དེ་དག་གིས་ཁྱོད་སྲོག་དང་བྲལ་བར་བྱེད་པར་འགྱུར་རོ། །ཞེས་ཉེ་བར་སྒྲུབ་པར་བྱེད་ན། དགེ་སློང་འཇིགས་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱ་བའི་བསམ་པས་འདི་


DKG007_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟེ་དཔེར་ན། ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དྲི་ཨ་ག་རུ་དང་། ཙན་དན་དང་། གུར་གུམ་དང་། ཏ་མ་ལའི་ལོ་མའི་དྲི་ལྟ་བུ་དྲི་ཡིད་དུ་འོང་བ་དག་ཡོད་དེ། དེ་དག་གིས་ཁྱོད་ཁྲིད་པར་འགྱུར། དེ་དག་གིས་ཁྱོད་གསོད་པར་འགྱུར། དེ་དག་གིས་ཁྱོད་སྲོག་དང་བྲལ་བར་བྱེད་པར་འགྱུར་རོ་ཞེས་སྒྲུབ་པར་བྱེད་ན། དགེ་སློང་འཇིགས་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱ་བའི་བསམ་པས་འདི་ལྟ་སྟེ། དཔེར་ན་ལྷ་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རེག་པ་དར་དང་། རས་ཡུག་ཆེན་དང་། བེའུ་རས་དང་། དར་ལ་དང་། དུ་གུ་ལའི་རས་དང་། ཀོ་ཏམ་པའི་རས་ཀྱི་རེག་པ་ལྟ་བུ་རེག་པ་ཡིད་དུ་འོང་བ་དག་ཡོད་དེ། དེ་དག་གིས་ཁྱོད་ཁྲིད་པར་འགྱུར། དེ་དག་གིས་ཁྱོད་གསོད་པར་འགྱུར། དེ་དག་གིས་ཁྱོད་སྲོག་དང་བྲལ་བར་བྱེད་པར་འགྱུར་རོ་ཞེས་ཉེ་བར་སྒྲུབ་པར་བྱེད་ན། དགེ་སློང་འཇིགས་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་དགེ་སློང་ལ་ཉེས་བྱས་སུ་འགྱུར་རོ། །སྐྱོ་བར་བྱ་བའི་ཆེད་དུ་སེམས་ཅན་དམྱལ་བའི་གཏམ་དང་། དུད་འགྲོའི་གཏམ་དང་། ཡི་དགས་ཀྱི་གཏམ་དང་། ལྷའི་གཏམ་དང་། མིའི་གཏམ་ཟེར་བ་ལ་ནི་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྔངས་པར་བྱེད་པའི་ལྟུང་བྱེད་དེ་དྲུག་བཅུ་རྩ་དྲུག་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་རྩ་གཉིས་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་བྱས་པ་དེའི་ཚེ་ན་དེ་དག་དྲུག་སྡེ་དག་ལ་སྟེན་པར་བྱེད། སྙེན་པར་བྱེད། བསྙེན་


DKG007_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བྱེད་དོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ནི་གཤེགས་སོ། །དྲུག་སྡེ་དག་དང་བཅུ་བདུན་སྡེ་དག་ཕྱི་བཞིན་འབྲང་ཞིང་འདོང་ངོ་། །དེ་ན་ལམ་ཀ་ན་རྫིང་བུ་ཆུས་གང་བ་ཞིག་འདུག་ནས་དྲུག་སྡེ་དག་གིས་བཅུ་བདུན་སྡེ་དག་ལ་སྨྲས་པ། བཅུ་བདུན་སྡེ་དག་ཀྱེ་མ་ཁྱེད་ཅག་དང་ཁོ་བོ་ཅག་ལྷན་ཅིག་ཤིན་ཏུ་འགྲན་པ་ཡིན་ན་ཚུར་ཤེག་ཡུ་བུ་ཅག་ཆུའི་ནང་དུ་གང་ཡུན་རིང་དུ་ནུབ་ཅིང་འདུག་ཕོད་པ་ལྟའོ། །དེ་དག་གིས་སྨྲས་པ། དེ་ལྟར་བྱའོ་ཞེས་དེ་དག་ཐམས་ཅད་ཆུར་ཞུགས་པ་དང་། ཉེ་དགའ་ཆུ་ནས་བྱུང་སྟེ་དེས་བཅུ་བདུན་སྡེ་དག་གི་གོས་དག་ས་འབུས་པ་ཞིག་གི་འོག་ཏུ་སྦས་ཏེ་བཞག་པ་དང་། དྲུག་སྡེ་དག་མྱུར་བ་མྱུར་བར་རྫིང་བུ་ནས་བྱུང་སྟེ་གོས་དག་གྱོན་ནས་དོང་ངོ་། །བཅུ་བདུན་སྡེ་དག་ཆུའི་སྟེང་དུ་བྱུང་བ་དང་། དྲུག་སྡེ་དག་མི་སྣང་ནས་དེ་དག་གིས་བདག་ཅག་ཕམ་པར་བྱས་ན་མི་རུང་ངོ་ཞེས་དེ་དག་ཡང་ཆུའི་འོག་ཏུ་ཞུགས་སོ། །དེ་དག་ཡང་དང་ཡང་དུ་སྟེང་དུ་བྱུང་སྟེ་བལྟས་ན་དྲུག་སྡེ་དག་མི་སྣང་ནས། དེ་དག་ད་དུང་ཡང་ཆུའི་འོག་ན་འདུག་གོ་སྙམ་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་དྲུག་སྡེ་དག་གིས་གོས་དག་སྦས་ཏེ་འདོང་ངོ་ཞེས་བགྲོས་པ་དང་། ཇི་ཙམ་ན་གོས་གཅིག་ཀྱང་མི་སྣང་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་དེ་དག་གིས་བདག་ཅག་ཐོ་བཙམས་སོ་ཞེས་དེ་དག་རྫིང་བུ་ནས་བྱུང་སྟེ་མཐའ་གཅིག་ན་འཁོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽ་གལ་གྱི་བུ་ཆེན་པོ་གཉིས་འཁོར་ལྔ་བརྒྱ་དང་ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་ཞིང་འདོང་བ་ན་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། ཇི་ཙམ་ན་རྒྱལ་བྱེད་ཀྱི་ཚལ་སྟོང་པར་མཐོང་ནས་དེ་གཉིས་ཀྱིས་སྨྲས་པ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གར་གཤེགས། ཁྱིམ་བདག་ཅིག་གིས་སྤྱན་དྲངས་སོ། །དེ་གཉིས་ཀྱིས་སྨྲས་པ། སྐོལ་ཅག་གཉིས་ཀྱང་དེར་བཞུད་ལ་བསོད་སྙོམས་གསོལ་ལོ་ཞེས་དེ་གཉིས་དོང་བ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅུ་བདུན་སྡེ་དག་རྫིང་བུའི་


DKG007_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་ན་རྩེ་ཞིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་སྨྲས་པ། སློབ་མ་རྣམས་ཀྱི་འབྱོར་པ་ལ་གཟིགས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། བདག་གི་མཆིད་མི་ཉན་པས་བདག་གིས་ཇི་ལྟར་བགྱི། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅུ་བདུན་སྡེ་དག་ལ་སྨྲས་པ། གཞོན་ནུ་དག་གདུགས་ཚོད་ཡོལ་ན་མི་རུང་གིས་ཆུ་རྒོལ་ཅིག་དང་འདོང་ངོ་། །དེ་དག་གིས་སྨྲས་པ། མཁན་པོ་དྲུག་སྡེ་དག་གིས་བདག་ཅག་གི་རད་པ་དག་སྦས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཅི་ཁྱེར་ཏེ་དོང་ངམ་འོན་ཏེ་འདི་ཉིད་དུ་སྦས་ཏེ་བཞག་སྙམ་དུ་བསམས་ན། དེས་ཇི་ཙམ་ན་དེ་ཉིད་དུ་སྦས་ཏེ་བཞག་པར་མཐོང་ནས་དེས་བླངས་ཏེ་དེ་དག་ལ་བྱིན་ནོ། །བཅུ་བདུན་སྡེ་དག་གོས་དག་གྱོན་ཏེ་དེར་དོང་བ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱིས་དགེ་སློང་དག་བཤུགས་པ་ན་བཅུ་བདུན་སྡེ་དག་ཀྱང་དགེ་སློང་དག་འཆུགས་པར་བྱེད་ནས། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ནི་གདུལ་བའི་བྱ་བ་བྱས་ཏེ་འོངས་པ་ཡིན་པས་དེ་གཉིས་ཀྱིས་རེ་ཞིག་དགེ་སློང་དག་བཤུགས་པ་ནི་རིགས་ཀྱི། ཁྱེད་ཅག་གིས་ཅི་ཞིག་བྱས་ན་ད་འདིར་ལྷགས་ཏེ་དགེ་སློང་དག་འཆུགས་པར་བྱེད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་གལ་ཏེ་ཁོ་བོ་ཅག་ལ་མཁན་པོས་མ་དགོངས་སུ་ཟིན་ན་ཁོ་བོ་ཅག་གིས་ཟན་གཅད་པར་བྱས་པར་འགྱུར་རོ། །ཅིའི་ཕྱིར། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་གི་གོས་དག་སྦེད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་


DKG007_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་དགེ་སློང་དག་གི་གོས་དག་སྦེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ་རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་ངམ། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། གོས་སམ་དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ། སྦེད་དུ་འཇུད་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་ཞིག་གིས་དགེ་སློང་ཞིག་གི་ལག་ཏུ་གོས་དག་གཏམས་ནས་འཇིགས་པ་བྱུང་བ་དང་། དགེ་སློང་དེས་རང་གི་གོས་དག་ནི་སྦས། དགེ་སློང་དེའི་གོས་དག་ནི་མ་སྦས་པ་དང་། དེ་དག་མ་བྱིན་པར་ལེན་པ་དག་གིས་ཕྲོགས་ནས་དགེ་སློང་དེ་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེའི་ཤས་ཆེ་བ་དང་། དེ་དང་མཐུན་


DKG007_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་ཡང་དགེ་སློང་གང་དགེ་སློང་ངམ། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། གོས་སམ། དྲ་བའམ། ཕུར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ་སྦེད་དུ་འཇུད་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། ། དགེ་སློང་ངམ། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ཞེས་བྱ་བ་ནི་ཆོས་འདི་པའིའོ། །ལྷུང་བཟེད་ཅེས་བྱ་བ་ནི་ལྷུང་བཟེད་ཉིད་དོ། །གོས་ཞེས་བྱ་བ་ནི་བདུན་པོ་དག་ལས་གང་ཡང་རུང་བའོ། །དྲ་བ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་སྣོད་དོ། །ཕོར་བུ་ཞེས་བྱ་བ་ནི་ཁམ་ཕོར་རོ། །སྐ་རགས་ཅེས་བྱ་བ་ནི་ཤུར་བུ་དང་། ལྕག་པོད་དང་། རྒྱ་ཅང་དང་། ཤུར་བུ་ཕྲེའུའོ། །དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཞེས་བྱ་བ་ནི་དེ་དག་ལས་གཞན་པ་གང་ཡང་རུང་བའོ། །སྦེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྦེད་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དག་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་ཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ངམ། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། གོས་སམ། དྲ་བའམ། ཕོར་བུའམ།


DKG007_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ། སྦེད་དུ་འཇུད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྦེད་པའི་ལྟུང་བྱེད་དེ་དྲུག་བཅུ་རྩ་བདུན་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤམྦཱིར་སོང་སྟེ་སྙིང་ལས་ཆུང་ངུར་འདུག་འགྲོ་མགྱོགས་དང་། ནབ་སོ་གཉིས་ནི་དུས་ལ་བབ། དགའ་བོ་དང་། ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་འཁོད་པ་དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་དགའ་རྒས་པར་གྱུར་ནས་དེ་ལ་ལྷན་ཅིག་གནས་པ་དང་། ཉེ་གནས་འགའ་ཡང་མི་ཉན་པས་དེའི་ཆོས་གོས་དག་དྲི་མ་ཅན་དུ་གྱུར་ཀྱང་དེས་འཁྲུ་བ་དང་། ཁ་བསྒྱུར་བར་མི་ནུས་ནས། དེ་ལ་བློ་བྱུང་བ། ཐབས་ཤིག་བྱའོ་སྙམ་ནས་དེས་ཆོས་གོས་དེ་དག་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ། ལ་ལ་ལ་སྣམ་སྦྱར་བྱིན། ལ་ལ་ལ་བླ་གོས་བྱིན། ལ་ལ་ལ་མཐང་གོས་བྱིན་ནོ། །དེ་དག་གིས་སྨྲས་པ། མཁན་པོ་ཅི་འདི་དག་བཀྲུས་ཤིང་ཁ་བསྒྱུར་ཏེ་སླར་དབུལ་ལམ། དེས་སྨྲས་པ། བུ་དག་ཁོ་བོ་རྒས་པས་འདི་དག་ཁྱེད་ཉིད་ཀྱི་ཡིན་ནོ། །དེ་དག་གིས་རང་གི་སྲེད་པས་ཆོས་གོས་དེ་དག་ལེགས་པར་བཀྲུས་ཤིང་ལེགས་པར་ཁ་བསྒྱུར་བ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་


DKG007_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོའོ། །དེ་དག་གིས་དེ་སྐད་བསྒོ་བ་ཐོས་ནས་ཆོས་གོས་དེ་དག་ཁྱེར་ཏེ་དགེ་སློང་ཞིག་གི་གན་དུ་དོང་ནས་སྨྲས་པ། བཙུན་པ་བདག་ཅག་གི་ཆོས་གོས་འདི་དག་རེ་ཞིག་ཁྱོད་ལ་གཏམས་སོ། །བདག་ཅག་ནི་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོའོ། །དེས་སྨྲས་པ། ཅི་ཁྱེད་ཀྱི་མཁན་པོ་ཡང་འགྲོའམ། དེ་དག་གིས་སྨྲས་པ། མི་འགྲོའོ། །དེས་སྨྲས་པ། དེང་ལ་དེ་ཉིད་ལ་ཐོམས་ཤིག །ཁོ་བོ་ལ་འཁོར་འབྱེད་པར་བྱེད་དོ། །ཞེས་ཟེར་དང་མི་རུང་ངོ་། །དེ་དང་ཉེ་དགའི་གན་དུ་སོང་སྟེ་སྨྲས་པ། མཁན་པོ་ཆོས་གོས་འདི་དག་རེ་ཞིག་མཁན་པོའི་གན་དུ་གཏམསསོ། །བདག་ཅག་ནི་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་མཆིའོ། །ཉེ་དགའས་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོ་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྩྭས་བཅིངས་ན་ཡང་དུས་བྱེད་པར་འགྱུར་བ་ཡིན་པས་ཁོ་བོ་འཇོག་པར་མི་སྤྲོས་དགེ་སློང་མཛའ་བོ་གཞན་འགའ་ཞིག་གི་ལག་ཏུ་ཐོམས་ཤིག །དེ་དག་གིས་སྨྲས་པ། མཁན་པོ་བདག་ཅག་ལ་མཁན་པོ་ལས་ཆེས་ལྷག་པའི་དགེ་སློང་མཛའ་བོ་སུ་ཞིག་མཆིས། མཁན་པོ་ཉིད་ཀྱི་ཕྱག་ཏུ་གཞག་གོ །ཉེ་དགའས་སྨྲས་པ། གལ་ཏེ་དེ་ལྟ་ན་མཚན་མ་ལེགས་པར་ཐོབ་ལ་ཞོག་ཞིག་དང་ཕྱིར་ལྷགས་ནས་རང་རང་གིས་བླང་སླ་བར་འགྱུར་རོ། །དེ་དག་གིས་ཆོས་གོས་དེར་བཞག་ནས་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་དོང་ངོ་། །ཉེ་དགའས་གཏུར་བུ་གཅིག་ནས་སྣམ་སྦྱར་ཞིག་ཕྱུང་སྟེ་ཇི་ཙམ་གྱིས་ཤིན་ཏུ་དྲི་མ་ཅན་དུ་གྱུར་པ་དེ་ཙམ་དུ་གྱོན་གྱོན་ནས་གཏུར་བུ་དེ་ཉིད་ཀྱི་ནང་དུ་ཕྱིར་བཅུག་གོ །དེ་བཞིན་དུ་གཏུར་བུ་གཅིག་ནས་བླ་གོས་ཕྱུང་སྟེ་གྱོན་ཞིང་དེ་བཞིན་དུ་ཆོས་གོས་ཐམས་ཅད་སྤྱད་ནས་ཇི་ཙམ་ན་ཤིན་ཏུ་དྲི་མ་ཅན་དུ་གྱུར་པ་དང་། དེས་དེ་དག་སྔ་མ་ཁོ་ན་བཞིན་དུ་བཅིངས་ཏེ་བཞག་གོ །ཇི་ཙམ་ན་བཅོམ་ལྡན་འདས་ལྗོངས་བརྒྱུས་ནས་མཉན་ཡོད་དུ་གཤེགས་པ་དང་། ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་


DKG007_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཅིག་ལྗོངས་བརྒྱུས་ནས་མཉན་ཡོད་དུ་བྱོན་ཅེས་ཐོས་ནས། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གློ་བུར་དུ་གཤེགས་པ་རྣམས་གདུགས་ཚོད་ལ་སྤྱན་དྲངས་སོ། །དེ་དག་གིས་བསམས་པ། ལམ་གྱི་ཆོས་གོས་དག་བཞག་སྟེ། ཆོས་གོས་གཞན་དག་གྱོན་ལ་འདོང་ངོ་སྙམ་ནས་དེ་དག་ཉེ་དགའི་གན་དུ་དོང་སྟེ་ཆོས་གོས་གཏམས་པ་དག་ཕྱུང་སྟེ་བལྟས་པ་དང་། དྲི་མ་ཅན་དུ་གྱུར་པས་ངོ་མ་ཤེས་ནས་དེ་དག་གིས་སྨྲས་པ། མཁན་པོ་བདག་ཅག་གི་ཆོས་གོས་དེ་དག་འདི་དག་ལགས་སམ། ཉེ་དགའས་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོས་ཁྱེད་ལ་ཁོ་བོ་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡིན་པ་རྩྭས་བཅིངས་ན་ཡང་དུས་བྱེད་པར་འགྱུར་གྱིས། མཚན་མ་ལེགས་པར་ཐོབ་ལ་ཞོག་ཤིག་དང་ཕྱིར་ལྷགས་པ་ན་རང་རང་གིས་བླང་སླ་བར་འགྱུར་རོ། །ཞེས་མ་སྨྲས་སམ། ཇི་ཙམ་ན་དགེ་སློང་ཅིག་གིས་རང་གི་ཆོས་གོས་སྲུབས་ལས་ངོ་ཤེས་ནས་དེས་སྨྲས་པ། ཚེ་དང་ལྡན་པ་དག་ཆོས་གོས་འདི་དག་ནི་ཁོ་བོའི་ཡིན་ན་མཁན་པོས་སྤྱད་དོ། །ཉེ་དགའས་སྨྲས་པ། བཀྲེན་པ་དག་ཁྱེད་ཅག་དེ་ལྟར་མི་དགའ་བར་བྱའོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་དག་པས་ནི་ལམ་གྱི་ཆོས་གོས་དག་ཆེས་བཟང་གི་དེ་དག་གྱོན་ཏེ་འདོང་ངོ་ཞེས་དེ་དག་ལམ་གྱི་ཆོས་གོས་དག་གྱོན་ཏེ་དེར་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་གིས་ཆོས་གོས་དག་ཅིག་གཏམས་ཏེ་བཞག་ན་ཅིའི་ཕྱིར་ལམ་གྱི་ཆོས་གོས་དག་གྱོན་ཏེ་འོངས། དེ་དག་གིས་སྨྲས་པ། གཏམས་ཏེ་བཞག་གོ །འོ་ན་ཅིའི་ཕྱིར་དེ་དག་མི་གྱོན། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་ལ་ཆོས་གོས་བྱིན་ནས་དེའི་འོག་ཏུ་རྡེང་མེད་པར་སྤྱོད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་


DKG007_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་དགེ་སློང་ལ་ཆོས་གོས་བྱིན་ནས་དེའི་འོག་ཏུ་རྡེང་མེད་པར་སྤྱོད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་རྡེང་མེད་པར་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །གོས་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་གསུམ་ལས་གང་ཡང་རུང་བའོ། །བྱིན་ནས་ཞེས་བྱ་བ་ནི་བླང་བ་མེད་པར་བྱིན་ནས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་དུའོ། །རྡེང་མེད་པར་ཞེས་བྱ་བ་ནི་མ་བླངས་པར་རོ། །སྤྱོད་ན་ཞེས་བྱ་བ་ནི་གྱོན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་གོས་བྱིན་ནས་དེ་འོག་ཏུ་རྡེང་མེད་པར་སྤྱོད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་དགའ་


DKG007_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། གཅུགས་པ་དང་། ཡིད་དུ་འོང་བ་ཡིན་ཞིང་ཐོས་ནས་མཆོག་ཏུ་དགའ་བ་བསྐྱེད་པར་འགྱུར་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དེ་དྲུག་བཅུ་རྩ་བརྒྱད་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་འདུག་སྟེ། དེ་དང་ཧ་ཅང་མི་རིང་བ་ན་རྫིང་བུ་རྡོ་རྩིགས་ཅན་ཞེས་བྱ་བ་འདུག་པ་དེའི་འགྲམ་ན་ཚེ་དང་ལྡན་པ་གྱད་བུ་ནོར་ཉིན་མོ་གནས་པར་བྱེད་དོ། །གང་གི་ཚེ་ཨུཏྤ་ལའི་མདོག་དགེ་བའི་བཤེས་གཉེན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བརྟེན་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་རྣམ་པར་རྒྱལ་བར་བྱ་བ་ལས་རྣམ་པར་རྒྱལ་བར་གྱུར་པ་དེའི་ཚེ་ན་དེ་ཤེས་ནས་དང་བ་དང་ལྡན་པས་བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ཡང་དང་ཡང་དུ་བལྟ་བའི་ཕྱིར་འགྲོ་ཞིང་ལྷག་པར་ཡང་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདི་འདི་ལྟར་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པར་གྱུར་ཀྱང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་སྤངས་ཏེ་དགེ་འདུན་གྱི་ཆོས་དང་ལྡན་པའི་ཞལ་ཏའི་ལས་དག་ལ་བརྩོན་པར་གྱུར་པ་ནི་དཀའ་བ་བྱེད་པ་ཡིན་ནོ་སྙམ་ནས་ཡང་དང་ཡང་དུ་དེ་ལྟ་བའི་ཕྱིར་འགྲོའོ། །དེ་དུས་གཞན་ཞིག་ན་བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ནས། ཚེ་དང་ལྡན་པ་གྱད་བུ་ནོར་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ །དེའི་ཚེ་ན་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་ཕྱག་དར་ཁྲོད་ཅིག་རྙེད་ཅིང་དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་དང་ཚེ་རབས་ཚེ་རབས་སུ་ཁོ་ན་བྱུང་སྟེ་རྟག་ཏུ་ཀླན་ཀ་ཚོལ་བ་ལ་བརྩོན་པ་ཡིན་པས་མཛའ་བོས་སྨྲས་པ། ས་ལས་སྐྱེས་ཕྱག་དར་ཁྲོད་རྙེད་པ་འདི་གང་དུ་འཁྲུར་


DKG007_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག །ས་ལས་སྐྱེས་ཀྱིས་སྨྲས་པ། རྫིང་བུ་རྡོ་རྩིགས་ཅན་ནི་རྒྱུན་ལུགས་ཉུང་ཞིང་ཉེན་ཀོར་གཙང་བ་ཡིན་པས་དེར་འདོང་ངོ་། །དེ་གཉིས་ཕྱག་དར་ཁྲོད་ཁྱེར་ཏེ་རྫིང་བུ་རྡོ་རྩིགས་ཅན་དུ་དོང་ནས་དེ་གཉིས་ཀྱིས་ཕྱག་དར་ཁྲོད་དེར་འཁྲུར་བཅུག་ནས་ཉི་མ་ལ་བཏིང་སྟེ་འཁོད་དོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་ཆོས་གོས་ཀྱི་གྲྭ་རླུང་གིས་བསྐྱོད་ནས་དགེ་སློང་མ་ཨུཏྤ་ལའི་མདོག་གི་མགོ་ལ་རེག་གོ །དེ་མཛའ་བོས་མཐོང་ནས་དེས་སྨྲས་པ། ས་ལས་སྐྱེས་གྱད་བུ་ནོར་འདི་ལ་དགེ་སློང་མ་ཨུཏྤ་ལའི་མདོག་དང་ལྷན་ཅིག་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་བྱུང་གིས་འདོང་ལ་དགེ་སློང་རྣམས་ལ་བརྗོད་པར་བྱའོ། །ས་ལས་སྐྱེས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་མཛའ་བོ་དེའི་ཚེ་ཡང་རེ་ཞིག་བདག་ཅག་གཉིས་གནས་ནས་དབྱུང་བའི་ལས་བྱས་ན་ཅི་ད་ཡང་གནས་ནས་དབྱུང་བའི་ལས་བྱེད་དུ་འཇུད་པར་འདོད་དམ། མཛའ་བོས་སྨྲས་པ། ཚེ་དང་ལྡན་པ་ས་ལས་སྐྱེས་དེའི་ཚེ་ན་ནི་ཡང་དག་པ་མ་ཡིན་པས་ཡིན་གྱི། ང་ནི་ཡང་དག་པས་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ལན་བུ་ཞེས་བྱ་བ་ནི་སྐྲ་དག་དང་དེ་དང་འབྲེལ་བའི་གོས་ཡིན་ནོ་ཞེས་མ་གསུངས་སམ། ཚེ་དང་ལྡན་པ་འདི་ལ་བརྫུན་དུ་སྨྲ་བ་ག་ལ་ཡོད་ཀྱིས་ཚུར་ཤོག་འདོང་ལ་དགེ་སློང་རྣམས་ལ་བརྗོད་པར་བྱའོ། །ས་ལས་སྐྱེས་དེ་མཛའ་བོས་བསླུས་པ་ན་བཏུབ་པར་གྱུར་ནས། དེ་གཉིས་གཙུག་ལག་ཁང་དུ་དོང་སྟེ་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་འདི་ལྟར་བདག་ཅག་གཉིས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་དགེ་སློང་མ་ཨུཏྤ་ལའི་མདོག་དང་ལྷན་ཅིག་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་བྱུང་བ་མཐོང་སྟེ། འདི་ལ་བདག་ཅག་གཉིས་གང་གི་དད་པའམ། ཡིད་ཆེས་པས་འགྲོ་བར་བྱ། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་གཉིས་ཅི་ཁྱེད་གཉིས་ལྷ་དང་མི་རྣམས་གཅིག་ཏུ་ཡོངས་སུ་བཏང་ཞིང་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་རྣམས་སུ་གཅིག་ཏུ་གནས་སམ། ཅི་ན་དགེ་སློང་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་སྟོན་པ་དེ་ལ་ཁྱེད་གཉིས་གཞི་མེད་པའི་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད། དེ་གཉིས་ཀྱིས་སྨྲས་


DKG007_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཚེ་དང་ལྡན་པ་དག་དེ་ནི་བདག་ཅག་གཉིས་ཀྱིས་མ་ཉེས་ཀྱི་འདི་ལྟར་བདག་ཅག་གཉིས་ཀྱི་མིག་དག་གིས་མཐོང་བས་མིག་དབྱུང་བར་བྱ་གྲང་། བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། ཁྱེད་གཉིས་དོན་ཅི་ལ་དེར་སོན་པས་དེར་མཐོང་ཞེས་ལེགས་པར་རབ་ཏུ་གླེང་བར་གྱིས་ཤིག་བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་པས། དགེ་སློང་རྣམས་ཀྱིས་དེ་གཉིས་ལ་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་པས་དེར་མཐོང་ཞེས་ལེགས་པར་རབ་ཏུ་གླེངས་ཤིང་བརྟགས་སོ། །དགེ་སློང་རབ་ཏུ་མང་པོ་དག་གིས་ལེགས་པར་རབ་ཏུ་གླེངས་ཤིང་བརྟགས་པ་ན། དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་གྱད་བུ་ནོར་ལ་དགེ་སློང་མ་ཨུཏྤ་ལའི་མདོག་དང་ལྷན་ཅིག་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་མ་བྱུང་སྟེ་འདི་ལྟར་བདག་ཅག་གཉིས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདུན་པས་སྨྲས། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་སྨྲས་སོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་རྨས་པ། དགེ་སློང་དག་ཁྱེད་གཉིས་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །


DKG007_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོའམ། ས་ལས་སྐྱེས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་ཤིང་ངོ་། །ཞེ་སྡང་བར་གྱུར་ནས་ཞེས་བྱ་བ་ནི་ཡིད་མི་དགའ་བར་གྱུར་ནས་ཏེ། འཁྲུགས་པ་མ་གསལ་བར་རོ། །དགེ་སློང་དག་པ་ཞེས་བྱ་བ་ནི་ཚེ་དང་ལྡན་པ་གྱད་བུ་ནོར་རམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི་གཞི་དེའི་ལྟུང་བ་མེད་པ་ལའོ། །གཞི་མེད་པར་ཞེས་བྱ་བ་ནི་གཞི་གསུམ་པོ་མཐོང་བའི་གཞི་དང་། ཐོས་པའི་གཞི་དང་། དོགས་པའི་གཞི་མེད་པར་རོ། །དགེ་འདུན་ལྷག་མའི་ཆོས་ཀྱིས་ཞེས་བྱ་བ་ནི་བཅུ་གསུམ་པོ་གང་ཡང་རུང་བ་སྟེ། དེ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་ཡིན་ནོ། །སྐུར་ན་ཞེས་བྱ་བ་ནི་སྐུར་པ་འདེབས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུས་ནི་ལྟུང་བར་འགྱུར་ལ། གཞི་ལྔས་ནི་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གཞི་བཅུས་ལྟུང་བར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་ངོ་། །བདག་


DKG007_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐོས་སོ། །བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་ཐོས་ལ་དེ་ཡང་བརྗོད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་བཞིན་དུ་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ། །བདག་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་བརྗོད་དོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་ན་བརྗོད་དོ་ཅོག་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་གཞི་བཅུས་ལྟུང་བྱེད་དུ་འགྱུར་རོ། །ཇི་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་ངོ་། །ཐོས་སོ། །དོགས་སོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ། །དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་ཐོས་ཏེ་དེ་ཡང་བརྗེད་དོ། །བདག་དོགས་ཏེ་དེ་ཡང་བརྗེད་དོ། །ཞེས་ཟེར་ན་ལྟུང་བར་མི་འགྱུར་ཏེ། དེ་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུས་ལྟུང་བར་འགྱུར་ལ། གཞི་ལྔས་ལྟུང་བར་མི་འགྱུར་བ་དེ་བཞིན་དུ་གང་ཟག་དག་པ་མ་དག་པ་ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལ་ཡང་གཞི་བཅུས་ལྟུང་བར་འགྱུར་ལ། གཞི་ལྔས་ལྟུང་བར་མི་འགྱུར་རོ། །གང་ཟག་མ་དག་པ་ལ་སྐུར་པ་འདེབས་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་།


DKG007_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་ངོ་། །བདག་གིས་ཐོས་སོ། །བདག་དོགས་སོ། །ཞེས་ཟེར་ན་བརྗོད་དོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མཐོང་ལ་དེ་ཡང་བརྗེད་པ་དང་དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ལ་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ཡང་མ་བརྗེད་དོ། །བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ། །བདག་དོགས་ཏེ་དེ་ཡང་མ་བརྗེད་དོ། །ཞེས་ཟེར་ན་བརྗོད་དོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་ན་བརྗོད་དོ་ཅོག་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་རོ། །ཇི་ལྟར་གཞི་དྲུག་གིས་ལྟུང་བ་མེད་པར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་ངོ་། །ཐོས་སོ་དོགས་སོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ། །དེས་མཐོང་ལ་དེ་ཡང་བརྗེད་པ་དང་། དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ཡང་མ་བརྗེད་དོ། །བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ། །བདག་དོགས་ཏེ་དེ་ཡང་མ་བརྗེད་དོ། །ཞེས་ཟེར་ན་ལྟུང་བར་མི་འགྱུར་ཏེ། དེ་ལྟར་གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གང་ཟག་མ་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་བ་དེ་བཞིན་དུ་གང་ཟག་མ་དག་པ་དག་པ་ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལ་ཡང་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ། །དྲིལ་བསྒྲགས་


DKG007_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་ལྟུང་བ་མེད་དོ། །ངོས་ལ་རི་མོར་བྲིས་པ་ཕན་ཅད་ལ་ཡང་ལྟུང་བ་མེད་དེ། ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ཤེས་སོ་སྙམ་ནའོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྐུར་པ་འདེབས་པའི་ལྟུང་བྱེད་དེ་དྲུག་བཅུ་རྩ་དགུ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རྒྱལ་པོའི་ཁབ་ན་ཐ་ག་པ་སྤྱི་ཅེར་ཞེས་བྱ་བ་ཞིག་འདུག་པ་དེས་མཉན་ཡོད་པའི་ཐ་ག་པ་ཞིག་གི་བུ་མོ་བག་མར་བླངས་ནས་དེ་བུ་མོ་དེ་ལ་ཡང་དང་ཡང་དུ་ཁུ་ཚུར་དང་ཐལ་ལྕག་གིས་རྡེག་པར་བྱེད་དོ། །དེའི་སྡུམ་ཚེས་བུད་མེད་རྒན་མོ་ཞིག་འདུག་ནས་བུ་མོ་དེ་བུད་མེད་རྒན་མོ་དེའི་གན་དུ་སོང་སྟེ་སྨྲས་པ། ཡུམ་བདག་ལ་ཁྱིམ་ཐབ་འདི་ཡང་དང་ཡང་དུ་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པར་བགྱིད་པས་བདག་འབྲོས་སོ། །རྒན་མོས་སྨྲས་པ། བུ་མོ་ཁྱོད་ལ་ཇི་སྲིད་དུ་བུ་མ་བཙས་པ་དེ་སྲིད་དུ་ཁྱོད་ལ་ཁྱིམ་ཐབ་འདི་རྡེག་པར་བྱེད་ཀྱི་གང་གི་ཚེ་ཁྱོད་ལ་བུ་བཙས་པར་གྱུར་པ་དེའི་ཚེ་ན་འདི་ཁྱོད་ལ་བྱམས་པར་འགྱུར་གྱིས་མ་འབྲོས་པར་སྡོད་ཅིག་དང་ཁོ་མོས་བཟློག་པར་བྱའོ་ཞེས་བུད་མེད་རྒན་མོ་དེས་ཐ་ག་པ་སྤྱི་ཅེར་ལ་སྨྲས་པ། བུ་ཁྱོད་བུ་མོ་འདི་ལ་ཡང་དང་ཡང་དུ་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པས་འདི་འབྲོས་པར་གྱུར་ན་མི་རུང་གིས་ཕྱིན་ཅད་མ་རྡེག་ཤིག་ཐ་ག་པ་དེ་དེ་ལྟར་བུད་མེད་རྒན་མོ་དེས་བཟློག་ཀྱང་མ་བཏུབ་སྟེ་ཕྱིན་ཅད་ཡང་དང་ཡང་དུ་བུ་མོ་དེ་ལ་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་ཐ་ག་པ་དེ་ཚོང་ཁང་དུ་ཆང་འཐུངས་ཏེ་ར་རོ་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེས་བུ་མོ་དེ་ཤིན་ཏུ་བརྡེག་པ་དང་། བུ་མོ་དེས་བསམས་པ། བདག་བུ་བཙས་པར་མ་གྱུར་གྱི་བར་སྐབས་སུ་འདིས་བསད་པར་གྱུར་ན་མི་རུང་གིས་བདག་ལ་བུ་མེད་ཀྱང་བླས། བདག་བྲོས་ཏེ་འགྲོའོ་སྙམ་ནས། བུ་མོ་དེས་ཐ་ག་པ་དེ་གཉིད་ལོག་པར་རིག་ནས་སྒོ་དང་པོ་ཕྱེ་བ་ཁོ་ན་ནས་བྱུང་སྟེ་བྲོས་སོ། །དགེ་སློང་ཞིག་རྒྱལ་པོའི་ཁབ་ཏུ་དབྱར་གནས་པར་ཁས་


DKG007_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས་མཉན་ཡོད་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འཕགས་པ། དེ་ཡང་སྒོ་དང་པོ་ཕྱེ་བ་ཁོ་ན་ནས་བྱུང་སྟེ་སོང་བ་དང་། བུ་མོ་དེས་དགེ་སློང་དེ་མཐོང་ནས་དེས་སྨྲས་པ། འཕགས་པ་གར་བཞུད། དགེ་སློང་དེས་སྨྲས་པ། སྲིང་མོ་མཉན་ཡོད་དུ་འགྲོའོ། །བུ་མོ་དེས་སྨྲས་པ། བདག་ཀྱང་མཉན་ཡོད་དུ་མཆིས། བདག་འཕགས་པ་དང་ལྷན་ཅིག་འགྲོགས་ཏེ་མཆིའོ། །དེ་ལྟར་གྱིས་ཤིག །བུ་མོ་དེ་དགེ་སློང་དེ་དང་ལྷན་ཅིག་འགྲོགས་ཏེ་འགྲོ་བར་བརྩམས་སོ། །ཇི་ཙམ་ན་ཐ་ག་པ་སྤྱི་ཅེར་ར་རོ་བ་སངས་ཏེ་སད་ནས་བུ་མོ་དེ་མི་སྣང་ནས་དེ་བུད་མེད་རྒན་མོའི་གན་དུ་སོང་སྟེ་དྲིས་པ། ཡུམ་བུ་མོ་དེ་མི་སྣང་ངོ་། །རྒན་མོས་སྨྲས་པ། བུ་ཁོ་མོས་དང་པོ་ཉིད་ནས་ཁྱོད་ལ་དེ་བྲོས་པར་གྱུར་ན་མི་རུང་གིས་མ་རྡེག་ཤིག་ཅེས་མ་བྱས་སམ། དེ་བྲོས་ཏེ་སོང་བ་སྙམ་གྱིས་སྒོ་བ་ལ་དྲིས་ཤིག །ཐ་ག་པ་དེ་སོང་སྟེ་སྒོ་བ་ལ་དྲིས་པ། ཀྱེ་ནང་རྗེ་སྒོ་འདི་ནས་བུ་མོ་ཞིག་ཕྱིར་བྱུང་ངམ། སྒོ་བས་སྨྲས་པ། སྒོ་དང་པོ་ཕྱེ་བ་ཁོ་ན་ནས་བྱུང་སྟེ་སོང་ངོ་། །ཐ་ག་པ་དེ་ར་བ་ལ་འཛེགས་ཏེ་ཕྱི་བཞིན་བལྟས་པ་དང་། ཇི་ཙམ་ན་ཐག་རིང་པོ་ཁོ་ན་ནས་སོང་བ་མཐོང་ནས་དེ་མྱུར་བ་མྱུར་བར་བབས་ཏེ་བསྙགས་པ་དང་། ཇི་ཙམ་ན་དགེ་སློང་ཞིག་དང་ལྷན་ཅིག་འགྲོ་བ་མཐོང་ནས། དེས་བསམས་པ། བདག་ནི་གཅིག་པུ་ཡིན་ལ། འདི་གཉིས་ནི་གཉིས་ཡིན་པས་གལ་ཏེ་དེ་གཟུང་ན་འདི་གཉིས་ལོག་སྟེ་བདག་རྡེག་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས། གང་གི་ཚེ་གྲོགས་རྙེད་པར་གྱུར་པ་དེའི་ཚེ་ན་གཟུང་བར་བྱའོ་སྙམ་ནས། དེ་དེ་གཉིས་ཀྱི་ཕྱི་བཞིན་འབྲང་ཞིང་སོང་བ་དང་། ཇི་ཙམ་ན་རི་བྲགས་ཤིག་ཏུ་ཕྱིན་ནས། རི་བྲགས་དེ་ན་ཐ་ག་པ་ལྔ་བརྒྱ་ཙམ་འཁོད་ནས་ཐ་ག་པ་སྤྱི་ཅེར་སོང་སྟེ་སྨྲས་པ། ཤེས་ལྡན་དག་ཁྱེད་ཁོ་བོའི་ཉེ་དུ་ཡིན་ན་ཁོ་བོའི་ཆུང་མ་ཤཱཀྱའི་བུའི་དགེ་སྦྱོང་གིས་ཕྲོགས་ཀྱི་དེ་ལ་གྲོགས་གྱིས་ཤིག་ཅེས་ར་མདའ་ཟློག་ཏུ་བཅུག་གོ །ཐ་ག་པ་དག་ནི་ཡོངས་སུ་མི་རྟོག་པ་ཡིན་པས་དེ་དག་གིས་ཐགས་ཟངས་ལྔ་བརྒྱ་ཙམ་ཐོགས་ཏེ་རི་བྲགས་ནས་ཕྱིར་བྱུང་ནས་དེ་དག་གིས་དགེ་སློང་དེ་ཤིན་ཏུ་བརྡེགས་ཏེ་ལྷུང་བཟེད་ཀྱང་བཅག །ཕོར་བུ་


DKG007_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁར་པ་ཡང་བཅག །ཆོས་གོས་དག་ཀྱང་དྲལ་ནས་ཤིའོ་སྙམ་དུ་བསམས་ཏེ་བོར་རོ། །བུ་མོ་དེས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་ཁྱེད་ཅག་གིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པ་ལགས་ཀྱིས། རྒྱལ་པོའི་གན་དུ་བཞུད་དེ་གསུངས་ལ། འདི་དག་གི་ལག་པ་དང་རྐང་པ་དག་གཅོད་དུ་གསོལ་ཅིག །དེ་དག་སྐྲག་ནས་དགེ་སློང་དེ་ལ་བཟོད་པ་གསོལ་བར་བརྩམས་ཏེ་སྨྲས་པ། འཕགས་པ་བདག་ཅག་ལ་བཟོད་པ་མཛད་དུ་གསོལ། དགེ་སློང་གི་སྙིང་ནི་མར་དང་འདྲ་བས་དེས་སྨྲས་པ། བཟོད་པར་བྱའོ། །བུ་མོ་དེས་སྨྲས་པ། གལ་ཏེ་འཕགས་པས་བཟོད་ཀྱང་བདག་གིས་མི་བཟོད་དོ། །དེ་དག་གིས་བུ་མོ་དེ་ལ་སྨྲས་པ། སྲིང་མོ་ཁྱོད་བདག་ཅག་གི་ཉེ་དུ་ཡིན་པས་ཁྱོད་ཀྱིས་ཀྱང་བཟོད་པར་གྱིས་ཤིག །བུ་མོ་དེས་སྨྲས་པ། ཁྱེད་ཅག་ལ་ནི་བཟོད་ན་ཐ་ག་པ་སྤྱི་ཅེར་འདི་ལ་མི་བཟོད་དེ། བདག་གིས་འདིའི་ལག་པ་དང་རྐང་པ་དག་གཅད་པར་བྱའོ། །དེ་དག་གིས་སྨྲས་པ། འདི་ལ་ཡང་བཟོད་པར་གྱིས་ཤིག །བུ་མོ་དེས་སྨྲས་པ། དམ་ཚིག་གིས་བཟོད་པར་བྱ་སྟེ། གལ་ཏེ་ཕྱིན་ཅད་བདག་ལ་མི་རྡེག་ན་བཟོད་དོ། །ཐ་ག་པ་དེས་སྨྲས་པ། ཕྱིན་ཅད་མི་རྡེག་གོ །བུ་མོ་དེས་སྨྲས་པ། གལ་ཏེ་དེ་ལྟར་ན་བཟོད་པར་བྱའོ། །དགེ་སློང་དེ་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས། ཁོ་བོ་ཐ་ག་པ་དག་གིས་ཧད་པོར་སྲོག་དང་དེའུ་ཕྲལ་ལོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱོད་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོར་རུང་ངམ། གང་གི་ཕྱིར་མི་རུང་བ་དེ་ཉིད་ཀྱི་ཕྱིར་ཉེས་དམིགས་འདི་ལྟ་བུ་བྱུང་ངོ་། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་


DKG007_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་རྨས་པ། དགེ་སློང་ཁྱོད་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །སྐྱེས་པ་མེད་པར་ཞེས་བྱ་བ་ནི་དེ་དང་དེའོ། །བུད་མེད་དང་ལྷན་ཅིག་ཅེས་བྱ་བ་ནི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་དང་ངོ་། །འགྲོན་ལམ་དུ་འགྲོ་ན་ཞེས་བྱ་བ་ནི་དགོན་པའི་ལམ་དུ་འགྲོ་ནའོ། །ཐ་ན་གྲོང་བར་དུ་ཡང་རུང་སྟེ་ཞེས་བྱ་བ་ནི་ཐ་ན་རྒྱང་གྲགས་ཀྱི་བར་དུ་ཡང་རུང་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་


DKG007_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །རྒྱང་གྲགས་ཀྱིས་བར་དུ་ཆོད་པའི་གྲོང་བདུན་ལས་གྲོང་ནས་དགོན་པར་འགྲོ་ན་རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་བྱས་སུ་འགྱུར་ལ། རྒྱང་གྲགས་རེ་རེར་ནི་ལྟུང་བྱེད་དུ་འགྱུར་རོ། །དགོན་པ་ནས་གྲོང་དུ་འགྲོ་ན་ཡང་རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་བྱས་སུ་འགྱུར་ལ། རྒྱང་གྲགས་རེ་རེར་ནི་ལྟུང་བྱེད་དུ་འགྱུར་རོ། །བུད་མེད་བསེལ་བྱེད་དུ་འཇུད་པ་དང་། ལམ་ནོར་བ་བུད་མེད་ཀྱིས་ལམ་དུ་འཇུད་པ་དང་། འགྲོ་མི་ནུས་པ་བུད་མེད་ཀྱིས་ཁྲིད་པ་ལ་ནི་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དེ་བདུན་བཅུ་པ་རྫོགས་སོ།། །།


previousབཅུ་ཚན་བདུན་པ། བསམས་བཞིན་ལ་སོགས་པའི་སྡེ་ཚན།next