Nitartha Digital Library
Tibetan
 
previousཕྲ་མོའི་སྒོ་བཞི་པ། གནས་བརྟན་གྱི་སྡེ་ཚན།next

ཕྲ་མོའི་སྒོ་བཞི་པ། གནས་བརྟན་གྱི་སྡེ་ཚན།


DKG010_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་སྡོམ་ནི། གནས་བརྟན་ར་བ་ལྷན་པ་དང་། །ནད་པ་དང་ནི་རིགས་ངན་ཕག །རི་མོ་ལྷུང་བཟེད་མེད་པ་དང་། །གནས་བཅའ་བ་དང་ཤིང་བསྐྱེད་པའོ། །སྡོམ་ནི། གནས་བརྟན་རེ་མོས་གཞན་དང་ནི། །གསོ་སྦྱོང་མཚམས་ནི་སྦྱར་བ་དང་། །བཏུང་བ་རྣམས་གཉིས་ལྡན་པ་དང་། །གཙུག་ལག་ཁང་ནི་དུས་ཀུན་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་གི་ཚེ་ཁ་ཏོན་གདོན་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་གང་གིས་ཁ་ཏོན་གདོན་པར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་གྱིས་ཁ་ཏོན་གདོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་གནས་བརྟན་གྱིས་ཁ་ཏོན་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་འདུན་གྱི་གནས་བརྟན་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་གི་ཚེ་ཁ་ཏོན་འདོན་པར་ཞུགས་སོ། །རེ་ཞིག་ཅིག་ན་གཙུག་ལག་ཁང་གཞན་ཞིག་ན་གནས་བརྟན་ཞིག་འདུག་པ་དེ་ཁ་ཏོན་འདོན་མི་ནུས་པ་དང་། དེ་ལ་དགེ་སློང་དག་གིས་སྨྲས་པ། གནས་བརྟན་གསོ་སྦྱོང་ཉེ་བར་གནས་ན་ཅི་མི་སེམས་པར་འདུག་གམ། དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་གིས་མི་ནུས་ན་ཇི་ལྟར་བྱ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་མི་ནུས་ན་གནས་བརྟན་གཉིས་པས་ཁ་ཏོན་གདོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གནས་བརྟན་གཉིས་པས་ཁ་ཏོན་གདོན་པར་བྱའོ་ཞེས་བཀའ་སྩལ་པ་དང་། རེ་ཞིག་ན་གཙུག་ལག་ཁང་གཞན་ཞིག་ན་གནས་བརྟན་གཉིས་པས་ཀྱང་མ་ནུས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གནས་བརྟན་གཉིས་པས་ཀྱང་མ་ནུས་ན་གནས་བརྟན་གསུམ་པས་ཁ་ཏོན་གདོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གནས་བརྟན་གསུམ་པས་ཁ་ཏོན་


DKG010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་པར་བྱའོ་ཞེས་བཀའ་སྩལ་པ་དང་། རེ་ཞིག་ཅིག་ན་གཙུག་ལག་ཁང་གཞན་ཞིག་ན་གནས་བརྟན་གསུམ་པས་ཀྱང་མ་ནུས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གནས་བརྟན་གསུམ་པས་ཀྱང་མ་ནུས་ན་དགེ་སློང་རྣམས་ཀྱིས་རེས་སུ་བཀླགས་ཏེ་ཁ་ཏོན་གདོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་རེས་སུ་བཀླགས་ཏེ་ཁ་ཏོན་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་རེས་སུ་བཀླགས་ཏེ་ཁ་ཏོན་གདོན་པར་བརྩམས་པ་དང་། རེས་སུ་བཀླགས་ཏེ་ཁ་ཏོན་གདོན་པ་དེ་དག་ལས་ཁ་ཅིག་ནི་ནུས་པ་ལ་རེས་བབ། ཁ་ཅིག་ནི་མི་ནུས་པ་ལ་རེས་བབ་ནས། དེ་ལ་ནུས་པ་གང་ཡིན་པ་དེས་ནི་རེས་བབ་པ་ན་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པར་བྱེད། མི་ནུས་པ་གང་ཡིན་པ་དེ་ནི་རེས་བབ་པ་ན་མི་ཤེས་ན་ཇི་ལྟར་བྱ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་ཀྱང་ནུས་པ་གང་ཡིན་པ་དེ་ལ་བཅོལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་མི་ནུས་པ་ལ་རེས་བབ་པ་གང་ཡིན་པ་དེས་ཀྱང་གཞན་ལ་བཅོལ་བར་བྱའོ་ཞེས་བཀའ་སྩལ་པ་དང་། རེ་ཞིག་ཅིག་ན་གཙུག་ལག་ཁང་གཞན་ཞིག་ན་མི་ནུས་པ་ལ་རེས་བབ་པ་དེས་གང་ལ་བཅོལ་བ་དེ་མ་བཏུབ་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུས་པ་གཞན་གང་ཡིན་པ་དེ་ཁོ་ན་ལ་རྟག་ཏུ་བཅོལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་དགེ་འདུན་གྱི་གནས་བརྟན་གྱིས་སོ་སོར་ཐར་པའི་མདོ་གདོན་པར་བྱའོ། །དེ་མེད་ན་གནས་བརྟན་གཉིས་པས་སོ། །དེ་ཡང་མེད་ན་གསུམ་པས་སོ། །དེ་ཡང་མེད་ན་རེས་སུ་བཀླགས་


DKG010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁ་ཏོན་གདོན་པར་བྱ་བའམ། གཞན་ནུས་པ་གང་ཡིན་པ་དེ་ལ་བཅོལ་བར་བྱའོ་ཞེས་བཀའ་སྩལ་པ་དང་། གཙུག་ལག་ཁང་གཞན་ཞིག་ན་སོ་སོར་ཐར་པའི་མདོ་བསྟན་པ་རིལ་ཐོན་པ་ནི་འགའ་ཡང་མེད་ཀྱི་དགེ་འདུན་གྱི་གནས་བརྟན་གྱིས་ཕས་ཕམ་པར་གྱུར་པའི་ཆོས་བཞི་བཏོན་ཏེ། ལྷག་མ་མ་ཐོན་ནས་དགེ་སློང་དག་གིས་གསོ་སྦྱོང་བཞག་གོ །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོ་སྦྱོང་གཞག་པར་མི་བྱའི་འོན་ཀྱང་གང་གིས་གང་ཐོན་པ་དེས་དེ་གདོན་པར་བྱ་སྟེ། གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་ཕས་ཕམ་པར་འགྱུར་བའི་ཆོས་བཞི་ཐོན་ན་དེ་དག་གདོན་པར་བྱ་ཞིང་གཞན་གྱིས་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་གཞན་གྱིས་མ་ངེས་པའི་ཆོས་གཉིས། གཞན་གྱིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ། གཞན་གྱིས་ལྟུང་བྱེད་ཀྱི་ཆོས་དགུ་བཅུ། གཞན་གྱིས་སོ་སོར་བཤགས་པར་བྱ་བའི་ཆོས་བཞི། གཞན་གྱིས་བསླབ་པ་མང་པོའི་ཆོས་རྣམས་གཞན་གྱིས་རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་ཏེ། དེ་ལྟར་གསོ་སྦྱོང་གི་མཚམས་སྦྱར་ན་གསོ་སྦྱོང་གི་བར་ཆད་དུ་འགྱུར་བར་ང་མི་སྨྲའོ། །གླེང་གཞི་ནི་མཉན་ཡོད་ནའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དུས་སུ་རུང་བའི་བཏུང་བ་ཞེས་ཀྱང་བཀའ་སྩལ། དུས་མ་ལགས་པར་རུང་བ་ཞེས་ཀྱང་བཀའ་སྩལ་ན། བཙུན་པ་དུས་སུ་རུང་བ་ནི་གང་ལགས། དུས་མ་ལགས་པར་རུང་བ་ནི་གང་ལགས། ཉེ་བ་འཁོར་མ་བཙགས་པ་ནི་དུས་སུ་རུང་བའོ། །བཙགས་ཏེ་ཆུ་དང་བསྲེས་པ་ནི་དུས་མ་ཡིན་པར་རུང་བའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དྲུག་སྡེ་རྣམས་སྡིག་པ་འདོད་པ། སེར་སྣས་མི་རིགས་པར་གཙུག་ལག་ཁང་ལ་ཡོངས་སུ་སྤྱོད་པར་བྱེད་དེ་ཁ་ཅིག་ལ་ནི་དུས་ཐམས་ཅད་པས་ཁ་ཅིག་ལ་ནི་གནས་རེས་སུ་གཅོད་པས། ཁ་ཅིག་ལ་ནི་དུས་རེ་ཞིག་པས། ཁ་ཅིག་ལ་ནི་རྟིང་གནོན་པས་ཡོངས་སུ་


DKG010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་བྱེད་དོ། །ཇི་ལྟར་དུས་ཐམས་ཅད་པས་ཡིན་ཞེ་ན། འདི་ནི་བདག་གི་དགུན་གྱི་གཙུག་ལག་ཁང་ངོ་། ། འདི་ནི་དཔྱིད་ཀྱིའོ། །འདི་ནི་དབྱར་གྱིའོ་ཞེས་བྱ་བ་སྟེ། དེ་ལྟར་ན་དུས་ཐམས་ཅད་པས་ཡིན་ནོ། །ཇི་ལྟར་ན་གནས་རེས་སུ་གཅོད་པས་ཡིན་ཞེ་ན། འདི་ནི་བདག་གི་སང་གི་གཙུག་ལག་ཁང་ངོ་། །འདི་ནི་གནངས་ཀྱིའོ། །འདི་ནི་གཞེས་ཀྱིའོ་ཞེས་བྱ་བ་སྟེ། དེ་ལྟར་གནས་རེས་སུ་གཅོད་པས་ཡིན་ནོ། །ཇི་ལྟར་ན་དུས་རེ་ཞིག་པས་ཡིན་ཞེ་ན། འདིར་ནི་སྔ་དྲོ་གནས་སོ། །འདིར་ནི་ཕྱི་དྲོའོ་ཞེས་བྱ་བ་སྟེ། དེ་ལྟར་ན་དུས་རེ་ཞིག་པས་ཡིན་ནོ། །ཇི་ལྟར་ན་རྟིང་གནོན་པས་ཡིན་ཞེ་ན། འདི་ནི་བདག་གི་སློབ་དཔོན་གྱི་གཙུག་ལག་ཁང་ངོ་། །འདི་ནི་མཁན་པོ་དང་། ལྷན་ཅིག་གནས་པ་དང་། ཉེ་གནས་དང་། གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བའི་འོ་ཞེས་བྱ་བ་སྟེ། དེ་ལྟར་ན་རྟིང་གནོན་པས་ཡིན་ནོ། །ཡུལ་སྣ་ཚོགས་ན་གནས་པའི་དགེ་སློང་དག་ལྷགས་པ་དང་ཕོངས་པར་གྱུར་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གི་གཙུག་ལག་ཁང་དག་ལ་དུས་ཐམས་ཅད་པ་དང་། གནས་རིས་སུ་གཅོད་པ་དང་། དུས་རེ་ཞིག་པ་དང་། རྟིང་གནོན་པས་ཡོངས་སུ་སྤྱད་པར་མི་བྱ་སྟེ། སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ནི། ར་བ་དང་ནི་ཤིང་ཐགས་དང་། །ལམ་དང་འོབས་དང་སྐར་རྒྱལ་དང་། །ཆོས་གོས་བཅགས་ཤིང་ཕྱིས་པ་དང་། །ཆ་ག་དང་ནི་བྲམ་ཟེ་འོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཀྱི་ཚལ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དེའི་ཚེ་འཇིག་རྟེན་དག་རྒྱལ་བྱེད་ཀྱི་ཚལ་གྱི་ནང་དུ་དགའ་མགུར་འགྲོ་ཞིང་འོང་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསམས་པ། བདག་གི་


DKG010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་ལམ་པོ་ཆེར་གྱུར་གྱིས་དེའི་ཕྱིར་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་ར་བས་བསྐོར་རོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གཙུག་ལག་ཁང་འདི་ཤུལ་པོ་ཆེར་གྱུར་ཏེ་དེའི་སླད་དུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་འདི་ར་བས་བསྐོར་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་གནང་གིས་སྐོར་ཅིག །དེས་ར་བས་བསྐོར་བ་དང་། གང་གི་ཚེ་དབྱར་གྱི་དུས་ལ་བབ་པའི་ཚེ་རྒྱལ་བྱེད་ཀྱི་ཚལ་ཆུས་སྦྱང་བཞིན་གང་སྟེ་འདུག་གོ །ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་སོང་བ་དང་། དེས་རྒྱལ་བྱེད་ཀྱི་ཚལ་ཆུས་སྦྱང་བཞིན་དུ་གང་བ་མཐོང་ནས། དེས་བསམས་པ་བདག་གིས་རྒྱལ་བྱེད་ཀྱི་ཚལ་ར་བས་བསྐོར་གྱི་སྟོར་ཁུང་མ་བཏོད་པས་དེས་ན་འདི་ཆུས་སྦྱང་བཞིན་དུ་གང་སྟེ་འདུག་གོ །དེའི་ཕྱིར་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་སྟོར་ཁུང་གདོད་དོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་རྒྱལ་བྱེད་ཀྱི་ཚལ་ར་བས་བསྐོར་གྱི་སྟོར་ཁུང་མ་བཏོད་པས་དེས་ན་འདི་ཆབ་ཀྱིས་སྦྱང་བཞིན་བལྟམ་སྟེ་མཆིས་སོ། །དེའི་སླད་དུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་སྟོར་ཁུང་གདོད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་གནང་གིས་ཐོད་ཅིག །དེས་སྟོར་ཁུང་བཏོད་དོ། །བ་ལང་དག་འོངས་ཤིང་འོངས་ནས་རྩིག་པ་ལ་ལུས་ཀྱིས་བསྙོགས་ཤིང་རྭས་བྲུད་པ་དང་། ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཐོང་ནས་དེས་བསམས་པ། བདག་གིས་རྒྱལ་བྱེད་ཀྱི་ཚལ་ར་བས་བསྐོར་གྱི་ཤིང་ཐགས་མ་བྲེས་པས་དེས་ན་བ་ལང་དག་འོངས་ཤིང་


DKG010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ནས་འདི་ལ་ལུས་ཀྱིས་བསྙོགས་ཤིང་རྭས་བྲུད་དོ། །དེའི་ཕྱིར་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་འདི་ཤིང་ཐགས་ཀྱིས་བསྐོར་བར་བྱའོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་རྒྱལ་བྱེད་ཀྱི་ཚལ་ར་བས་བསྐོར་གྱི་ཤིང་ཐགས་མ་བྲེས་པས་བ་ལང་དག་མཆིས་ཤིང་མཆིས་ནས་དེ་ལ་ལུས་ཀྱིས་བསྙོགས་ཤིག་རྭས་བྲུད་དེ། དེའི་སླད་དུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་ཤིང་ཐགས་བྲེ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་གནང་གིས་ཤིང་ཐགས་རེས་ཤིག །དེས་ཤིང་ཐགས་བྲེས་པ་དང་། མ་བྱིན་པར་ལེན་པ་དག་གིས་ཤིང་ཐགས་དྲལ་ཏེ་བརྐུས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འཆག་ཅིང་སོང་བ་དང་། ཤིང་ཐགས་བར་བར་ནས་དྲལ་ཞིང་ཤིང་དེ་ཡང་བརྐུས་པར་མཐོང་ངོ་། །དེས་བསམས་པ། བདག་གིས་རྒྱལ་བྱེད་ཀྱི་ཚལ་ར་བས་བསྐོར་ནས་ཤིང་ཐགས་བྲེས་ན། འདི་བར་བར་ནས་དྲལ་ཏེ་ཤིང་ཡང་བརྐུས་ཀྱིས་དེའི་ཕྱིར་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་འོབས་ཀྱིས་བསྐོར་རོ་སྙམ་དུ་བསམས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་རྒྱལ་བྱེད་ཀྱི་ཚལ་ར་བས་བསྐོར་ཅིང་ཤིང་ཐགས་བྲེས་ན་དེ་འོབས་ཀྱིས་མ་བསྐོར་བས་བར་བར་ནས་དྲལ་ནས་ཤིང་བརྐུས་ན། དེའི་སླད་དུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་འོབས་ཀྱིས་བསྐོར་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་གནང་


DKG010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འོབས་ཀྱིས་སྐོར་ཅིག །དེས་འོབས་ཀྱིས་བསྐོར་ཏོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་དགེ་སློང་མ་སྐར་རྒྱལ་ཞེས་བྱ་བ་ཞིག་འདུག་པ་དེ་སྐྲ་རིང་པོ་རིང་པོར་གྱུར་ནས་དེ་འབྲེག་མཁན་ཀྱི་དྲུང་དུ་སོང་སྟེ། བུ་སྐྲ་རེགས་ཤིག །ཁྱོད་ལ་བསོད་ནམས་སུ་འགྱུར་རོ་ཞེས་བྱས་པ་དང་། དེས་བསམས་པ། ཇི་ལྟར་ཤཱཀྱའི་བུའི་དགེ་སྦྱོང་དག་ནན་ཆེ་བ་དེ་ལྟར་འདི་དག་ཀྱང་རྔན་པ་མེད་པར་ལས་བྱེད་དུ་འཇུག་སྟེ། གལ་ཏེ་འདིའི་སྐྲ་བྲེགས་ན་གཞན་དང་གཞན་དག་ཀྱང་འོང་བར་འགྱུར་བས་དུས་རིང་དུ་བཤོལ་ཏེ་བཞག་པ་དང་། འདི་རང་གི་བློས་ལྡོག་པར་འགྱུར་རོ་སྙམ་ནས། དེས་འཕགས་མ་བཞུད་ལ་སང་གནངས་སྔ་དྲོའམ། ཉི་མའི་གུང་ངམ། སླད་དྲོ་སྤྱོན་ཅིག་ཅེས་དུས་བཏབ་པོ། །དེ་དེས་བསླུས་པས་ཡང་དང་ཡང་དུ་འགྲོ་བ་དང་། དེའི་སྨོས་འདྲིན་དགེ་སློང་མ་ཞིག་ཡོད་པ་དེས་དེ་ཡང་དང་ཡང་དུ་འགྲོ་བ་མཐོང་ནས། དེས་སྨྲས་པ། འཕགས་མ་ཁྱོད་ཅིའི་ཕྱིར་འདིར་ཡང་དང་ཡང་དུ་འགྲོ། ཅི་འདི་ཁྱོད་ཀྱི་ཉེ་དུའི་ཁྱིམ་མམ། རིགས་ཀྱི་ཁྱིམ་ཡིན། དེས་སྨྲས་པ། འཕགས་མ་འདི་ནི་བདག་གི་ཉེ་དུའི་ཁྱིམ་ཡང་མ་ཡིན། རིགས་ཀྱི་ཁྱིམ་ཡང་མ་ཡིན་མོད་ཀྱི་འོན་ཀྱང་བདག་གི་སྐྲ་རིང་པོ་རིང་པོར་གྱུར་ནས་བདག་གིས་འབྲེག་མཁན་འོ་ནི་ལ་བུ་བདག་གི་སྐྲ་རིང་པོ་རིང་པོ་བྲེགས་ཤིག་དང་། ཁྱོད་ལ་བསོད་ནམས་སུ་འགྱུར་རོ་ཞེས་བྱས་ན་དེས་མ་བྲེགས་ཏེ་དུས་བཏབ་པོ། །དེས་སྨྲས་པ། འཕགས་མ་ཁྱོད་ཀྱིས་བཟོ་བོ་ལ་བདེན་པར་སྨྲ་བ་དཀོན་པར་མ་ཐོས་སམ། ཁོ་མོ་ནི་སྐྲ་འབྲེག་མཁས་ན་འོན་ཀྱང་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེས་སྐབས་དེ་དགེ་སློང་མ་རྣམས་ལ་བསྙད་པ་དང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལའོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་གང་ཞིག་མཁས་པ་དེས་ཕྱོགས་དབེན་པར་སྐྲ་བྲེག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གང་ཞིག་མཁས་པ་དེས་ཕྱོགས་དབེན་པར་སྐྲ་བྲེག་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་མ་དེ་དགེ་སློང་མ་དེའི་དྲུང་དུ་སོང་སྟེ།


DKG010_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་བཅོམ་ལྡན་འདས་ཀྱིས་གནང་གིས་ཚུར་སྤྱོན་སྐྲ་རེགས་ཤིག །དེས་སྨྲས་པ། འཕགས་མ་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་ལེགས་ན། དེ་ཅིའི་སོར་མོས་བྲེག་གམ། འདི་ལ་སྤུ་གྲི་དང་། བདར་དང་། སེན་གྲི་དང་། སྨང་ཚེར་དག་དགོས་སོ། །དེས་སྐབས་དེ་དགེ་སློང་མ་རྣམས་ལ་བསྙད་པ་དང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལའོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་མ་རྣམས་ཀྱིས་དགེ་འདུན་གྱི་ཕྱིར་སྤུ་གྲིའི་སྤྱད་དག་བཅང་བར་བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅྭ་བརྒྱད་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགའ་བོ་རབ་ཏུ་བྱུང་བ་དེའི་ཚེ་དེ་ལ་བཟང་མོས་ཆོས་གོས་བཅགས་ཤིང་རབ་ཏུ་བཅགས་པ་དག་མཉན་ཡོད་དུ་བསྐུར་རོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་ཆོས་གོས་བཅགས་ཤིང་རབ་ཏུ་བཅགས་པ་སར་པ་བ་སོས་ཕྱིས་པ་དག་བགོས། ལྷུང་བཟེད་འཚེར་བ་ཐོགས་ནས་དགེ་སློང་རྣམས་ཀྱི་མདུན་ན་འགྱིང་བག་ཏུ་རློམ་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་ཆོས་གོས་བཅགས་པ་དང་། རབ་ཏུ་བཅགས་པ་དག་གྱོན་པ་ལས་གྱུར་ཏོ་སྙམ་དུ་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྐྱེས་བུ་གཏི་མུག་དགའ་བོ་ཆོས་གོས་བཅགས་ཤིང་རབ་ཏུ་བཅགས་པ་སར་པ་བ་སོས་ཕྱིས་པ་དག་བགོས་ལྷུང་བཟེད་འཚེར་བ་ཐོགས་ནས། དགེ་སློང་རྣམས་ཀྱི་མདུན་དུ་འགྱིང་བག་ཏུ་རློམ་པ་འདི་ནི་མཛེས་པ་མ་ཡིན་ཞིང་འཚམ་པ་མ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་ཆོས་གོས་བཅགས་ཤིང་རབ་ཏུ་བཅགས་པ་དག་བཅང་བར་མི་བྱ་སྟེ། འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་


DKG010_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཆོས་གོས་བཅགས་ཤིང་རབ་ཏུ་བཅགས་པ་དག་བཅང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་དགེ་སློང་རྣམས་ལ་ཆོས་གོས་བཅགས་ཤིང་རབ་ཏུ་བཅགས་པ་དག་འབུལ་བ་ན་དགེ་སློང་རྣམས་ཀྱིས་མ་བླངས་ནས། དེ་དག་གིས་སྨྲས་པ། འཕགས་པ་དག་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་ནི་མུ་སྟེགས་ཅན་རྣམས་སྦྱིན་གནས་ལགས། བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ན་ད་ལྟར་ཁྱེད་སྦྱིན་གནས་ལགས་ན། གལ་ཏེ་ཁྱེད་མི་བཞེས་ན་ཅི་བདག་ཅག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་དགེ་བའི་ལམ་རྒྱགས་མ་མཆིས་པར་མཆིའམ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། དེ་ལྟ་བས་ན་གནང་གིས་བླང་བར་བྱ་ཞིང་བླངས་ནས་འཚེར་བ་ཡལ་བར་བྱས་ཏེ་ཡོངས་སུ་ལོངས་སྤྱོད་པར་བྱའོ། །དེ་དག་གིས་ལག་པས་མཉེས་ནས་ཡལ་བར་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟིལ་པ་ལ་བཞག་སྟེ་ཡལ་བར་བྱའོ། །ཟིལ་པ་ལ་བཞག་སྟེ་ཡལ་བར་བྱས་ན་འོན་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ཡལ་བར་མ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་ནང་དུ་བསུག་པར་བྱའོ། །དགེ་སློང་དག་གིས་ཆུའི་ནང་དུ་བསུགས་ན་འོན་ཀྱང་ཡལ་བར་མ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་བྱས་ཀྱང་མ་ཡལ་ན་ཡོངས་སུ་ལོངས་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་བཞིན་དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་འདུན་ལ་ཆོས་གོས་བཅགས་པ་དང་རབ་ཏུ་བཅགས་པ་དག་ཕུལ་ན་དེ་ལ་ཡང་རིམ་པ་འདི་ཉིད་ཀྱིས་ཡོངས་སུ་ལོངས་སྤྱད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་རྟོག་ཁང་དུ་འདུས་ཤིང་འཁོད་ནས་བར་སྐབས་ཀྱི་གཏམ་འདི་ལྟ་བུ་དག་གླེང་སྟེ། དགེ་


DKG010_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་གཽ་ཏ་མ་བཅོམ་ལྡན་འདས་ཀྱང་བགོ་བཤའ་བྱེད་པའི་རང་བཞིན་ཅན་མ་ཡིན་ལ། དེའི་ཉན་ཐོས་རྣམས་ཀྱང་བགོ་བཤའ་བྱེད་པའི་རང་བཞིན་ཅན་མ་ཡིན་པས། ཉིས་ན་མུ་སྟེགས་ཅན་དག་རུང་གི་དགེ་སྦྱོང་མགོ་རེག་དེ་དག་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་ན་བྲམ་ཟེ་གཅིག་ཅིག་གིས་སྨྲས་པ། ཁོ་བོས་དགེ་སྦྱོང་གཽ་ཏ་མ་བགོ་བཤའ་བྱེད་པའི་རང་བཞིན་ཅན་ཡིན་ནམ། འོན་ཏེ་བགོ་བཤའ་བྱེད་པའི་རང་བཞིན་ཅན་མ་ཡིན། དེའི་ཉན་ཐོས་རྣམས་བགོ་བཤའ་བྱེད་པའི་རང་བཞིན་ཅན་ཡིན་ནམ། འོན་ཏེ་མ་ཡིན་པ་སང་ཁྱེད་ཀྱིས་མངོན་སུམ་དུ་གྱུར་པར་བྱའོ། །དེ་དག་གིས་སྨྲས་པ་ལེགས་ཏེ། དེ་བཞིན་དུ་གྱིས་ཤིག་དང་བལྟའོ། །དེས་རས་ཡུག་ཅིག་ཁྱེར་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དེས་རས་ཡུག་དེ་རྒན་པའི་མཐའ་ལོགས་སུ་བཞག་ནས། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ཏེ། འཕགས་པ་བདག་གིས་རས་ཡུག་འདི་དགེ་འདུན་ལ་ཕུལ་གྱིས་ཅི་བདེར་མཛོད་ཅིག་ཅེས་བྱས་པ་དང་། དེ་ལ་དགེ་འདུན་གྱི་གནས་བརྟན་གྱིས་སྨྲས་པ། བྲམ་ཟེ་ཆེན་པོ་ནད་མེད་པར་གྱུར་ཅིག །སྦྱིན་པ་འདིས་ཁྱོད་ཀྱི་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པ་དང་། ལྷ་དང་མིའི་གོས་དག་ཐོབ་པར་གྱུར་ཅིག་ཅེས་བྱས་པ་དང་། དེས་བཅོས་མར་མགོས་ཕྱག་བྱས་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་རས་ཡུག་འོ་ནི་བྲམ་ཟེས་གླགས་བཙལ་བའི་


DKG010_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཕུལ་གྱིས། དེ་ལྟ་བས་ན་ཁྱེད་ཀྱིས་མཉམ་པར་བགོས་ལ། ལ་ལས་ནི་ཆ་གར་ཐོབ་ཤིག །ལ་ལས་སྒྲོག་གཟུངས་སུ། ལ་ལས་ནི་ལྷན་པར། ལ་ལས་ནི་ཆོས་གོས་ཀྱི་སྒྲོ་གུར་གྱིས་ཤིག་ཅེས་བསྒོ་ཤིག །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱི་ཞལ་ནས་རས་ཡུག་འོ་ནི་བྲམ་ཟེས་གླགས་བཙལ་བའི་ཕྱིར་ཕུལ་གྱིས། དེ་ལྟ་བས་ན་ཁྱེད་ཀྱིས་མཉམ་པར་བགོས་ལ། ལ་ལས་ནི་ཆ་གར་ཐོབ་ཤིག །ལ་ལས་ནི་སྒྲོག་གཟུངས་སུ། ལ་ལས་ལྷན་པར། ལ་ལས་ནི་ཆོས་གོས་ཀྱི་སྒྲོ་གུར་གྱིས་ཤིག་ཅེས་དེ་སྐད་བཀའ་སྩལ་ཏོ། །དགེ་སློང་རྣམས་ཀྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་འཚལ་ལོ་ཞེས་དེ་རྣམས་ཀྱིས་དེ་མཉམ་པར་གསེས། དེ་བཞིན་དུ་བགོས་སོ། །ཇི་ཙམ་ན་བྲམ་ཟེ་ནང་པར་སྔར་ལངས་ནས་མཉན་ཡོད་ཀྱི་སྒོ་ན་འདུག་གོ །དགེ་སློང་དག་ཀྱང་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པར་བརྩམས་པ་དང་། བྲམ་ཟེ་དེས་སྨྲས་པ། འཕགས་པ་བདག་གིས་དགེ་འདུན་ལ་རས་ཕུལ་བ་གང་ལགས་པ་དེ་ཁྱེད་ཀྱིས་ཅིར་བགྱིས། དེ་ན་དགེ་སློང་གཅིག་ཅིག་གིས་སྨྲས་པ། བྲམ་ཟེ་ཆེན་པོ་དགེ་འདུན་གྱིས་མཉམ་པར་གསེས་ནས་བགོས་ཏེ། ཁོ་བོའི་སྐལ་བ་གང་ཡིན་པ་དེ་ནི་ཆ་གར་བཏབ་པ་འདི་ཡིན་ནོ། །གཞན་ཞིག་གིས་སྨྲས་པ། ཁོ་བོའི་ནི་སྒྲོག་གཟུངས་སུ་བཏགས་པ་འདི་ཡིན་ནོ། །གཞན་ཞིག་གིས་སྨྲས་པ། ཁོ་བོའི་ནི་ལྷན་པར་བཏབ་པ་འདི་ཡིན་ནོ། །གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་ཆོས་གོས་ཀྱི་སྒྲོ་གུར་བྱས་པ་འདི་ཡིན་ནོ། །བྲམ་ཟེ་དེས་བསམས་པ། བྲམ་ཟེ་རྣམས་ཤཱཀྱའི་བུའི་དགེ་སྦྱོང་རྣམས་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་མ་ཡིན་ནོ་ཞེས་ཟེར་བ་ནི་གྱི་ན་ཞིག་བརྡོལ་ཏེ། བདག་ཉིད་ཆེན་པོ་འདི་དག་ནི་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་པས་འདི་དག་ཁོ་ནའི་ནང་དུ་རབ་ཏུ་འབྱུང་ངོ་སྙམ་ནས། དེ་དད་པ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་ན་བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་


DKG010_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་ལེགས་སོ། །ཁྱོད་ཀྱིས་སེམས་བསྐྱེད་པ་ནི་བཟང་སྟེ། རབ་ཏུ་འབྱུང་བ་ནི་མཆོག་གོ །ཕན་ཡོན་ལྔ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་ཏེ། ལྔ་གང་ཞེ་ན། བདག་གིས་རང་གི་དོན་མ་འདྲེས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །བདག་གང་དག་གི་བྲན་དང་མངག་གཞུག་པ་དང་། བསྒོ་བ་བཞིན་བྱེད་པ་དང་། རང་དབང་མེད་པ་དང་། དགའ་མགུར་བྱེད་པ་དེ་དག་གི་ཡང་མཆོད་པར་བྱ་བ་དང་། བསྔགས་པར་བྱ་བར་འགྱུར་རོ་ཞེས་བྱ་བར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །གྲུབ་པ་དང་བདེ་བ་བླ་ན་མེད་པ་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ་ཞེས་བྱ་བ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །བདག་གྲུབ་པ་དང་བདེ་བ་བླ་ན་མེད་པ་མྱ་ངན་ལས་འདས་པ་ཐོབ་པ་ལས་ཉམས་ཀྱང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དམ་པ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་རབ་ཏུ་བྱུང་བ་རྣམ་གྲངས་དུ་མར་བསྔགས་སོ་ཞེས་བྱ་བར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ། །དེ་ལྟ་བས་ན་ལེགས་ཀྱིས་རབ་ཏུ་བྱུང་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཞེས་བྱ་བས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་ནས་གདམས་ངག་གནང་བ་དང་། དེས་འབད་བརྩལ་བསྒྲིམས་པས་འཁོར་བའི་འཁོར་ལོ་གཡོ་བ་དང་མི་གཡོ་བ་ཆ་ལྔ་པ་འདི་ཉིད་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་ལྟུང་བ་དང་འགྱེས་པ་དང་། འཇིག་པའི་ཆོས་ཉིད་ཀྱིས་འཇོམས་པར་རྟོགས་ཏེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ། སེམས་བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་


DKG010_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མཐིལ་དུ་མཉམ་པ། སྟེའུ་དང་ཙན་དན་དུ་མཚུངས་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་དྲལ་བ། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དུ་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་དང་རྗེད་པ་དང་གུས་པར་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཚོད་ཟིན་པ་ལ་ཕན་ཡོན་འདི་དང་། གཞན་དག་ཀྱང་ཡོད་དོ། །དགེ་སློང་དག་དེ་ལྟ་བས་ན་ཟས་ཀྱི་རྙེད་པ་ཞིག་བྱུང་ན། འུ་སུའི་ལོ་མ་ཙམ་དུ་ཡང་མཉམ་པར་བྱས་ཏེ་བགོ་བར་བྱའོ། །གོས་ཀྱི་རྙེད་པ་ཞིག་བྱུང་ན་མར་མེའི་སྙིང་པོ་ཙམ་དུ་ཡང་མཉམ་པར་བྱས་ཏེ་བགོ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་གཙང་སྦྲ་འདོད་པ་ཞིག་རབ་ཏུ་འབྱུང་བར་འདོད་པ་དེས་བསམས་པ། གང་ཞིག་གི་གཙང་སྦྲས་བདག་གི་སེམས་རངས་པ་དེའི་བསྟན་པ་ལ་བདག་རབ་ཏུ་འབྱུང་ངོ་སྙམ་ནས་དེས་མུ་སྟེགས་ཅན་གྱི་གནས་དེ་དག་བྱུལ་ན། དེ་དག་གིས་གཙང་སྦྲས་དེའི་སེམས་མ་རངས་སོ། །དེས་བསམས་པ། བདག་གིས་མུ་སྟེགས་ཅན་ཐམས་ཅད་བགམས་ན་གང་གིས་ཀྱང་བདག་གི་སེམས་མ་རངས་ཀྱིས། ད་ནི་ཤཱཀྱའི་བུའི་དགེ་སྦྱོང་དག་ལུས་པས་སོང་སྟེ་དེ་དག་བགམ་པར་བྱའོ་སྙམ་ནས་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་རིལ་བ་ཐོགས་ཏེ་ཕྱི་རོལ་དུ་ཆབ་ཁུང་སར་ཆས་པ་མཐོང་ནས་དེས་བསམས་པ། དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་ཀྱི་མཆོག་འདི་ཡིན་པས་རེ་ཞིག་འདི་ཁོ་ན་གཙང་སྦྲ་ཇི་ལྟར་བྱེད་པ་བལྟའོ་སྙམ་མོ། །དེ་དེའི་ཕྱི་བཞིན་འབྲང་ཞིང་སོང་བ་དང་། དགྲ་བཅོམ་པ་རྣམས་ནི་མ་བསམས་པར་ཡེ་ཤེས་མཐོང་བ་མི་འཇུག་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་པ་ལ་ཞུགས་ཏེ། བྲམ་ཟེ་འདི་ཅིའི་ཕྱིར་བདག་གི་ཕྱི་བཞིན་འབྲང་སྙམ་ན་ཇི་ཙམ་ན་གཙང་སྦྲ་འདོད་པར་མཐོང་ངོ་། །ཡང་བསམ་པ་ལ་ཞུགས་


DKG010_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཅི་འདི་ལ་དགེ་བའི་རྩ་བ་འགའ་ཞིག་ཡོད་དམ་འོན་ཏེ་མེད་སྙམ་ན་ཡོད་པར་མཐོང་ངོ་། །སུ་ལ་རག་ལས་སྙམ་ན་བདག་ཁོ་ན་ལ་ཡིན་པར་མཐོང་ངོ་། །དེས་བསམས་ནས། ལྷམ་ཕུད། ཆོས་གོས་དག་བཞག་སྟེ། དེ་ནས་ཕྱོགས་གཅིག་ཏུ་ས་ཕུང་བུ་བདུན་བཞག །གཞན་ཞིག་ཏུ་བདུན། གཞན་ཞིག་ཏུ་ཡང་སའི་ཕུང་བུ་གཉིས་བཞག་གོ །དེ་ནས་ས་ཕུང་བུ་གསུམ་ཞིག་ཁྱེར་ནས་ཅི་ནས་བྲམ་ཟེ་དེས་མཐོང་བ་དེ་ལྟར་བཤང་བ་བྱ་བར་བརྩམས་སོ། །དེ་ནས་བཤང་ས་ཟིན་ནས་ས་ཕུང་གཅིག་གིས་རྐུབ་ཕྱིས། གཉིས་ཀྱིས་ཁྲུས་བྱས་སོ། །དེ་ནས་དལ་གྱིས་ལངས་ནས་ཕྱོགས་དེར་འོངས་ཏེ་ཕྱིན་ནས་ལག་པ་གཡོན་པས་ས་ཕུང་བུ་བདུན་གྱིས་ཁྲུས་བྱས་སོ། །དེ་ནས་གཉི་གས་ཕུང་བུ་བདུན་གྱིས་ཁྲུས་བྱས་སོ། །དེ་ནས་ས་ཕུང་བུ་གཅིག་གིས་དཔུང་པ་མན་ཅད་བཀྲུས་སོ། །ལག་པ་དག་བཀྲུས་ནས་གཉིས་པས་རིལ་བ་དག་བཀྲུས་སོ། །དེ་ནས་དལ་གྱིས་ལངས་ཏེ་སྤྱོད་ལམ་ཞི་བས་ཆོས་གོས་བགོས་ནས་རྐང་པ་དག་བཀྲུས་པ་དང་། བྲམ་ཟེ་དེས་མཐོང་ནས་མངོན་པར་དད་པར་གྱུར་ཏེ། དེས་བསམས་པ། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་སའི་ཕུང་བུ་གཅིག་ནི་མཆོག་ཡིན་གྱི་མུ་སྟེགས་ཅན་རྣམས་ཀྱི་བརྒྱ་ཡང་དེ་ལྟ་མ་ཡིན་ནོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་ལ་གཏུགས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཤཱ་རིའི་བུ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ན། བདག་འཕགས་པ་ཤཱ་རིའི་བུའི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ། །ཤཱ་རིའི་བུས་སྨྲས་པ། བྲམ་ཟེ་ལེགས་སོ། །ཁྱོད་ཀྱིས་སེམས་བསྐྱེད་པ་ནི་བཟང་སྟེ། རབ་ཏུ་འབྱུང་བ་ནི་མཆོག་གོ །བཅོམ་ལྡན་འདས་ཀྱིས་ཀྱང་ཕན་ཡོན་ལྔ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་ཏེ་ཞེས་བྱ་བ་ནས། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དམ་པ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་རབ་ཏུ་བྱུང་བ་རྣམ་གྲངས་དུ་མར་བསྔགས་


DKG010_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་བྱ་བར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ཁོ་ནར་མོས་པར་བྱ་བའི་རིགས་སོ་ཞེས་གསུངས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། ། དེ་ལྟ་བས་ན་ལེགས་ཀྱིས་རབ་ཏུ་ཕྱུང་ཤིག །དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ཏེ་གདམས་ངག་བྱིན་པ་དང་། དེས་འབད་བརྩལ་བསྒྲིམས་པས་འཁོར་བའི་འཁོར་ལོ་གཡོ་བ་དང་མི་གཡོ་བ་ཆ་ལྔ་པ་འདི་ཉིད་རིག་ནས་ཞེས་བྱ་བ་ནས། གུས་པར་སྨྲ་བར་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ། སངས་རྒྱས་བཅོམ་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུས་གཙང་སྦྲས་བྲམ་ཟེ་འདི་དད་པར་བགྱིས་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ། གྲུབ་པ་དང་བདེ་བ་བླ་ན་མེད་པ་ཤིན་ཏུ་མཐར་ཐུག་པ་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་ལྟར་འདས་པའི་དུས་ན་ཡང་འདིས་འདི་རྐུན་པོ་ལས་བཟློག་སྟེ་བརྟུལ་ཞུགས་ཀྱི་གནས་ལྔ་ལ་བཞག་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་བྲགས་ཤིག་ན་བྲམ་ཟེ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ་ཞིག་བཙས་ཏེ། དེ་བཙས་སྟོན་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་རྒྱ་ཆེར་བྱས་ནས། རིགས་དང་མཐུན་པའི་མིང་བཏགས་སོ། །དེ་བསྐྱེད་བསྲིངས་ཏེ་ཆེན་མོར་གྱུར་པ་དང་། རེ་ཞིག་ཅིག་ན་རི་བྲགས་དེར་རྐུན་པོ་ལྔ་བརྒྱ་ཞིག་འཇོམས་འདོད་ཅིང་ལྷགས་སོ། །དེ་དག་གི་སྡེ་དཔོན་གང་ཡིན་པ་དེ་སྐོམ་པས་གདུངས་ནས་བྲམ་ཟེ་དེའི་ཁྱིམ་དུ་ཞུགས་པ་དང་། ཇི་ཙམ་ན་བུ་མོ་དེ་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། བུ་མོ་ཆུ་བྱིན་ཅིག། དེས་སྨྲས་པ། རེ་ཞིག་ཅུང་ཞིག་གཞེས་ཤིག །དེ་ཅང་མི་སྨྲ་བར


DKG010_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

་འདུག་གོ །དེས་མྱུར་བ་མྱུར་བར་མར་མེ་བུས་པ་དང་། རྐུན་པོའི་སྡེ་དཔོན་བུ་མོ་དེ་ལ་མིག་གཏད་དེ་རྟོག་གོ །བུ་མོ་དེ་མར་མེ་བུས་ནས་ཆུ་ལ་ལྟ་བ་དང་། རྐུན་པོའི་སྡེ་དཔོན་གྱིས་སྨྲས་པ། བུ་མོ་ཅི་ལ་ལྟ། དེས་སྨྲས་པ། ཆུ་ལ་ལྟའོ། །དེས་སྨྲས་པ། དེ་ལ་བལྟར་ཅི་ཡོད། དེས་སྨྲས་པ། འདིར་སྦུར་མའམ་སྐྲ་སོང་དུ་འོང་བས་སོ། །དེས་སྨྲས་པ། བུ་མོ་ཁོ་བོ་ནི་ཁྱེད་ལ་གནོད་པ་བྱ་བའི་ཕྱིར་ཞུགས་པ་ཡིན་པས་ཁོ་བོ་ལ་དུག་བླུད་པར་བྱ་བ་ཡིན་ན་ཁྱོད་ཀོ་དེ་སྐད་སྨྲས་པ་ལྟ་ཞིག །དེས་ཚིགས་སུ་བཅད་དེ་སྨྲས་པ། གཞན་གྱི་ནོར་འཕྲོག་གཡོན་ཅན་གྱིས། །བྱ་བ་གང་དེ་རྐུན་པོ་རྣམས། །བྱེད་དམ་འོན་ཏེ་མིན་ཡང་རུང་། །བདག་གིས་ཆོས་ནི་རྟག་བསྲུང་བྱ། །དེ་ཤིན་ཏུ་དགའ་ནས་སྨྲས་པ། བུ་མོ་ཁྱོད་བདག་གི་སྲིང་མོར་བྱ་ན་ཅི་ཞིག་བྱ་སྨྲོས་ཤིག །དེས་སྨྲས་པ། ཁྱོད་གཞན་གྱི་ནོར་ལ་མངོན་པར་ཆགས་པ་བསྐྱེད་པས་མདས་གནད་དུ་བསྣུན་ནས་དུས་བྱས་པར་གྱུར་ན། བདག་མིང་པོ་དང་བྲལ་བའི་སྡུག་བསྔལ་གྱིས་ཉམ་ཐག་ཅིང་ཆོ་ངེས་འདེབས་ན་དགའ་བར་མི་འགྱུར་བས་རྐུན་པོ་བྱེད་པའི་མིང་པོ་གང་ཡིན་པ་དེ་ལྟ་བུ་ནི་བདག་ལ་མི་དགོས་སོ། །དེ་ལྟ་བས་ན་གལ་ཏེ་ཁྱོད་ཀྱིས་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་ལེན་ནུས་ན་དེ་ལྟ་ན་བདག་གིས་ཁྱོད་ཀྱི་སྲིང་མོ་བྱའོ། །དེས་མི་འདོད་བཞིན་དུ་ཚིག་ཡིད་དུ་འོང་བ་སྙན་པའི་ཚུལ་གྱིས་སྨྲས་པ་དང་། དེས་དེ་སྲིང་མོ་བྱ་བར་ཤིན་ཏུ་དགའ་ཞིང་འདོད་པར་གྱུར་ཏེ། དེས་སྨྲས་པ། སྲིང་མོ་ལེགས་ཏེ་དེ་བཞིན་དུ་བྱའོ། །དེས་དེ་ཆོམ་རྐུན་ལས་བཟློག་སྟེ་བརྟུལ་ཞུགས་ཀྱི་གནས་ལྔ་ལ་བཞག་གོ །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ཀྱི་རྐུན་པོའི་སྡེ་དཔོན་དེ་ནི་བྲམ་ཟེ་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྲམ་ཟེའི་བུ་མོ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་འདིས་དེ་རྐུན་པོ་ལས་བཟློག་སྟེ་བསླབ་པའི་གཞི་ལྔ་ལ་བཞག་གོ །ད་ལྟར་ཡང་འདི་གཙང་སྦྲས་དད་པར་བྱས་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ། གྲུབ་པ་དང་བདེ་བ་བླ་ན་མེད་པ་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་བཞག་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་གཙང་སྦྲ་ལ་


DKG010_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་འདི་དང་གཞན་དག་ཀྱང་ཡོད་དོ། །དེ་ལྟ་བས་ན་ཇི་ལྟར་ཤཱ་རིའི་བུས་བྱས་པ་ལྟར་དགེ་སློང་དག་གིས་རྣམ་པ་དེས་གཙང་སྦྲ་བྱའོ།། །།སྡོམ་ནི། ཆ་ག་གཟུངས་དང་རྔུལ་གཟན་དང་། །དགེ་སློང་མ་ནི་ཟླ་བ་དང་། །གནས་ནི་བཅའ་བ་དྲུག་ལྡན་དང་། །ཁྲི་ལ་གསུམ་ནི་འདུག་བྱ་འོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དག་གིས་དུས་སུ་བགོས་པའི་ཆོས་གོས་རྣམས་མི་བསྲི་བར་སྤྱད་པས་དེ་དག་གི་མཐའ་མའི་སྐུད་པ་རྣམས་ཟེགས་སོ། །སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་ཟེགས་པ་རྣམས་ཀྱི་མཐར་ཆ་ག་གདབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་ཟེགས་པ་རྣམས་ཀྱི་མཐར་ཆ་ག་གདབ་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་ཆ་ག་བཏབ་ནས་སྤྱད་པར་བརྩམས་ན། འོན་ཀྱང་སྐུད་པ་རྣམས་ཟེགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བར་བར་དུ་གཟུངས་གདབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་སྣམ་སྦྱར་ནི་པགས་པ་དང་འདྲ་བར་བསྲུང་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་གཞན་དག་ཅིག་ལ་གོས་སྤྱད་པར་འོས་པ་གཞན་མེད་ནས་དེ་དག་གིས་རྟག་པར་སྣམ་སྦྱར་བགོས་པས། དེ་སོ་ག་ཚ་བའི་དུས་སུ་མཆན་ཁུང་གི་ཕྱོགས་ཀྱི་རྔུལ་ཟགས་པས་དྲི་མ་ཅན་དུ་གྱུར་ཅིང་དེངས་པ་དང་། དྲི་མི་ཞིམ་པར་གྱུར་ནས། སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆན་ཁུང་གི་ཕྱོགས་སུ་རྔུལ་གཟན་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མཆན་ཁུང་གི་ཕྱོགས་སུ་སྣམ་སྦྱར་གྱི་རྔུལ་གཟན་གཞུག་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་རྔུལ་གཟན་ཇི་ལྟ་བུ་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོས་ཆུར་ཁྲུ་ཕྱེད་དང་ངོ་། །ཞེང་དུ་


DKG010_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་གང་གང་ཡིན་པ་དེ་ཕྱོགས་དེར་གཞུག་པར་བྱའོ། །དགེ་སློང་དག་གིས་དྲུབས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲུབ་པར་མི་བྱའོ། །དེ་དྲི་མ་ཅན་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བཀྲུ་ཞིང་ཁ་བསྒྱུར་བར་བྱའོ། །དགེ་སློང་དག་གིས་ངོས་གཅིག་ཏུ་བཅུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངོས་གཉི་གར་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁ་བསྒྱུར་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་ངུར་སྨྲིག་བཙོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངུར་སྨྲིག་ཏུ་བཙོ་བར་མི་བྱའི་བཙག་གིས་ཁ་བསྒྱུར་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་ཟླ་བ་དགུ་འདས་པ་དང་བུ་མོ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་དེའི་མིང་ཟླ་བ་ཞེས་བྱ་བར་བཏགས་ཏེ། དེ་བསྐྱེད་བསྲིངས་ནས་ཆེན་མོར་གྱུར་ཏོ། ། ཇི་ཙམ་དུས་གཞན་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང་། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱས་བསྐོར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་ལེན་དུ་འཇུག་པར་མཛད་ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ།


DKG010_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ་ཅང་མི་གསུང་བར་བཞུགས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དགེ་སློང་གི་འདུལ་བ་བསྟན་ལགས་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། དགེ་སློང་མ་རྣམས་ལ་དགེ་སློང་མའི་འདུལ་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏ་མཱི་དེ་བཞིན་གཤེགས་པ་ཆོས་ཚིག་རེ་ནས་གསུངས་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། ། འོན་ཀྱང་གལ་ཏེ་དགེ་སློང་མ་འགའ་ཞིག་ངས་ལན་གཅིག་བཤད་པ་འཛིན་པར་སྤྲོ་ན་དེ་ལྟར་ན་ངས་བསྟན་པར་བྱའོ། །དེ་ནས་དེའི་ཚེ་དགེ་སློང་མ་ཟླ་བ་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། །དེ་ནས་དགེ་སློང་མ་ཟླ་བ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ལན་གཅིག་བཀའ་སྩལ་པ། བདག་གིས་གཟུང་བར་འཚལ་ན་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་བསྟན་པ་དང་། དེས་ལན་གཅིག་གསུངས་པ་བཟུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་རྣམས་ཀྱི་ནང་ན་ཐོས་པ་འཛིན་པའི་མཆོག་ནི་འདི་ལྟ་སྟེ། དགེ་སློང་མ་ཟླ་བ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཐམས་ཅད་དུ་དགེ་སློང་མ་ཟླ་བའམ། ཟླ་བ་ལྟ་བུ་འབྱུང་བར་མི་འགྱུར་རོ། །དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཀྱང་དགེ་སློང་མའི་འདུལ་བ་བཟུང་ནས་བཅང་བར་བྱ་ཞིང་། དགེ་སློང་མ་རྣམས་ལ་ཡང་བསྟན་པར་བྱ། ཁ་ཏོན་བྱེད་པ་དང་། འདྲི་བར་བྱེད་པ་དག་ལ་ཡང་སྦྱིན་པར་བྱའོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་དགེ་སློང་མ་ཟླ་བ་སང་ལས་དགེ་སློང་མའི་འདུལ་བ་ལན་གཅིག་བཤད་པ་བླངས་མོད་ཀྱི་འོན་ཀྱང་ཐམས་


DKG010_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་དགེ་སློང་མ་ཟླ་བའམ། ཟླ་བ་ལྟ་བུ་མི་འབྱུང་བས་དགེ་སློང་དག་གིས་ཀྱང་དགེ་སློང་མའི་འདུལ་བ་གཟུང་བར་བྱ། བཅང་བར་བྱ་ཞིང་དགེ་སློང་མ་རྣམས་ལ་ཡང་བསྟན་པར་བྱ། ཁ་ཏོན་བྱེད་པ་དང་། འདྲི་བར་བྱེད་པ་དག་ལ་ཡང་སྦྱིན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ལ་བརྟེན་ཅིང་ཚུལ་ཁྲིམས་ལ་གནས་ནས་ཞི་གནས་དང་ལྷག་མཐོང་གི་ཆོས་གཉིས་བསྒོམ་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་མ་ཟླ་བས་འདུལ་བའི་རྗེས་སུ་མཐུན་པར་ཚུལ་ཁྲིམས་ལ་བརྟེན་ཅིང་ཚུལ་ཁྲིམས་ལ་གནས་ནས། བསམ་གཏན་དང་འདོན་པའི་སྦྱོར་བས་འབད་བརྩལ་བསྒྲིམས་པས་འཁོར་བའི་འཁོར་ལོ་གཡོ་བ་དང་མི་གཡོ་བ་ཆ་ལྔ་པ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། འགྱེས་པ་དང་། འཇིག་པའི་ཆོས་ཉིད་ཀྱིས་འཇོམས་པར་རྟོགས་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་མ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། སེམས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཉམ་པ། སྟེའུ་དང་ཙན་དན་དུ་མཚུངས་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་དྲལ་བ། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཐོབ་པ། སྲེད་པ་དང་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་བལྟས་པ། དབང་པོ་དང་ཉེ་དབང་དུ་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། གུས་པར་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་དགེ་སློང་མ་རྣམས་ཀྱི་ནང་ན་ཤེས་རབ་ཆེ་བ་དང་། སྤོབས་པ་ཆེ་བ་དང་། ཐོས་པ་འཛིན་པའི་མཆོག་ནི་འདི་ལྟ་སྟེ། དགེ་སློང་མ་ཟླ་བ་འདི་ཡིན་ནོ། །དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་དགེ་སློང་མ་ཟླ་བས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཤེས་རབ་ཆེ་ཞིང་སྤོབས་པ་ཆེ་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ཐོས་པ་འཛིན་


DKG010_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོག་ཏུ་བསྟན་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་ཟླ་བ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། ལུས་ཅན་རྣམས་ལ་འབྲས་བུར་སྨིན། །ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་དགུ་བཅུ་རྩ་གཅིག་ན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་སྟོན་པ་འཇིག་རྟེན་དུ་བྱུང་སྟེ། དེ་འཁོར་དགེ་སློང་དྲུག་ཁྲི་ཉིས་སྟོང་དང་རྒྱལ་པོའི་ཁབ་གཉེན་ལྡན་དུ་གཤེགས་ཏེ། གཉེན་ལྡན་གྱི་ཚལ་ན་བཞུགས་སོ། ། དེ་ནས་དེའི་ཚེ་རྒྱལ་པོའི་ཁབ་གཉེན་ལྡན་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་ཟླ་བ་དགུ་འདས་ནས་བུ་མོ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་ཏེ། དེ་བསྐྱེད་བསྲིངས་ནས་ཆེན་མོར་གྱུར་པ་དང་། ཁྱིམ་བདག་དེ་དད་པ་ཅན་ཞིག་པས་དགག་དབྱེའི་ཚེ་དེ་ཁྲིད་ནས་དགེ་སློང་མའི་དབྱར་ཁང་དུ་སོང་སྟེ། དེས་དགེ་སློང་མ་རྣམས་ལ་སོ་སོར་ཁབ་དང་གྲི་ལ་སོགས་པའི་ཡོ་བྱད་ཀྱིས་དགེ་སློང་མའི་དགེ་འདུན་ལ་དགག་དབྱེ་བྱེད་དོ། །བུ་མོ་དེས་མཛེས་པར་མཐོང་ནས་དད་པ་སྐྱེས་ཏེ། ཕ་ལ་སྨྲས་པ། ཡབ་བདག་གིས་ཀྱང་ཇི་ཞིག་ཅིག་གིས་དགེ་སློང་མའི་དགེ་འདུན་ལ་དགག་དབྱེ་བགྱིའོ། །ཁྱིམ་བདག་དེས་སྨྲས་པ། བུ་མོ་ལེགས་ཏེ་དེ་བཞིན་དགག་དབྱེ་གྱིས་ཤིག །དེས་


DKG010_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཁབ་དང་། གྲི་དང་། གསེར་དང་། དབྱིག་ལ་སོགས་པ་ཡོ་བྱད་ཀྱི་ཁྱད་པར་དག་གིས་དགེ་སློང་མའི་དགེ་འདུན་ལ་དགག་དབྱེ་བྱས་ཏེ། རབ་ཏུ་དང་བ་དྲག་པོས་རྒན་པའི་མཐའ་ནས་རྐང་པ་ལ་ཕྱག་བྱས་ནས་སྨོན་ལམ་བཏབ་པ། བདག་གིས་སེམས་བསྐྱེད་དེ་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་ཤེས་རབ་ཆེ་ཞིང་སྤོབས་པ་ཆེ་བ་དང་། ཐོས་པ་འཛིན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཁྱིམ་བདག་གི་བུ་མོ་གང་ཡིན་པ་དེ་ནི་དགེ་སློང་མ་ཟླ་བ་འདི་ཉིད་ཡིན་ཏེ། འདིས་གང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་དགེ་སློང་མའི་དགེ་འདུན་ལ་ཁབ་དང་། གྲི་དང་། གསེར་དང་། དབྱིག་ལ་སོགས་པ་ཡོ་བྱད་ཀྱི་ཁྱད་པར་དག་གིས་དགག་དབྱེ་བྱས་ནས། བདག་གིས་སེམས་བསྐྱེད་ཅིང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་བདག་ཤེས་རབ་ཆེ་ཞིང་སྤོབས་པ་ཆེ་བ་དང་། ཐོས་པ་འཛིན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེའི་ལས་ཀྱི་རྣམ་པར་སྨིན་པས་ད་ལྟར་ཤེས་རབ་ཆེ་ཞིང་སྤོབས་པ་ཆེ་བ་དང་། ཐོས་པ་འཛིན་པར་གྱུར་ཏོ། །ཡང་བཅོམ་ལྡན་འདས་འོད་སྲུང་གི་གསུང་རབ་ལས་རབ་ཏུ་བྱུང་བར་གྱུར་ཏེ། དེས་དེ་ན་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་འགའ་ཡང་ཐོབ་པར་མ་གྱུར་ཏོ། །མཁན་པོ་གང་ལས་རབ་ཏུ་བྱུང་བ་དེ་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པའི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་འདི་ལྟར་བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་གི་སྤྱན་སྔར་ཚེ་གཅིག་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་འགའ་ཡང་ཐོབ་པར་མ་གྱུར་གྱིས། བདག་དགེ་བའི་རྩ་བ་འདིས་གང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་


DKG010_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཇི་ལྟར་བདག་གི་མཁན་པོ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པའི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་ཐོས་པ་འཛིན་པའི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེའི་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་ཐོས་པ་འཛིན་པའི་མཆོག་ཏུ་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་དག་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག །གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་ཞེས་བྱ་བ་ནས། བརྩལ་བར་བྱ་སྟེ། དགེ་སློང་དག་གིས་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་གཞོན་ནུ་ཞིག་དགེ་སློང་ཞིག་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་མཉན་ཡོད་དུ་ཕྱིན་ནས་དགེ་སློང་དེ་ནི་རི་དགས་འཛིན་གྱི་མའི་ཁང་བཟངས་སུ་སོང་། གཞོན་ནུ་དེ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དེས་དགེ་སློང་ཞིག་ལ་གནས་བཅས་ནས་དེ་དེའི་ཐད་ན་ཅུང་ཟད་ཅིག་འདུག་ནས་སྨྲས་པ། བདག་གིས་འཕགས་པ་གཙུག་ལག་ཁང་ཆེ་གེ་མོ་ཞིག་ཏུ་ལྷུང་བཟེད་དང་ཆོས་གོས་བཞག་སྟེ་མཆིས་ལ་དེ་བླངས་ནས་སླར་མཆིའོ། །དེས་སྨྲས་པ། བུ་སོང་ལ་མྱུར་དུ་ཤོག་ཤིག །དེས་སྨྲས་པ། སློབ་དཔོན་བདག་དེ་ན་ཅི་ཞིག་བགྱིད་དེ། བདག་མྱུར་དུ་མཆིས་པར་བགྱིའོ་ཞེས་རྐང་པ་ལ་ཕྱག་བྱས་ཏེ་སོང་ནས་རིམ་གྱིས་གཙུག་ལག་ཁང་དེར་ཕྱིན་ནོ། །ཇི་ཙམ་ན་དགེ་འདུན་དག་གིས་གཙུག་ལག་ཁང་དེར་གནས་མེད་པར་ནུབ་གཅིག་ཀྱང་མི་གནས་པར་ཁྲིམས་སུ་བྱ་བ་བཅས་སོ། །དེས་ཁྲིམས་བཞིན་དུ་དགེ་སློང་ཞིག་ལ་གནས་བཅས་ནས་དེ་ནུབ་མོ་ཉལ་ལོ། །ནམ་ནངས་ནས་བསམས་པ། བདག་སོང་ལ་སློབ་དཔོན་དེ་བལྟའོ་སྙམ་ནས་དེའི་གནས་ཁང་དུ་སོང་སྟེ། སྒོ་ལ་


DKG010_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བརྡབས་ཏེ་སློབ་དཔོན་ཕྱག་འཚལ་ལོ། །ཁམས་བདེའམ་ཞེས་བྱས་པ་དང་། བུ་བདག་ན་སྟེ་མི་བདེའོ། །དེ་འདི་སྙམ་དུ་བདག་སློབ་དཔོན་ན་བ་བོར་ཏེ་འགྲོ་བ་གང་ཡིན་པ་ནི་བདག་གི་ཚུལ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དེའི་ཕྱིར་གཅིག་གིས་གཅིག་བསྟང་ཞིང་ན་བའི་ནད་གཡོག་བྱ་བའི་ཕྱིར་གནས་བཅའ་བར་གནང་བས་དེའི་ཕྱིར་དེའི་ནད་གཡོག་བྱས་ཏེ་སོས་ནས་འགྲོ་བར་བསམས་སོ། །དེས་དེའི་གཡོག་བྱས་ནས་སོས་པར་གྱུར་པ་དང་། དེས་སྨྲས་པ། སློབ་དཔོན་མཁྱེན་པར་མཛོད་ཅིག་མཆིའོ། །དེས་སྨྲས་པ། བུ་ཅུང་ཟད་མི་བདེ་བ་ལྟ་མེད་གྲང་། སློབ་དཔོན་མི་བདེ་བ་ནི་ཅུང་ཟད་ཀྱང་མ་མཆིས་ན་འོན་ཀྱང་བདག་འདིར་གནས་སུ་མཆིས་པ་མ་ལགས་ཀྱི་བདག་གིས་ཆོས་གོས་དང་ལྷུང་བཟེད་བཞག་པ་ལེན་དུ་མཆིས་པ་ལས་དགེ་འདུན་གྱི་གནས་མེད་པར་ནུབ་གཅིག་ཀྱང་མི་གནས་པར་ཁྲིམས་སུ་བྱ་བ་བཅས་སོ། །དེའི་སླད་དུ་བདག་གིས་ཁྲིམས་བཞིན་དུ་གནས་བཅས་པ་དང་། ཁྱོད་ན་བར་གྱུར་ནས་བདག་གིས་བསམས་པ། བདག་སློབ་དཔོན་བོར་ནས་འགྲོ་བ་གང་ཡིན་པ་ནི་བདག་གི་ཚུལ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དེའི་ཕྱིར་གཅིག་གིས་གཅིག་བསྟང་ཞིང་ན་བའི་ནད་གཡོག་བྱ་བའི་ཕྱིར་གནས་བཅའ་བར་གནང་བས་དེའི་ཕྱིར་ནད་གཡོག་བྱས་ལ་སོས་ན་འགྲོའོ་སྙམ་པ་ལས། ད་ནི་ཁྱོད་སོས་པར་གྱུར་པས་མཁྱེན་པར་མཛོད་ཅིག་མཆིའོ། །ཚེ་དང་ལྡན་པ་ལེགས་སོ་ལེགས་སོ། །ཁྱོད་ཇི་ལྟར་ཞུགས་པ་དེ་ལྟར་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་མཁན་པོ་དང་སློབ་དཔོན་དག་ལ་བསྒྲུབ་པར་བྱའོ། །ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་མཁན་པོ་དང་། སློབ་དཔོན་དག་ལ་དེ་ལྟར་སྒྲུབ་ན་ཇི་ལྟར་ཨུཏྤལ་ཆུ་ནས་འབྱུང་བ་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བར་འགྱུར་རོ། ། སྐྱེས་བུ་དམ་པ་ཁྱོད་བག་ཡོད་པར་བྱོས་ལ་སོང་ཤིག །དེས་དེ་ལ་ཕྱག་བྱས་ནས་རིམ་གྱིས་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། དེའི་སློབ་དཔོན་གྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་ན། ཅི་སྟེ་རིང་ཞིག་ཐོགས་


DKG010_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོངས། དེས་ཇི་ལྟར་གྱུར་པ་སྨྲས་སོ། །དེས་སྨྲས་པ། ཚེ་དང་ལྡན་པ་ལེགས་སོ་ལེགས་སོ། །ཁྱོད་ཇི་ལྟར་ཞུགས་པ་དེ་ལྟར་གནས་པ་དང་ཉེ་གནས་དག་གིས་མཁན་པོ་དང་། སློབ་དཔོན་དག་ལ་བསྒྲུབ་པར་བྱའོ། །དེ་ལྟར་བསྒྲུབས་ན་ཇི་ལྟར་ཨུཏྤལ་ཆུ་ནས་འབྱུང་བ་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བར་འགྱུར་རོ། །དགེ་སློང་དེ་འགྱོད་པ་སྐྱེས་ཏེ། འདིའི་གནས་དེ་ཉིད་ཀྱིས་ཆོག་གམ། འོན་ཏེ་གཞན་ཞིག་སྦྱིན་དགོས་སྙམ་ནས་དེས་སྐབས་དེ་དགེ་སློང་དག་ལ་སྨྲས་ཏེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེས་རེ་ཞིག་པའི་གནས་བཅས་པར་ཟད་དེ། དེ་ལྟ་བས་ན་དེའི་གནས་དེ་ཁོ་ནས་ཆོག་གི་གཞན་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་སྤོང་བ་པ་ཞིག་ལ་དགེ་སློང་གཞོན་ནུ་ཞིག་གིས་གནས་བཅས་པ་དང་། དེ་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་གདམས་ངག་མ་བྱིན་ཞིང་རྗེས་སུ་མ་བསྟན་པ་བས་ནི་ཤན་པ་བྱེད་ཀྱང་བླའོ་ཞེས་གསུངས་ཏེ། འདི་ལྟར་ཉེ་གནས་ཀྱང་དེ་བཞིན་དུ་སློབ་མ་ཡིན་ན། བདག་ཀྱང་སྤོང་བ་པ་ཞིག་པས་འདི་གང་ཞིག་སྦྱིན་པར་བྱེད་པ་འགའ་ཞིག་ལ་གཏད་དོ་སྙམ་བསམས་ནས་དེ་དགེ་སློང་ཞིག་གི་ཐད་དུ་སོང་ནས་ཚེ་དང་ལྡན་པ་གཞོན་ནུ་འདི་བསླབ་པར་གྱིས་ཤིག །དེས་སྨྲས་པ། གལ་ཏེ་ཁྱོད་བདག་གི་གཡོག་བྱེད་ན་དམ་བཅས་ཏེ་བསླབ་པར་བྱའོ། །དེས་སྨྲས་པ། བསླབ་ཏུ་གསོལ་བགྱིའོ། །དེས་དེ་བསླབ་པར་བརྩམས་སོ། །དུས་གཞན་ཞིག་ན་དེ་ན་བར་གྱུར་ནས་གནས་བཅས་པའི་སློབ་དཔོན་དེས་དེའི་ནད་གཡོག་བྱས་སོ། །ཇི་ཙམ་དུས་གཞན་ཞིག་ན་གནས་བཅས་པའི་སློབ་དཔོན་དེ་ན་བར་གྱུར་ན། དེས་དེ་སླར་མ་བལྟས་ཤིང་དེ་བཞིན་དུ་ལན་གསུམ་གྱི་བར་དུ་ཡང་མ་བལྟས་ནས། དེས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་གཞན་ཞིག་གི་དྲུང་དུ་སོང་ལ་གནས་ཆོས་ཤིག །དེས་སྨྲས་པ། འཕགས་


DKG010_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདག་ཁྱོད་ཁོ་ནའི་དྲུང་དུ་མཆིས་ཏེ། བདག་ལ་ཕོངས་པ་ཅུང་ཟད་ཀྱང་མ་མཆིས་སོ། །དེས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ལ་ཕོངས་པ་མེད་པ་ནི་བདེན་ན། འོན་ཀྱང་ཁོ་བོ་ཕོངས་ཏེ་ཁྱོད་ན་བར་གྱུར་པ་ན་ངས་ཁྱོད་ཀྱི་ནད་གཡོག་བྱས་ན་ང་ལན་གསུམ་གྱི་བར་དུ་ན་བར་གྱུར་པ་ན་ཅི་སྟེ་ཁྱོད་ཀྱིས་ང་ལ་སླར་མ་བལྟས་ཀྱིས་སོང་ལ་གང་ཞིག་ཁྱོད་འདྲ་བའི་མ་གུས་པ་ལ་གནས་སྟེར་བ་དེ་ལ་གནས་ཆོས་ཏེ་འདུག་ཤིག །དེས་སྤོབས་པ་མེད་དེ་ཅང་མི་ཟེར་བར་འདུག་ནས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་པས་སློབ་དཔོན་ལ་རིམ་གྲོ་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་ཀློག་པའི་སློབ་དཔོན་ན་བར་གྱུར་ན་དེས་སླར་མ་བལྟས་ཀྱི་གང་གི་ཚེ་སོས་པར་གྱུར་པ་དེའི་དྲུང་དུ་སོང་སྟེ་དེས་སྨྲས་པ། སློབ་དཔོན་བདག་ལ་ལུང་ཕོག་ཤིག །དེས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོ་ན་བ་ན་ཁྱོད་ཀྱིས་རེས་འགའ་ཡང་སླར་མ་བལྟས་ཀྱིས་ཁྱོད་སོང་ལ་གང་ཞིག་ཁྱོད་ལྟ་བུ་མ་གུས་པ་ལ་ཀློག་ཏུ་འཇུག་པ་དེ་ལས་ལྷོགས་ཤིག །དེས་སྤོབས་པ་མེད་དེ་ཅང་མི་ཟེར་བར་འདུག་ནས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀློག་པའི་སློབ་དཔོན་ལ་རིམ་གྲོ་བྱའོ། །བཅོམ་ལྡན་འདས་ཀྱིས་ཀློག་པའི་སློབ་དཔོན་ལ་རིམ་གྲོ་བྱའོ་ཞེས་གསུངས་པ་དང་། ཇི་ཙམ་དུས་གཞན་ཞིག་ན་ཀློག་པའི་སློབ་དཔོན་དང་། གནས་ཀྱི་སློབ་དཔོན་དེ་གཉི་ག་ན་བར་གྱུར་ནས་དེས་གང་གི་རིམ་གྲོ་བྱ་བ་མི་ཤེས་ནས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ནུས་ན་གཉིས་ཀའི་བྱའོ། །ཇི་སྟེ་མི་ནུས་ན་གནས་ཀྱི་སློབ་དཔོན་ལ་བྱ་སྟེ་འདི་ལྟར་ཀློག་པ་མེད་པར་ནི་འདུག་ཏུ་རུང་གི་གནས་པ་མེད་པར་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རབ་ཏུ་འབྱུང་བར་འདོད་པ་ཞིག་དགེ་སློང་ཞིག་གི་དྲུང་དུ་


DKG010_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་དང་། དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ཏེ་ལྗོངས་རྒྱུ་ཞིང་སོང་ངོ་། །ལྷན་ཅིག་གནས་པ་དེ་ལ་ཟང་ཟིང་གིས་བསྡུ་བ་ནི་བྱས་ན། ཆོས་ཀྱིས་མ་བྱས་པས་དེ་གཞན་ཞིག་ལ་གནས་ཏེ་འདུག་གོ །བཅོམ་ལྡན་འདས་ཀྱིས་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་ཞེས་གསུངས་པས་དེས་དེ་ལ་ཆོས་དང་ཟང་ཟིང་དག་གིས་ཀྱང་སྡུད་པས་དེ་སློབ་དཔོན་དེ་ལ་རྟག་ཏུ་ལྟ་ཞིང་སེམས་ལ་འཛིན་ཏོ། །ཇི་ཙམ་དུས་གཞན་ན་དེའི་མཁན་པོ་ཅི་འདོད་པར་ལྗོངས་བརྒྱུས་ནས་སླར་མཉན་ཡོད་དུ་ཕྱིན་པ་དང་དེ་མཐོང་ནས་ཚངས་པ་མཚུངས་པར་སྤྱོད་པ་གསར་བུ་གང་དག་ཡིན་པ་དེ་དག་ནི་སྟན་ལས་ལྡང་བར་བྱེད། གང་དག་རྒན་པ་དེ་དག་གིས་ནི་འོངས་པ་ལེགས་སོ་ཞེས་བྱ་བའི་ཀུན་ཏུ་སྤྱོད་པས་ཀུན་ཏུ་སྤྱོད་དོ། །དེའི་ལྷན་ཅིག་གནས་པ་དེ་ནི་སྟན་ལས་ཀྱང་མ་ལངས་པ་དང་། དེ་ལ་དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོ་འོངས་ན་ཚངས་པ་མཚུངས་པར་སྤྱོད་པ་ཁ་ཅིག་ནི་ལྡང་བ་བྱས། ཁ་ཅིག་གིས་ནི་མངོན་དུ་ལྡང་བར་བྱས། ཁ་ཅིག་གིས་ནི་ལེགས་པར་འོངས་སོ་ཞེས་ཀུན་ཏུ་སྤྱོད་པས་ཀུན་ཏུ་སྤྱད་ན་ཁྱོད་དེ་མཐོང་བཞིན་དུ་སྟན་ལས་ཀྱང་མ་ལངས་པ་དེ་ནི་རིགས་པ་མ་ཡིན་ནོ། །དེས་སྨྲས་པ། བདག་འདིས་རབ་ཏུ་ཕྱུང་ནས་ཅི་ཟང་ཟིང་གིས་བསྡུ་བ་བྱས་སམ། འོན་ཏེ་ཆོས་ཀྱིས་བསྡུ་བ་བྱས། གང་ཞིག་དྲན་ནས་ལྡང་བར་བྱ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ཀྱིས་ཀྱང་གང་ཟག་གཅིག་གང་ཟག་གང་ཞིག་ལ་བརྟེན་ནས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་གང་ཟག་དེས་ནི་གང་ཟག་དེ་ལ་ཇི་སྲིད་འཚོ་བའི་བར་དུ་ཡང་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། ནད་ཀྱི་གསོས་སྨན་དང་། མལ་སྟན་དང་། ཡོ་བྱད་དག་གིས་ལན་གླན་པར་སླ་བ་མ་ཡིན་ནོ། །ཞེས་མ་གསུངས་སམ། ཚེ་དང་ལྡན་པ་ཁྱོད་དེ་སྐད་ཟེར་


DKG010_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ནི་ལེགས་པ་མ་ཡིན་ནོ། །དེ་སྤོབས་པ་མེད་དེ་ཅང་མི་ཟེར་བར་འདུག་ནས། སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་ཅིག་གནས་པ་དང་། ཉེ་གནས་ཀྱི་དགེ་སློང་རྣམས་ཀྱིས་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱ་སྟེ། མཁན་པོ་མཐོང་མ་ཐག་ཏུ་གནས་བཅས་པ་ཡང་མེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་མཁན་པོ་མཐོང་མ་ཐག་ཏུ་གནས་བཅས་པ་མེད་པར་འགྱུར་རོ་ཞེས་གསུངས་པ་དང་། གཞན་དག་ཅིག་གིས་མཁན་པོ་འདུག་མི་ཕོད་པ་དག་ཅིག་འོངས་ཤིང་དེ་དག་དུས་ཅུང་ཟད་འདུག་ནས་འགྲོ་བར་བྱེད་དོ། །དེ་ལ་ཁ་ཅིག་ལ་ནི་མཁན་པོ་དང་སློབ་དཔོན་རྣམས་གཤེ ། ཁ་ཅིག་ལ་ནི་དགའ་བར་གྱུར་ཅིང་། དེ་རྣམས་གང་དག་ལ་གཤེ་བ་དེ་དག་ལ་ནི་སྔུན་གནས་བཅས་པ་ལ་ཡང་མི་སྟེར་ཅིང་བདག་ཉིད་ཀྱང་སྡུད་པར་མི་བྱེད། གང་དག་ལ་དགའ་བ་དེ་དག་ནི་སྡུད་པར་བྱེད་པ་ནས། སྔུན་གྱི་སློབ་དཔོན་རྣམས་འཁྲུག་པར་གྱུར་ཅིང་སོང་བ་དེ་དག་ཡང་སྡུད་པར་མི་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་མི་ཕོད་པ་གང་དག་ཡིན་པ་དེ་དག་ལ་ཡང་ཐམས་ཅད་བྱ་ཞིང་། སྔོན་གྱི་སློབ་དཔོན་རྣམས་ལ་ཡང་ཐམས་ཅད་བྱ་མོད་ཀྱི། འོན་ཀྱང་གཉིས་ཀའི་སེམས་ཀྱང་མགུ་བ་ལྷུར་བླང་བར་བྱ་ཞིང་གཉི་ག་ལ་ཡང་དྲི་བར་བྱའོ། །གལ་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་མཁན་པོ་དག་འདུག་ན་དེ་ཉིད་ལ་དྲི་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་གིས་གཞོན་ནུ་གཅིག་ཅིག་ལ་གནས་བྱིན་ཏེ། དེ་ཟླ་བ་ཕྱེད་ཅིང་གསོ་སྦྱོང་གི་ཚེ་དེའི་ཐད་དུ་སོང་ནས་སྨྲས་པ། སློབ་དཔོན། ཕྱག་འཚལ་ལོ། །ཞུའོ། །གསོ་སྦྱོང་བྱིན་གྱིས་བརླབས་སོ། །དེས་སྨྲས་པ། བཞིན་བཟངས་ཁོ་བོ་ཇི་ལྟར་ཁྱོད་ཀྱི་སློབ་དཔོན་དུ་འགྱུར། དེས་སྨྲས་པ། བདག་ནི་ཁྱོད་ཉིད་ལ་གནས་བཅས་ཏེ་


DKG010_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པས་སོ། ། དེས་སྨྲས་པ། བཞིན་བཟངས་གང་ཞིག་ཁྱོད་ལྟ་བུ་མ་གུས་ཤིང་ཞེ་ས་མེད་པ་ལ་གནས་སྟེར་བ་དེ་ལ་གནོས་ཏེ་འདུག་ལ་དེ་ཉིད་ལ་ཞུས་ཤིག དེ་སྤོབས་པ་མེད་དེ་ཅང་མི་ཟེར་བར་འདུག་ནས། སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་དུས་གསུམ་དུ་མཁན་པོ་དང་སློབ་དཔོན་རྣམས་ལ་ལྟར་མི་འགྲོ་བ་ལས་གྱུར་ཏོ། །དེ་ལྟ་བས་ན་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་དུས་གསུམ་དུ་མཁན་པོ་དང་། སློབ་དཔོན་རྣམས་བལྟ་བའི་ཕྱིར་འགྲོ་བར་བྱའོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་དུས་གསུམ་དུ་མཁན་པོ་དང་སློབ་དཔོན་དག་བལྟ་བའི་ཕྱིར་འགྲོ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་གིས་དགེ་སློང་གཞོན་ནུ་གཅིག་ཅིག་ལ་གནས་བྱིན་ནས་དེས་དེ་བུ་བཞིན་བསྐྱངས་སོ། །དེས་དུས་གཞན་ཞིག་ན་ལྗོངས་རྒྱུ་བར་ཆས་ཏེ་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །མཁྱེན་པར་མཛོད་ཅིག །ལྗོངས་རྒྱུར་མཆིའོ། །དེས་སྨྲས་པ། བུ་མི་བདེ་བ་ཅུང་ཟད་མེད་དམ། དེས་སྨྲས་པ། སློབ་དཔོན་མི་བདེ་བ་ནི་ཅུང་ཟད་ཀྱང་མ་མཆིས་ན་འོན་ཀྱང་བདག་ལྗོངས་རྒྱུ་བར་སྤྲོ་སྟེ་སླར་ཡང་མཆིའོ། །དེས་སྨྲས་པ། བུ་དེ་ལྟ་ན་སོང་ལ་ལམ་ཀར་འགྱོད་པར་གྱུར་ན་སླར་ལྡོག་པར་གྱིས་ཤིག །དེས་སྨྲས་པ། སློབ་དཔོན་ལེགས་ཀྱིས་སླར་ལྡོག་པར་བགྱིའོ་ཞེས་དེ་ཆས་པ་དང་། ཅི་ཙམ་ན་དེ་ལམ་ཀར་འགྱོད་པ་སྐྱེས་ཏེ་དེས་བསམས་པ། བདག་ལ་སློབ་དཔོན་དེས་ཡོ་བྱད་ཐམས་ཅད་སྦྱར་བ་ལས་བདག་སོང་བ་མ་ལེགས་ཀྱིས་སླར་ལྡོག་པར་བྱའོ་སྙམ་དུ་བསམས་ནས་དེར་སླར་ལོག་པ་དང་། སློབ་དཔོན་གྱིས་མཐོང་ནས་དེས་སྨྲས་པ། བུ་ཅི་སྟེ་སླར་ལོག །ཅུང་ཟད་བརྗེད་པ་ལྟ་མེད་དམ། དེས་སྨྲས་པ། སློབ་དཔོན་བརྗེད་པ་ལྟ་ཅི་ཡང་


DKG010_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆིས་ན་འོན་ཀྱང་བདག་གིས་བསམས་པ། བདག་ལ་སློབ་དཔོན་གྱིས་ཡོ་བྱད་ཐམས་ཅད་སྦྱར་ན་དོན་ཅི་ཞིག་ལ་འགྲོ་སྙམ་ནས་བདག་སླར་ལོག་པ་ལགས་སོ། །དེས་སྨྲས་པ། བུ་གལ་ཏེ་སླར་ལོག་ན་ལེགས་སོ། །ཁྱོད་ཀྱི་སློབ་དཔོན་ནི་ང་ཉིད་ཡིན་ནོ་ཞེས་སྨྲས་ནས་བསམས་པ། ཅི་འདིའི་གནས་བཅས་པ་དེ་ཁོ་ནས་ཆོག་གམ། འོན་ཏེ་གདོད་སྦྱིན་པར་བྱ་སྙམ་སྟེ། དེས་སྐབས་དེ་དགེ་སློང་དག་ལ་སྨྲས་ནས། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་སློབ་དཔོན་གྱིས་མ་བཏང་བ་ལ། ཉེ་གནས་ཀྱིས་བཏང་ན་གནས་བཅས་པ་མ་ཞིག་པ་ཞེས་བརྗོད་དོ། ། སློབ་དཔོན་གྱིས་བཏང་ལ་ཉེ་གནས་ཀྱིས་མ་བཏང་ན་གནས་བཅས་པ་མ་ཞིག་པ་ཞེས་བརྗོད་དོ། །སློབ་དཔོན་གྱིས་ཀྱང་མ་བཏང་ལ་ཉེ་གནས་ཀྱིས་ཀྱང་མ་བཏང་ན་གནས་བཅས་པ་མ་ཞིག་པ་ཞེས་བརྗོད་དོ། །སློབ་དཔོན་གྱིས་ཀྱང་བཏང་ལ་ཉེ་གནས་ཀྱིས་ཀྱང་བཏང་ན་གནས་བཅས་པ་ཞིག་པ་ཞེས་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་ཚོགས་ལ་སྟོན་པ་ཞིག་འདུག་པ་དེ་གཞོན་ནུ་མང་པོ་དག་ཀློག་ཏུ་འཇུག་གོ །དེ་དུས་གཞན་ཞིག་ན་ན་བར་གྱུར་པ་དང་། དེ་དག་གིས་སླར་མ་བལྟས་ཤིང་དེ་བཞིན་དུ་ལན་གསུམ་ན་བར་གྱུར་ཀྱང་དེ་དག་གིས་སླར་མ་བལྟས་སོ། །དེ་དུས་གཞན་ཞིག་ན་སོས་པར་གྱུར་པ་དང་། ཉེ་གནས་དག་དེའི་དྲུང་དུ་འོངས་ཏེ། དེ་ན་གཅིག་གིས་སྨྲས་པ། སློབ་དཔོན་བདག་ལ་ལུང་དབོག་ཏུ་གསོལ། གཞན་ཞིག་གིས་སྨྲས་པ། བདག་ལ་གཡར་ཏོན་དབོག་ཏུ་གསོལ། གཞན་ཞིག་གིས་སྨྲས་པ། ཞུ་བར་འཚལ་ལོ། །དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ལན་གསུམ་གྱི་བར་དུ་ན་བར་གྱུར་ཀྱང་ཁྱེད་གང་གིས་ཀྱང་སླར་མ་བལྟས་པས་གང་ཞིག་ཁྱེད་ལྟ་བུ་མ་གུས་པ་ལ་གདམས་ངག་དང་། ཁ་ཏོན་དག་འབོགས་པར་བྱེད་པ་དེའི་ཐད་དུ་དེང་ཤིག །སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་།


DKG010_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀློག་པའི་སློབ་དཔོན་ལ་རིམ་གྲོ་བྱའོ། །དེ་དག་ཐམས་ཅད་ཀྱིས་བྱས་པ་དང་དེ་རྣམས་ཀྱི་དགེ་བའི་ཕྱོགས་ཉམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེས་སུ་བཅད་དེ་བྱའོ། །དེ་དག་གིས་རེས་ཀྱིས་བྱ་བར་བརྩམས་པ་དང་། རྒན་པོ་རབ་ཏུ་བྱུང་བ་ཞིག་དེ་ལ་གནས་ཏེ་འདུག་པ་དེ་ལ་དེ་དག་གིས་སྨྲས་པ། རྒན་ཞུགས་སང་ཁྱོད་ལ་རེས་བབ་བོ། །དེས་སྨྲས་པ། ཚེ་དང་ལྡན་པ་དག་ཅི་སློབ་དཔོན་ལ་རེས་ཀྱིས་གཡོག་བྱའམ། ཁོ་བོ་ཁོ་ནས་གཡོག་བྱས། ཁྱེད་ཅག་སེམས་ལས་ཆུང་ངུར་གྱིས་ཤིག །དེ་དག་གིས་སྨྲས་པ། རྒན་ཞུགས་གལ་ཏེ་དེ་ལྟ་ན་ལེགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གང་ནད་པ་ལ་རིམ་གྲོ་བྱེད་པ་དེ་ནི་ང་ལ་རིམ་གྲོ་བྱེད་པ་ཡིན་ནོ། །ཞེས་གསུངས་པས་སྐྱེས་བུ་དམ་པ་ཁྱོད་ཀྱིས་གྱིས་ཤིག །དེས་དེའི་རིམ་གྲོ་བྱེད་པར་བརྩམས་ནས། དེ་སོས་པར་གྱུར་ཏེ་དེའི་ལུས་ཀྱི་གནས་སྐབས་ཤེས་ནས་སྨྲས་པ། སློབ་དཔོན་བདག་ལ་གདམས་ངག་དབོག་ཏུ་གསོལ། དེས་སྨྲས་པ། ཁྱོད་ཀྱི་རེས་ལ་མ་བབ་པས་རེ་ཞིག་སྡོད་ཅིག །ཡང་སྨྲས་པ། སློབ་དཔོན་ཁ་ཏོན་དང་ཞུ་བ་དག་གནོང་ཤིག །ཁྱོད་ཀྱི་རེས་ལ་མ་བབ་པས་རེ་ཞིག་སྡོད་ཅིག །དེས་སྨྲས་པ། སློབ་དཔོན་རིམ་གྲོ་བྱེད་པ་ནི་བདག་ལ་རེས་བབ་ན་ཀློག་པ་དང་འདོན་པ་ནི་འདི་དག་ལ་རེས་བབ་པ་ཅིའི་སླད་དུ་བདག་མཆིའི་མཁྱེན་པར་མཛོད་ཅིག །དེས་སྨྲས་པ། བུ་ཐམས་ཅད་བྱས་མ་འགྲོ་བར་སྡོད་ཅིག །དེ་ཅང་མི་ཟེར་བར་འདུག་ནས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་རྟག་ཏུ་གཡོག་བྱེད་པ་དེ་མི་དགའ་བར་མ་གྱུར་པར་གཞན་དག་ལ་ལུང་དང་། ཁ་ཏོན་དང་ཞུ་བ་དག་སྦྱིན་པར་བྱའོ། །མཁས་པ་དང་མི་མཁས་པ་ཁ་ཅིག་ཀློག་པ་ན་མཁས་པ་དག་ལ་ནི་ལུང་བྱིན་པས་མི་མཁས་པ་དག་ལ་གནོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ལ་ཡང་ལུང་དང་ཁ་ཏོན་དང་དྲི་བ་དག་སྐབས་སུ་སྦྱིན་པར་བྱའོ།། །།བར་སྡོམ་ནི། ནད་པ་སྤོང་བ་མཁན་པོ་དང་། །ཟླ་བ་ཕྱེད་ཅིང་འོང་བ་དང་། །ཚོགས་དག་ཀློག་ཏུ་འཇུག་


DKG010_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །བར་སྡོམ་དག་ཏུ་ཡང་དག་བསྟན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་རིགས་ཀྱི་ཁྱིམ་དུ་སོང་བ་དང་། དེ་དག་གིས་ཁྲི་ཕྱུང་སྟེ་འཕགས་པ་ཅི་བདེར་བཞུགས་ཤིག །དེ་རྣམས་ཅིག་ཅར་འཁོད་ནས་ཁྲི་དེ་ཆག་པར་གྱུར་ཏེ། དེ་དག་གིས་རྟ་གད་ཀྱིས་བཏབ་པ་དང་། དགེ་སློང་གཞན་དག་ཀྱང་དེར་འོངས་ཏེ། དེ་དག་གིས་དེ་རྣམས་མཐོང་ནས། དེས་སྨྲས་པ། ཚེ་དང་ལྡན་པ་ཁྱེད་འདི་ལྟ་བུའི་འཕྱར་པོ་བྱས་ནས། དགོད་དམ་ཞེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཅི་ཆང་འཐུངས་སམ། སྒོག་སྐྱ་ཟོས། དེས་སྨྲས་པ། ཅི་དེ་དག་ཀྱང་བྱེད་དམ། གཞན་ཅི་ཞིག་བྱས། ཁྲི་མ་བཅག་གམ། ཅི་ཤིང་ཟད་དམ། ཤིང་མཁན་དག་ཤིའམ། དེ་དག་མ་རངས་བཞིན་ཅང་མི་ཟེར་བར་འདུག་ནས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཁྲི་གཅིག་ལ་དྲུག་འདུག་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་ཁྲི་གཅིག་ལ་དྲུག་འདུག་པར་མི་བྱའོ། །ཞེས་གསུངས་པ་དང་། ལྔ་འདུག་སྟེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྔ་ཡང་འདུག་པར་མི་བྱའོ། །བཞི་འདུག་སྟེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞི་ཡང་འདུག་པར་མི་བྱའི་འོན་ཀྱང་ཁྲི་ལ་ནི་གསུམ་འདུག་པར་མི་བྱའོ། །ཁྲིའུ་ལ་ནི་གཉིས་སོ། །ཁྲིའུ་ཆུང་ལ་ནི་གཅིག་གོ།། །།སྡོམ་ནི། ནད་པ་ཡི་ནི་ནད་གཡོག་དང་། །ཤིང་ལ་འཛེག་པར་མི་བྱ་དང་། །བཀྲབས་པ་བསྙེན་རྫོགས་མི་བྱ་དང་། ། ལག་པ་གཅད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ནད་པའི་རིམ་གྲོ་བྱའོ་ཞེས་གསུངས་པ་གང་ལགས་པ་དེ་ཡོ་བྱད་ཇི་ལྟ་བུ་དག་གིས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་


DKG010_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། ཉེ་བ་འཁོར་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་དག་མ་གཏོགས་པ་གཞན་དག་གིས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའི་དགེ་ཚུལ་བསྙེན་པར་རྫོགས་པར་འདོད་ནས་དེས་བསྙེན་པར་རྫོགས་པར་བྱ་བའི་ཆེད་དུ་ལས་བྱེད་པའི་དགེ་སློང་དང་། གསང་སྟེ་སྟོན་པ་དང་། དགེ་སློང་གང་དག་དཀྱིལ་འཁོར་དུ་འོང་བ་ལ་གསོལ་བ་བཏབ་སྟེ། དེ་ནས་དགེ་ཚུལ་དང་སྟན་ཁྱེར་ཏེ་དཀྱིལ་འཁོར་དུ་སྔར་སོང་ནས་དཀྱིལ་འཁོར་ཕྱག་དར་བྱས་ཏེ་སྟན་བཤམས་ན་དགེ་སློང་དག་མ་འོངས་ཏེ། ཉེ་དགའས་ཕན་ཚུན་དུ་བལྟས་ན་དེས་མེ་ཏོག་གི་ཤིང་ཞིག་མཐོང་སྟེ། དེས་སྨྲས་པ། དགེ་ཚུལ་རེ་ཞིག་མེ་ཏོག་དག་ལྷོགས་ལ་དགེ་སློང་རྣམས་ལ་རིམས་ཤིག །དེས་འཛེགས་པ་དང་མ་སྟེས་ཏེ་ལྷུང་ནས་ལག་པ་ཆག་སྟེ། དེ་ཉིད་དེའི་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་ནས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་དབང་བསྐུར་བར་འོས་པ་དབང་མ་བསྐུར་བར་འདུག་ཅིང་མཚམས་ལ་བབ་པ་བསྲུང་བར་བྱ་བ་དང་། བསྐྱང་བར་བྱ་བ་ཡིན་པ་དེ་བཞིན་དུ་དགེ་སློང་གིས་དགེ་ཚུལ་བསྙེན་པར་རྫོགས་པར་འདོད་པ་ཡང་བསྲུང་ཞིང་བསྐྱང་བར་བྱ་བ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་བསྙེན་པར་རྫོགས་པར་འདོད་པའི་དགེ་ཚུལ་ཤིང་ལ་འཛེག་ཏུ་མི་གཞུག་སྟེ། འཛེག་ཏུ་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅུ་དགུ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ནང་མི་གཅུགས་པ་ཆེན་པོ་ཞེས་བྱ་བ་ཞིག་ཡོད་དོ། །དེ་དུས་གཞན་ཞིག་ན་རྒྱལ་པོས་སྤྱོས་ནས་དེས་བསམས་པ། རྒྱལ་པོ་དག་ནི་ཇི་ལྟར་བྱས་ཀྱང་མགུ་དཀའ་བས་སོང་ལ་རབ་ཏུ་འབྱུང་བར་བྱའོ་སྙམ་ནས་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དྲུག་


DKG010_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་དྲུག་སྡེ་གང་ཡང་རུང་བ་ཞིག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་མི་སྟོང་པ་ཡིན་པས་ཚེ་དང་ལྡན་པ་ཉེ་དགའ་སྒོ་ན་འདུག་གོ །དེས་དེ་སྔ་ན་ངོ་ཤེས་པས་དེས་དེ་ལ་འོངས་པ་ལེགས་སོ་ཞེས་བྱ་བ་ཀུན་ཏུ་སྤྱད་ནས་ཆེན་པོ་ཁྱོད་ཟླ་བ་ལྟ་བུར་གནས་ན་རིང་མོ་ཞིག་ལོན་ཏེ་ག་ལས་འོངས་ཞེས་བྱས་པ་དང་། དེས་སྨྲས་པ། འཕགས་པ་ཡང་དང་ཡང་མཐོང་བས་ནི་བརྙས་པར་འགྱུར་གྱི་ཡུན་རིང་ཞིག་ལོན་ཏེ་མཐོང་བ་ནི་ལེགས་པ་ཡིན་ནོ། །ཆེན་པོ་དགོས་པ་ཅི་ཞིག་ལ་འོངས། འཕགས་པ་རྒྱལ་པོ་ནི་མགུ་དཀའ་བས་ལྷའི་ཐུགས་མཉེས་པར་བྱ་མི་ནུས་ཏེ་རབ་ཏུ་འབྱུང་ངོ་། །ཆེན་པོ་ཁྱོད་ཀྱི་སེམས་བསྐྱེད་པ་ནི་བཟང་སྟེ་ལེགས་སོ། ། རབ་ཏུ་འབྱུང་བ་ནི་མཆོག་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཕན་ཡོན་རྣམ་པ་ལྔ་མཐོང་བ་ཞེས་བྱ་བ་ནས། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དམ་པ་ཡང་དག་པར་ཞུགས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་རབ་ཏུ་བྱུང་བ་རྣམ་གྲངས་དུ་མར་བསྔགས་པ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ལེགས་ཀྱིས་རབ་ཏུ་བྱུང་ཞིག་ཅེས་དེ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་བྱས་སོ། །རྒྱལ་པོས་བློན་པོ་དག་ལ་བཀའ་སྩལ་པ། ཤེས་ལྡན་དག་ཆེན་པོ་མི་སྣང་ན་མི་ན་གྲང་། དེ་དག་གིས་སྨྲས་པ། ལྷ་དེ་བྲོ་འཚལ་བ་ནི་མ་མཆིས་མོད་ཀྱི་ལྷས་ཅི་ཞིག་བཀའ་སྩལ་ན་རྒྱལ་བྱེད་ཀྱི་ཚལ་དུ་མཆིས་ནས་རབ་ཏུ་བྱུང་ལགས། སུས་རབ་ཏུ་ཕྱུང་། འཕགས་པ་ཉེ་དགའས་སོ། ། རྒྱལ་པོས་དེ་ཐོས་ནས་ཁྲོས་ཏེ། དེས་དེ་ལ་ཕོ་ཉ་བཏང་ནས་འཕགས་པ་དག་གིས་སྤྱོས་པ་ཁྱོད་ཀྱིས་རབ་ཏུ་དབྱུང་ངམ། ཁྱོད་ཀྱིས་ཆེན་པོ་རབ་ཏུ་ཕྱུང་ན་ད་བདག་དང་འཕགས་སྐྱེས་པོ་དང་། ཕྲེང་ལྡན་མ་དང་། དབྱར་བྱེད་མ་དག་ཀྱང་རབ་ཏུ་ཕྱུང་ལ་ཁྱེད་རང་རྒྱལ་སྲིད་གྱིས་ཤིག །དེས་ཀྱང་དེ་ལ་ལན་སྤྲིང་བ། ལྷ་ཀྱེ་ཚུར་ཤོག །ཁྱོད་དང་། འཕགས་སྐྱེས་པོ་དང་། ཕྲེང་ལྡན་མ་དང་། དབྱར་བྱེད་མ་རབ་ཏུ་ཕྱུང་ལ་ང་ཉིད་རྒྱལ་སྲིད་བྱེད་དོ། །འདི་ལྟར་ངས་ཁྱོད་ཀྱི་ཆེན་པོའམ་གཞན་ཡང་རུང་བ་བསླུས་ཏེ་རབ་ཏུ་ཕྱུང་ངམ་ཅི། ངེད་ནི་གང་ཞིག་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ནས་ངེད་ལ་གསོལ་བ་འདེབས་པ་དེ་རབ་ཏུ་འབྱིན་ཏོ། །རྒྱལ་


DKG010_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཐོས་ཏེ་མ་དད་པར་གྱུར་ནས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་རྒྱལ་པོས་བཀྲབས་པ་རབ་ཏུ་འབྱིན་པ་ལས་གྱུར་གྱིས་དེའི་ཕྱིར་དགེ་སློང་གིས་རྒྱལ་པོས་བཀྲབས་པ་རབ་ཏུ་མི་དབྱུང་བར་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྐྱེས་བུ་གཏི་མུག་ཉེ་དགའས་བློན་པོ་རབ་ཏུ་ཕྱུང་བས་རྒྱལ་པོ་མ་དད་པར་གྱུར་ཏོ། །དེ་ལྟ་བས་ན་དགེ་སློང་དག་གིས་རྒྱལ་པོས་བཀྲབས་པ་རབ་ཏུ་དབྱུང་བར་མི་བྱའོ། །གང་ཡང་རུང་བ་ཞིག་གི་དྲུང་དུ་རབ་ཏུ་འབྱུང་བར་འདོད་པ་ཞིག་ཉེ་བར་འོངས་ན་དེས་དེ་ལ་རྒྱལ་པོས་བཀྲབས་པ་མ་ཡིན་ནམ་ཞེས་དྲི་བར་བྱ་སྟེ། མ་དྲིས་པར་རབ་ཏུ་འབྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོས་བཀྲབས་པ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་གསུངས་པ་དང་། ཁ་ཅིག་ཡུལ་རིང་པོ་དག་ནས་ཀྱང་འོང་། རྒྱུས་མི་ཤེས་པ་ཡང་འོང་མ་གནང་བ་དག་ཀྱང་འོང་ནས་དགེ་སློང་དག་ཐེ་ཚོམ་དུ་གྱུར་ཏེ་དེ་དག་ཀྱང་རབ་ཏུ་མ་ཕྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡུལ་རིང་པོ་དང་། རྒྱུས་མི་ཤེས་པ་དང་། མ་གནང་བ་དག་འོང་བ་དེ་དག་རབ་ཏུ་དབྱུང་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་དགའ་བོ་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ཡིན་པར་སྔ་དྲོ་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་རིམ་གྱིས་སྲང་དུ་སོང་བ་དང་། ཇི་ཙམ་ན་བྲམ་ཟེ་ཞིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་སྟེ། དེ་ཡང་གཏུམ་པོ་གཟུ་ལུམས་ཅན་རྩུབ་མོ་ཞིག་ཡིན་པས་དེས་བྲམ་ཟེའི་ཁྱེའུ་ཞིག་ལ་སྨྲས་པ། ཀྱེ་བྲམ་ཟེའི་ཁྱེའུ་ཁྱོད་དགེ་སྦྱོང་མགོ་རེག་འདིའི་མགོར་ལྟག་དབྱུག་སྣུན་ནུས་སམ། དེས་སྨྲས་པ། མཁན་པོ་ཏེ་པོར་རྔོ་ཐོག་གོ་ཞེས་དེ་དེའི་དྲུང་དུ་སོང་ནས་དེའི་མགོར་ལྟག་དབྱུག་གིས་བརྒྱབ་པོ། །ཚེ་དང་ལྡན་པ་དགའ་བོ་ལོག་སྟེ་བྲམ་ཟེ་དེ་ལ་བལྟས་པ་དང་། དེ་ཇེ་ཁྲོས་ནས་


DKG010_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྨྲས་པ། བྲམ་ཟེའི་ཁྱེའུ་ཡང་རྒྱོབ་ཤིག །དེས་དེ་ལ་ལན་གཉིས་སུ་ལྟག་དབྱུག་གིས་བརྒྱབ་པ་དང་། ཚེ་དང་ལྡན་པ་དགའ་བོས་བསམས་པ། བདག་གིས་བལྟས་ཏེ་ཅི་རུང་འགྲོའོ་སྙམ་སྟེ་སོང་ངོ་། །རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་ནས་ཟས་ཀྱི་བྱ་བ་བྱས་ཏེ་ལྷུང་བཟེད་བཀྲུས་ནས་དགེ་སློང་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་སྲང་ཆེ་གེ་མོ་ཞེས་བྱ་བར་མ་འདོང་ཤིག །དགེ་སློང་དག་གིས་སྨྲས་པ། ཅིའི་ཕྱིར་དེས་སྨྲས་པ། དེ་ན་བྲམ་ཟེ་གཏུམ་པོ་གཟུ་ལུམས་ཅན་རྩུབ་མོ་ཞིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ཞིག་ལ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་པ་འདུག་སྟེ། དེས་བདག་ལ་ལྟག་དབྱུག་གཉིས་བསྣུན་ནོ། །དེ་དག་གིས་སྨྲས་པ། ཁྱོད་ཀྱིས་ཅི་ཉེས། དེས་སྨྲས་པ། ཚེ་དང་ལྡན་པ་དག་གཅིག་ནི་ཉེས། གཉིས་པ་ནི་མ་ཉེས་སོ། །ཇི་ལྟར་ནི་ཉེས་ཇི་ལྟར་ནི་མ་ཉེས། གཅུགས་མེད་པར་དེས་ཁོ་བོ་ལ་ལྟག་དབྱུག་གིས་བསྣུན་ནས་ཁོ་བོས་ལོག་སྟེ་བལྟས་པ་དང་། དེས་ལན་གཉིས་བསྣུན་ནས་ཁོ་བོས་དེ་ལ་ལོག་སྟེ་བལྟས་པ་གང་ཡིན་པ་དེ་ནི་ཉེས་སོ། །སྔ་མ་ནི་མ་ཉེས་སོ། །ཚེ་དང་ལྡན་པ་ཉེ་དགའས་ཐོས་ནས། དེས་སྨྲས་པ། འཕགས་པ་ཅི་ཞིག་གསུང་། དེས་སྨྲས་པ། ཆེན་པོ་མ་ལགས་སོ། ། ཉེ་དགའས་སྨྲས་པ། འཕགས་པ་དེ་བདག་གིས་ཐོས་ཀྱིས་ཡང་གསུངས་ཤིག །དེས་ཇི་ལྟར་གྱུར་པ་སྨྲས་པ་དང་། ཉེ་དགའས་མགོ་ལན་གསུམ་གཅོགས་ནས་མཇལ་ཏོ་ཞེས་བྱས་ཏེ་མི་དགའ་བར་བྱའོ། །སྙམ་ནས་དེ་མགོ་བཟླས་ཏེ་བྲེགས་ནས་ཏིལ་མར་གྱིས་བསྐུས་ཏེ་བཀྲུས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་རིམ་གྱིས་སྲང་དུ་ཕྱིན་ན་བྲམ་ཟེ་དེ་གཞན་དུ་ཡེངས་པས་དེས་དེ་མ་མཐོང་ངོ་། །ཚེ་དང་ལྡན་པ་ཉེ་དགའ་དེའི་མདུན་དུ་འཆག་པར་བརྩམས་པ་དང་། བྲམ་ཟེ་དེས་མཐོང་ནས་དེས་བྲམ་ཟེའི་ཁྱེའུ་ཞིག་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་སོང་ལ་དགེ་སྦྱོང་མགོ་རེག་འདིའི་མགོར་ལྟག་དབྱུག་གིས་སྣུན་ཅིག །ཚེ་དང་ལྡན་པ་ཉེ་དགའས་དེ་ཐོས་ནས་སྨྲས་པ། བཀྲེན་པ་འོ་ནི་གཏང་ཅི་དགོས། ཁྱོད་ཉིད་ཚུར། དེ་སྐད་སྨྲས་པ་དང་། བྲམ་ཟེ་དེ་ཁྲོས་


DKG010_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེས་བདག་ཉིད་སོང་ནས་ཉེ་དགའ་ལ་ལྟག་དབྱུག་གིས་བསྣུན་ནས་ཉེ་དགའས་བྲམ་ཟེ་དེའི་དཔུང་པ་ནས་བཟུང་སྟེ་བཀྲེན་པ་ཉེ་དགའ་ལ་ཡང་རྡེག་གམ། ཚུར་རྒྱལ་པོའི་ཕོ་བྲང་དུ་འདོང་ངོ་ཞེས་དེས་དེའི་དཔུང་པ་ནས་བཟུང་སྟེ་དྲངས་པ་དང་། དེས་བྲམ་ཟེའི་ཁྱེའུ་དེ་དག་ལ་བོས་ནས་དེ་དག་གིས་ཀྱང་དེའི་དཔུང་པ་ཡ་གཅིག་ནས་བཟུང་སྟེ་དྲངས་སོ། །ཉེ་དགའ་ཚན་པོ་ཆེ་ཆེན་པོའི་སྟོབས་ཅན་དེས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་དང་། བྲམ་ཟེ་དེ་དྲངས་ནས་རྒྱལ་པོའི་ཕོ་བྲང་གི་སྒོར་སོང་སྟེ་འདུག་གོ །འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་དྲུག་སྡེ་རྣམས་ཁྲོས་ནས་རྒྱལ་པོའི་ཕོ་བྲང་གི་སྒོ་ན་འདུག་པ་དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་ཁང་བཟངས་གཡོ་བར་འགྱུར་རོ། ། རྒྱལ་པོས་བལྟས་ཏེ་མཐོང་ནས་མི་ཞིག་ལ་བསྒོ་བ། ཀྱེ་སྐྱེས་བུ་སྒོར་འཕགས་པ་དྲུག་སྡེ་འགའ་ཞིག་བྱོན་པར་མ་གྱུར་གྲང་། སོང་ལ་ལྟོས། དེས་བྱུང་སྟེ། བལྟས་ན་ཚེ་དང་ལྡན་པ་ཉེ་དགའ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་དང་སྒོ་ན་འདུག་ནས། དེས་རྒྱལ་པོ་ལ་སྨྲས་པ། ལྷ་འཕགས་པ་ཉེ་དགའ་ཆབ་སྒོ་ན་མཆིས་སོ། །རྒྱལ་པོས་སྨྲས་པ། དེ་ནང་དུ་སྤྱན་དྲོངས་ཤིག །དེ་ནང་དུ་འོངས་ཏེ་སྨྲས་པ། ལྷ་འཕགས་པ་དགའ་བོ་རབ་ཏུ་བྱུང་བར་མ་གྱུར་ན་ཅི་ཞིག་ཏུ་འགྱུར། འཕགས་པ་སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །འོ་ན་ཁྱོད་དེའི་ཅིར་འགྱུར། འཕགས་པ་གཡོག་ཏུ་འགྱུར་རོ། །ལྷ་ཁྱོད་ཀྱིས་དགེ་སློང་རྣམས་ནི་གཞོན་ནུའི་ཐབས་སུ་གནང་། དགེ་སློང་མ་རྣམས་ནི་བཙུན་མོའི་འཁོར་གྱི་ཐབས་སུ་གནང་སྟེ། དེ་ལྟར་བདག་ཅག་ལའོ་བྱམས་ན་བྲམ་ཟེ་གཅིག་ཅིག་གིས་ལྷ་ཁྱད་དུ་བཀུམ་སྟེ། སློབ་དཔོན་དགའ་བོ་ལ་ལྟག་དབྱུག་གཉིས་བསྣུན། བདག་ལ་ཡང་ཁྲོས་ནས་ལྟག་དབྱུག་གིས་བརྒྱབ་པོ། །རྒྱལ་པོ་ཁྲོས་ཏེ་དེས་བློན་པོ་རྣམས་ལ་བཀའ་སྩལ་པ། སོང་ལ་བྲམ་ཟེ་དེའི་ལག་པ་ཆོད་ཅིག །དེས་དེ་ཁྲིད་དེ་སྲང་དུ་སོང་ན་བྲམ་ཟེ་དེའི་ཕ་མ་གཉིས་ཀྱིས་ཐོས་ནས་དེ་དག་མཛའ་བོ་དང་། ཕུ་ནུ་དང་གཉེན་དག་དང་འདུས་ཤིང་སྙིང་རྗེ་རྗེ་ལྟར་སྨ་བབ་པའི་ཚིག་དལ་གྱིས་སྨྲ་ཞིང་ཀྱི་ཧུད་བུ་ཞེས་ཆོ་ངེས་འདེབས་བཞིན་སྲང་དུ་སོང་ནས་དེ་དག་དང་སྐྱེ་བོའི་ཚོགས་དེས་བློན་པོ་དེ་ལ་སྨྲས་པ། ཀྱེ་


DKG010_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ལྷ་ལ་ཉེས་པ་བྱས་པ་ལག་པ་བཅད་པའི་ནི་རིགས་ན་བྲམ་ཟེ་འདི་ལག་པས་འཚོ་བ་ཞིག་པས་ལག་པ་གཡོན་པ་གཅད་པའི་རིགས་སོ། །དེས་དེའི་ལག་པ་གཡོན་པ་བཅད་པ་དང་། ཇི་ཙམ་དུས་གཞན་ཞིག་ན་བྲམ་ཟེ་དེ་དེ་བཞིན་དུ་ལག་པ་གཡོན་པ་གཡོགས་ནས་གཡས་པས་ཀློག་པར་བྱེད་དོ། །རེ་ཞིག་ཅིག་ན་ཉེ་དགའས་མཐོང་ནས་དེ་ཤིན་ཏུ་ཁྲོས་ཏེ་རྒྱལ་པོའི་ཐད་དུ་སོང་ནས་སྨྲས་པ། རྒྱལ་པོ་རྣམས་ཀྱི་བདེ་བ་ནི་འདི་ལྟ་སྟེ། བཀའི་འབྲས་བུ་བརྩན་པ་འདིར་ཟད་ན་དེ་ཡང་ལྷ་ལ་མེད་དོ། །དེས་སྨྲས་པ། འཕགས་པ་ཅི་ཞིག་བྱས། ཉེ་དགའས་སྨྲས་པ། ལྷ་བྲམ་ཟེ་དེའི་ལག་པ་མ་བཅད་དོ། །རྒྱལ་པོས་བློན་པོ་རྣམས་བོས་ཏེ་སྨྲས་པ། ཁྱོད་ཀྱིས་བྲམ་ཟེ་དེའི་ལག་པ་མ་བཅད་དམ། དེས་སྨྲས་པ། ལྷ་བཀུམ་ལགས་སོ། །དེ་ལྟ་ན་འོ་ན་འཕགས་པ་ཉེ་དགའ་འདི་སྐད་ཟེར་རོ། །ཚེ་དང་ལྡན་པ་ཉེ་དགའས་སྨྲས་པ། ལྷ་བྲམ་ཟེ་དེ་དེ་བཞིན་དུ་ལག་པ་གཡས་པས་སྒྱུར་སྒྱུར་བགྱིད་ཅིང་བྲམ་ཟེའི་ཁྱེའུ་རྣམས་ཀློག་ཏུ་འཇུག་གོ །བློན་པོས་སྨྲས་པ། ལྷ་དེའི་ཕ་མ་དག་གི་མཆིད་ནས་བྲམ་ཟེ་འདི་ལག་པས་འཚོ་བ་ཞིག་པས་ལག་པ་གཡོན་པ་ཆོད་ཅིག་ཅེས་མཆི་སྟེ། དེའི་སླད་དུ་བདག་གིས་དེའི་སུག་པ་གཡོན་པ་བཀུམ་མོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེའི་ཕ་མ་དག་གིས་ལག་པ་གཡོན་པ་གཅོད་དུ་བཅུག་ན་ངས་གཡས་པ་གཅོད་དུ་གཞུག་གིས་སོང་ལ་ཆོད་ཅིག །དེས་དེའི་དྲུང་དུ་སོང་ནས་ལག་པ་གཡས་པ་བཅད་པ་དང་། དེ་ལག་པ་གཉི་ག་འཕྱང་ཞིང་འདུག་གོ །དེ་སྡུག་བསྔལ་ཞིང་འདུག་པ་དང་ཉེ་དགའ་བོས་སྨྲས་པ། བྲམ་ཟེ་ཅི་སྟེ་ཁོ་བོ་ཅག་ལ་ལྟག་དབྱུག་གིས་མི་རྡེག་པར་ལག་པ་དཔྱངས་ཏེ་འདུག །དེ་སྨ་བབ་ནས་དྲེགས་པ་དང་ང་རྒྱལ་བཅག་སྟེ་ཅང་མི་ཟེར་བར་འདུག་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་དགེ་སྦྱོང་ཤཱཀྱའི་བུ་རྣམས་ནི་སྙིང་རྗེ་མེད་པ་སྟེ། ཆད་པས་བཅད་ནས་ཀྱང་ཞེ་གཅོད་པར་བྱེད་དོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་


DKG010_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལག་པ་ཡང་གཅོད་དུ་འཇུག་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་ལག་པ་དང་། རྐང་པ་དག་གཅད་པར་མི་བྱའོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྐྱེས་བུ་གཏི་མུག་ཉེ་དགའས་དགེ་སྦྱོང་གི་ལས་མ་ཡིན་པ་བྱས་ཏེ། དགེ་སློང་དག་ངའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ལས་དེ་ལྟ་བུ་བྱེད་དུ་འཇུག་པ་དེ་ནི་མཛེས་པ་མ་ཡིན། འཚམ་པ་མ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་ལག་པ་དང་རྐང་པ་དག་གཅད་པར་མི་བྱའོ། །གཅོད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་དག་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེ་དེ་ཚེ་དང་ལྡན་པ་དགའ་བོས་ནི་བསྲུངས། ཉེ་དགའས་ནི་ཡོངས་སུ་བཏང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་ལྟར་འདས་པའི་དུས་ན་ཡང་དགའ་བོས་ནི་བསྲུངས། ཉེ་དགའས་ནི་བཏང་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་སྐྱེད་མོས་ཚལ་ཤིང་སྣ་ཚོགས་ཀྱི་ཚལ་གྱིས་བརྒྱན་པ་མེ་ཏོག་དང་འབྲས་བུ་དང་ཆུ་ཕུན་སུམ་ཚོགས་པ་ཞིག་ན་དྲང་སྲོང་འབྲས་བུ་དང་། རྩ་བ་དང་། ཆུ་ཟ་ཞིང་འཐུང་བ་གཡང་གཞི་དང་ཤིང་ཤུན་གྱོན་པ་ཞིག་གནས་ཏེ་དེ་ཤིང་བིལ་བའི་དྲུང་ན་འདུག་ཅིང་རང་གི་དོན་སེམས་པར་བྱེད་དོ། །དེའི་སྟེང་ནས་སྤྲེའུ་ཞིག་གིས་བིལ་བའི་འབྲས་བུ་ཞིག་འཕངས་པ་དེས་དྲང་སྲོང་དེའི་མགོ་སྣད་ནས་དེས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་མེད་འགྱུར་བ་གང་ཡིན་པ། །དེ་ནི་ཁོ་བོ་མི་བྱེད་ཀྱི། །ཁྱོད་མེད་འགྱུར་བ་གང་ཡིན་པ། །དེ་ནི་ཁྱོད་ཉིད་བྱེད་ཅིང་འདུག །དྲང་སྲོང་དེའི་སྨོས་འདྲིན་རྔོན་པ་ཞིག་འདུག་པ་དེ་རི་དགས་ཤོར་དུ་སོང་བ་ལས་བསྟི་གནས་དེར་ཕྱིན་ཏོ། །དྲང་སྲོང་དེ་ནི་བྱ་བ་འགའ་ཞིག་གི་ཕྱིར་ཤིང་བིལ་བའི་དྲུང་ནས་གཞན་ཞིག་ཏུ་སོང་ངོ་། །རྔོན་པ་དེ་དེ་མི་སྣང་ནས་ཏེ་པོར་ལྟ་ཞིང་བིལ་བ་དེའི་དྲུང་ན་འདུག་གོ །སྤྲེའུ་དེས་རྔོན་པ་དེའི་མགོར་བིལ་བའི་འབྲས་བུ་གཅིག་འཕངས་པ་དང་། རྔོན་པ་དེ་སྤྱི་ཅེར་ཞིག་པས་དེའི་ཀླད་པ་སྣད་ནས་བིལ་བའི་འབྲས་བུས་བསྣུན་པས་བསྐྱེད་པའི་སྡུག་བསྔལ་དང་ཡིད་མི་བདེ་


DKG010_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བས་གྱེན་ཏུ་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་སྤྲེའུ་མཐོང་ནས་དེ་ཁྲོས་པས་གཞུ་རྣ་དྲུང་དུ་བཀང་སྟེ་དུག་མདའ་གཅིག་དེའི་གནད་དུ་བསྣུན་པ་དང་། ས་ལ་ལྷུང་ནས་དུས་ལས་འདས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་གང་ཡིན་པ་དེ་ནི་དགེ་སློང་དགའ་བོ་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་སྤྲེའུ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་རྔོན་པ་གང་ཡིན་པ་དེ་ནི་ཉེ་དགའ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་འདི་དགའ་བོས་ནི་བསྲུངས་ལ། ཉེ་དགའས་ནི་ཡོངས་སུ་བཏང་ངོ་། ། ད་ལྟར་ཡང་དགའ་བོས་ནི་བསྲུངས་ལ། ཉེ་དགའས་ནི་ཡོངས་སུ་བཏང་ངོ་།། །།སྡོམ་ནི། རིགས་ངན་དང་ནི་འཆར་ཀར་བཅས། ། སྣམ་སྦྱར་དང་ནི་བརྙས་པ་དང་། ། མཚམས་བཟངས་དང་ནི་བཟང་སྦྱིན་དང་། །བདག་གིར་འདུ་ཤེས་ལྷུང་བཟེད་བླངས། །མ་ཕམ་པ་དང་ཟླ་སྲུངས་ཀྱི། །རང་གི་བཅོས་བུའི་རས་བརྐུས་པའོ། །སྡོམ་གྱི་ཚིགས་སུ་བཅད་པ་འདི་ནི་ཕས་ཕམ་པ་གཉིས་པ་ལས་ཇི་སྐད་འབྱུང་བ་དེ་བཞིན་དུ་རྒྱས་པར་སྦྱར་བར་བྱ་སྟེ། ཁྱད་པར་ཅུང་ཟད་ཀྱང་མེད་དོ།། །།སྡོམ་ནི། ཕག་དང་བུ་རམ་ཤིང་དང་ནི། །ཏ་ལ་ཆོས་གོས་གནག་དགའ་བོ། །སྤྲ་ཚིལ་གྱིས་ནི་བྱུགས་པའི་སྣོད། །མཆིང་བུའི་ཕོར་བ་སྦོམ་དགའ་མོའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མུ་གེའི་དུས་ལ་བབ་ནས་མ་བྱིན་པར་ལེན་པ་རྣམས་ཀྱིས་ཕག་དག་ཅིག་བརྐུས་ཏེ་ཚལ་སྟུག་པོའི་ནང་དུ་དོང་སྟེ་དེར་དེ་དག་གིས་དེ་བསད་དོ། །བསད་ནས་ཤ་བཟང་པོ་རྣམས་ཟོས་ཏེ། མགོ་དང་། རུས་ཐོགས་དང་། སུག་པ་རྣམས་བོར་རོ། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་ནང་པར་སྔར་ལངས་ནས་ཁང་པའི་སྟེང་དུ་འཛེགས་ཏེ་ཕྱོགས་བཞིར་ལྟ་ཞིང་དེ་དག་གིས་གང་ན་དུད་པ་འཐུལ་བ་དང་། བྱ་རྒོད་ལྡིང་བ་དག་མཐོང་བ་དེར་ཐམས་ཅད་འདུས་ཏེ་འདོང་བས་ནང་པར་སྔར་ལངས་ནས་ཁང་པའི་སྟེང་དུ་འཛེགས་ཏེ་ཕྱོགས་བཞིར་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་ཚལ་སྟུག་པོའི་ནང་ན་དུད་པ་དང་བྱ་རྒོད་ལྡིང་


DKG010_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཐོང་ནས་སྨྲས་པ། དགའ་བོ་ཉེ་དགའ་ཚལ་གྱི་ནང་ན་དུད་པ་འཐུལ་ཞིང་བྱ་རྒོད་ལྡིང་བས་གལ་ཏེ་ཅུང་ཟད་རྙེད་ཀྱང་སྲིད་པས་འདོང་ངོ་། །དེ་དག་མྱུར་བ་མྱུར་བར་དོང་བ་དང་། ཕག་གི་མགོ་དང་། རུས་ཐོགས་དང་། སུག་པ་བོར་བ་དག་མཐོང་ནས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཕྱག་དར་ལྟ་བུ་ཞིག་རྙེད་ཀྱིས་བཙོས་ཏེ་བཟའ་བར་བྱའོ། །དེ་དག་གིས་བསྡུས་ནས་འཚེད་པ་ན་ཕག་བདག་རྣམས་ཚོལ་ཞིང་དེར་ལྷགས་པ་དང་། ཇི་ཙམ་ན་དྲུག་སྡེ་རྣམས་ཕག་ཤ་འཚོད་པ་མཐོང་སྟེ། དེ་དག་གིས་སྨྲས་པ། འཕགས་པ་དག་དྲང་སྲོང་གི་རྒྱལ་མཚན་ཡང་ཐོགས་ལ་བྱ་བ་འདི་ལྟ་བུ་ཡང་བྱེད་དམ། དེ་དག་གིས་སྨྲས་པ། བཞིན་བཟངས་ཁོ་བོ་ཅག་སྲོག་གཅོད་དུ་རུང་ན་ལྟ་བདག་ཅག་གིས་རི་དགས་བཟང་པོ་བཟང་པོ་དག་བསད་ནས་ཤ་བཟང་པོ་དག་བཟའ་མི་ནུས་སམ་ཅི། ཅིའི་ཕྱིར་ཁོ་བོ་ཅག་མགོ་དང་རུས་པ་དང་། སུག་པ་དག་བསྡུས་ནས་འཚེད། མ་བྱིན་པར་ལེན་པ་འགའ་ཞིག་གིས་བརྐུས་ཏེ་ཟོས་ནས་བོར་བ་འདི་དག་ཁོ་བོ་ཅག་གིས་ཕྱག་དར་བོར་བ་ལྟ་བུ་བླངས་པར་ཟད་དོ། །དེ་དག་གིས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་འོན་ཀྱང་འདི་ལྟར་ཁྱེད་རབ་ཏུ་བྱུང་བ་ཡིན་པས་འདི་ནི་འཚམ་པ་མ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་གིས་དེ་ལྟ་བུའི་ཕྱག་དར་བླང་བར་མི་བྱའོ། །བླངས་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མ་བྱིན་པར་ལེན་པ་རྣམས་ཀྱིས་བུ་རམ་གྱི་ཤིང་དག་བརྐུས་ཏེ་ཟོས་ནས་དེ་དག་གིས་རྩ་བ་དང་། ཐོར་ཏོ་རོ་ཆུང་བ་དག་བོར་བ་དང་། དྲུག་སྡེ་རྣམས་ཕན་ཚུན་འཕྱན་ཞིང་ཕྱོགས་དེར་ཕྱིན་པ་དང་། དེ་དག་གིས་མཐོང་ནས་སྨྲས་པ། དགའ་བོ་ཉེ་དགའ་ཕྱག་དར་ལྟ་བུ་འདི་རྙེད་ཀྱིས་བླང་བར་བྱའོ། །དེ་དག་གིས་བླང་བར་བརྩམས་ན། བུ་རམ་ཤིང་སྲུང་བ་དག་ཚོལ་ཞིང་དེར་ལྷགས་པ་དང་། ཇི་ཙམ་ན་དྲུག་སྡེ་རྣམས་བུ་རམ་ཤིང་གི་རྩ་བ་དང་། ཐོར་ཏོ་རོ་ཆུང་བ་དག་ལེན་པ་


DKG010_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས་དེས་སྨྲས་པ། འཕགས་པ་དག་དྲང་སྲོང་གི་རྒྱལ་མཚན་ཡང་ཐོགས་ལ་འདི་ལྟ་བུའི་སྡིག་པའི་ལས་ཀྱང་བྱེད་དམ། དེ་དག་གིས་སྨྲས་པ། བཞིན་བཟངས་གལ་ཏེ་བདག་ཅག་མ་བྱིན་པར་ལེན་དུ་རུང་ན་ལྟ་བདག་ཅག་གིས་བདམས་ཤིང་བདམས་ནས་བུ་རམ་ཤིང་བཟང་པོའམ། གཞན་ཡང་ནོར་བུ་དང་མུ་ཏིག་ལ་སོགས་པ་རིན་པོ་ཆེ་དབྲོག་པར་མི་ནུས་སམ་ཅི། མ་བྱིན་པར་ལེན་པ་འགའ་ཞིག་གིས་བརྐུས་ཏེ་ཟོས་ནས་ད་གཟོད་ཁོ་བོ་ཅག་གིས་རྩ་བ་དང་། རྩེ་མོ་རོ་ཆུང་བ་དག་བསྡུས་པར་ཟད་དོ། །དེ་དག་གིས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་འོན་ཀྱང་འདི་ལྟར་ཁྱེད་རབ་ཏུ་བྱུང་བ་ཡིན་པས་འདི་ནི་འཚམ་པ་མ་ཡིན་ནོ། །དེ་དག་ཅང་མི་ཟེར་བར་འདུག་ནས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་གིས་དེ་ལྟ་བུའི་ཕྱག་དར་བླང་བར་མི་བྱའོ། །དགེ་སློང་དེ་ལྟ་བུའི་ཕྱག་དར་ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མ་བྱིན་པར་ལེན་པ་རྣམས་ཀྱིས་ཤིང་ཏ་ལའི་འབྲས་བུ་དག་བརྐུས་ནས་ནགས་སྟུག་པོའི་ནང་དུ་ཁྱེར་ནས་བདམས་ཤིང་བདམས་ཏེ་ཟོས་ཏེ་སྙིགས་མ་དག་བོར་བ་དང་། དྲུག་སྡེ་རྣམས་ཕན་ཚུན་འཁྱམ་པ་ལས་ཕྱོགས་དེར་ཕྱིན་ནས་དེ་དག་གིས་དེ་མཐོང་ནས། དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཕྱག་དར་ལྟ་བུ་འདི་རྙེད་ཀྱིས་བསྡུ་བར་བྱའོ། །དེ་རྣམས་ཀྱིས་དེ་བསྡུ་བར་བརྩམས་ན། ཤིང་ཏ་ལའི་སྲུང་མ་འཚོལ་ཞིང་དེར་སོན་པ་དང་། ཇི་ཙམ་ན་དྲུག་སྡེ་རྣམས་ཤིང་ཏ་ལའི་མགོ་ཐོགས་དང་སྙིགས་མ་དག་སྡུད་པ་མཐོང་ནས། དེས་སྨྲས་པ། འཕགས་པ་དྲོང་སྲོང་གི་རྒྱལ་མཚན་ཡང་ཐོགས་ལ་འདི་ལྟ་བུའི་སྡིག་པའི་ལས་ཀྱང་བྱེད་དམ། དེ་དག་གིས་སྨྲས་པ། བཞིན་བཟངས་གལ་ཏེ་ཁོ་བོ་ཅག་མ་བྱིན་པར་ལེན་དུ་རུང་ན་ལྟ་བདམས་ཤིང་བདམས་ཏེ་ཤིང་ཏ་ལའི་འབྲས་བུ་བཟང་པོ་དག་དང་། གཞན་ཡང་ནོར་བུ་དང་མུ་ཏིག་ལ་སོགས་པ་རིན་པོ་ཆེ་


DKG010_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དག་དབྲོག་པར་མི་ནུས་སམ་ཅི། མ་བྱིན་པར་ལེན་པ་འགའ་ཞིག་གིས་འདི་དག་བརྐུས་པ་ལས་ཁོ་བོ་ཅག་གིས་ཉལ་ཉིལ་བསྡུས་པར་ཟད་དོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ཡང་འདི་ལྟར་ཁྱེད་རབ་ཏུ་བྱུང་བ་ཡིན་པས་འདི་ནི་འཚམ་པ་མ་ཡིན་ནོ། །དེ་དག་ཅང་མི་ཟེར་བར་འདུག་ནས་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དེ་ལྟ་བུའི་ཕྱག་དར་བླང་བར་མི་བྱའོ། །དགེ་སློང་གིས་དེ་ལྟ་བུའི་ཕྱག་དར་བླངས་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་ཞིག་འདུག་པ་དེ་ལ་ལ་བ་བཟང་པོ་ཞིག་བདོག་ནས་དེ་དེ་ལ་ཤིན་ཏུ་ཆགས་སོ། །དེ་དུས་གཞན་ཞིག་ན་ན་བར་གྱུར་པ་དང་། ལ་བ་དེ་ལ་ཇི་ལྟ་བར་དབྱིག་དག་ལ་ནི་མྱ་ངན་མི་བྱེད་དོ། །དེ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དག་བྱས་ཀྱང་ཕན་པར་མ་གྱུར་ཏེ། དེས་གང་གི་ཚེ་ལུས་ཀྱི་གནས་སྐབས་ཤེས་པ་དེའི་ཚེ་ཉེ་དུ་རྣམས་བསོགས་ཏེ་སྨྲས་པ། གང་གི་ཚེ་ཁོ་བོ་ཤི་བར་གྱུར་ན་དེའི་ཚེ་ཁྱེད་ཅག་གིས་མ་བསྲེགས་པར་འོན་ཀྱང་ལ་བ་འདིས་དཀྲིས་ནས་འོར་ཅིག །དེ་དག་གིས་དེ་དབུགས་ཕྱུང་སྟེ་སྨྲས་པ། ཇི་སྙེད་ནད་ཀྱིས་བཏབ་པ་ཐམས་ཅད་འཆིའམ་ཅི་སོས་པར་འགྱུར་བས་མ་འཇིགས་ཤིག །དེ་ཚེ་ཟད་པ་ཞིག་པས་རིམ་གྲོ་དང་གསོས་བྱས་ཀྱང་མ་ཕན་ཏེ་ཤི་ནས་ལ་བ་ལ་ལྷག་པར་ཆགས་པས་ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེས་སོ། །དེ་ཉེ་དུ་རྣམས་ཀྱིས་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གིས་ཁྱོགས་བརྒྱན་ནས་ལ་བ་དེ་ཉིད་ཀྱིས་དཀྲིས་ཏེ་དུར་ཁྲོད་དུ་བོར་རོ། །དེ་དགེ་སློང་དག་གིས་མཐོང་ནས། དེ་དག་གིས་དགེ་སློང་དུར་ཁྲོད་པ་གནག་དགའ་བོ་ཞེས་བྱ་བ་དེ་ལ་སྨྲས་པ། ཚེ་དང་ལྡན་པ་སྤོས་འཚོང་གི་ཁྱེའུ་ཤི་བ་དེ་ཉེ་དུ་དག་གིས་ལ་བས་དཀྲིས་ནས། དུར་ཁྲོད་དུ་བོར་གྱིས་སོང་ལ་ཕྱག་དར་ཁྲོད་ལོང་ཤིག །དེ་མྱུར་བ་མྱུར་བར་དུར་ཁྲོད་དུ་སོང་ནས་ལ་བ་བླངས་པ་དང་། མི་མ་ཡིན་པ་


DKG010_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྨྲས་པ། འཕགས་པ་གནག་དགའ་བོ་བདག་གི་ལ་བ་མ་བསྣམས་ཤིག །དུར་ཁྲོད་པ་ཕལ་ཆེར་སྙིང་སྟོབས་ཅན་ཡིན་པས་དེས་དེ་ལ་སྨྲས་པ། བཀྲེན་པ་ཁྱོད་ལ་བ་འདི་ལ་ལྷག་པར་ཆགས་པ་ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེས་ན། ད་ཡང་ཅི་དམྱལ་བར་སྐྱེ་བར་འདོད་དམ་ཐོང་ཤིག་ཅེས་བྱས་ན། འོན་ཀྱང་དེས་མ་བཏང་ངོ་། ། དེ་ལྷག་པར་ཆགས་པས་དེས་དེ་ལ་རྡོག་པས་བསྣུན་ནས་བཤུས་ཏེ་དེས་དེ་ཁྱེར་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དེ་ཡང་ཆོ་ངེས་འདེབས་ཤིང་དེའི་ཕྱི་བཞིན་དུ་འབྲངས་ཏེ། འཕགས་པ་གནག་དགའ་བོ། ལ་བ་འོ་ནི་སྩོལ་ཅིག་ཅེས་བྱས་ན་དེས་ཁྱད་དུ་བསད་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། རྒྱལ་བྱེད་ཀྱི་ཚལ་ན་སངས་རྒྱས་ལ་མངོན་པར་དད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དག་འདུག་པས་དབང་ཆུང་ངུར་གྲགས་པ་དེ་ནང་དུ་འཇུག་མ་ནུས་ནས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་ཆོ་ངེས་འདེབས་ཤིང་འདུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་ཡིན་པས་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་མི་མ་ཡིན་པ་ངུ་། དེས་གསོལ་པ། བཙུན་པ་གནག་དགའ་བོས་དེའི་ལ་བ་བླངས་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་མི་མ་ཡིན་པ་འདི་ཆགས་པ་དེ་ལྟ་བུས་ངུ་སྟེ། གལ་ཏེ་ལ་བ་མ་ཐོབ་ན་ཁྲག་དྲོན་དུ་སྐྱུགས་ནས་འཆི་བར་འགྱུར་བ་གང་ཡིན་པའི་གནས་དེ་ཡོད་དོ་སྙམ་དུ་དགོངས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་གནག་དགའ་བོ་ལ་མི་མ་ཡིན་པ་འདི་ལ་ལ་བ་བྱིན་ཅིག །གལ་ཏེ་འདི་ལ་ལ་བ་མ་བྱིན་ན་གདོན་མི་ཟ་བར་འདི་ཁྲག་དྲོན་དུ་སྐྱུགས་ནས་འཆི་བར་འགྱུར་རོ། །གང་གི་ཚེ་བྱིན་པ་དེའི་ཚེ་ཡང་མདུན་དུ་སོང་ཤིག་ཅེས་སྨྲ་བར་བྱའོ། །གང་གི་ཚེ་དུར་ཁྲོད་དུ་སོན་པ་དེའི་ཚེ་ཡང་ཉོལ་ཅིག་ཅེས་བརྗོད་པར་བྱ་ཞིང་གང་གི་ཚེ་ཉལ་བ་དེའི་ཚེ་དེའི་སྟེང་དུ་དགབ་པར་བྱའོ་ཞེས་གྱིས་ཤིག །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཚེ་དང་ལྡན་པ་གནག་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་


DKG010_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་གནག་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གནག་དགའ་བོ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱི་ཞལ་ནས་མི་མ་ཡིན་པ་འདི་ལ་ལ་བ་བྱིན་ཅིག །གལ་ཏེ་འདི་ལ་ལ་བ་མ་བྱིན་ན་གདོན་མི་ཟ་བར་ཁྲག་དྲོན་དུ་སྐྱུགས་ནས་འཆི་བར་འགྱུར་རོ། ། གང་གི་ཚེ་བྱིན་པ་དེའི་ཚེ་ཡང་མདུན་དུ་སོང་ཤིག་ཅེས་བརྗོད་པར་བྱའོ། །གང་གི་ཚེ་དུར་ཁྲོད་དུ་ཕྱིན་པ་དེའི་ཚེ་ཡང་ཉོལ་ཅིག་ཅེས་བརྗོད་པར་བྱ་ཞིང་། གང་གི་ཚེ་ཉལ་བ་དེའི་ཚེ་དེའི་སྟེང་དུ་དགབ་པར་བྱའོ་ཞེས་དེ་སྐད་བཀའ་སྩལ་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ། །ཚེ་དང་ལྡན་པ་ཀུན་དགའ་བོ་སོང་བ་དང་། གནག་དགའ་བོས་མི་མ་ཡིན་པ་དེ་ལ་སྨྲས་པ། གལ་ཏེ་ཁྱོད་ལ་བ་འདོད་ན་མདུན་དུ་སོང་ཤིག་དང་སྦྱིན་ནོ། ། དེ་མདུན་དུ་སོང་བ་དང་། ཡང་སྨྲས་པ། གལ་ཏེ་ཁྱོད་ལ་བ་འདོད་ན་ཉོལ་ཅིག་ཅེས་བྱས་པ་དང་། དེ་ཉལ་ནས་དེའི་སྟེང་དུ་བཀབ་བོ། །མི་མ་ཡིན་པས་ཀྱང་དེ་ལ་རྡོག་པས་བསྣུན་པ་དང་། དེ་སྟོབས་དང་ལྡན་པ་ཡིན་པས་དེས་མནགས་སོ། །སྐབས་དེ་དགེ་སློང་རྣམས་ལ་བསྙད་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གྱ་ཚོམ་དུ་རོའི་གོས་བླང་བའམ་སྦྱིན་པར་མི་བྱའི། ལེན་ན་དེས་རྐང་པའི་མཐའ་ནས་མགོའི་མཐར་སོང་སྟེ་བླང་བར་བྱའོ། །གང་ཞིག་སྦྱིན་པ་དེས་ཀྱང་མགོའི་མཐའ་ནས་རྐང་པའི་མཐར་སོང་སྟེ་སྦྱིན་པར་བྱའོ། །དགེ་སློང་རོའི་གོས་ལ་ཉེས་དམིགས་ལྔ་ཡོད་དེ། ལྔ་གང་ཞེ་ན། ཁ་དོག་ངན་པ་དང་། དྲི་མི་ཞིམ་པ་དང་། རྙིངས་པ་དང་། ཤིག་མང་བ་དང་། གནོད་སྦྱིན་མི་སྲུན་པ་མང་བའོ། །འོན་ཀྱང་ཕྱག་དར་ཁྲོད་པས་ཇི་སྲིད་དུ་རྨ་མ་ཕྱུང་བར་རོའི་གོས་བླང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་རྨ་མ་ཕྱུང་བར་ཤི་བའི་གོས་བླང་བར་མི་བྱའོ་ཞེས་གསུངས་པ་དང་། དྲུག་སྡེ་རྣམས་ཀྱིས་ཁྱི་ཁྲིད་དེ་དོང་བ་དང་། མ་དད་པ་དག་གིས་མཐོང་ནས། འཕགས་པ་ཁྱེད་ཅི་སྟེ་ཁྱི་ཁྲིད་ནས་དགོན་པར་འདོང་། ཅི་སྲོག་གཅོད་པར་བྱེད་དམ་ཞེས་ཁ་ཟེར་བ་དང་། དེ་དག་གིས་ལན་གཞན་དུ་གླན་ནོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་


DKG010_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱི་ཁྲིད་དེ་འགྲོ་བར་མི་བྱའོ། །དེ་དག་གིས་མཚོན་གྱིས་རྨ་ཕྱུང་སྟེ་བླངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚོན་གྱིས་རྨ་ཕྱུང་སྟེ་བླང་བར་མི་བྱའི་འོན་ཀྱང་གང་གི་ཚེ་སྲིན་བུ་ཕྲེའུ་དང་། གྲོག་མས་ཟོས་ཀྱང་རུང་དེའི་ཚེ་བླང་བར་བྱའོ། །དེ་དག་གིས་བླངས་ཏེ་དེ་བཞིན་དུ་གྱོན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་བགོ་བར་མི་བྱའི། འོན་ཀྱང་ཞག་བདུན་ནམ་བརྒྱད་དུ་དབེན་པར་བཞག་ལ་གང་གི་ཚེ་རླུང་དང་ཉི་མས་གདུངས་པར་གྱུར་པ་དེའི་ཚེ་བཀྲུས་ནས་བཙོས་ལ་བགོ་བར་བྱའོ། །དེ་དག་གིས་དེ་བགོས་ཏེ་གཙུག་ལག་ཁང་དུ་འཇུག་ཅིང་མཆོད་རྟེན་དག་ལ་ཕྱག་འཚལ་བར་བྱེད་ནས། སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དགེ་སློང་དུར་ཁྲོད་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་དུར་ཁྲོད་པས་རོའི་གོས་བགོས་ཏེ་གཙུག་ལག་ཁང་དུ་འགྲོ་བར་མི་བྱ། མཆོད་རྟེན་ལ་ཕྱག་འཚལ་བར་མི་བྱ། དེ་སྟེ་ཕྱག་བྱེད་ན་ཡང་འདོམ་གང་ཁོར་ཡུག་ལས་ཉེ་བར་འགྲོ་བར་མི་བྱ། གནས་ཁང་ལ་ལོངས་སྤྱད་པར་མི་བྱ། གནས་མལ་ལ་ཡང་འདུག་པར་མི་བྱ། དགེ་འདུན་གྱི་ནང་དུ་འདུག་པར་མི་བྱ། བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་བསྟན་པར་མི་བྱ། བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུ་འགྲོ་བར་མི་བྱ། གལ་ཏེ་འགྲོ་ན་ཡང་སྒོར་བསྡད་པར་བྱའོ། ། གལ་ཏེ་འཕགས་པ་ནང་དུ་གཤེགས་ཞེས་ཟེར་ན། བདག་ནི་དུར་ཁྲོད་པའོ་ཞེས་སྨྲ་བར་བྱའོ། །ཇི་སྟེ་འཕགས་པ་གལ་ཏེ་ཁྱེད་ལྟ་བུ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ཏེ་འདུག་པ་དག་ཁྱིམ་གྱི་ནང་དུ་བྱོན་ན་བདག་གིས་རྙེད་པ་དག་ལེགས་པར་རྙེད་པ་མ་ལགས་སམ་ཞེས་ཟེར་ན་ནང་དུ་འགྲོ་བར་བྱ་ཞིང་སྟན་ལ་ནི་འདུག་པར་མི་བྱའོ། །གལ་ཏེ་འཕགས་པ་གདན་ལ་བཞུགས་ཤིག་ཅེས་ཟེར་ན། བདག་ནི་དུར་ཁྲོད་པའོ་ཞེས་བརྗོད་པར་བྱའོ། །ཇི་སྟེ་འཕགས་པ་གལ་ཏེ་ཁྱོད་ལྟ་བུ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ཏེ་འཇུག་པ་དག་སྟན་དང་ཁྱིམ་ལ་


DKG010_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ལོངས་སྤྱོད་ན་བདག་གིས་རྙེད་པ་དག་ལེགས་པར་རྙེད་པ་མ་ལགས་སམ་ཞེས་ཟེར་ན་དེར་འདུག་པར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །དགེ་སློང་དུར་ཁྲོད་པས་ཀུན་ཏུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་མི་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་གྲི་དང་ཁབ་དག་བབ་ཆོལ་དུ་འཇོག་པས་དེ་དག་བཙས་ཟོས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བབ་ཆོལ་དུ་གཞག་པར་མི་བྱའི་འོན་ཀྱང་སྣོད་དུ་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྣོད་དུ་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་སྣོད་ཇི་ལྟ་བུ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་ལ་སྤྲ་ཚིལ་གྱིས་བྱུགས་ནས། དེར་ཁབ་དང་གྲི་དག་གཞུག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་མ་སྦོམ་དགའ་མོ་ཞེས་བྱ་བ་དེ་ལ་མཆིང་ཕོར་ཞིག་ཡོད་དོ། །ཇི་ཙམ་ན་དགེ་སློང་མ་གཞན་ཞིག་སྐོམ་པས་ཉམ་ཐག་སྟེ་ཆུ་འཐུང་འདོད་ནས་དེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། འཕགས་མ་སྐོམ་སྟེ་ཆུ་བཏུང་གིས་མཆིང་ཕོར་གཡོར་ཅིག་དེས་སྨྲས་པ། འདི་ན་འདུག་གིས་ལོང་ལ་སོང་ཤིག །དེས་བླངས་ཏེ་སོང་བ་དང་། ལག་ནས་ལྷུང་སྟེ་ཆག་ནས་དེ་ཅང་མི་སྨྲ་བར་འདུག་གོ །དུས་གཞན་ཞིག་ན་སྦོམ་དགའ་མོས་དེ་དྲན་ནས་དེའི་དྲུང་དུ་སོང་སྟེ་སྨྲས་པ། འཕགས་མ་མཆིང་ཕོར་བསྣམས་པ་དེ་སྩོལ་ཅིག །དེས་སྨྲས་པ། འཕགས་མ་འཚལ་ན་འོན་ཀྱང་ལག་ནས་ལྷུང་སྟེ་ཆག་གིས་གཞན་ཞིག་ཉོས་ཏེ་དབུལ་ལོ། །དེས་སྨྲས་པ། དེ་ཉིད་བྱིན་ཅིག་ཅེས་དེས་དེ་རིང་ཞིག་ཏུ་གཙེས་ཏེ་བཏང་ངོ་། །སྐབས་དེ་དགེ་སློང་མ་དག་གིས་དགེ་སློང་དག་ལ་བསྙད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་


DKG010_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཆིང་ཕོར་ནས་ཆུ་འཐུང་བ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་མས་མཆིང་ཕོར་དུ་ཆུ་བཏུང་བར་མི་བྱའོ་སྙམ་དུ་མཁྱེན་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་མ་དག་མཆིང་ཕོར་ནས་ཆུ་འཐུང་བ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་མས་མཆིང་ཕོར་ནས་ཆུ་བཏུང་བར་མི་བྱ་ཞིང་གཞན་ཡང་བཏུང་བ་དང་བཟའ་བར་མི་བྱའོ། །དགེ་སློང་མ་མཆིང་ཕོར་ནས་ཆུའམ་གཞན་དུ་ཡང་རུང་འཐུང་ངམ་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ནི། རི་མོའི་མཁར་ལན་མེ་དང་ནི། །ཁྲུས་དང་འགགས་དང་ལྷུང་བཟེད་ཀྱི། །ལྷག་རོལ་མ་ཡིན་ལྷུང་བཟེད་གཞིར། །རྐང་པ་མི་གཞག་ལྷམ་དག་གོ །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཕྱོགས་བཞིའི་དགེ་འདུན་ལ་རྒྱལ་བྱེད་ཀྱི་ཚལ་ཕུལ་བ་དེའི་ཚེ་དེའི་བློ་སྐྱེས་པ་འདི་རི་མོ་མ་བྲིས་པས་མི་སྡུག་སྟེ། དེའི་ཕྱིར་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་འདི་རི་མོ་བྲིའོ་སྙམ་དུ་རིག་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་རྒྱལ་བྱེད་ཀྱི་ཚལ་འདི་རི་མོ་མ་བྲིས་པས་མི་སྡུག་སྟེ། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་འདི་རི་མོ་བྲི་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་གནང་གིས་རི་མོ་རིས་ཤིག །བཅོམ་ལྡན་འདས་ཀྱིས་རི་མོ་རིས་ཤིག་ཅེས་བཀའ་སྩལ་ནས། དེས་ཚོན་རྩི་དག་ཀྱང་བསོགས། རི་མོ་མཁན་རྣམས་ཀྱང་བོས་ཏེ་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ཀྱིས་གནང་གིས། དེའི་ཕྱིར་ཚོན་རྩི་འདི་དག་གིས་རྒྱལ་བྱེད་ཀྱི་ཚལ་རི་མོ་རིས་ཤིག །དེ་དག་གིས་སྨྲས་པ། ཁྱིམ་བདག་རི་མོ་བྲི་ན་ཕྱོགས་གང་དུ་ཅི་ཞིག་བྲི་བ་གསུང་ཤིག །དེས་སྨྲས་པ།


DKG010_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྡན་དག་བདག་གིས་མི་ཤེས་ཀྱིས་སྡོད་ཅིག་དང་བཅོམ་ལྡན་འདས་ལ་ཞུའོ། །དེ་དག་གིས་སྨྲས་པ། ཁྱིམ་བདག་ལེགས་ཏེ་དེ་བཞིན་དུ་མཛོད་ཅིག་དང་སྡོད་དོ། །དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་ཚོན་རྩི་དག་ཀྱང་བསོགས། རི་མོ་མཁན་རྣམས་ཀྱང་བོས་ན་དེ་དག་གི་མཆིད་ནས་ཁྱིམ་བདག་ཕྱོགས་གང་དུ་ཅི་ཞིག་བྲི་བ་སྨྲོས་ཤིག་ཅེས་མཆི་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཕྱོགས་གང་དུ་ཅི་ཞིག་བྲི་བ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གལ་ཏེ་དེ་ལྟ་ན་སོང་ལ་རེ་ཞིག་ཕྱི་སྒོར་གནོད་སྦྱིན་ལག་ན་དབྱུག་ཐོགས་འདྲིར་བཅུག་ནས། སྒོ་ཁང་དུ་ནི་ཆོ་འཕྲུལ་ཆེན་པོ་དང་འཁོར་བའི་འཁོར་ལོ་ཆ་ལྔ་པ། ཁྱམས་སུ་ནི་སྐྱེས་པའི་རབས་ཀྱི་ཕྲེང་བ། དྲི་གཙང་ཁང་གི་སྒོར་ནི་གནོད་སྦྱིན་ལག་ན་ཕྲེང་བ་ཐོགས་པ་དག །རིམ་གྲོའི་ཁང་པར་ནི་དགེ་སློང་གནས་བརྟན་གནས་བརྟན་དག་ཆོས་རྣམ་པར་གཏན་ལ་འབེབས་པར་བྱེད་པ། བཀད་སར་ནི་གནོད་སྦྱིན་ལག་ན་ཟས་ཐོགས་པ་དག །མཛོད་ཀྱི་སྒོར་ནི་གནོད་སྦྱིན་ལག་ན་ལྕགས་ཀྱུ་ཐོགས་པ་དག །ཆུའི་ཁང་པར་ནི་ཀླུ་ལག་ན་བུམ་པ་ཐོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དག །ཁྲུས་ཁང་ངམ། བསྲོ་གང་དུ་ནི་ལྷའི་མདོ་ལས་འབྱུང་བའམ། གཞན་དམྱལ་བའི་རབས། ནད་པའི་སྨན་ཁང་དུ་ནི་དེ་བཞིན་གཤེགས་པ་ནད་པའི་ནད་གཡོག་མཛད་པ། ཆབ་ཁུང་སར་ནི་དུར་ཁྲོད་ཤིན་ཏུ་འཇིགས་སུ་རུང་བ། གནས་ཁང་གི་སྒོར་ནི་རུས་པའི་ཀེང་རུས་དང་། མགོའི་ཐོད་པ་བྲིའོ། །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཐམས་ཅད་དེ་ཁོ་ན་བཞིན་དུ་འདྲིར་བཅུག་གོ །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཀྱི་ཚལ་རི་མོ་བྲིས་པ་དེའི་ཚེ་དགེ་སློང་ཤེས་བཞིན་མེད་པར་གནས་པ་ཁ་ཅིག་གིས་དེར་མེ་བུས་པས་དུ་བས་རི་མོ་མ་རུང་བར་གྱུར་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་


DKG010_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། དགེ་སློང་དག་ངས་མེའི་ཁང་པ་གནང་གིས་དགེ་སློང་གང་ཞིག་ལ་མེ་དགོས་པ་དེས་མེའི་ཁང་པར་མེ་བུད་པར་བྱའི་ཁང་བཟངས་སུ་ནི་མ་ཡིན་ནོ། །ཁང་བཟངས་སུ་མེ་འབུད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་མེའི་ཁང་པར་མེ་བུད་པར་བྱའི་ཁང་བཟངས་སུ་ནི་མ་ཡིན་ནོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་ནད་པ་དག་ཅིག་འཁོད་པ་དེ་དག་མེས་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་གང་དག་མེས་ཕོངས་པ་དེ་དག་གིས་གཙུག་ལག་ཁང་གི་ཕྱི་རོལ་ལམ། རྫིང་དྲུང་དུ་མེ་བུས་ལ་མདག་མ་དུ་བ་མེད་པ་ནང་དུ་གཞག་པར་བྱའོ། །དགེ་སློང་རྣམས་ཁང་བཟངས་སུ་ཁྲུས་བྱེད་པས་རི་མོ་བྱིད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁང་བཟངས་སུ་ཁྲུས་མི་བྱའི་འོན་ཀྱང་རྫིང་གི་གྲྭ་གཅིག་ཏུ་སྟོན་པའི་སྤྱན་སྔར་མ་བབ་པའམ། ཁྲུས་ཀྱི་ཁང་པ་བྱས་ནས་དེར་ཁྲུས་བྱའོ། །འདམ་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱོགས་དེར་སོ་ཕག་གི་གཅལ་དགྲམ་པར་བྱའོ། །ཆུ་འཁྱིལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་སྟོར་ཁུང་གདོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆུའི་སྟོར་ཁུང་གདོད་པར་བྱའོ་ཞེས་བཀའ་སྩལ་པ་དང་། ཆུའི་སྟོར་ཁུང་གི་ཁ་འགགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བསལ་བར་བྱ་ཞིང་ཆུའི་སྟོར་ཁུང་གི་ཁ་ཉིད་དུ་ཁྲུས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་གི་བུ་ན་བར་གྱུར་ནས་དེ་སྨན་པའི་དྲུང་དུ་སོང་སྟེ་སྨྲས་པ། བཀྲ་ཤིས་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག །སྨན་པས་སྨྲས་པ། ཇོ་བོ་ཅི་བཞེད་གསུང་ཤིག །དེས་སྨྲས་པ། ཀྱེ་དགེ་བ་ཅུང་ཟད་ཀྱང་མི་འདོད་མོད་ཀྱི། འོན་ཀྱང་ཁོ་བོའི་བུ་ནད་འདི་དང་འདིས་ཐེབས་ཀྱིས་སྨན་སྟོན་ཅིག །སྨན་པ་དེ་དད་པ་ཅན་ཞིག་པས་དེས་སྨྲས་པ། བྲམ་ཟེ་འཕགས་པ་རྣམས་ཀྱི་དྲུང་དུ་བཞུད་ལ་ལྷུང་བཟེད་ཀྱི་ཆུ་སློངས་ལ་དེ་ཁྲུས་


DKG010_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་དང་སོས་པར་འགྱུར་རོ། །དེས་བྲམ་ཟེ་བཀྲ་ཤིས་པར་གྱུར་ཅིག་ཅེས་སྨྲས་ནས་ཆས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་དྲུག་སྡེ་གང་ཡང་རུང་བ་ཞིག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་མི་སྟོང་པ་ཡིན་ཏེ། ཚེ་དང་ལྡན་པ་ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆགས་པ་དེས་བྲམ་ཟེ་དེ་མཐོང་ནས་སྨྲས་པ། བྲམ་ཟེ་ཆེན་པོ་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཁྱོད་ཟླ་བ་ལྟ་བུར་གནས་པ་ཡིན་ན་རིང་མོ་ཞིག་སྟེ་ག་ལས་འོངས། འཕགས་པ་ཕྱག་འཚལ་ལོ། །རིང་མོ་ཞིག་སྟེ་མཐོང་བ་ནི་ལེགས་ཏེ། ཡང་དང་ཡང་དུ་མཐོང་བས་ནི་བརྙས་པར་འགྱུར་རོ། །དགོས་པ་ཅི་ཞིག་ལ་འོངས། འཕགས་པ་བདག་གི་བུ་བྲོ་ཚབས་ཆེན་པོ་ཞིག་གིས་ཐེབས་ཏེ། དེ་ལ་སྨན་པས་འཕགས་པ་རྣམས་ཀྱི་ཐད་ནས་ལྷུང་བཟེད་ཀྱི་ཆུ་བླངས་ཏེ་དེས་བཀྲུས་དང་སོས་པར་འགྱུར་རོ་ཞེས་བསྟན་ནས། བདག་ལྷུང་བཟེད་ཀྱི་ཆུ་བསླང་བའི་སླད་དུ་འདིར་མཆིས་ཀྱིས་སྩོལ་ཅིག །དེས་སྨྲས་པ། ཁྱོད་ཀོ་ལྷུང་བཟེད་ཀྱི་ཆུའི་ཕྱིར་འདིར་འོངས་པ་ལྟ། འཕགས་པ་དེ་ལྟ་ལགས་ཏེ་དགོས་པ་དེ་ནི་མཆིས་སོ། །གལ་ཏེ་དེ་ལྟ་ན་སྡོད་ཅིག་དང་ཁོ་བོས་ལྷུང་བཟེད་ཀྱི་ཆུ་བླང་ངོ་ཞེས་བྱས་ནས་དེ་ནང་དུ་སོང་ངོ་། །དེས་ཟན་ཟོས་ནས་ལྷུང་བཟེད་བཀྲུས་ཏེ་དེར་རུས་པ་དང་། ཤའི་ཁམ་ཚད་དང་། ཉའི་གྲམ་དང་། འབྲས་ཅན་གྱི་བྲུལ་མ་དང་། ཕྱེ་དང་། ཚོང་ཤོལ་དང་། ཁུར་བ་ཅུང་ཟད་ཅིག་བླུགས་སོ། །དེ་ནས་ཕྱིར་བྱུང་ནས་སྨྲས་པ། བྲམ་ཟེ་ལྷུང་བཟེད་ཀྱི་ཆུ་འདེ་རེ་ཁྱེར་ཅིག །བྲམ་ཟེས་མཐོང་ནས་སྨྲས་པ། འཕགས་པ་བདག་གི་བུ་གུམ་བླའི་ཆུ་འདི་ལྟ་བུ་མི་གཙང་བས་ཁྲུས་བགྱིས་པ་ནི་མི་རུང་ངོ་། །ཚེ་དང་ལྡན་པ་ཉེ་དགའས་སྨྲས་པ། ཁྱོད་དད་པ་འདི་ལྟ་བུ་དང་ལྡན་པས་ཁྱོད་ཀྱི་བུ་སོས་ཟིན་དུ་ཟད་དོ། །བྲམ་ཟེ་དེ་འཕྱ་བ་ལ་ཞུགས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་ལྷུང་བཟེད་ནས་ལྷག་རོལ་འདོར་བ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་གིས་ལྷུང་བཟེད་ནས་ལྷག་རོལ་དོར་བར་མི་བྱའོ་སྙམ་


DKG010_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དགོངས་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ལྷུང་བཟེད་ནས་ལྷག་རོལ་དོར་བར་མི་བྱའོ། །འདོར་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་ངས་དགེ་སློང་གིས་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱེད་པས་ལྷུང་བཟེད་ལན་གསུམ་བཀྲུས་ཏེ། ལྷུང་བཟེད་ཀྱི་ཆུ་ལ་གཙུག་ལག་གི་ཚིགས་སུ་བཅད་པས་མངོན་པར་བསྔགས་ནས་སྦྱིན་པར་བྱའོ། །དགེ་སློང་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱེད་པས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་མི་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་ལྷུང་བཟེད་ཀྱི་གཞི་ལ་རྐང་པ་བཞག་སྟེ་ཟན་ཟ་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་གཙང་སྦྲ་མེད་པ་སྟེ། ལྷུང་བཟེད་ཀྱི་གཞི་ལ་རྐང་པ་བཞག་སྟེ་ཟན་ཟའོ། །ཞེས་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཐོག་ཏུ་བབ་པོ། །དེ་ལྟ་བས་ན་དགེ་སློང་གིས་ལྷུང་བཟེད་ཀྱི་གཞི་ལ་རྐང་པ་བཞག་སྟེ་ཟན་བཟའ་བར་མི་བྱའོ། །དགེ་སློང་ལྷུང་བཟེད་ཀྱི་གཞི་ལ་རྐང་པ་བཞག་སྟེ་ཟན་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པ་ན་བཞུགས་སོ། །དགེ་སློང་དག་ལྷམ་མ་ཕུད་པར་ཟན་ཟ་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་གཙང་སྦྲ་མེད་པ་སྟེ་ལྷམ་མ་ཕུད་པར་ཟན་ཟའོ་ཞེས་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་འཕྱ་བ་ནི་ཐོག་ཏུ་བབ་བོ། །དེ་ལྟ་བས་ན་དགེ་སློང་གིས་ལྷམ་མ་ཕུད་པར་ཟན་བཟའ་བར་མི་


DKG010_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དགེ་སློང་ལྷམ་མ་ཕུད་པར་ཟན་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལྷམ་མ་ཕུད་པར་ཟན་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་གིས་ལྷམ་ཕུད་དེ་ཟན་ཟ་བར་བརྩམས་པ་དང་། དེ་དག་ན་བར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་གང་དག་ཡིན་པ་དེ་དག་གིས་ནི་མ་ཕུད་པར་ཟན་བཟའ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ།། །།སྡོམ་ནི། ལྷུང་བཟེད་མེད་དང་གྲགས་པ་དང་། །དབྱར་གནས་པ་དང་གནས་མེད་དང་། །ལོ་ལྔ་རྙེད་པ་གཅིག་པ་དང་། །གློ་དང་རྒྱབ་དང་རྐེད་པ་མགོ །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཉེ་དགའ་བོས་གཅིག་ཅིག་རབ་ཏུ་ཕྱུང་བ་དེ་ལ་སྔ་ནས་ལྷུང་བཟེད་ཉེ་བར་མ་བཞག་གོ །ཇི་ཙམ་ན་དགེ་སློང་རྣམས་ཟས་ཀྱི་དུས་ལ་བབ་སྟེ་རང་རང་གི་ལྷུང་བཟེད་དག་བཀྲུས་ནས་ལྷུང་བཟེད་ཀྱི་གཞི་ལ་བཞག་སྟེ་མཆོད་རྟེན་ལ་ཕྱག་འཚལ་དུ་དོང་བ་དང་། དེས་བསམས་པ། ལྷུང་བཟེད་འདི་དག་མང་མོ་ཞིག་འདུག་པས་གདོན་མི་ཟ་བར་གང་གང་གིས་ཇི་ལྟར་བླངས་པ་དེས་ཟོས་ཤིང་ཟོས་ནས་འདི་ཉིད་དུ་འཇོག་གོ །དེ་ལྟ་བས་ན་རེ་ཞིག་བདག་གིས་ཀྱང་བླངས་ལ་སླར་བཞག་གོ་སྙམ་ནས་དེས་གནས་བརྟན་ཀུན་ཤེས་ཀཽཎྜི་ནྱའི་ལྷུང་བཟེད་བླང་བར་བརྩམས་པ་དང་། གཞན་ཞིག་གིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ལྷུང་བཟེད་འདི་ནི་གནས་བརྟན་ཀུན་ཤེས་ཀཽཎྜི་ནྱའི་ཡིན་གྱིས་འདི་མ་ལེན་ཅིག །དེས་དེ་བཞག་ནས་ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་པོ་དང་། རླངས་པ་དང་། མིང་ཆེན་དང་། གང་པོ་དང་། དྲི་མ་མེད་པ་དང་། བ་ལང་བདག་དང་། ལག་བཟངས་དང་། དགེ་སློང་གཞན་དག་ཅིག་གི་ལྷུང་བཟེད་དག་བླང་བར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ལ་ལྷུང་བཟེད་མེད་ན་ལྷུང་བཟེད་མེད་པ་ཁྱོད་སུས་རབ་ཏུ་ཕྱུང་། དེས་སྨྲས་པ། མཁན་པོ་ཉེ་དགའས་སོ། ། དགེ་སློང་རྣམས་འཕྱ་བར་བྱེད་དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་དེ་མ་ཡིན་པ་གཞན་སུ་ཞིག་གིས་ལྷུང་


DKG010_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་མེད་པ་རབ་ཏུ་འབྱིན་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ལྷུང་བཟེད་མེད་པ་རབ་ཏུ་དབྱུང་བར་མི་བྱ་སྟེ། རབ་ཏུ་འབྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ། །རབ་ཏུ་འབྱིན་པར་བྱེད་པས་ཡོ་བྱད་དྲུག་གིས་མི་བྲེལ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་རེ་ཞིག་དགེ་སློང་དག་གིས་ལྷུང་བཟེད་མེད་པ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བརྗོད་པར་བགྱིའམ། ཉེ་བ་འཁོར་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འགལ་ཚབས་ཅན་དུ་འགྱུར་རོ། །བཙུན་པ་དགེ་སློང་དག་གིས་ལྷུང་བཟེད་ཆུང་ངུའམ། ལྷུང་བཟེད་ཆེན་པོའམ། ལྷུང་བཟེད་སྐྱ་བོས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཉེ་བ་འཁོར་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཆོམ་རྐུན་པར་གྲགས་པ་ཞིག་རྐུན་པོ་བྱེད་པ་ཚོར་ནས་དེས་བཟུང་བ་དང་། བརྐུས་པ་བོར་ནས་བྲོས་སོ། །དེ་ལམ་གྱི་ངལ་བས་དུབ་ནས་རྒྱལ་བྱེད་ཀྱི་ཚལ་གྱི་ལམ་ཀ་ཤིང་ཞིག་གི་དྲུང་ན་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། ཚེ་དང་ལྡན་པ་ཉེ་དགའ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཆས་པ་དེས་དེ་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་སུའི། དེས་སྨྲས་པ། འཕགས་པ་བདག་ནི་མགོན་མེད་པ་ཞིག་སྟེ། བདག་ལ་ཅི་ཡང་མ་མཆིས་སོ། །དེས་སྨྲས་པ། བཞིན་བཟངས་གལ་ཏེ་དེ་ལྟ་ན་ཅི་སྟེ་རབ་ཏུ་མི་འབྱུང་། དེས་སྨྲས་པ། འཕགས་པ་ཁྱོད་རབ་ཏུ་བྱུང་བ་ལགས་པས་རེ་ཞིག་དྲང་པོར་སྨྲ་བར་བགྱི་སྟེ། བདག་ནི་ཆོམ་རྐུན་པར་གྲགས་པ་ལགས་ན་སུ་ཞིག་བདག་རབ་ཏུ་འབྱིན། བུ་བཅོམ་ལྡན་འདས་ཀྱི་བསྟན་པ་ནི་ཐུགས་རྗེས་རབ་ཏུ་ཕྱེ་བ་


DKG010_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སུ་ཞིག་རབ་ཏུ་མི་འབྱིན། སེམས་རྟོན་ཅིག་དང་ངས་རབ་ཏུ་དབྱུང་ངོ་། །འཕགས་པ་ལེགས་ཏེ་རབ་ཏུ་འབྱུང་ངོ་། །དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ནས། སྨྲས་པ། བཞིན་བཟངས་རི་དགས་ཀྱིས་རི་དགས་མི་གསོས་ཀྱིས་མཉན་ཡོད་རྒྱ་ཆེན་པོར་རང་གི་སྤྱོད་ཡུལ་ཕ་ཡུལ་དུ་བསོད་སྙོམས་ལ་རྒྱུས་ལ་འཚོ་བར་གྱིས་ཤིག །དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེ་བསོད་སྙོམས་ལ་རྒྱུ་བ་ན། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ངོ་ཤེས་ནས། དེ་ན་ཁ་ཅིག་ན་རེ་ཤེས་ལྡན་དག་འདི་ནི་ཆོམ་རྐུན་པར་གྲགས་པ་དེ་ཡིན་ན་རབ་ཏུ་བྱུང་ངོ་ཞེས་ཟེར། གཞན་དག་ན་རེ་དགེ་སྦྱོང་ཤཱཀྱའི་བུ་པ་རྣམས་ཀྱི་ཆོས་ནི་བཟང་སྟེ་ཆོམ་རྐུན་པར་གྲགས་པ་ཡང་རབ་ཏུ་འབྱིན་པར་བྱེད་དོ། །འདི་དག་ནི་ཉིན་མོ་བསོད་སྙོམས་པའི་ཆ་བྱད་ཀྱིས་ཁྱིམ་དག་ཏུ་གླགས་བཅར་ནས་ནུབ་མོ་རྐུར་འོང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་ཆོམ་རྐུན་པར་གྲགས་པ་རབ་ཏུ་འབྱིན་པ་ལས་གྱུར་ཏེ། དེའི་ཕྱིར་དགེ་སློང་གིས་ཆོམ་རྐུན་པར་གྲགས་པ་རབ་ཏུ་དབྱུང་བར་མི་བྱའོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་འཕྱ་བ་ནི་ཐོག་ཏུ་བབ་པོ། །དེ་ལྟ་བས་ན་དགེ་སློང་གིས་ཆོམ་རྐུན་པར་གྲགས་པ་རབ་ཏུ་དབྱུང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཆོམ་རྐུན་པར་གྲགས་པ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཆོམ་རྐུན་པ་ཡིན་པར་མངོན་པ་མེད་པ་དག་ཀྱང་རབ་ཏུ་མ་ཕྱུང་བས་དེ་དག་གི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོམ་རྐུན་པ་ཡིན་པར་མངོན་པ་རབ་ཏུ་དབྱུང་བར་མི་བྱའི། མངོན་པ་མེད་པ་ནི་རབ་ཏུ་དབྱུང་བར་བྱའོ། །དེ་ལྟ་བས་ན་གང་ཡང་རུང་བ་ཞིག་གི་དྲུང་དུ་རབ་ཏུ་འབྱུང་བར་འདོད་པ་ཞིག་ཉེ་


DKG010_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བར་འོངས་ན། དེས་དེ་ལ་ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་གནས་ཞིག་ན་དགེ་སློང་མང་པོ་ཞིག་གཅིག་ཅིག་ལ་གནས་བཅས་ཏེ་འདུག་པ་ལས། ཇི་ཙམ་ན་དེ་དག་གི་གནས་ཀྱི་སློབ་དཔོན་དེ་དུས་ལས་འདས་པ་དང་། དེ་དག་གིས་སུ་ཞིག་ལ་བདག་ཅག་གིས་འཕྲལ་གྱི་བྱ་བ་ཞུ་བར་བྱ་བ་དང་། གང་ལ་གནས་བཅས་ཏེ་འདུག་པར་བྱ་བ་མི་ཤེས་ནས། སྐབས་དེ་དགེ་སློང་རྣམས་ལ་བསྙད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། ཅི་སྟེ་རྙེད་ན་དེ་ལྟ་ན་ལེགས། ཅི་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་གནས་དེར་གསོ་སྦྱོང་གཉིས་པའི་བར་དུ་འདུག་པར་མི་བྱ་སྟེ་འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གཞན་དག་ཅིག་གནས་ཞིག་ཏུ་གནས་ཀྱི་སློབ་དཔོན་གཅིག་ཅིག་དང་དབྱར་གནས་པར་ཁས་བླང་བར་འདོད་པ་ལས། དེ་དག་གི་གནས་ཀྱི་སློབ་དཔོན་དེ་ཡང་དུས་ལས་འདས་ནས་དེ་དག་ཀྱང་ཇི་ལྟར་བསྒྲུབ་པ་མི་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་ཀྱང་དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། ཇི་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་གནས་དེར་དབྱར་སྔ་མར་གནས་པར་དམ་བཅའ་བར་མི་བྱ་སྟེ། གནས་པར་དམ་འཆའ་ན་འགལ་ཚབས་ཅན་འགྱུར་རོ། ། དགེ་སློང་གཞན་དག་ཅིག་གནས་ཤིག་ཏུ་གནས་ཀྱི་སློབ་དཔོན་གཅིག་ཅིག་དང་དབྱར་སྔ་མར་གནས་པར་དམ་བཅས་པ་ལས་དེ་


DKG010_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་སློབ་དཔོན་དེ་ཡང་དུས་ལས་འདས་ནས། དེ་དག་གིས་ཀྱང་ཇི་ལྟར་བསྒྲུབ་པ་མི་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་ཀྱང་དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། ཅི་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་དེར་གནས་པར་མི་བྱའི་གཞན་དུ་སོང་ལ་དབྱར་ཉེ་བར་སྦྱོར་བ་གཉིས་པར་དབྱར་གནས་པར་ཁས་བླང་བར་བྱའོ། །དེར་གནས་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གཞན་དག་ཅིག་གནས་ཤིག་ཏུ་གནས་ཀྱི་སློབ་དཔོན་གཅིག་ཅིག་དང་དབྱར་གནས་པར་ཁས་བླང་བར་འདོད་པ་ལས། དེ་དག་གི་གནས་ཀྱི་སློབ་དཔོན་དེ་ཡང་དུས་ལས་འདས་ནས། དེ་དག་གིས་ཀྱང་ཇི་ལྟར་བསྒྲུབ་པ་མི་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་ཀྱང་དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། ཇི་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་དེར་དབྱར་སྔ་མར་གནས་པར་དམ་བཅའ་བར་མི་བྱ་སྟེ། གནས་པར་དམ་འཆའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གཞན་དག་ཅིག་གནས་ཤིག་ཏུ་གནས་ཀྱི་སློབ་དཔོན་གཅིག་ཅིག་དང་དབྱར་ཕྱི་མར་གནས་པར་དམ་བཅས་པ་ལས། དེ་དག་གི་སློབ་དཔོན་དེ་ཡང་དུས་ལས་འདས་ནས་དེ་དག་གིས་ཀྱང་ཇི་ལྟར་བསྒྲུབ་པར་མི་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་གིས་ཟླ་བ་གཉིས་ཀྱི་བར་དུ་གཅིག་ལ་གཅིག་དྲི་ཞིང་སོ་སོར་བརྟགས་པར་གནས་པར་བྱའོ། །ཟླ་བ་གཉིས་འདས་ནས་དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་དང་། མལ་སྟན་སྤང་བ་དང་། རིམ་གྲོ་པ་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། ཇི་སྟེ་མ་རྙེད་ན་དགེ་སློང་དེ་


DKG010_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་གནས་དེར་གསོ་སྦྱོང་གཉིས་པའི་བར་དུ་འདུག་པར་མི་བྱ་སྟེ། འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གཞན་དག་ཅིག་གནས་ཤིག་ཏུ་དགེ་སློང་གཅིག་ཅིག་གིས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་པ་ལས། དེ་དག་གི་མཁན་པོ་དེ་དུས་ལས་འདས་པ་དང་། དེ་དག་གིས་ཀྱང་ཇི་ལྟར་བསྒྲུབ་པ་མི་ཤེས་ཞེས་བྱ་བ་ནས་ཐམས་ཅད་སློབ་དཔོན་ལ་ཇི་ལྟ་བར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་འོར་ཞིག་ན་ཁྱིམ་བདག་ཅིག་གནས་པ་དེས་གཙུག་ལག་ཁང་བྱེད་དུ་བཅུག་སྟེ་ཡོ་བྱད་ཐམས་ཅད་ཀྱིས་བཀང་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ལོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་དེ་རྒྱལ་པོའི་ཕོ་བྲང་དུ་བཟུང་བ་དང་། དགེ་སློང་རྣམས་ཀྱིས་ཐོས་སོ། །དེ་དག་གིས་ཐོས་ནས་གཙུག་ལག་ཁང་བོར་ཏེ་བྲོས་པ་དང་། དཀོན་མཆོག་གསུམ་གྱི་དཀོར་མ་བྱིན་པར་ལེན་པ་རྣམས་ཀྱིས་བརྐུས་སོ། །ཇི་ཙམ་ན་ཁྱིམ་བདག་དེ་སླར་བཏང་སྟེ། དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་གི་བདག་པོ་དེ་ཇི་ལྟར་སླར་བཏང་བ་ཐོས་ནས་དེ་དག་ཁྱིམ་བདག་དེའི་དྲུང་དུ་སོང་བ་དང་། ཁྱིམ་བདག་དེས་ཇི་ལྟར་དགེ་སློང་དག་གཙུག་ལག་ཁང་བོར་ཏེ་བྲོས་ནས་དཀོན་མཆོག་གསུམ་གྱི་དཀོར་མ་བྱིན་པར་ལེན་པ་རྣམས་ཀྱིས་བརྐུས་པ་སྔ་ནས་ཐོས་པས་དེས་དེ་དག་བསྐྱེངས་པ། འཕགས་པ་ཁྱེད་ཅིའི་ཕྱིར་བྲོས། དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་རྒྱལ་པོའི་ཕོ་བྲང་དུ་ཇི་ལྟར་བཟུང་བ་ཐོས་ཏེ་ཐོས་ནས་དེ་ནས་བདག་ཅག་སྐྲག་སྟེ་བྲོས་སོ། །འཕགས་པ་དག་གལ་ཏེ་བདག་རྒྱལ་པོའི་ཕོ་བྲང་དུ་བཟུང་ཡང་ཁྱེད་ཀོ་ཅིའི་སླད་དུ་འབྲོས། བདག་གི་ཉེ་དུ་དག་ནི་མ་བཟུང་ན་ཅི་དེ་དག་ཀྱང་ཁྱེད་ཀྱི་ཡོ་བྱད་སྦྱོར་བར་མི་འགྱུར་རམ། དེ་དག་སྤོབས་པ་མེད་པར་ཅང་མི་ཟེར་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་འབྲོས་པར་མི་བྱའི་འོན་ཀྱང་གཙུག་ལག་ཁང་གི་བདག་པོའི་ཉེ་དུ་དག་ལ་གཙུག་ལག་ཁང་གི་བདག་པོ་ནི་རྒྱལ་པོའི་ཁབ་ཏུ་བཟུང་ན། ཅི་ཁྱེད་ཀྱིས་བདག་


DKG010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གི་བསོད་སྙོམས་ཀྱི་ཡོ་བྱད་སྦྱར་ནུས་སམ་ཞེས་དྲི་བར་བྱ་སྟེ། གལ་ཏེ་དེ་དག་སྦྱོར་ན་དེ་ལྟ་ན་ལེགས། ཅི་སྟེ་མི་སྦྱོར་ན་ལོ་ལྔའི་བར་དུ་བསོད་སྙོམས་བྱ་ཞིང་འདུག་པར་བྱའོ། །ལོ་ལྔ་འདས་ནས་གལ་ཏེ་གཙུག་ལག་ཁང་གི་བདག་པོ་སླར་བཏང་ན་དེ་ལྟ་ན་ལེགས། ཇི་སྟེ་མ་བཏང་ན་གསོལ་བ་དང་གཉིས་ཀྱི་ལས་བྱས་ནས་གཙུག་ལག་ཁང་དེའི་ཉེན་ཀོར་གྱི་གཙུག་ལག་ཁང་དག་ཡོངས་སུ་སྐྱོང་བར་བྱེད་པ་རྣམས་དང་། རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པ་དག་གིས་ལོ་གཞན་ལྔའི་བར་དུ་འདུག་པར་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། ཉེན་ཀོར་གྱི་གཙུག་ལག་ཁང་དག་ཏུ་གནས་མལ་བཤམས་ཏེ། གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང་། དགེ་སློང་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་ཆེ་གེ་མོ་ཞིག་གི་བདག་པོ་རྒྱལ་པོས་བཟུང་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གཙུག་ལག་ཁང་དེ་གཙུག་ལག་ཁང་འདི་དག་དང་རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་ཆེ་གེ་མོ་ཞིག་གི་བདག་པོ་རྒྱལ་པོས་བཟུང་སྟེ། དེའི་སླད་དུ་དགེ་འདུན་གྱིས་གཙུག་ལག་ཁང་དེ་གཙུག་ལག་ཁང་འདི་དག་དང་རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པར་མཛད་ན། ཚེ་དང་ལྡན་པ་གང་དག་གཙུག་ལག་ཁང་དེ་གཙུག་ལག་ཁང་འདི་དག་དང་རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གཙུག་ལག་ཁང་ཆེ་གེ་མོ་ཞིག་རྙེད་པ་ཐུན་མོང་དང་གསོ་སྦྱོང་ཐ་དད་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གལ་ཏེ་རྣམ་པ་དེས་ལོ་བཅུའི་བར་དུ་གནས་པ་རྣམས་ལ་གཙུག་ལག་ཁང་གི་བདག་པོ་འོངས་ན་དེ་ལྟ་ན་ལེགས། ཇི་སྟེ་མ་འོངས་ན་ཉེན་ཀོར་གྱི་གཙུག་ལག་ཁང་དག་ཏུ་


DKG010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མལ་དང་། སྣོད་དང་། ཡོ་བྱད་དག་བཞག་ནས་ནང་སྒོ་བཅད་དེ་འགྲོ་བར་བྱའོ། །གང་གི་ཚེ་གཙུག་ལག་ཁང་གི་བདག་པོ་སླར་བཏང་བ་དེའི་ཚེ་ཉེན་ཀོར་གྱི་གཙུག་ལག་ཁང་ནས་རྫས་ཇི་ལྟར་བཞག་པ་རྣམས་ཕྱིར་བླངས་ཏེ་དེ་ཉིད་དུ་སྦྱིན་པར་བྱའོ། །གལ་ཏེ་ཉེན་ཀོར་གྱི་གཙུག་ལག་ཁང་ན་གནས་པའི་དགེ་སློང་རྣམས་ཀྱིས་བྱིན་ན་དེ་ལྟ་ན་ལེགས། ཅི་སྟེ་མ་བྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་ལུས་ཀྱིས་ཁུར་ཁྱེར་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་བར་བྱེད་དེ། འཕགས་པ་རེ་ཞིག་བདག་ཅག་ནི་ཁྱིམ་པ་ཁྱིམ་ན་གནས་པ་ལགས་པས་ཕ་མ་དང་བུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། རྒྱལ་པོ་དང་། ལྷ་དང་། གཤིན་ངོག་དང་། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་དོན་དུ་ལུས་ཀྱིས་ཁུར་འཚལ་ན་ཁྱེད་ཀོ་སུའི་དོན་དུ་ཁུར་སྣོམས། དེ་དག་ཅང་མི་ཟེར་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཐོག་ཏུ་བབ་པོ། །དེ་ལྟ་བས་ན་དགེ་སློང་གིས་ལུས་ཀྱིས་ཁུར་བཀུར་བར་མི་བྱའོ། །དགེ་སློང་ལུས་ཀྱིས་ཁུར་ཁྱེར་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལུས་ཀྱིས་ཁུར་བཀུར་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་རྒྱབ་དང་། རྐེད་པ་དང་། གློ་དང་། མགོས་ཁུར་བཀུར་བར་བརྩམས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱབ་ཀྱིས་མ་ཡིན། རྐེད་པས་མ་ཡིན། གློས་མ་ཡིན། མགོས་ཁུར་བཀུར་བར་མི་བྱ་སྟེ། འཁུར་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ནི། གནས་དང་ཡོ་བྱད་དྲུག་དང་ནི། །དེ་ནས་དེ་ལས་ཕྲོགས་པ་དང་། །ཡིད་གཅུགས་ལེན་པ་ལྔ་དང་ནི། །བཙོ་བླག་སྒོ་ཁང་འཆག་སའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་


DKG010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བྲམ་ཟེ་རབ་ཏུ་འབྱུང་བར་འདོད་པ་ཞིག་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། ཇི་ཙམ་ན་དགེ་སློང་ལག་ན་ལྷུང་བཟེད་ཐོགས་པ་མང་པོ་ཁར་གསིལ་ཐོགས་ནས་བསོད་སྙོམས་ལ་ཆས་པ་དེ་དག་དེས་མཐོང་ནས་དེས་བསམས་པ། རེ་ཞིག་འདི་དག་གང་དུ་འགྲོ་དྲིའོ་སྙམ་ནས་དེས་དེ་དག་ལ་དྲིས་པ། འཕགས་པ་གང་དུ་བཞུད་དེ་དག་གིས་སྨྲས་པ། བྲམ་ཟེ་བསོད་སྙོམས་ལ་འགྲོའོ། །དེས་སྨྲས་པ། འཕགས་པ་དགེ་སློང་ཐམས་ཅད་བསོད་སྙོམས་ལ་རྒྱུའམ། དེ་དག་གིས་སྨྲས་པ། བྲམ་ཟེ་དགེ་སློང་བཤེས་གཉེན་ཅན་གང་དག་ཡིན་པ་དེ་དག་ལ་ནི་བྲམ་ཟེ་དང་ཁྱིམ་བདག་རྣམས་བསོད་སྙོམས་གཙུག་ལག་ཁང་དུ་ཁྱེར་ཏེ་འོངས་ནས་འབུལ་ལོ། །བཤེས་གཉེན་མེད་པ་གང་དག་ཡིན་པ་དེ་དག་ནི་བསོད་སྙོམས་ལ་འགྲོའོ། །དེས་བསམས་པ། དགེ་སྦྱོང་ཤཱཀྱའི་བུ་པ་རྣམས་ཀྱི་ནང་དུ་རབ་ཏུ་ཕྱུང་བ་དང་ཁྱད་པར་ཅི་ཡོད་ཀྱིས་བདག་གིས་འདིར་ཡང་དེ་བཞིན་དུ་བསོད་སྙོམས་ལ་འགྲོ་བར་བྱའོ་སྙམ་མོ། །དེས་ཡང་བསམས་པ། རེ་ཞིག་དགེ་སློང་གཞན་ཞིག་ལ་ཡང་ཅི་འདི་དག་བསོད་སྙོམས་ཁོ་ན་ལ་གནས་ཏེ་རབ་ཏུ་བྱུང་ངམ། འོན་ཏེ་གནས་གཞན་ཡང་ཡོད་དྲི་བར་བྱའོ་སྙམ་ནས། དེ་དགེ་སློང་ཞིག་གི་དྲུང་དུ་སོང་བ་དང་། དེས་དེ་ལ་འོངས་པ་ལེགས་སོ་ཞེས་བྱ་བའི་ཀུན་ཏུ་སྤྱོད་པ་ཀུན་ཏུ་སྤྱད་ནས་སྨྲས་པ། བྲམ་ཟེ་ཁྱོད་གང་ནས་ཅིའི་ཕྱིར་འདིར་འོངས། དེས་སྨྲས་པ། འཕགས་པ་ཁྱོད་བལྟ་བ་ཁོ་ནའི་ཕྱིར་འོངས་ཏེ། རེ་ཞིག་ཁྱོད་ཅི་ལ་གནས་ནས་རབ་ཏུ་བྱུང་བ་དྲིའོ། །དེས་སྨྲས་པ། བྲམ་ཟེ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་རྟོག་པ་ནི་བཟང་སྟེ་འདུག་ཤིག་དང་གཏམ་བྱའོ། །བྲམ་ཟེ་རབ་ཏུ་འབྱུང་བར་འདོད་པ་དེས་རྐང་པ་ལ་ཕྱག་བྱས་ནས་དེའི་མདུན་དུ་འདུག་པ་དང་། དེས་སྨྲས་པ། བྲམ་ཟེ་བཞི་པོ་འདི་དག་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་པ་དགེ་སློང་གི་གནས་སུ་བཅས་པ་ཡིན་ནོ། །བྲམ་ཟེ་བཞི་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གོས་རྣམས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་


DKG010_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཟས་རྣམས་ཀྱི་ནང་ན་བསོད་སྙོམས་དང་། གནས་མལ་རྣམས་ཀྱི་ནང་ན་ཤིང་དྲུང་དང་། སྨན་རྣམས་ཀྱི་ནང་ན་བཀུས་ཏེ་བོར་བ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །བྲམ་ཟེ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གནས་སུ་བཅས་པ་ནི་བཞི་པོ་འདི་དག་ཡིན་ཏེ། འདི་དག་ལ་གནས་ནས་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །བྲམ་ཟེས་སྨྲས་པ། འཕགས་པ་སུ་ཞིག་གནས་འདི་དག་གིས་འཚོ་བར་ནུས། བདག་རབ་ཏུ་འབྱུང་ངོ་སྙམ་སྟེ་འདིར་མཆིས་ན་རབ་ཏུ་འབྱུང་བ་འདི་ཡང་དཀའ་བ་ཞིག་པས་ཕྱག་འཚལ་ལོ་མཆིའོ་ཞེས་སྨྲས་ཏེ་སོང་ངོ་། །དེ་ཉིད་དེ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་རབ་ཏུ་མ་བྱུང་བ་ཁོ་ན་ལ་གནས་བཞི་བརྗོད་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་རབ་ཏུ་མ་བྱུང་བའམ། བསྙེན་པར་མ་རྫོགས་པ་ལ་གནས་བཞི་བརྗོད་པར་མི་བྱའི། གང་གི་ཚེ་རབ་ཏུ་བྱུང་བསྙེན་པར་རྫོགས་པ། དེའི་ཚེ་གནས་བཞི་བརྗོད་པར་བྱའོ། །རབ་ཏུ་མ་བྱུང་བསྙེན་པར་མ་རྫོགས་པ་ལ་གནས་བཞི་རྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཞེས་བྱ་བ་སྔ་མ་བཞིན་ནོ། །རིགས་དང་མཐུན་པའི་མིང་བཏགས་ཏེ་དེ་བསྐྱེད་བསྲིངས་ནས་ཆེན་པོར་གྱུར་ཏོ། །དེ་དུས་གཞན་ཞིག་ན་ཕས་སྤྱོས་པ་དང་། དེས་བསམས་པ། ཕ་མགུ་དཀའ་བར་གྱུར་གྱིས་རྒྱལ་བྱེད་ཀྱི་ཚལ་དུ་སོང་ལ་རབ་ཏུ་འབྱུང་ངོ་སྙམ་ནས་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་དྲུག་སྡེ་གང་ཡང་རུང་བ་ཞིག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་མི་སྟོང་པ་


DKG010_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཚེ་དང་ལྡན་པ་ཉེ་དགའ་སྒོ་ན་འདུག་པ་དེས་དེ་མཐོང་ནས་སྨྲས་པ། བཞིན་བཟངས་འོངས་པ་ལེགས་སོ། །ཁྱོད་ཟླ་བ་ལྟ་བུར་གནས་པ་ཡིན་ན་རིང་མོ་ཞིག་ལོན་ཏེ་ག་ལས་འོངས། དེས་སྨྲས་པ། འཕགས་པ་རིང་མོ་ཞིག་ལོན་ཏེ་མཐོང་བ་ནི་ལེགས་ཀྱི། ཡང་དང་ཡང་མཐོང་བ་ནི་བརྙས་པར་འགྱུར་རོ། །འོན་ཀྱང་འཕགས་པ་རབ་ཏུ་འབྱུང་བར་འཚལ་གྱིས་རབ་ཏུ་ཕྱུང་ཤིག །བཞིན་བཟངས་ཁྱོད་ཀྱི་སེམས་བསྐྱེད་པ་ནི་བཟང་སྟེ་རབ་ཏུ་བྱུང་བ་ནི་མཆོག་གོ །བཅོམ་ལྡན་འདས་ཀྱིས་ཕན་ཡོན་ལྔ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བར་བྱ་བར་མོས་པར་བྱ་བའི་རིགས་སོ་ཞེས་བྱ་བ་ནས། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དམ་པ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ལྟ་བས་ན་ལེགས་ཀྱིས་རབ་ཏུ་ཕྱུང་ཤིག །དེ་ལྟ་མོད་ཀྱི་འདི་ལ་ཡོ་བྱད་དྲུག་དགོས་ན་ཁྱོད་ལ་ཡོ་བྱད་དྲུག་ཡོད་དམ། འཕགས་པ་ཡོ་བྱད་དྲུག་པོ་དེ་དག་ཇི་ལྟ་བུ་ཞིག་ལགས། བཞིན་བཟངས་ལྷུང་བཟེད་དང་། ཆུ་ཚགས་དང་། ཆོས་གོས་གསུམ་དང་། གདིང་བའོ། །འཕགས་པ་མ་མཆིས་སོ། །བཞིན་བཟངས་ཁོ་བོ་ལ་ཡང་མེད་དེ། རེ་ཞིག་སོང་ཤིག་དང་ཁོ་བོས་ཡོ་བྱད་དྲུག་བཙལ་ལོ། །དེ་ཕ་སྤངས་ནས་གཉེན་དག་གི་དྲུང་དུ་སོང་བ་དང་། དེ་དག་གིས་ཁྱེའུ་དེ་ཇི་ལྟར་རབ་ཏུ་འབྱུང་བ་ཐོས་པས་དེ་དག་གིས་དེའི་ཆུང་མ་བླངས་སོ། །ཚེ་དང་ལྡན་པ་ཉེ་དགའས་ཡོ་བྱད་དྲུག་བཞག་སྟེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེས་ཁྱེའུ་དེ་སྲང་དུ་མཐོང་ནས། དེས་སྨྲས་པ། བཞིན་བཟངས་ཁོ་བོས་ཡོ་བྱད་དྲུག་པོ་དེ་དག་རྙེད་དེ། ཚུར་རབ་ཏུ་དབྱུང་གིས་འདོང་། དེས་སྨྲས་པ། འཕགས་པ་བདག་གིས་ཀྱང་ཡོ་བྱད་དྲུག་རྙེད་དོ། །བཞིན་བཟངས་ཅི་འདྲ་བ་དག་ཅིག །འཕགས་པ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དོ། །བཞིན་བཟངས་དེ་ཇི་ཐ་ཚིག །འཕགས་པ་བདག་ཉེ་དུ་རྣམས་ཀྱིས་ཆུང་མ་བླངས་ན། ཅི་ད་རབ་ཏུ་འབྱུང་ངམ། དེ་ཉིད་དེའི་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་


DKG010_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བས་ན་གནང་གིས་ཡོ་བྱད་དྲུག་བརྙས་ནས་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་རྙེད་དཀའ་བས་ཡོ་བྱད་དྲུག་པོ་དག་རིམ་གྱིས་བཙལ་ནས་བརྙས་པ་སླར་བྱིན་ཅིག། གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་ལྗོངས་རྒྱུ་ཞིང་དོང་བ་དང་རྐུན་པོ་དག་གིས་བཅོམ་ནས་དེ་དག་གིས་ཕྲོགས་པ་དེ་ཁྱེར་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་ལྷགས་ནས་བཙོང་བར་བརྩམས་སོ། །དགེ་སློང་བཅོམ་པ་དེ་དག་ཀྱང་དེ་ཉིད་དུ་འོངས་ནས་དགེ་སློང་དེ་དག་གིས་རང་གི་ལྷུང་བཟེད་དང་ཆོས་གོས་དག་ངོ་ཤེས་ཏེ་དེ་དག་གིས་ཀུ་ཆོའི་སྒྲ་བཏོན་ནས་ཤེས་ལྡན་དག་འདི་དག་གིས་བདག་ཅག་གི་ལྷུང་བཟེད་དང་ཆོས་གོས་འདི་ཕྲོགས་ཀྱིས། རྐུན་པོ་རྣམས་ཟུང་ཤིག་ཟུང་ཤིག་ཅེས་བྱས་པ་དང་། དེ་དག་ཀུ་ཆོའི་སྒྲ་ཐོས་ནས་སྐྲག་སྟེ་བྲོས་སོ། །དགེ་སློང་རྣམས་ཀྱིས་རང་རང་གི་ལྷུང་བཟེད་དང་ཆོས་གོས་བླངས་ནས་འདུག་སྟེ་ཅི་འདི་བདག་ཅག་ལ་རུང་བ་ཡིན་ནམ་འོན་ཏེ་རུང་བ་མ་ཡིན་མི་ཤེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་གང་གིས་ཕྲོགས་པ་དེ་ཁོ་ནའི་ཡིན་པས་དེ་དག་བསྡིགས་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་ནི་གང་གིས་ཕྲོགས་པ་དེ་ཁོ་ནའི་ཡིན་ནོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་དག་ཅིག་ལྗོངས་རྒྱུ་ཞིང་དོང་བ་དང་། རྐུན་པོ་རྣམས་ཀྱིས་མཐོང་ནས་དེ་དག་གིས་དེ་རྣམས་གཞོམ་པར་བརྩམས་ཏེ། དེ་དག་གིས་དེ་རྣམས་ཀྱི་ལྷུང་བཟེད་དང་ཆོས་གོས་ཇི་སྙེད་ལ་ལག་པས་རེག་པ་དེ་རྙེད་ལྟ་བ་མེད་པར་བོར་ནས་དེ་རྣམས་ལྷུང་བཟེད་དང་། ཆོས་གོས་ཀྱིས་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྲིད་རྐུན་པོ་དག་གིས་ཕྲོགས་ཁྱེར་ནས་སྦྱོར་བའི་རྒྱུན་མ་བཅད་པ་དེ་སྲིད་དུ་ལྟ་བ་མེད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་ཇི་སྲིད་དུ་རྐུན་པོ་དག་གིས་ཕྲོགས་པ་ཁྱེར་ནས་སྦྱོར་བ་རྒྱུན་མ་བཅད་པ་དེ་སྲིད་དུ་ལྟ་བ་མེད་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། རྐུན་པོ་དེ་དག་གིས་ཕྲོགས་པ་དེ་ཁྱེར་ནས་


DKG010_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་ཡོད་དུ་ཞུགས་ཏེ་སྲང་དུ་བཙོང་བར་བརྩམས་སོ། །དགེ་སློང་དེ་རྣམས་ཀྱིས་ཕྲོགས་པ་དེ་ངོ་ཤེས་ཏེ་ངོ་ཤེས་ནས་རྐུན་པོ་དེ་རྣམས་རྒྱལ་པོའི་ཕོ་བྲང་དུ་ཁྲིད་དེ། དེ་དག་དེར་གསད་པ་དང་། བཅིང་བ་དང་། གཅད་པ་དང་། དབུག་པ་ལ་སོགས་པ་སྡུག་བསྔལ་གྱི་ཁྱད་པར་དག་གིས་ཉེ་བར་གཟིར་ཅིང་ཤིན་ཏུ་སྡུག་བསྔལ་བར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོའི་ཕོ་བྲང་དུ་སྦྲོན་པར་མི་བྱའི་འོན་ཀྱང་སྔར་ཆོས་བཤད་ནས་བསླང་བར་བྱའོ། །གལ་ཏེ་མི་སྟེར་ན་རིན་ཕྱེད་ཀྱིས་བླང་བར་བྱའོ། །གལ་ཏེ་དེ་ལྟར་ཡང་མི་སྟེར་ན་རིན་ཚང་བར་བྱིན་ལ་བླང་བར་བྱ་སྟེ། དགེ་སློང་དག་གིས་ལྷུང་བཟེད་དང་ཆོས་གོས་བྱས་པ་མཐར་ཕྱིན་པ་ནི་རྙེད་པར་དཀའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་དག་གིས་ལྕི་བ་སྐམ་པོ་དང་། སོ་ཤིང་ཚོན་རྩིའི་ཤལ་མ་ལ་སོགས་པ་དེ་བཞིན་དུ་བོར་ནས་མི་ལྟ་བར་དོང་བ་དང་། དེ་དག་དགེ་སློང་འགས་ཀྱང་འགྱོད་པས་མ་བླངས་པས་དེ་ཉིད་དུ་ཆུས་ཟོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་གཅུགས་པ་ལྔས་ལེན་པ་མཛའ་བ་དང་། ཡིད་དུ་འོང་བ་དང་། བླ་མ་དང་། དྲན་པར་བྱ་བ་དང་། ཐོས་ནས་དགའ་བར་འགྱུར་རོ་སྙམ་ནས་ལེན་པ་ནི་ལེགས་པར་བླངས་པ་ཡིན་ཏེ་འདི་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་བཙོ་བླག་གི་ལས་བྱའོ་ཞེས་བཀའ་སྩལ་པ། དགེ་སློང་དག་གིས་སྒོ་ཁང་དང་འཆག་ས་དག་ཏུ་ཆོས་གོས་དག་བཙོས་པས་དེ་དག་རྡུལ་གྱིས་ཀྱང་ཕོག །རྫི་ཆར་གྱིས་ཀྱང་གཤེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་དུ་བཙོ་བླག་གི་ལས་བྱའོ། །དགེ་སློང་དག་གིས་གཙུག་ལག་ཁང་དུ་བཙོ་བླག་གི་ལས་བྱ་བར་བརྩམས་པ་དང་། ཚོན་ས་ལ་བོ་བ་ཁྲག་ལྟ་བུར་སྣང་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་ཕྱོགས་འདིར་ར་ལུག་གསད་དམ་ཅི། དེ་དག་གིས་སྨྲས་པ། ཤེས་ལྡན་


DKG010_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དག་བདག་ཅག་གིས་ཕྱོགས་འདིར་བཙོ་བླག་གི་ལས་བྱས་པས་འདིར་ཚོན་རྩི་བོའོ། །དེ་དག་གིས་སྨྲས་པ། འཕགས་པ་གལ་ཏེ་ཚོན་རྩི་ཕོ་ན་ཏེ་པོར་མི་སྡུག་པར་སྣང་གིས་ས་བྱི་དོར་བགྱིད་དུ་སྩོལ་ཅིག །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞལ་ཞལ་བྱུག་པར་བྱའོ། །དེ་དག་གིས་ཐམས་ཅད་དུ་བྱུགས་པ་དང་། རྡོ་ཐལ་དག་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་ཐལ་ཅན་ནི་བཀྲུ་བར་བྱའོ། །གཞན་དུ་ནི་ཞལ་ཞལ་གྱིས་བྱུག་པར་བྱའོ།། །།སྡོམ་ནི། ཤིང་རྣམས་བསྐྱེད་པར་གནང་བ་དང་། །ན་མེ་རུ་ཀ་གོས་དག་དང་། །ཁ་ཚར་རིང་པོ་ཚིགས་བཅད་དུ། །བསྡུས་ནས་སྡོམ་དུ་ཡང་དག་བསྟན། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལུས་འཕགས་རི་ལ་བདེན་པ་ལ་བཞག་པའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་དེར་དུས་སྟོན་བཙུགས་པས་དེར་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་འདུའོ། །ལུས་འཕགས་རི་རྡོ་ཅན་ཤིང་མེད་པ་ཞིག་པས་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཚ་བས་གདུངས་ཏེ་སྨྲས་པ། འཕགས་པ་ཀྱེ་མ་ཁྱོད་ཀྱིས་འདིར་ཤིང་བསྐྱེད་མཛོད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་འདི་ལ་ཅི་ཞིག་འགལ། དེ་དག་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་ཤིང་བསྐྱེད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤིང་བསྐྱེད་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཤིང་བསྐྱེད་དེ་དོང་བས་དེ་དག་དེ་བཞིན་དུ་བསྐམས་སོ། །ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཕྱི་དེ་ལོ་ལྷགས་པ་དང་། དེ་བཞིན་དུ་ཚ་བས་གདུངས་ནས་སྨྲས་པ། འཕགས་པ་ཁྱེད་ཀྱིས་ཤིང་དེ་དག་མ་བསྐྱེད་དམ། ཤེས་ལྡན་དག་བསྐྱེད་ན་འོན་ཀྱང་ཞལ་ཏ་མ་བྱས་པས་མ་རུང་ངོ་། །འཕགས་པ་


DKG010_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཁྱེད་ཀྱང་ཕ་མ་དག་གིས་བསྐྱེད་ནས་ཞལ་ཏ་བྱས་པར་མ་གྱུར་ན་ཁྱེད་ཀྱང་མ་རུང་བར་འགྱུར་རོ། །ཀྱེ་མ་ཁྱེད་ཀྱིས་ཞལ་ཏ་མཛོད་ཅིག །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་བསྐྱེད་ནས་ཡལ་བར་དོར་བར་མི་བྱའི་འོན་ཀྱང་ཞལ་ཏ་བྱའོ། །བཅོམ་ལྡན་འདས་ཀྱིས་ཤིང་བསྐྱེད་ནས་ཡར་བར་དོར་བར་མི་བྱའི་འོན་ཀྱང་ཞལ་ཏ་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཇི་ལྟར་ཞལ་ཏ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་ཆུས་བཅུ་བར་བྱའོ། །དགེ་སློང་དག་དེ་ཁོ་ན་ལྷུར་ལེན་པས་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྷུར་བླང་བར་མི་བྱའི་ལ་ལར་ནི་ལག་པ། ལ་ལར་ནི་རྐང་པ་བཀྲུ་བར་བྱའོ། །ལ་ལར་ནི་སོ་ཤིང་བཟའ་བར་བྱའོ། །ལ་ལར་ནི་ལྷུང་བཟེད་བཀྲུ་བར་བྱའོ། །ལ་ལར་ནི་ཁྲུས་བྱའོ། །དེ་དག་དགུན་སྟོད་ཀྱི་དུས་སུ་ཁ་བས་ཚིག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚས་སུ་གཞུག་པར་བྱའོ། །དགེ་སློང་དག་གིས་ཚས་སུ་བཅུག་པ་དང་། དེ་དག་ནགས་མེ་ཤོར་བས་ཚིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ར་བས་བསྐོར་བར་བྱའོ། །རླུང་མ་ཤོར་བས་ཚ་བས་གདུངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང་གདོད་པར་བྱའོ། །དབྱར་སྦྱོང་བཞིན་དུ་ཆུས་གང་སྟེ་འདུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱར་གྱི་དུས་སུ་རྩིག་པ་བཤིག་ལ་ཆུ་འབོ་བར་བྱའོ། །དགེ་སློང་དག་གིས་ཇི་སྲིད་ཤིང་དེ་དག་ཆེན་པོར་མ་གྱུར་པར་དེ་དག་བོར་ཏེ་དོང་བ་དང་། དེ་དག་དེ་བཞིན་དུ་བསྐམས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དགེ་སློང་ཤིང་སྐྱེད་པར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་ཤིང་སྐྱེད་པར་བྱེད་པས་གལ་ཏེ་མེ་ཏོག་གི་ཤིང་བསྐྱེད་པར་གྱུར་ན་ཇི་སྲིད་དུ་མེ་ཏོག་མ་ཆགས་པ་དེ་སྲིད་དུ་འགྲོ་བར་མི་བྱའོ། །འོན་ཏེ་འབྲས་བུའི་ཤིང་བསྐྱེད་པར་གྱུར་ན་ཇི་སྲིད་དུ་འབྲས་བུ་མ་ཆགས་པ་དེ་སྲིད་དུ་འགྲོ་


DKG010_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་བྱའོ། ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཤིང་སྐྱེད་པར་བྱེད་པས། ཇི་སྲིད་དུ་མེ་ཏོག་དང་འབྲས་བུ་མ་ཆགས་པ་དེ་སྲིད་དུ་འགྲོ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ལ་བྱ་བ་རིངས་པ་དག་ཅིག་བྱུང་སྟེ། དེ་དག་གིས་ཇི་ལྟར་བསྒྲུབ་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཀུན་དགའ་ར་བ་པའམ། དགེ་སློང་སྨོས་འདྲིན་ལ་བཅོལ་ནས་འགྲོ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། ། རྒྱལ་པོ་ས་འཛིན་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ལ་བ་རིན་པོ་ཆེ་ཞིག་སྐྱེས་སུ་བསྐུར་བ་དང་། དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་བྱིན་ནོ། །ཚེ་དང་ལྡན་པ་པི་ལིན་དའི་བུས་དེ་གྱོན་ནས་དགོན་པའི་གནས་སུ་སོང་སྟེ་འདུག་པ་དང་། རྐུན་པོ་རྣམས་ཀྱིས་རྒྱལ་པོ་ས་འཛིན་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ལ་བ་རིན་པོ་ཆེ་ཞིག་བསྐུར་བ་དེ་དེས་འཕགས་པ་པི་ལིན་དའི་བུ་ལ་བྱིན་པ་དང་། དེས་དེ་གྱོན་ནས་དགོན་པའི་གནས་ཆེ་གེ་མོ་ཞིག་ན་འདུག་གོ་ཞེས་ཇི་ལྟ་བ་བཞིན་དུ་ཐོས་ནས་དེ་དག་ཕན་ཚུན་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་དེ་སྐད་ཅེས་གྲག་ན་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། ཁ་ཅིག་གིས་སྨྲས་པ། འདི་ལ་ཅི་ཞིག་བསྒྲུབ་ཏུ་ཡོད། ཚུར་དོང་ལ་དབྲོག་མོད། དེ་དག་དོང་སྟེ་སྒོ་ལ་དལ་གྱིས་བརྡུངས་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུས་སྨྲས་པ། འདི་སུ་ཞིག །དེ་དག་གིས་སྨྲས་པ། འཕགས་པ་བདག་ཅག་ནི་རྐུན་པོའོ། །ཅི་འདོད། འཕགས་པ་ལ་བ་རིན་པོ་ཆེའོ། །བཞིན་བཟངས་དག་གལ་ཏེ་དེ་ལྟ་ན་སྐར་ཁུང་ནས་ལག་པ་རྐྱོང་ཤིག །དེ་ནས་གཅིག་ཅིག་གིས་ལག་པ་བརྐྱང་བ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུས་ལ་བ་རིན་པོ་ཆེ་དེ་མ་འཆད་ཅིག །མ་འཚིག་ཅིག་འདྲེན་པ་ན་ཟད་པར་མ་གྱུར་ཅིག་ཅེས་དེ་ལྟར་བྱིན་གྱིས་བརླབས་ནས་སྐར་ཁུང་ནས་དེའི་ཕྱོགས་ཅིག་ཕྱུང་བ་དང་། རྐུན་པོ་རྣམས་ཀྱིས་དྲང་ཤིང་དྲང་ནས་ཕུང་པོར་བྱས་ཏེ་དྲངས་ནས་ཟད་དུ་མ་བཏུབ་ནས་དེ་དག་གིས་མཚོན་གྱིས་བཅད་པར་བརྩམས་ན་ཡང་མ་


DKG010_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད། མེས་བསྲེགས་པར་བརྩམས་ན་ཡང་འཚིག་ཏུ་མ་བཏུབ་ནས། དེ་དག་གིས་སྨྲས་པ། འཕགས་པ་པི་ལིན་དའི་བུ་བདག་ཅག་ལ་ཅི་ཞིག་ཐོ་བཙམ། ཐོང་ཤིག །དེས་སྨྲས་པ། སྐྱེས་བུ་གཏི་མུག་དག་ཁྱེད་ཀྱིས་ཐོ་མ་བཙམས་ན་ངས་ཇི་ལྟར་ཐོ་བཙམ། ཁྱེད་ཀྱི་སྟོབས་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་གང་ཡིན་པ་དེས་དྲངས་ན་ངས་ཇི་ལྟར་མི་གཏང་། དེ་དག་གིས་སྨྲས་པ། ཤེས་ལྡན་དག་འཕགས་པ་པི་ལིན་དའི་བུ་རྫུ་འཕྲུལ་ཆེན་པོ་མཐུ་ཆེན་པོས་མ་བཏང་ཕན་ཆད་འཛིན་པ་འོངས་ན་མི་རུང་གིས་བྲོས་ཏེ་འདོང་ངོ་ཞེས་དེ་དག་བྲོས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དེ་ལྟ་བུའི་རིན་པོ་ཆེ་དག་གྱོན་ནས་དགོན་པའི་གནས་ན་འདུག་པ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་གིས་དེ་ལྟ་བུའི་རིན་པོ་ཆེ་དག་དགོན་པའི་གནས་སུ་བཀུར་བར་མི་བྱའོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་པི་ལིན་དའི་བུས་ལ་བ་རིན་པོ་ཆེ་དེ་འདྲ་བ་གྱོན་ནས་དགོན་པའི་གནས་སུ་འདུག་པ་གང་ཡིན་པ་ནི་མ་ལེགས་པ་ཞིག་བྱས་སོ། །དེ་ལྟ་བས་ན་དགེ་སློང་གིས་ལ་བ་རིན་པོ་ཆེ་དེ་ལྟ་བུ་གྱོན་ནས་དགོན་པའི་གནས་སུ་འདུག་པར་མི་བྱའོ། །འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་དགེ་སློང་དགོན་པའི་གནས་ན་གནས་པ་གང་ཞིག་ལ་ལ་བ་རིན་པོ་ཆེ་དེ་ལྟ་བུ་བདོག་པ་དེས་ཁྱིམ་དུ་གཞག་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་ལ་བ་རིན་པོ་ཆེ་དེ་འདྲ་བ་ཁྱིམ་དུ་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དགོན་པའི་གནས་ན་འདུག་པ་གཞན་ཞིག་ལ་ཆེན་པོ་ལ་འོས་པའི་ལ་བ་གྲུབ་པ་དེས་དེ་ཁྱིམ་དུ་བཞག་པ་དང་། སྲོག་ཆགས་དག་གིས་རྨུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་མེ་རུ་ཀས་བཏབ་སྟེ་གཞག་པར་བྱའོ། །གལ་ཏེ་མ་རྙེད་ན་ཤིང་ཀུན་ནམ། བ་ཤ་ཀའི་ལོ་མའམ། ཨ་རི་སྟའི་


DKG010_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མས་རིམ་པ་རིམ་པར་བཏབ་ནས་གཞག་པར་བྱའོ། །རིམ་པ་རིམ་པས་གདབ་ཏུ་མ་འབྱོར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་འབྱོར་པ་མེད་ན་སྟེང་དུ་བཏབ་ནས་གཞག་པར་བྱ་ཞིང་དུས་དུས་སུ་བསྐམ་པར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཀྱི་ཚལ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དེའི་ཚེ་དེའི་དུས་ན་དུས་སུ་སྟོན་པའི་ཞབས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ཕྱག་འཚལ་དུ་འོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་དགུན་ག་དགེ་སློང་རྣམས་ལྷགས་པས་སྦྲེབས་ནས་བསྐུམས་ཏེ་གནས་ཁང་དག་ན་ཉལ་ཞིང་འདུག་གོ །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྟོན་པའི་ཞབས་ལ་ཕྱག་འཚལ་དུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དེས་དགེ་སློང་དེ་དག་དགེ་བའི་ཕྱོགས་བཏང་སྟེ་དེ་བཞིན་དུ་འདུག་པ་མཐོང་ནས་དེས་སྨྲས་པ། འཕགས་པ་གཅིག་ཏུ་བརྩོན་པའི་བསྟན་པ་ལ་ཅི་སྟེ་དགེ་བའི་ཕྱོགས་བཏང་སྟེ་བཞུགས། དེ་དག་གིས་སྨྲས་པ། ཁྱིམ་བདག་ལྷགས་པས་སྦྲེབས་སོ། །དེ་ཅང་མི་སྨྲ་བར་རྐང་པ་ལ་ཕྱག་བྱས་ཏེ་སོང་ངོ་། །དེས་ཁྱིམ་དུ་ཕྱིན་ནས་གོས་ལྔ་བརྒྱ་དགེ་འདུན་ལ་བསྐུར་བ་དང་། དགེ་སློང་རྣམས་ཀྱིས་ཁ་ཚར་བཅད་ནས་བཙག་དང་ཚོན་གཞན་གྱིས་ཅི་དགའ་མགུར་ཁ་བསྒྱུར་ཏེ་གྱོན་ནོ། །ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་སྟོན་པའི་ཞབས་ལ་ཕྱག་འཚལ་དུ་འོངས་པས་དགེ་སློང་རྣམས་ཀྱི་གནས་ཁང་དུ་བལྟས་ན་གོས་དེ་དག་མི་སྣང་ནས་དེས་སྨྲས་པ། འཕགས་པ་གོས་དེ་དག་མི་གདའ་ན་ཁྱེད་ཀྱིས་གང་དུ་བཞག །དེ་དག་གིས་ཇི་ལྟར་གྱུར་པ་བསྙད་པ་དང་། དེས་སྨྲས་པ། འཕགས་པ་ཁྱེད་ཀྱིས་ཆེན་པོ་ལ་འོས་པའི་གོས་དེ་ལྟ་བུ་ཆུད་གསན་ཏོ། །ཀྱེ་མ་ཁྱེད་ཀྱིས་ཁ་ཚར་རིང་པོ་ཉིད་དང་དཀར་པོར་བཞག་མཛོད་ཅིག །དེ་དག་སྤོབས་པ་མེད་ནས་ཅང་མི་ཟེར་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་འདུན་གྱིས་གོས་སར་པ་ཁ་ཙར་རིང་པོ་རིང་པོ་དག་བཅང་བར་བྱའོ། །འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་སྒོ་བཞི་པ་རྫོགས་སྷོ།། །།


previousཕྲ་མོའི་སྒོ་བཞི་པ། གནས་བརྟན་གྱི་སྡེ་ཚན།next