Nitartha Digital Library
Tibetan
 
previousཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྟོད་ཆ།no next

ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྟོད་ཆ།


DKG010_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་སྡོམ་ནི། རྒྱུས་པ་རབ་སྣང་དྲག་པོ་དང་། །བྲན་དང་དེ་བཞིན་བཙོད་ཀ་དང་། །བབས་པ་དང་ནི་ཚོང་དཔོན་དང་། །དགེ་སློང་ལྷག་མ་མི་དོར་བའོ། །སྡོམ་ནི། དེ་ཡི་རྒྱུས་པ་འབྲེང་བུ་དང་། །དེ་བཞིན་བྲང་ལྷན་རྟིང་ལྷན་དང་། །ཡུ་ཆད་དང་ནི་ཡུ་ཐུང་དང་། ། སྒྲོ་གུ་ཅན་དག་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སེན་མོ་དང་མཆེ་བའི་སྟོབས་ཅན་ལྔའི་པགས་པའི་ལྷམ་བཅང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་རྒྱུས་པས་ལྷམ་བཙེམས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་རྒྱུས་པས་ལྷམ་བཙེམ་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་རྒྱུས་པས་ལྷམ་བཙེམ་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པའི་འབྲེང་བུས་བཙེམས་ཏེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པའི་འབྲེང་བུས་ལྷམ་བཙེམ་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་རྒྱུས་པ་དང་པགས་པའི་འབྲེང་བུས་ལྷམ་


DKG010_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཙེམ་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལས་བྲང་ལྷན་བྱས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་བྲང་ལྷན་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་པགས་པ་ལས་བྲང་ལྷན་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལ་རྟིང་ལྷན་བྱས་ཏེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་རྟིང་ལྷན་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་པགས་པ་ལས་བྲང་ལྷན་དང་། རྟིང་ལྷན་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལས་ལྷམ་ཡུ་ཆད་བྱས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་ལྷམ་ཡུ་ཆད་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་པགས་པ་ལས་བྲང་ལྷན་དང་། རྟིང་ལྷན་དང་། ལྷམ་ཡུ་ཆད་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལས་ལྷམ་ཡུ་ཐུང་བྱས་ཏེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་ལྷམ་ཡུ་ཐུང་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་པགས་པ་ལས་ལྷམ་ཡུ་ཐུང་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལས་ལྷམ་སྒྲོ་གུ་ཅན་བྱས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་ལྷམ་སྒྲོ་གུ་ཅན་མི་བྱའོ།། །།སྡོམ་ནི། རབ་སྣང་འདོད་པ་ཐམས་ཅད་དང་། །དགེ་འདུན་བཤོས་དང་བཟོ་སྦྱངས་དང་། །མགོན་མེད་ཟས་སྦྱིན་ཁྲེའུ་རྣམས་དང་། །གཙུག་ལག་ཁང་དང་བཟང་པོ་འོ།། །།བར་སྡོམ་ནི། བལྟམ་དང་རྒྱལ་པོ་ཆེ་དང་བདག་གི་མཐུ། །དེ་བཞིན་མི་དཀར་རབ་བྱུང་རྒྱལ་ཚབ་དང་། །སངས་རྒྱས་རྒྱལ་སྲིད་ཉིད་དང་ཡན་ལག་མཆོག །དེ་བཞིན་རྨི་ལམ་ས་འཛིན་སྐྱེས་དང་གནས། །བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན་རྒྱལ་


DKG010_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་པད་མ་ཆེན་པོ་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་འཐབ་པ་དང་། རྩོད་པ་དང་། འཁྲུག་པ་དང་། འཁྲུག་ལོང་རབ་ཏུ་ཞི་བ། ཆོམ་རྐུན་དང་། ནད་མེད་པ། སཱ་ལུ་དང་། བུ་རམ་ཤིང་དང་། མ་ཧེ་ཕུན་སུམ་ཚོགས་པ། ཆོས་དང་མཐུན་པས་བྱེད་དུ་འཇུག་གོ །མཉན་ཡོད་ན་ནི་རྒྱལ་པོ་ཚངས་བྱིན་རིང་དུ་འཕུར། འཕགས་རྒྱལ་ན་ནི་མུ་ཁྱུད་མཐའ་ཡས། ཀཽ་ཤཱམ་བཱི་ན་ནི་དམག་བརྒྱ་པ་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། རྒྱལ་སྲིད་རྒྱས་པ་དང་ཞེས་བྱ་བ་ནས། ཆོས་དང་མཐུན་པར་བྱེད་དུ་འཇུག་གོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་དགའ་ལྡན་གྱི་གནས་ན་བཞུགས་པ་ན་གཟིགས་པ་ལྔ་པོ་རིགས་ལ་གཟིགས་པ་དང་། དུས་ལ་གཟིགས་པ་དང་། ཡུལ་ལ་གཟིགས་པ་དང་། རུས་ལ་གཟིགས་པ་དང་། བུད་མེད་ལ་གཟིགས་པས་འཇིག་རྟེན་ལ་གཟིགས་ཏེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ཀྱང་ལན་གསུམ་དུ་སྦྱང་བ་མཛད་ནས་གླང་པོ་ཆེར་བསྟན་པས་ཡུམ་གྱི་ལྷུམས་སུ་ཞུགས་སོ། །དེའི་ཚེ་ས་ཆེན་པོ་ཡང་ཤིན་ཏུ་གཡོས་པར་གྱུར། འཇིག་རྟེན་འདི་ཐམས་ཅད་ཀྱང་སྣང་བ་རྒྱ་ཆེན་པོས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཁ་དོག་གི་མཐུ་ཡང་ཟིལ་གྱིས་མནན་ནས་ཁྱབ་པར་གྱུར། འཇིག་རྟེན་དང་འཇིག་རྟེན་གྱི་བར་གྱི་མུན་པ་མུན་གནག་ཐིབས་པོ་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་དག་གི་འོད་ཀྱིས་སྣང་བར་མ་ནུས་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏེ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་རང་གི་ལག་ནས་བཟུང་ཡང་མི་མཐོང་བ་དེ་དག་ཀྱང་འོད་དེས་སེམས་ཅན་ཕན་ཚུན་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ། ཤེས་ལྡན་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ་ཞེས་བྱ་བར་ཤེས་སོ། །གང་གི་ཚེ་བྱང་ཆུབ་


DKG010_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་བཅོམ་ལྡན་འདས་བལྟམ་པ་དེའི་ཚེ་རྒྱལ་པོ་ཆེན་པོ་བཞིའི་བུ་ཡང་བཙས་ཏེ། རྒྱལ་པོའི་ཁབ་ཏུ་ནི་རྒྱལ་པོ་པད་མ་ཆེན་པོའི་བུ་བཙས་སོ། །མཉན་ཡོད་དུ་ནི་ཚངས་བྱིན་གྱི་འཕགས་རྒྱལ་དུ་ནི་མུ་ཁྱུད་མཐའ་ཡས་ཀྱི། ཀཽ་ཤཱཙྱཾར་ནི་རྒྱལ་པོ་དམག་བརྒྱ་པའི་བུ་བཙས་སོ། །བྱང་ཆུབ་སེམས་དཔའ་བལྟམ་པ་ན་ས་ཆེན་པོ་འདི་གསེར་ཞུན་མ་ལྟ་བུར་སྣང་བར་གྱུར་པ་དང་། རྒྱལ་པོ་སོ་སོ་ནས་བསམས་པ། བདག་གི་བུའི་མཐུའོ་བདག་གི་བུའི་མཐུའོ་སྙམ་ནས་དེ་དག་སོ་སོ་ནས་མིང་འདོགས་པར་བྱེད་དེ། རྒྱལ་པོ་པད་མ་ཆེན་པོས་སྨྲས་པ། ཤེས་ལྡན་དག་ངའི་བུ་བཙས་པ་ན་ཉི་མའི་གཟུགས་བཞིན་དུ་འཇིག་རྟེན་སྣང་བར་བྱས་པས་དེའི་ཕྱིར་གཞོན་ནུའི་མིང་གཟུགས་ཅན་སྙིང་པོ་ཞེས་གདགས་སོ། །རྒྱལ་པོ་ཚངས་བྱིན་རིང་དུ་འཕུར་གྱིས་སྨྲས་པ། ངའི་བུ་བཙས་པ་ན་གཞོངས་རྣམས་གསལ་ཞིང་གསལ་བ་ལྟ་བུར་སྣང་བས་དེའི་ཕྱིར་གཞོན་ནུའི་མིང་གསལ་རྒྱལ་ཞེས་བྱ་བར་གདགས་སོ། །རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱིས་སྨྲས་པ། ངའི་བུ་བཙས་པ་ན་འཇིག་རྟེན་རབ་ཏུ་སྣང་བ་ཁོ་ནས་སྣང་བར་བྱས་པས་དེའི་ཕྱིར་གཞོན་ནུའི་མིང་རབ་སྣང་ཞེས་བྱ་བར་གདགས་སོ། །རྒྱལ་པོ་དམག་བརྒྱ་པས་སྨྲས་པ། ངའི་བུ་བཙས་པ་ན་འཇིག་རྟེན་ཉི་མ་ཤར་བ་བཞིན་དུ་སྣང་བར་བྱས་པས་དེའི་ཕྱིར་གཞོན་ནུའི་མིང་ཤར་བར་གདགས་སོ། །དེའི་ཚེ་རི་ཀི་སྐིན་ད་ལ་དྲང་སྲོང་མི་དཀར་བ་ཞེས་བྱ་བ་འཇིག་རྟེན་འདིའི་འཇིག་པ་ལ་མཁས་པ། འཆགས་པ་ལ་མཁས་པ་ཞིག་གནས་སོ། །དེའི་ཚ་བོ་ན་ལ་ད་ཞེས་བྱ་བ་ཞིག་ཡོད་པ་དེ་དེའི་དྲུང་དུ་ཡང་དང་ཡང་དུ་ཉེ་བར་འགྲོའོ། །དེས་ཉེ་བར་འོངས་པ་དེ་ལ་རྟག་ཏུ་འཇིག་པ་དང་འཆགས་པའི་གཏམ་བྱས་ཏེ། དེ་འཇིག་པ་དང་འཆགས་པའི་གཏམ་ཐོས་ནས་སྐྱོ་སྟེ་དེའི་ཐད་དུ་རབ་ཏུ་བྱུང་ངོ་། །དེས་དུས་གཞན་ཞིག་ན་དྲང་སྲོང་མི་དཀར་བའི་ཕུག་སྣང་བ་རྒྱ་ཆེན་པོས་ཁྱབ་པ་མཐོང་ངོ་། །མཐོང་ནས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཉི་མ་ཐམས་ཅད་ཅིག་ཅར་དུ། །འདིར་ནི་ཤར་བར་གྱུར་ཏམ་ཅི། །འདི་ལྟར་རི་དང་ཕུག་བཅས་པར། །འོད་ཟེར་དག་


DKG010_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འབར་བ་བཞིན། །མི་དཀར་བ་ཡིས་དེ་སྨྲས་པ། །ཉི་མའི་འོད་ཚ་འོད་འདི་བསིལ། །ལུས་འདིར་སྣང་བ་འཇུག་པས་ན། །འདི་ནི་ངེས་པར་ཐུབ་པའི་འོད། །བྱང་ཆུབ་སེམས་དཔའ་འོད་པོ་ཆེ། །གདོན་མི་ཟ་བར་ལྷུམས་ནས་བྱུང་། །འདི་ནི་བྱང་ཆུབ་སེམས་དཔའ་དེ། །བྱུང་བའི་འོད་ནི་དྲི་མེད་པ། །འཇིག་རྟེན་གསུམ་པོ་དག་ཀུན་ནི། །གསེར་དང་འདྲ་བ་བཀྱེ་བ་ཡིན། །ན་ལ་དས་སྨྲས་པ། མཁན་པོ་གལ་ཏེ་དེ་ལྟ་ན་ཚུར་སྤྱོན། བྱང་ཆུབ་སེམས་དཔའ་གཟིགས་ཀྱིས་བཞུད་དོ། །དེས་སྨྲས་པ། བུ་ད་ལྟར་བྱང་ཆུབ་སེམས་དཔའ་ལྷ་དབང་ཆེ་བར་གྲགས་པ། དབང་ཆེ་བར་གྲགས་པ་རྣམས་ཀྱིས་བསྐོར་ཅིང་བཞུགས་ཏེ། དེ་བདག་ཅག་གིས་མཐོང་བར་སླ་བ་མ་ཡིན་གྱིས། གང་གི་ཚེ་ཕོ་བྲང་དུ་གཤེགས་ནས་མཚན་བཏགས་ཏེ་ཕྱིར་བྱུང་བ་དེའི་ཚེ་ལྟར་འདོང་ངོ་། །གང་གི་ཉིན་པར་བྱང་ཆུབ་སེམས་དཔའ་བལྟམ་པ་དེ་ཉིད་ཀྱི་ཉིན་མོ་འདུན་པ་ལ་སོགས་པ་རིམ་གྲོ་པ་ལྔ་བརྒྱ་དང་། འདུན་མ་ལ་སོགས་པའི་རིམ་གྲོ་མ་ལྔ་བརྒྱ་དང་། གླང་པོ་ཆེ་མོ་ལྔ་བརྒྱ་དང་། རྟ་རྒོད་མ་ལྔ་བརྒྱ་ཡང་བཙས་ཤིང་འབྲངས། གཏེར་ལྔ་བརྒྱ་ཡང་ཁ་བྱེ་སྟེ་སྣང་ངོ་། །བློན་པོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་སྦྲན་པ། ལྷ་ཞལ་རྗེས་དགྱེས་པ་མཛད་དུ་གསོལ། གཞོན་ནུ་བལྟམ་པ་ན་དོན་འདི་སྙེད་གྲུབ་སྟེ། རིམ་གྲོ་བ་ལྔ་བརྒྱ་དང་། རིམ་གྲོ་མ་ལྔ་བརྒྱ་ཡང་བཙས། གླང་པོ་ཆེ་མོ་ལྔ་བརྒྱ་དང་། རྟ་རྒོད་མ་ལྔ་བརྒྱ་ཡང་འབྲངས། གཏེར་ལྔ་བརྒྱ་ཡང་ཁ་བྱེ་སྟེ་བསྟན་ལགས་སོ། །རྒྱལ་པོ་ཟས་གཙང་གིས་ཐོས་ནས་ཡིད་བདེ་བ་སྐྱེས་ཏེ་སྨྲས་པ། ཤེས་ལྡན་དག་གཞོན་ནུ་བཙས་པ་ནི་ངའི་དོན་ཐམས་ཅད་དང་ལས་ཀྱི་མཐའ་ཐམས་ཅད་གྲུབ་པས་དེའི་ཕྱིར་གཞོན་ནུའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་གདགས་སོ་ཞེས་བྱང་ཆུབ་སེམས་དཔའི་མཚན་འདི་ལྟ་སྟེ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་དེར་བཏགས་སོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེ་སྣ་བཞིའི་ཁྱོགས་ལ་བཞག་སྟེ་སེམས་ཅན་སྟོང་ཕྲག་དུ་མས་བསྐོར་ནས་ལྷ་དང་མིའི་བཀུར་སྟི་ཆེན་པོས་སེར་སྐྱའི་གཞིའི་གྲོང་ཁྱེར་དུ་ཞུགས་སོ། །བྱང་ཆུབ་སེམས་དཔའ་གྲོང་ཁྱེར་དུ་ཞུགས་པ་ན་ཤཱཀྱ་ང་རྒྱལ་ཅན་མུར་ཅོར་སྨྲ་བ། ཐུག་ཐུབ་ཅན་རྣམས་ཐུབ་པ་བཞིན་དུ་ཅང་མི་སྨྲ་བར་འདུག་པ་དང་། རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཤཱཀྱ་ང་རྒྱལ་ཅན་མུ་ཅོར་སྨྲ་བ་ཐུག་ཐུབ་ཅན་འདི་དག་གཞོན་ནུ་གྲོང་ཁྱེར་དུ་ཞུགས་


DKG010_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཐུབ་པ་བཞིན་དུ་ཅང་མི་སྨྲ་བར་འདུག་པས་དེའི་ཕྱིར་གཞོན་ནུའི་མིང་ཤཱཀྱ་ཐུབ་པར་གདགས་སོ་ཞེས་དེ་ནི་བྱང་ཆུབ་སེམས་དཔའི་མཚན་གཉིས་པ་འདི་ལྟ་སྟེ་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེར་བཏགས་སོ། །ཤཱཀྱ་རྣམས་ལ་གནོད་སྦྱིན་གཉུག་མར་གནས་པ་ཤཱཀྱ་སྤེལ་བ་ཞེས་བྱ་བ་ཞིག་ཡོད་དེ། ཤཱཀྱ་སུའི་བུའམ། བུ་མོ་བཙས་ཀྱང་རུང་དེ་དང་པོར་གནོད་སྦྱིན་ཤཱཀྱ་སྤེལ་བའི་རྐང་པ་ལ་ཕྱག་འཚལ་དུ་ཁྲིད་ནས་རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཤེས་ལྡན་དག་དེང་ལ་གཞོན་ནུ་གནོད་སྦྱིན་ཤཱཀྱ་སྤེལ་བའི་རྐང་པ་ལ་ཕྱག་འཚལ་དུ་ཆུག་ཤིག །བློན་པོ་རྣམས་ཀྱིས་དེའི་མདུན་དུ་ཁྲིད་པ་དང་། གནོད་སྦྱིན་ཤཱཀྱ་སྤེལ་བས་བྱང་ཆུབ་སེམས་དཔའ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་དེ་བརྟད་དེ་རིངས་པ་རིངས་པར་གོམ་པ་བསླང་ནས་བྱང་ཆུབ་སེམས་དཔའ་བསུ་སྟེ་རྐང་པ་ལ་ཕྱག་བྱས་པ་དང་། རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཤེས་ལྡན་དག་གནོད་སྦྱིན་ཤཱཀྱ་སྤེལ་བ་ཡང་གཞོན་ནུའི་རྐང་པ་ལ་ཕྱག་འཚལ་ཏེ། དེ་ལྟ་བས་ན་འདི་ནི་ལྷའི་ཡང་ལྷ་ཡིན་པས་དེའི་ཕྱིར་གཞོན་ནུའི་མིང་ལྷའི་ཡང་ལྷ་ཞེས་གདགས་སོ་ཞེས་དེས་ན་བྱང་ཆུབ་སེམས་དཔའི་མཚན་གསུམ་པ་འདི་ལྟ་སྟེ། ལྷའི་ཡང་ལྷ་ཞེས་བྱ་བ་དེར་བཏགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའ་བྲམ་ཟེ་རྣམས་དང་། མཚན་མཁན་རྣམས་དང་། སྐར་མཁན་རྣམས་ལ་བསྟན་ནས། ཤེས་ལྡན་དག་གཞོན་ནུ་ཅིག་གང་དག་དང་ལྡན་ན་སྐྱེས་བུ་ཆེན་པོའི་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་དུ་མ་ཡིན་ཏེ། གལ་ཏེ་ཁྱིམ་པ་ཁྱིམ་ན་གནས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་མཐུན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཞིང་། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་ཡིན་ཏེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་།


DKG010_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེའོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ་དད་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་ཕྱུང་ན་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་སྒྲ་རྣམ་པར་གྲགས་པར་འགྱུར། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་ནམ། དེ་དག་གིས་སྨྲས་པ། ལྷ་དེ་ལྟ་ལགས་ཏེ། གཞོན་ནུ་ནི་གང་དག་དང་ལྡན་ན་སྐྱེས་བུ་ཆེན་པོའི་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་དུ་མ་ལགས་ཏེ་ཞེས་བྱ་བ་ནས་འཇིག་རྟེན་ན་སྒྲ་རྣམ་པར་གྲགས་པར་འགྱུར་བ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་ལགས་སོ། །ན་ལ་དས་སྨྲས་པ། མཁན་པོ་བྱང་ཆུབ་སེམས་དཔའ་སེར་སྐྱའི་གཞིའི་གྲོང་ཁྱེར་དུ་གཤེགས་ཏེ། དེའི་མཚན་ཡང་བཏགས་ལགས་ཀྱིས་ཚུར་གཤེགས་གཟིགས་སུ་བཞུད་དོ། །དེས་སྨྲས་པ། བུ་ལེགས་ཏེ། དེ་བཞིན་བྱས་འདོང་ངོ་ཞེས་དེ་གཉིས་རྫུ་འཕྲུལ་གྱིས་ཆས་པ་དང་། བྱང་ཆུབ་སེམས་དཔའི་མཐུས་དེའི་རྫུ་འཕྲུལ་ཉམས་ཏེ་རྐང་པ་ཁོ་ནས་སེར་སྐྱའི་གཞིའི་གྲོང་ཁྱེར་དུ་ཞུགས་ནས་རྒྱལ་པོ་ཟས་གཙང་གི་ཕོ་བྲང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོའི་ཕོ་བྲང་གི་སྒོ་ན་སྡོད་དོ། །དེ་ནས་དྲང་སྲོང་མི་དཀར་བས་མི་ཞིག་ལ་སྨྲས་པ། ཀྱེ་སྐྱེས་བུ་ཁྱེད་ཚུར་ཤོག་སོང་ལ་རྒྱལ་པོ་ཟས་གཙང་ལ་དྲང་སྲོང་མི་དཀར་བ་ལྷ་ལྟ་བར་འདོད་དེ་སྒོ་ན་འདུག་གོ་ཞེས་སྦྲོན་ཅིག །དེ་སོང་ནས་རྒྱལ་པོ་ཟས་གཙང་ལ་ལྷ་དྲང་སྲོང་མི་དཀར་བ་ལྷ་ལྟ་བར་འཚལ་ཏེ་ཆབ་སྒོ་ན་མཆིས་སོ་ཞེས་སྦྲན་པ་དང་། དེས་སྨྲས་པ། ཤེས་ལྡན་དག་དྲང་སྲོང་མི་དཀར་བ་ལས་སུ་འགོག་ནང་དུ་ཤོག་ཤིག་དེ་ནང་དུ་ཞུགས་པ་དང་། རྒྱལ་པོ་ཟས་གཙང་གིས་བྱོན་པ་ལེགས་སོ་ཞེས་བྱ་བའི་ཀུན་དུ་སྤྱོད་པས་ཀུན་དུ་སྤྱད་ནས་རྐང་པ་ལ་མཆོད་ཡོན་ཕུལ་ཏེ་སེང་གེའི་ཁྲི་ལ་འདུག་ཏུ་བཅུག་གོ །དེ་ནས་རྒྱལ་པོ་ཟས་གཙང་གིས་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། དྲང་སྲོང་ཆེན་པོ་ཅི་ཞིག་གི་སླད་དུ་བྱོན། དེས་ཚིགས་


DKG010_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་དེ་སྨྲས་པ། རྒྱལ་ཆེན་བདག་ནི་ཁྱོད་ཀྱི་སྲས། །བལྟ་བར་འཚལ་ནས་མཆིས་ལགས་ཏེ། །འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་དེ་ནི་བལྟ་འཚལ་ལོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། དྲང་སྲོང་ཆེན་པོ་གཞོན་ནུ་གཉིད་ལོག་གོ །དེས་སྨྲས་པ། མནལ་བཞིན་བལྟ་བར་བྱའོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། དྲང་སྲོང་ཆེན་པོ་ལེགས་ཀྱིས་དེ་བཞིན་དུ་མཛོད་ལ་གཟིགས་ཤིག །དེས་སོང་ནས་བྱང་ཆུབ་སེམས་དཔའ་མིག་མི་འཛུམས་པར་གཟུགས་རྣམས་ལ་གཟིགས་པ་མཐོང་ངོ་། །མཐོང་ནས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། རིགས་ཀྱི་རྟ་པོ་རྣམ་དག་ནི། །ནམ་གྱི་གུང་ལ་ཉལ་བ་ལྟར། །དགོས་པ་དོན་དུ་གཉེར་རྣམས་ཀྱི། །མིག་ལ་ཡུན་རིང་གཉིད་མི་གནས། །ཞེས་སྨྲས་ནས་སྨྲས་པ། ལྷ་ཅི་གཞོན་ནུ་བྲམ་ཟེ་རྣམས་དང་། མཚན་མཁན་རྣམས་དང་། སྐར་མཁན་རྣམས་ལ་བསྟན་ཏམ། དེས་སྨྲས་པ། དྲང་སྲོང་ཆེན་པོ་བསྟན་ཏོ། །ལྷ་དེ་དག་གིས་ཅི་ཞིག་ཏུ་ལུང་བསྟན། རྒྱལ་པོ་ཟས་གཙང་གིས་སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་མཆིའོ། །དེས་བྱང་ཆུབ་སེམས་དཔའ་ལ་ཡན་མན་བརྟག་པར་བརྩམས་པ་དང་། ཇི་ཙམ་ན་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་མཚན་རྣམས་མཐོང་ནས། དུས་ཅི་ཙམ་གྱིས་བདུད་རྩི་ཐོབ་པར་འགྱུར་ཞེས་བསམས་པ་ལ་ཞུགས་ནས་དེས་ལོ་ཉི་ཤུ་རྩ་དགུ་ལོན་པ་དང་ཁྱིམ་ནས་བྱུང་སྟེ་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་བདུད་རྩི་ཐོབ་པར་འགྱུར་བར་མཐོང་ངོ་། །དེ་ན་བདག་ཉིད་ཀྱི་རྒྱུད་བསམ་པ་ལ་ཞུགས་པ་དང་། བར་སྐབས་སུ་འཆི་བར་མཐོང་ནས་འདོད་པ་ན་སྤྱོད་པའི་སྲེད་པ་བྱུང་ནས་དེ་མིག་མཆི་མས་གང་བཞིན་ཚིགས་སུ་བཅད་དེ་སྨྲས་པ། ས་བདག་རྟོག་གེ་རྣམས་ཀྱི་བློ་གྲོས་འཁྲུལ། །དུས་ཀྱི་མཐར་ནི་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་ཅན་འདི་ནི་ཆོས་ཀྱི་མཛོད། །ཉེས་པ་རྣམས་ལས་རྒྱལ་ཏེ་སངས་རྒྱས་འགྱུར། །མི་ཡི་དབང་པོ་མཚན་གསལ་མིན་རྣམས་ཀྱིས། །གླིང་བཞི་རྣམས་ཀྱི་བདག་པོའི་དབང་ཕྱུག་འགྱུར། །ཤིན་ཏུ་མཚན་


DKG010_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཐུབ་དབང་རྫོགས་སངས་རྒྱས། །མི་མཆོག་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར། །དེ་ནས་རྒྱལ་པོས་དེ་མིག་མཆི་མས་གང་བ་མཐོང་ནས་བག་ཚ་སྟེ་མི་དགའ་ནས་སླར་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་པ་བུད་མེད་དག་ནི་གང་ཕྲད་ནས། །ངོམས་པར་མི་འགྱུར་དགའ་བ་ཐོབ་འགྱུར་བ། །ལུས་བཟངས་དགའ་བྱེད་དེ་ནི་འདིར་གཟིགས་ནས། །ཅི་སླད་ཁྱོད་ཀྱི་ཞལ་ནི་མཆི་མར་བཅས། །བདག་གི་གཞོན་ནུ་འགའ་ལས་འཇིགས་པ་འམ། །ཚེ་ཟད་ཉེ་བར་གནས་པར་མི་འགྱུར་གྲང་། །དེ་སླད་དགེ་བ་འདི་མྱུར་བདག་ལ་གསུངས། །ཁྱོད་ཀྱི་བཤུམས་མོ་བྱུང་བས་བདག་འདར་རོ། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། གལ་ཏེ་འདི་ཡི་སྟེང་དུ་མཁའ་ལས་ནི། །རྡོ་རྗེའི་ཆར་དྲག་རབ་ཏུ་བབ་གྱུར་ཀྱང་། །ཐུབ་པ་ཆེན་པོའི་སྐུ་ཡི་སྤུ་ཉག་གཅིག །ཀུན་ཏུ་བསྐྱོད་པར་ནུས་པ་མ་ཡིན་ནོ། །ཚན་ཆེན་རླུང་གིས་རབ་ཏུ་བསྐྱོད་པ་ཡི། །ཤིན་ཏུ་མི་བཟད་མཚོན་རྣོན་རྣམ་དག་དང་། །སྦྲུལ་གདུག་རྣམས་དང་ཤིན་ཏུ་གདུག་པའི་དུག །གཞོན་ནུའི་ལུས་ལ་བབ་ཀྱང་སྨས་མི་ནུས། །མི་དབང་བདག་ནི་ཆོས་མཆོག་མཛོད་འདི་དང་། །ཕྲད་ནས་དོན་མ་གྲུབ་པར་འཆི་འགྱུར་ཏེ། །ཞི་བ་མི་འཐོབ་རང་གི་ཉེས་མཐོང་ནས། །དེ་ཡི་སླད་དུ་བདག་ནི་ངུ་བར་བས། །འཇིག་རྟེན་དག་ནི་གང་རྣམས་དུས་སུ་ནི། །སྨྲ་བའི་དམ་པ་མཚུངས་མེད་འདི་ཡི་ཆོས། །ཉན་ཅིང་ཐོས་ནས་རབ་ཞི་མཆོག་འགྲོ་བ། །བདེ་སྐྱིད་བསོད་ནམས་ཅན་དེ་རིམས་ནད་བྲལ། །རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔས་བདུད་རྩི་འཐོབ་པར་ཐོས་ནས་ཅང་མི་ཟེར་བར་འདུག་གོ །ལོག་པའི་ལྟ་བས་ཉམས་པ་ནི་ཕལ་ཆེན་བརྫུན་སྨྲ་བ་དང་གཡོ་ཀུན་དུ་སྤྱོད་པ་ལ་ཞུགས་པ་ཡིན་པས་དྲང་སྲོང་མི་དཀར་བས་སྨྲས་པ། ལྷ་ཁྱོད་ཀྱི་གྲོང་ཁྱེར་ན་གནས་པའི་སྐྱེ་བོའི་ཚོགས་འདི་སྙམ་དུ་ཀྱེ་མ་དྲང་སྲོང་མི་དཀར་བ་རྐང་གིས་སེར་སྐྱའི་གཞིའི་གྲོང་ཁྱེར་དུ་འོངས་ཀྱང་ཅི་མ་རུང་སྙམ་དུ་ཡུན་རིང་པོ་ནས་སྨོན་པས་བདག་སྐྱེ་བོ་ལ་སྙིང་བརྩེ་བའི་ཕྱིར་རྐང་ཁོ་ནས་སེར་སྐྱའི་གཞིའི་གྲོང་ཁྱེར་དུ་འོངས་ཏེ་རྐང་ཁོ་ནས་འབྱུང་གིས་གྲོང་ཁྱེར་མཛེས་པར་བགྱིད་དུ་སྩོལ་ཅིག །རྒྱལ་པོ་ཟས་གཙང་གིས་


DKG010_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དྲང་སྲོང་མི་དཀར་བ་རྐང་གིས་གྲོང་ཁྱེར་ནས་འབྱུང་གིས། གྲོང་ཁྱེར་དང་ལམ་མཛེས་པར་བྱེད་དུ་ཆུག་ལ་དྲིལ་སྒྲོགས་ཏེ་འདི་སྐད་དུ་སེར་སྐྱའི་གཞི་ན་གནས་པའི་སྐྱེ་བོའི་ཚོགས་དང་ཡུལ་སྣ་ཚོགས་ནས་ལྷགས་པ་གཞན་གྱིས་ཀྱང་དྲང་སྲོང་མི་དཀར་བ་གྲོང་ཁྱེར་ནས་འབྱུང་བ་སུ་ཞིག་ཅེས་སྒོ་ཤིག། ལྷ་དེ་ལྟར་འཚལ་ལོ་ཞེས་བློན་པོ་རྣམས་ཀྱིས་སེར་སྐྱའི་གཞིའི་གྲོང་ཁྱེར་རྡོ་དང་། གསེག་མ་དང་། གྱོ་མོ་མེད་པར་བྱས། ཙན་དན་གྱི་ཆུས་ཆག་ཆག་བཏབ་དྲི་ཞིམ་པོའི་པོག་ཕོར་བཞག །དར་གྱི་ལྡ་ལྡི་མང་པོ་བྲེས། རྒྱལ་མཚན་དང་བ་དན་བསྒྲེང་། མེ་ཏོག་སྣ་ཚོགས་བཀྲམ་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་དགའ་བའི་ཚལ་བས་ཀྱང་ལྷག་པར་དགའ་དགའ་ལྟར་གྲོང་ཁྱེར་མཛེས་པ་དང་། ལམ་མཛེས་པར་བྱས་ནས་དྲིལ་བསྒྲགས་ཏེ། འདི་སྐད་ཅེས་ཤེས་ལྡན་གྲོང་ཁྱེར་ན་གནས་པ་རྣམས་དང་། ཕོ་བྲང་འཁོར་བ་རྣམས་དང་། ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་ཉོན་ཅིག །ལྷས་འདི་སྐད་ཅེས་དྲང་སྲོང་མི་དཀར་བ་སང་རྐང་གིས་སེར་སྐྱའི་གཞིའི་གྲོང་ཁྱེར་ནས་འབྱུང་གིས་དེའི་ཕྱིར་ཁྱེད་ཐམས་ཅད་ཀྱིས་དེ་སུ་ཞིག་ཅེས་བཀའ་སྩལ་ཏོ། །ཇི་ཙམ་ནམ་ནངས་པ་དང་། དྲང་སྲོང་མི་དཀར་བ་མིའི་མཆོག་སྟོང་ཕྲག་དུ་མས་བཀུར་སྟི་ཆེན་པོས་བསྐྱལ་ནས་རྐང་གིས་སེར་སྐྱའི་གཞིའི་གྲོང་ཁྱེར་ནས་བྱུང་ངོ་། །དེས་རི་ཀི་སྐིན་དར་སོང་ནས་ཡང་བསམ་གཏན་དག་ཀྱང་བསྐྱེད། རྫུ་འཕྲུལ་ཡང་བསྒྲུབས་སོ། །དེའི་ཚེ་རྣམ་པར་སྨིན་པའི་ལས་ཡོངས་སུ་ཟད་པས་ནད་ཀྱིས་ཐེབས་ཏེ། རྩ་བ་དང་། སྡོང་བུ་དང་། མེ་ཏོག་དང་། འདབ་མ་དང་། འབྲས་བུའི་སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་ནད་དེ་ཉེ་བར་ཞི་བར་མ་གྱུར་ཏོ། །ན་ལ་དས་དེའི་ལུས་ཀྱི་གནས་སྐབས་ཤེས་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། མཁན་པོ་གང་ཅུང་ཟད་རབ་ཏུ་འབྱུང་བ་དེ་ཐམས་ཅད་ནི་བདུད་རྩི་དོན་དུ་གཉེར་བ་བདུད་རྩི་ཚོལ་བ་ལགས་ཏེ། དེའི་སླད་དུ་གལ་ཏེ་ཁྱོད་ཀྱིས་བདུད་རྩི་བརྙེས་ན། བདག་ལ་ཡང་བདུད་རྩིའི་བགོ་བཤའ་མཛད་དུ་གསོལ། དེས་སྨྲས་པ། བུ་ང་ཡང་གང་ཅུང་ཟད་རབ་ཏུ་བྱུང་བ་


DKG010_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐམས་ཅད་བདུད་རྩི་དོན་དུ་གཉེར་བ་དང་། བདུད་རྩི་ཚོལ་བ་ཡིན་ན་ངས་བདུད་རྩི་མ་རྙེད་དོ། །འོན་ཀྱང་ཁྱོད་ཤཱཀྱ་རྣམས་ཀྱི་ནང་དུ་གཞོན་ནུ་འཁྲུངས་པ་དེའི་སྤྱན་སྔར་རབ་ཏུ་བྱུང་ལ་རིགས་རློམ་པར་མ་བྱེད། རུས་རློམ་པར་མ་བྱེད། བྲམ་ཟེའི་བུའི་རློམ་པ་མ་བྱེད་པར་ང་རྒྱལ་ཆོག་ལ་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། དེས་ན་ཁྱོད་བདུད་རྩི་ཐོབ་པར་འགྱུར་རོ་ཞེས་སྨྲས་ནས། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོའི་མཐའ་ནི་སྙིལ་བར་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་ཤི་བ་ཡིན། །ཞེས་བྱ་བས་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེས་དེའི་རུས་བུ་ལ་རུས་བུའི་མཆོད་པ་བྱས་ནས་གྲོང་ཁྱེར་བཱ་རཱ་ཎ་སཱིར་སོང་སྟེ་དྲང་སྲོང་གི་ནང་ན་འདུག་གོ །དེ་ན་ལ་ད་དང་རུས་མཐུན་པས་དེའི་མིང་དྲང་སྲོང་ན་ལ་ད་ཞེས་བྱ་བར་ཆགས་སོ། །གཞོན་ནུ་རབ་སྣང་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་གཏད་ནས་དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་སར་དང་། མར་དཀར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་གཙོ་བོ་དག་གིས་བསྐྱེད་བསྲིངས་པས་མཚེའུ་ན་འདུག་པའི་པད་མ་བཞིན་དུ་སྐྱེད་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཡུལ་ཀྱི་དབང་ཕྱུག་ལ་གནས་པའི་མཐུ་ཐོབ་པ། ས་ཆེན་པོའི་དཀྱིལ་འཁོར་རྣལ་དུ་ཕབ་སྟེ་གནས་པ་རྣམས་ཀྱི་བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉར་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། འཕང་དཔྱད་དང་། ཕྱིར་བསྣུར་བ་དང་། མདུན་དུ་བསྣུར་བ་དང་། ལྕགས་ཀྱུས་བསྒྱུར་ཐབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕེན་པ་དང་། གཅད་པ་དང་། དྲལ་བ་དང་། འཛིན་སྟངས་དང་། གོམ་སྟབས་དང་། ཐོར་ཚུགས་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་།


DKG010_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེན་པོ་དེ་དག་ལ་མཁས་པར་གྱུར་ཏེ་གནས་ལྔ་ལ་ཡང་བྱང་བར་གྱུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་གཞོན་ནུའི་རོལ་པ་ལ་རོལ་པའི་ཚེ་གཞོན་ནུ་རབ་སྣང་ཡང་གཞོན་ནུའི་རྩེ་བ་ལ་རྩེའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཏུ་དབང་བསྐུར་བ་དེའི་ཚེ་གཞོན་ནུ་རབ་སྣང་ཡང་རྒྱལ་ཚབ་ཏུ་དབང་བསྐུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་རྒན་པོ་དང་ནད་པ་དང་ཤི་བ་གཟིགས་ནས་སྐྱོ་སྟེ་ས་འཚོ་མ་དང་། རི་དྭགས་སྐྱེས་དང་། གྲགས་འཛིན་མ་ལ་སོགས་པ་བུད་མེད་དྲུག་ཁྲི་སྤངས་ནས་ནམ་གྱི་གུང་ལ་དཀའ་ཐུབ་ཀྱི་ནགས་སུ་གནས་ཏེ། གོང་མ་དང་འོག་མའི་རྣམ་པ་ལས་གྲོལ་བའི་དྲང་སྲོང་རྣམས་ཀྱི་ཐད་ནས་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་དང་། གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བ་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་ཐད་ནས་གཟུགས་མེད་པའི་ཁམས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བར་བྱས་ཏེ་ལུང་འབོགས་པ་མེད་པའི་ཕྱིར་དཀའ་བ་སྤྱད་པ་རུང་ངོ་སྙམ་ནས་ལོ་དྲུག་ཏུ་དཀའ་བ་སྤྱད་ན་ཁྱད་པར་རྟོགས་པ་ཐོབ་པར་མ་གྱུར་ཏེ། དབུགས་ཀྱང་མི་བདེར་བརྔུབས་ཤིང་ཅི་བདེར་ཕྱུང་། ཞལ་ཟས་རགས་པ་འབྲས་ཅན་དང་ཟན་དྲོན་ཀྱང་གསོལ། མར་དཀར་དང་། ཏིལ་མར་གྱིས་ཀྱང་སྐུ་བྱུགས། ཆུ་གྲང་དྲོ་རན་པས་ཀྱང་སྐུ་ཁྲུས་མཛད་ནས་སྡེ་གྲོང་ཞེས་བྱ་བའི་གྲོང་དུ་གཤེགས་ནས་བུ་མོ་དགའ་མོ་དང་དགའ་སྟོབས་ལས་འོ་ཐུག་སྦྲང་རྩི་ཅན་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པ་བཞེས་ཏེ་གསོལ་ནས། ཀླུའི་རྒྱལ་པོ་ནག་པོས་བསྟོད་ཅིང་རྩྭ་འཚོང་བཀྲ་ཤིས་ལས་རྩྭ་དག་བཞེས་ནས་བྱང་ཆུབ་ཀྱི་ཤིང་དྲུང་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། ཉིད་ཀྱིས་རྩྭ་མ་འཁྲུགས་མ་འཛིངས་པར་བཏིང་སྟེ་བཞུགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲང་དགོངས་པ་མངོན་སུམ་དུ་བཞག་ནས་ཇི་སྲིད་ཟག་པ་ཟད་པ་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་སྐྱིལ་མོ་ཀྲུང་མི་གཞིག་གོ་སྙམ་དུ་ཐུགས་བསྐྱེད་ཅིང་ཚིག་ཏུ་ཡང་གསུངས་ཏེ། དེས་ཇི་སྲིད་དུ་ཟག་པ་ཟད་པ་མ་བརྙེས་པ། དེ་སྲིད་དུ་སྐྱིལ་མོ་ཀྲུང་མ་བཤིག་གོ །གང་གི་ཚེ་བཅོམ་


DKG010_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བདུད་འབྱུང་པོ་དཀྲིགས་ཕྲག་དྲུག་བཅུའི་འཁོར་ཅན་བྱམས་པའི་མཚོན་གྱིས་ཕམ་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ཏེ། ཚངས་པས་བསྐུལ་ནས་ཡུལ་བཱ་རཱ་ཎ་སཱིར་གཤེགས་ཏེ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པ་བསྐོར་བ་དེའི་ཚེ་གཞོན་ནུ་རབ་སྣང་ཡང་རྒྱལ་པོ་ཆེན་པོར་དབང་བསྐུར་པས་དབང་བསྐུར་རོ། །དེ་ན་ཡུལ་འཕགས་རྒྱལ་ན་རྒྱལ་པོ་རབ་སྣང་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་སྐྱེ་བོ་མང་པོ་དང་། མིས་གང་བ་འཐབ་པ་དང་། རྩོད་པ་དང་། འཁྲུག་པ་དང་། འཁྲུག་ལོང་རབ་ཏུ་ཞི་བ་ཆོམ་རྐུན་དང་། ནད་མེད་པ་སཱ་ལུ་དང་། བུ་རམ་ཤིང་དང་། མ་ཧེ་ཕུན་སུམ་ཚོགས་པ་ཆོས་དང་མཐུན་པར་བྱེད་དུ་འཇུག་སྟེ། དེའི་མཐུས་རྟག་ཏུ་དགའ་སྟོན་གྱིས་རབ་ཏུ་དགའོ། ། གྲོང་ཁྱེར་འཕགས་རྒྱལ་དེ་ན་དབང་པོ་ལྔ་དང་། ཉེ་དབང་ལྔ་ཡོད་དོ། །རྫིང་བུ་ལྔ་བརྒྱ་ལས་ཝ་ནས་འབབ་པའི་ཆུ་ལྔ་བརྒྱ་རྒྱལ་པོའི་ཕོ་བྲང་མཛེས་པ་ཞེས་བྱ་བ་དེ་ཉིད་དུ་འབབ་བོ། །རྒྱལ་པོ་རབ་སྣང་ལ་ཡན་ལག་མཆོག་ལྔ་པོ་གླང་པོ་ཆེ་འདམ་བུའི་རི་དང་། གླང་པོ་ཆེ་མོ་བཟང་ལྡན་དང་། རྔ་མོ་རྒྱ་མཚོའི་རྐང་པ་དང་། རྟ་གོས་མགྲིན་དང་། འཕར་མ་པ་ཁྭ་ཞེས་བྱ་བ་ཡོད་དེ། དེ་དག་ལས་འདམ་བུའི་རིས་ནི་ཉིན་ཞག་གཅིག་ལ་དཔག་ཚད་བརྒྱ་ཆོད་དོ། །བཟང་ལྡན་གྱིས་ནི་དཔག་ཚད་བརྒྱད་བཅུའོ། །རྒྱ་མཚོའི་རྐང་གིས་ནི་དཔག་ཚད་བདུན་བཅུའོ། །རྟ་གོས་མགྲིན་གྱིས་ནི་དཔག་ཚད་ལྔ་བཅུའོ། །ཁྭས་ནི་དཔག་ཚད་ཉི་ཤུའོ། །དེ་དེ་ལྟར་འབྱོར་པ་ཕུན་སུམ་ཚོགས་པ་དེ་ཁམས་མ་མཉམ་པས་ནད་གཉིད་མེད་པ་ཞེས་བྱ་བས་ཐེབས་སོ། །རྒྱལ་པོ་དེ་ནི་མར་ལ་སྡང་ཞིང་ཆང་ལ་དགའ་བ་ཞིག་སྟེ། དེ་ལ་སྨན་པ་རྣམས་ཀྱིས་རྫས་ཀྱི་ཚོགས་ཀྱི་ཁྱད་པར་སྣ་ཚོགས་དང་སྦྱར་བའི་མར་བླུད་ན་དེ་འཐུང་དུ་མི་བཏུབ་བོ། །དེ་ལ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་མར་བླུད་པར་བྱས་ན་མར་ལ་ཇེ་ཁྲོ་བར་རྩོམ་ཞིང་གང་ཞིག་མར་གྱི་མིང་འབྱིན་པ་དེའི་མགོ་དྲུངས་ནས་བཅད་ནས་


DKG010_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་འདོར་བར་བྱེད་དོ། །དེ་གཉིད་མེད་པས་ནམ་གྱི་ཐུན་དང་པོ་ལ་ནི་བཙུན་མོའི་འཁོར་དང་ལྷན་ཅིག་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱེད་དོ། །གཉིས་པ་ལ་ནི་གླང་པོ་ཆེ་དང་། རྟ་དག་ལ་བལྟའོ། ། གསུམ་པ་ལ་ནི་འབངས་མེལ་ཚེ་བ་རྣམས་ལ་ད་ལྟར་མེལ་ཙེ་སུ་བྱེད་ཅེས་འདྲི་ཞིང་། དེ་གང་ཞིག་ཚིག་དང་པོ་ལ་ནི་ལན་མི་གློན་པ་དེ་ལ་ཡང་བཟོད་དོ། །གཉིས་པ་ལ་ལན་མི་གློན་པ་དེ་ལ་ཡང་བཟོད་དེ། གང་ཞིག་གསུམ་པ་ལ་ལན་མི་གློན་པ་དེའི་ནི་མགོ་དྲུངས་ནས་བཅད་ནས་ས་ལ་འདོར་བར་བྱེད་པས་དེའི་མིང་རྒྱལ་པོ་རབ་སྣང་རྒྱལ་པོ་རབ་སྣང་ཞེས་བྱ་བ་གང་ཡིན་པ་དེ་ནུབ་ནས་མིང་གཏུམ་པོ་རབ་སྣང་གཏུམ་པོ་རབ་སྣང་ཞེས་བྱ་བར་ཆགས་སོ། །དེས་དུས་གཞན་ཞིག་ན་བཙུན་མོའི་འཁོར་རྣམས་ལ་སྨྲས་པ། བུད་མེད་དག་ང་ནི་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་མེལ་ཙེ་མི་བྱེད། དེ་དག་གིས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། །དེ་དག་གིས་མེལ་ཙེ་ཅུང་ཟད་ཅིག་བྱས་ནས་སྨྲས་པ། ལྷ་གལ་ཏེ་བདག་ཅག་གིས་རྟག་ཏུ་ཞུགས་ཚེ་བགྱི་ན་ལྷའི་ཐུགས་བསྲུང་བར་བགྱི་བའི་རྔོ་མི་ཐོག་གི་སྟེང་དུ་འདི་ནི་བདག་ཅག་གི་སུག་ལས་མ་ལགས་སོ། །དེས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ལས་མ་ཡིན་ན་འོ་ན་འདི་སུའི་ལས་ཡིན། དེ་དག་གིས་སྨྲས་པ། ལྷ་གཞོན་ནུ་རྣམས་ཀྱི་ལགས་སོ། །དེས་དེ་དག་བཏང་ནས་གཞོན་ནུ་རྣམས་ཀྱི་དྲུང་དུ་སོང་སྟེ་སྨྲས་པ། གཞོན་ནུ་དག་ང་ཡང་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་མེལ་ཙེ་མི་བྱེད། དེ་དག་གིས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། །དེ་དག་གིས་ཀྱང་མེལ་ཙེ་ཅུང་ཟད་ཅིག་བྱས་ནས་སྨྲས་པ། ལྷ་གལ་ཏེ་བདག་ཅག་གིས་རྟག་ཏུ་ཞུགས་ཚེ་བགྱི་ན། རྒྱལ་པོའི་བྱ་བ་གང་དག་ལགས་པ་ཞེས་བྱ་བ་ནས། གནས་ལྔ་ལ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། བྱང་བར་བགྱི་བའི་རྔོ་མི་ཐོག་གི་སྟེང་དུ་འདི་ནི་བདག་ཅག་གི་སུག་ལས་མ་ལགས་སོ། །དེས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ལས་མ་ཡིན་ན་འོ་ན་སུའི་ལས་ཡིན། དེ་དག་གིས་སྨྲས་པ། ལྷ་བློན་པོ་རྣམས་ཀྱི་ལགས་སོ། །དེས་དེ་དག་བཏང་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ང་ཡང་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་མེལ་ཙེ་མི་བྱེད།


DKG010_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གིས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། ། དེ་དག་གིས་ཀྱང་མེལ་ཙེ་ཅུང་ཟད་ཅིག་བྱས་ནས་སྨྲས་པ། ལྷ་གལ་ཏེ་བདག་ཅག་གིས་རྟག་ཏུ་ཞུགས་ཚེ་བགྱི་ན། ཆོས་དང་མཐུན་པར་རྒྱལ་སྲིད་བགྱི་བའི་རྔོ་མི་ཐོག་གི་སྟེང་དུ་འདི་ནི་བདག་ཅག་གི་སུག་ལས་མ་ལགས་སོ། །དེས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ལས་མ་ཡིན་ན་འོ་ན་སུའི་ལས་ཡིན། དེ་དག་གིས་སྨྲས་པ། ལྷ་ཁྲོམ་གྱི་རུའི་ལས་སོ། །དེས་དེ་དག་བཏང་ནས་ཁྲོམ་གྱི་རུའི་དྲུང་དུ་སོང་སྟེ་སྨྲས་པ། ཤེས་ལྡན་དག་ང་ཡང་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་མེལ་ཙེ་མི་བྱེད། ཁྲོམ་གྱི་རུས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། ། དེ་དག་གིས་ཀྱང་མེལ་ཙེ་ཅུང་ཟད་ཅིག་བྱས་ནས་སྨྲས་པ། ལྷ་བདག་ཅག་གིས་རྟག་ཏུ་ཞུགས་ཚེ་བགྱི་ན། ལྷ་ལ་རྒོལ་བ་དང་། ཕྱིར་རྒོལ་བ་རྣམས་དང་ལྷན་ཅིག་གཡུལ་སྤྲད་པའི་རྔོ་མི་ཐོག་གི་སྟེང་དུ་འདི་ནི་བདག་ཅག་གི་སུག་ལས་མ་ལགས་སོ། །དེས་སྨྲས་པ། འདི་ཁྱེད་ཀྱི་ལས་མ་ཡིན་ན་འོ་ན་སུའི་ལས་ཡིན། དེ་དག་གིས་སྨྲས་པ། ལྷ་གྲོང་མི་དང་། ཡུལ་མི་རྣམས་ཀྱི་ལགས་སོ། །དེས་དེ་དག་བཏང་ནས་གྲོང་མི་དང་། ཡུལ་མི་རྣམས་ཀྱི་དྲུང་དུ་སོང་སྟེ་སྨྲས་པ། ཤེས་ལྡན་དག་ང་ཡང་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་མེལ་ཚེ་མི་བྱེད། དེ་དག་གིས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། །དེས་དེ་དག་རྟག་ཏུ་མེལ་ཙེ་བྱེད་པ་བསྐོས་ནས། དེ་དག་རེས་སུ་བཅད་དེ་མེལ་ཙེ་བྱ་བར་བརྩམས་སོ། །ཇི་ཙམ་ན་སྤོས་འཚོང་གི་ཁྱེའུ་ཞིག་ལ་རེས་བབ་པ་དང་། དེ་རྒྱལ་པོ་དེ་གཏུམ་པས་བསད་དུ་དོགས་ཏེ་ཡིད་མི་དགའ་ཞིང་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། དེ་སེམས་ཁོང་དུ་ཆུད་པ་གྲོགས་པོ་ཞིག་གིས་མཐོང་ནས་སྨྲས་པ། གྲོགས་པོ་ཅི་སྟེ་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག །དེས་ཇི་ལྟར་གྱུར་པ་བསྙད་པ་དང་། དེའི་ཁྱིམ་དྲུང་ནས་འཛིན་པ་ཞིག་ཡོད་དེ། དེས་དེ་ལ་སྨྲས་པ། གྲོགས་པོ་ཁྱོད་ཀྱིས་ཁྱིམ་དྲུང་ནས་འཛིན་པ་ཞིག་ཡོད་ན་ཅིའི་ཕྱིར་དེ་ལ་མི་འཆོལ། དེས་སྨྲས་པ། གྲོགས་པོ་ཇི་ལྟར་


DKG010_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོའི་སྲོག་ཕངས་པ་ལྟར་དེའི་ཡང་དེ་དང་འདྲ་ན། ཅིའི་ཕྱིར་ཁོ་བོའི་བཅོལ་བ་བྱེད། དེས་སྨྲས་པ། གྲོགས་པོ་དེ་ལ་ཀཱར་ཥཱ་པ་ཎ་དག་བྱིན་དང་གདོན་མི་ཟ་བར་མེལ་ཙེ་བྱེད་དོ། །དེས་དེ་ལ་བཅོལ་བ་དང་། དེས་སྨྲས་པ། ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ཅིག་དང་མེལ་ཙེ་བྱའོ། །དེས་སྦྱིན་ནོ་ཞེས་དམ་བཅས་པ་དང་། དེས་སྨྲས་པ། རེ་ཞིག་ཉིས་བརྒྱ་ལྔ་བཅུ་ཞིག་བྱིན་ཅིག །ལྷག་མ་ནི་གལ་ཏེ་ཁོ་བོ་གསོན་པོར་སླར་འཁོར་ན་བྱིན་ཅིག །ཅི་སྟེ་མ་ཡིན་ན་ཁྱོད་ཉིད་ཀྱི་ཡིན་གྱིས་ཅི་བདེར་གྱིས་ཤིག །དེས་སྨྲས་པ། ལེགས་ཏེ་དེ་བཞིན་བྱའོ་ཞེས་དེས་དེ་ལ་ཀཱར་ཥཱ་པ་ཎ་ཉིས་བརྒྱ་ལྔ་བཅུ་བྱིན་པ་དང་། དེས་དེ་དག་བླངས་ནས་སྲང་དུ་སོང་སྟེ། དེས་དེར་ཤ་དང་ཆང་དང་ཁུར་བ་མང་དུ་ཉོས་སོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གི་ནང་མི་ཐམས་ཅད་མགྲོན་དུ་བོས་ཏེ་ཟན་བྱིན། ཆང་ཡང་ཅི་འདོད་པ་བླུད་ནས། སྨྲས་པ། ཤེས་ལྡན་དག་ཁོ་བོ་ལ་མེལ་ཙེའི་རེས་བབ་ན་རྒྱལ་པོ་འདིའི་སྤྱོད་པ་ཅི་འདྲ་བ་སྨྲོས་ཤིག །དེ་དག་གིས་དེ་ལ་ཇི་ལྟ་བུ་ཡིན་པ་ཐམས་ཅད་བསྙད་པ་དང་། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོས་ཅུང་ཟད་བྱས་པ་དྲན་པར་གྱིས་ཤིག །དེ་དག་གིས་སྨྲས་པ། ས་འཛིན་པ་ད་དུང་ཁྱོད་ཀྱིས་ཟན་བྱིན་པ་དང་། སྐོམ་བླུད་པ་ཡང་མ་ཞུ་ན་ཅི་སྟེ་མི་དྲན། ཅི་བྱ་བ་སྨྲོས་ཤིག །དེས་སྨྲས་པ། གལ་ཏེ་མ་སྟེས་ཏེ་ཁོ་བོ་ཉལ་བ་ལ་རྒྱལ་པོས་མེལ་ཙེ་བ་དག་བྱུལ་ན་ཁྱེད་ཀྱིས་ཁོ་བོ་སློང་ཤིག །དེ་དག་གིས་སྨྲས་པ། ལེགས་ཏེ་དེ་བཞིན་བྱའོ། །དེ་ལ་བས་སྨད་དཀྲིས་ནས་མེལ་ཙེ་བྱེད་པ་ན་ཐལ་བྱུང་གཉིད་ཀྱིས་ལོག་གོ །ཇི་ཙམ་ན་རྒྱལ་པོ་དེ་ཁོ་ན་བཞིན་དུ་ཐུན་དང་པོ་ལ་བཙུན་མོའི་འཁོར་དག་དང་ལྷན་ཅིག་རྩེས་དགའ་བར་བྱས། དགའ་མགུར་སྤྱད་དེ། ཐུན་བར་མ་ལ་གླང་པོ་ཆེ་དང་། རྟ་དག་ལ་བལྟས་ནས་ཐུན་ཐ་མ་ལ་མེལ་ཙེ་བ་རྣམས་ལ་བརྟག་པར་བརྩམས་པ་ན། དེ་དག་གིས་ས་འཛིན་པ་དེ་ལ་ས་འཛིན་པ་ལྷ་གཤེགས་ཀྱིས་ལོངས་ཤིག་ཅེས་བསླང་བ་དང་། དེ་མྱུར་བ་མྱུར་བ་ཁོ་ནར་ལངས་ནས་དེ་བཞིན་དུ་ལ་བས་སྨད་དཀྲིས་ཏེ་འདུག་གོ །རྒྱལ་པོས་སུ་མེལ་ཙེ་བྱེད་ཅེས་སྒྲ་ཕྱུང་བ་དང་། ས་འཛིན་པས་བསམས་པ། གལ་ཏེ་ཚིག་


DKG010_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཁོ་ནའི་ལན་གླན་ཏེ་ཕྱིས་ལན་མ་གླན་དང་། རྒྱལ་པོ་འདིས་གདོན་མ་ཟོས་པར་བདག་གི་མགོ་དྲུངས་ནས་བཅད་དེ་ས་ལ་འདོར་རོ་སྙམ་དུ་རིག་ནས་ཅང་མི་ཟེར་བར་འདུག་གོ །ལན་གཉིས་ཀྱི་བར་དུ་རྒྱལ་པོས་སུ་མེལ་ཙེ་བྱེད་ཅེས་སྒྲ་ཕྱུང་ན་ཡང་དེ་བཞིན་དུ་ཅང་མི་ཟེར་བར་འདུག་གོ །ལན་གསུམ་དུ་རྒྱལ་པོས་སུ་མེལ་ཙེ་བྱེད་ཅེས་སྒྲ་ཕྱུང་བ་དང་། དེས་སྨྲས་པ། ས་འཛིན་པ་བདག་གོ །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། དེ་སེམས་ངན་ལ་འཇིག་རྟེན་གྱི་སྒྲུང་གཏམ་ལ་ཡང་མཁས་པ་ཞིག་པས། དེས་སྨྲས་པ། འཇིག་རྟེན་གྱི་བསམ་པ་སེམས་ལགས་སོ།། །།བར་སྡོམ་ནི། འུག་པ་ཁྲུང་ཁྲུང་མུན་ཛ་དང་། །ནག་མོ་སྲེག་པ་བུམ་པ་དང་། །ལན་ཚྭ་ཕྱེ་དང་ཤི་བ་དང་། །དོང་ཐགས་རྫ་མ་སྡིག་པ་འོ། །ས་འཛིན་པ་འཇིག་རྟེན་གྱི་བསམ་པ་ཇི་ལྟ་བུ་ཞིག་སེམས། ལྷ་སྲོག་ཆགས་འུག་པ་སྒྲོ་དང་བཅས་པ་དང་། སྒྲོ་མ་མཆིས་པ་སྲང་ལ་གཞལ་ན་མཉམ་པ་ཁོ་ནར་འགྱུར་ཏེ། དེ་ངོ་མཚར་ཆེ་ལགས་སོ། །ས་འཛིན་པ་ཅི་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་འུག་པ་ཞིག་ཁྱེར་ཏེ་འོངས་ནས། དེ་རྒྱལ་པོའི་མདུན་དུ་སྒྲོ་དང་བཅས་ཏེ་བཅལ་ནས་ཡང་སྒྲོ་བཏོགས་ཏེ་བཅལ་ན་དེ་ཁོ་ན་དང་མཉམ་མོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དེས་སྨྲས་པ། ལྷ་འདིའི་སྒྲོ་དག་གིས་རླུང་འཛིན་པའི་སླད་དུའོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ །དེས་ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ། །ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །ས་འཛིན་པ་ནམ་ངོ་མ་ལངས་ཏེ་ནངས་ནས་མགོ་ལ་བྱུགས་ཏེ་རྒྱལ་པོའི་ཕོ་བྲང་ནས་བྱུང་བ་དང་། སྤོས་འཚོང་གི་ཁྱེའུ་དེས་ཀཱར་ཥཱ་པ་ཎ་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་ཀྱང་དེ་ལ་བྱིན་ནོ། །ཡུལ་འཕགས་རྒྱལ་ན་གང་དང་གང་ལ་རེས་བབ་པ་དེས་ཀཱར་ཥཱ་པ་ཎ་ལྔ་བརྒྱས་དེས་གླས་ཏེ་གཏོང་བས་དེ་རྟག་ཏུ་མེལ་ཙེ་ཁོ་ན་བྱེད་པར་གྱུར་ཏོ། །ཡང་རྒྱལ་པོས་དེ་ཁོ་ན་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་


DKG010_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཞུགས་ཚེ་བགྱིད་དོ། །རྒྱལ་པོས་དེ་ཁོ་ན་བཞིན་དུ་ས་འཛིན་པ་ཅི་སེམས་ཞེས་སྨྲས་པ་དང་། དེས་སྨྲས་པ། ལྷ་འཇིག་རྟེན་པའི་བསམ་པ་སེམས་ལགས་སོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་འཇིག་རྟེན་གྱི་བསམ་པ་ཇི་ལྟ་བུ་ཞིག་སེམས། ལྷ་ཁྲུང་ཁྲུང་ཞེས་བགྱི་བའི་བྱ་དེ་དག་ལ་འོ་མ་དང་ཆུ་བསྲེས་ཏེ་སྩལ་ན། དེ་དག་འོ་མ་ནི་འཚལ། ཆབ་ནི་འདོར་རོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་ཁྲུང་ཁྲུང་ཞིག་ཁྱེར་དེ་འོངས་ནས་དེ་རྒྱལ་པོའི་དྲུང་དུ་འོ་མ་ཆུ་དང་བསྲེས་ཏེ་བླུད་པ་དང་དེས་འོ་མ་ནི་འཐུངས་ཆུ་ནི་བོར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་བཞི་པ། རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དེས་སྨྲས་པ། ལྷ་འདིའི་མཆུ་ལ་སྐྱུར་མཆིས་ཏེ་དེས་དེ་འཚལ་བའི་འོ་མ་ཞོར་འགྱུར་བའི་སླད་དུའོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་བདག་ཞུགས་ཚེ་བགྱིད་དོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། དེས་སྨྲས་པ། ལྷ་འཇིག་རྟེན་པའི་བསམ་པ་སེམས་ལགས་སོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག་སེམས། ལྷ་རྩྭ་མུན་ཛ་ཐོ་བས་བརྡུངས་པ་དང་། མ་བརྡུངས་པ་སྲང་ལ་བཅལ་ན་མཉམ་པ་ཁོ་ནར་འགྱུར་ལགས་སོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་རྩྭ་མུན་ཛ་ཁྱེར་ཏེ་འོངས་ནས། རྒྱལ་པོའི་མདུན་དུ་ཇི་ལྟར་བསྟན་པ་བཞིན་བྱས་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱས་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད། །ལྷ་ཐོ་བས་བརྡུངས་པས་རླུང་བསྡུས་པའི་སླད་དུའོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ །དེས་ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་


DKG010_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བར་འདུག་གོ །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས་ལྷ་འཇིག་རྟེན་པའི་བསམ་པ་སེམས་ལགས་སོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག་སེམས། ལྷ་ཤིང་སྤྲ་མགོ་ནག་མོ་ཞེས་བགྱི་བ་དེའི་ལུས་ཇི་ཙམ་པ་མཇུག་མ་ཡང་དེ་ཙམ་མོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་སྤྲ་མགོ་ནག་མོ་ཞིག་ཁྱེར་ཏེ་འོངས་ནས། རྒྱལ་པོའི་མདུན་དུ་ཇི་ལྟ་བ་བཞིན་དུ་བསྟན་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ཀྱིས་ཇི་ལྟར་ཤེས། ལྷ་བདག་གིས་སོ་གའི་དུས་ན་འདི་འཇུག་པའི་ཚེ་མཇུག་མས་མགོ་སླེབས་པ་མཐོང་ལགས་སོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །ཡང་རྒྱལ་པོས་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་སྲེག་པའི་གཤོག་པ་བཀྲ་བ་ཡང་ཇི་སྙེད་པ་མི་བཀྲ་བ་ཡང་དེ་ཁོ་ན་སྙེད་མཆིས་སོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་རྒྱལ་པོའི་མངོན་སུམ་དུ་བྱས་ན་དེ་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ཀྱིས་ཇི་ལྟར་ཤེས་ལྷ་སྔོན་བདག་གིས་བགྲངས་ལགས་སོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ །ལྷའི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །རྒྱལ་པོས་ཡང་དེ་བཞིན་དུ་སུ་མེལ་ཙེ་བྱེད་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ །རྒྱལ་པོས་སྨྲས་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །


DKG010_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་བྱེ་མ་བུམ་པ་གང་གི་ནང་དུ་ཆབ་བུམ་པ་གང་བླུགས་ན་ཆབ་དེ་ཐམས་ཅད་དེའི་ནང་དུ་ཤོང་ངོ་། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་མངོན་སུམ་དུ་བྱས་ན་དེ་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ཀྱིས་ཇི་ལྟར་ཤེས། ལྷ་བྱེ་མ་ཆུ་ལས་བྱུང་བའི་སླད་དུའོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ། །ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་ལྷ་ས་འཛིན་པ་བདག་གོ །རྒྱལ་པོས་སྨྲས་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག་སེམས། ལྷ་ཆབ་ཕུལ་གང་གི་ནང་དུ་ལན་ཚྭ་ཕུལ་གང་སྩལ་ན་ཆབ་ཕུལ་གང་ཁོ་ནར་འགྱུར་རོ། །ས་འཛིན་པ་ཇི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་མངོན་སུམ་དུ་བྱས་པ་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཡོད། ལྷ་ལན་ཚྭ་ཆབ་ལས་བྱུང་བའི་སླད་དུའོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་ཞིབ་ཕུལ་གང་གི་ནང་དུ་ཆབ་ཕུལ་གང་སྩལ་ན་སླ་བར་ཡང་མི་འགྱུར་གར་བར་ཡང་མི་འགྱུར་རོ། །ས་འཛིན་པ་ཅི་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་མངོན་སུམ་དུ་བྱས་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཡོད། ལྷ་བདག་ཅག་ས་འཛིན་པ་


DKG010_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཕྱེ་འཚལ་བ་ལགས་པས་བདག་གིས་ལན་དུ་མ་མཐོང་ལགས་སོ། །ས་འཛིན་པ་ཁྱོད་ནི་དྲན་པ་ཅན་ཞིག་གོ །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་རྨས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་གུམ་པ་དང་། གསོན་པོ་གཉིས་སྲང་ལ་བཅལ་ན་མི་མཉམ་པར་འགྱུར་རོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་མངོན་སུམ་དུ་བྱས་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཡོད། ལྷ་གུམ་པ་མི་མ་ལགས་པས་མདངས་ཕྲོགས་པའི་སླད་དུའོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །ཡང་རྒྱལ་པོས་དེ་བཞིན་དུ་མེལ་ཙེ་སུ་བྱེད་ཅེས་རྨས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་དོང་བརྐོས་པ་ལ་ས་དེ་དེ་ཉིད་དུ་སྩལ་ན་མཉམ་པར་མི་འགྱུར་ལགས་སོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རོ། །ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་མངོན་སུམ་དུ་བྱས་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཡོད། ལྷ་མི་མ་ལགས་པས་མདངས་ཕྲོགས་པའི་སླད་དུའོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །ཡང་རྒྱལ་པོས་དེ་བཞིན་དུ་མེལ་ཙེ་སུ་བྱེད་ཅེས་རྨས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ །རྒྱལ་པོས་སྨྲས་པ།


DKG010_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་ཐ་ག་པས་ཉིན་མཚན་དུ་གོས་བཏགས་ན་གར་མཆིས་པ་མ་འཚལ་ཏོ། །ཀྱེ་ས་འཛིན་པ་གར་སོང་མི་ཤེས་པ་ཡུས་སོ། །ལྷ་སར་གྱུར་པ་ལགས་སོ། །ཀྱེ་ས་འཛིན་པ་སར་གྱུར་པ་ལྟ་ཞིག །ཡང་རྒྱལ་པོས་དེ་བཞིན་དུ་མེལ་ཙེ་སུ་བྱེད་རྨས་པ་དང་། དེས་སྔ་མའི་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ །ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་རྫ་མཁན་གྱིས་ཉིན་མཚན་དུ་སྣོད་བགྱིས་ན་དེ་གར་མཆིས་མ་འཚལ་ཏོ། །ཀྱེ་ས་འཛིན་པ་གར་སོང་མི་ཤེས་པ་ཡུས་སོ། །ལྷ་སར་གྱུར་ཏོ། །ཀྱེ་ས་འཛིན་པ་སར་གྱུར་པ་ལྟ་ཞིག །ཀྱེ་ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་སྟེ། ཐམས་ཅད་ཤེས་ན་ང་གཉིད་མེད་པ་འདི་ལ་རྒྱུ་ཅི་ཡོད། ལྷ་མི་འཇིགས་པ་སྩལ་ན་སྨྲ་བར་བགྱིའོ། །ས་འཛིན་པ་མི་འཇིགས་པ་སྦྱིན་གྱིས་བག་མ་ཚ་བར་སྨྲོས་ཤིག །ལྷ་ཁྱོད་ནི་སྡིག་པ་ལས་སྐྱེས་སོ། །ས་འཛིན་པ་ཅི་ཁྱོད་ང་ལ་མི་སྙན་པར་ཟེར་རམ། ལྷ་དེ་སྐད་མ་གསུང་ཤིག། ལྷ་ལ་བདག་གིས་མི་སྙན་པ་ཇི་སྐད་དུ་བགྱིས། ལྷ་མི་སྙན་པ་མ་བགྱིས་ཏེ་ལྷའི་མངོན་སུམ་དུ་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་དོང་བརྐོས་བ་ལང་གི་ལྕི་བ་སྐམ་པོས་བཀང་སྟེ། དེའི་སྟེང་དུ་མལ་བཅས་ནས་ཕྱི་དེ་ཉིན་རྒྱལ་པོ་ལ་ལྷ་མལ་འདིར་གཟིམས་ཤིག་ཅེས་སྨྲས་པ་དང་། རྒྱལ་པོས་དེར་ཉལ་ལོ། །ཉལ་མ་ཐག་ཏུ་གཉིད་ཀྱིས་ལོག་པར་གྱུར་ཏོ། །གང་གི་ཚེ་སད་པ་དེའི་ཚེ་ལྷ་ཁྱོད་ཀྱིས་གཟིགས་སམ་ཞེས་སྨྲས་པ་དང་། དེས་བདག་གིས་མངོན་སུམ་དུ་བྱས་པ་ཤེས་ནས་བཙུན་མོའི་འཁོར་དུ་སོང་སྟེ་མ་ལ་དྲིས་པ། ཡུམ་བདག་སུ་ལས་སྐྱེས་པ་བརྫུན་མ་གསུང་བར་དྲང་པོར་གསུང་ཤིག །ལྷ་སྨྲ་བར་བགྱིའི། བདག་ལ་མི་འཇིགས་པ་སྩོལ་ཅིག །ཡུམ་གསོལ་ལོ། །ལྷ་ཁྱོད་ཀྱི་ཡབ་བཙུན་མོའི་འཁོར་རྒྱ་ཆེན་པོ་དང་ལྡན་པས་དེ་ལྗོངས་ཤིག་ཏུ་སོང་བ་ན་བདག་ཟླ་མཚན་དང་ལྡན་པར་གྱུར་ཏེ། དེའི་ཚེ་བདག་ཟླ་མཚན་གྱི་ཁྲུས་བགྱིད་པ་ན། སྡིག་པ་ཞིག་མཐོང་བ་དང་། བདག་གིས་བློ་སྐྱེས་པ། ཇི་སྟེ་འདི་ཕོ་ཞིག་ཏུ་གྱུར་ན་བདག་འདི་དང་ལྷན་ཅིག་འདོད་པའི་ལོངས་སྤྱོད་དགའ་མགུར་སྤྱད་པར་བྱའོ་སྙམ་པ་དང་། སྟེས་


DKG010_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་ཕོ་ཞིག་ཏུ་གྱུར་ནས་དེ་དང་བདག་ལྷན་ཅིག་ཏུ་འདོད་པའི་ལོངས་སྤྱོད་དགའ་མགུར་སྤྱད་པ་དང་། དེ་ལས་ཁྱོད་སྐྱེས་པར་གྱུར་ཏོ། །དེས་བསམས་པ། ས་འཛིན་པ་དེ་ནི་མཁས་པ་ཞིག་སྟེ། དེས་བདག་ཤེས་ན་དེ་ལ་བདག་གིས་མི་འཇིགས་པ་བྱིན་པས་དེ་གསད་དུ་ནི་མི་རུང་གི་གཞན་སུ་ལ་ཡང་མི་ཟེར་བར་བྱ་བའི་ཕྱིར་བྱ་དགའ་བྱིན་ལ་ཡུལ་དབྱུང་ངོ་སྙམ་ནས། དེས་དེ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ཏེ་ཡུལ་ཕྱུང་ངོ་།། །།སྡོམ་ནི། འཚོ་བྱེད་དང་ནི་གསེར་འོད་དང་། །ཨེ་ལའི་འདབ་དང་ན་ལ་དང་། །རབ་བྱུང་སྐྲ་ཅན་ཟས་དང་ནི། །འབྲུ་མར་སྣོད་ནི་ཐ་མ་འོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་བསམས་པ། བདག་གི་ནད་འདི་གཞི་ཆེར་གྱུར་པས་སྨན་པ་དག་བསྡུས་ལ་དཔྱད་བྱའོ་སྙམ་དུ་བསམས་ནས། དེས་ཡུལ་ན་གནས་པའི་སྨན་པ་ཐམས་ཅད་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་ངའི་ནད་འདི་ལྟ་བུ་ལ་དཔྱད་གྱིས་ཤིག །དེ་དག་གིས་སྨྲས་པ། ལྷ་བདག་ཅག་གིས་ཁྱོད་ཀྱི་དཔྱད་པ་བགྱིད་པའི་རྔོ་མི་ཐོག་སྟེ། འོན་ཀྱང་རྒྱལ་པོའི་ཁབ་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་སྨན་པའི་རྒྱལ་པོ་འཚོ་བྱེད་ཅེས་བགྱི་བ་མཆིས་ཏེ། གལ་ཏེ་ན་དེས་ལྷའི་དཔྱད་བགྱིད་རྔོ་ཐོག་གོ །དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཡི་གེ་སྤྲིངས་ཏེ། སྨན་པའི་རྒྱལ་པོ་འཚོ་བྱེད་ཚུར་ཐོང་ཤིག །ཡང་ན་ང་འོ་ནིར་འོང་གིས་རྩྭ་དང་། ཆས་སྟ་གོན་གྱིས་ཤིག་ཅེས་བྱས་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་ཡི་གེ་བཀླགས་ནས་སྔངས་ཏེ་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ། གལ་ཏེ་འཚོ་བྱེད་མ་བཏང་ན་དེ་ལ་ཅི་དང་ཅི་དགོས་པ་དེ་འགུགས་པས་དོན་གྱིས་བདག་ཀྱང་དེའི་དཔྱས་པར་གྱུར་པས་མ་ལེགས་སོ་སྙམ་ནས་དེ་ཡིད་མི་བདེ་བ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་མཐོང་ངོ་། །དེ་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། བུ་ཁྱོད་ཀྱིས་འདི་ལྟ་བུའི་བཟོ་བསླབས་པ་དེས་ན་གནོད་པར་གྱུར་ཏོ། །འཚོ་བྱེད་ཀྱིས་སྨྲས་པ། ཇི་ལྟར་གནོད་པར་གྱུར། དེས་ཇི་ལྟར་གྱུར་པ་བརྗོད་པ་དང་། ལྷ་བཀའ་ལུང་སྩལ་དུ་གསོལ་མཆི་བར་བགྱིའོ། །བུ་རྒྱལ་པོ་དེ་གཏུམ་པོ་ཞིག་སྟེ། ཅིའི་ཕྱིར་ཡང་སེམས་ཅན་གསོད་པར་བྱེད་པས་ཁྱོད་མི་གསད་གྲང་། ལྷ་བདག་སྲུང་མི་ནུས་པའི་སྨན་པ་དེ་ཅི་འདྲ་བ་ཞིག་སྟེ། ཐུགས་


DKG010_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆུང་བར་བདག་གཏང་དུ་གསོལ། དེས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་སོང་ལ་ཇི་ལྟར་ང་དང་། བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་སྣ་ཚོགས་ནས་འོངས་པའི་སྐྱེ་བོའི་ཚོགས་རྣམས་མྱ་ངན་སྐྱེ་བར་མི་འགྱུར་བ་དེ་ལྟར་ཁྱོད་ཀྱིས་བག་ཡོད་པར་གྱིས་ཤིག །དེས་ལྷ་ཅིའི་སླད་དུ་དེ་ལྟར་གྱུར། བདག་གིས་ནད་པའི་སེམས་བསྲུང་རྔོ་ཐོག་གོ་ཞེས་བྱས་པ་དང་རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །འཚོ་བྱེད་ཀྱིས་འཕར་མ་པའི་མི་དེ་ལ་དྲིས་པ། ཀྱེ་སྐྱེས་བུ་རྒྱལ་པོ་དེའི་སྤྱོད་པ་ནི་ཅི་འདྲ་བ་ཞིག་ནད་ནི་ཇི་ལྟ་བུ་ཞིག་གིས་ཐེབས། དེས་ཇི་ལྟར་གྱུར་པ་རྒྱས་པར་བསྙད་དོ། །དེ་ནས་འཚོ་བྱེད་ཀྱིས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་། ཆང་གི་རོ་བྲོ་བའི་མར་སྦྱར་ནས་དགེ་མཚན་དང་། བཀྲ་ཤིས་དང་། བདེ་ལེགས་དག་བྱས་ཏེ་གྲོགས་པོ་དང་། གཉེན་དང་། ཕུ་ནུ་བོ་རྣམས་ལ་སྦྲན་ནས་ཡུལ་འཕགས་རྒྱལ་དུ་སོང་ངོ་། །དེ་མཐར་གྱི་ཡུལ་ཀ་ནྱཱ་ཀུབ་ཛར་ཕྱིན་པ་དང་། དེ་ན་གནས་པའི་སྨན་པའི་ཁྱེའུ་ཞིག་ཡོད་པ་དེས་ཇི་ལྟར་སྨན་པའི་རྒྱལ་པོའི་འཚོ་བྱེད་འོངས་ཏེ་འཕགས་རྒྱལ་དུ་འགྲོ་བ་ཐོས་སོ། །དེས་ཨ་རུ་ར་གཅིག་ཁྱེར་ཏེ་དེའི་དྲུང་དུ་སོང་སྟེ་ཕན་ཚུན་ཡང་དག་པར་དགའ་བ་དག་བྱས་ནས། འཚོ་བྱེད་ཀྱིས་སྨྲས་པ། ཀྱེ་ཆོས་ཀྱི་སྤུན་རྒྱལ་པོ་གཏུམ་པོ་རབ་སྣང་དེ་ནད་ཇི་ལྟ་བུ་ཞིག་གིས་ཐེབས། ཁྱེད་ཅག་གིས་དེའི་དཔྱད་མ་བྱས་སམ། དེས་སྨྲས་པ། རྒྱལ་པོ་དེ་གཉིད་མེད་པའི་ནད་ཀྱིས་ཐེབས་ཏེ། དེ་ལ་མར་ཕན་ན་དེ་མར་ལ་ནི་སྡང་། ཆང་ལ་ནི་དགའ་ཞིང་གཏུམ་སྟེ། གང་ཞིག་དེའི་མདུན་དུ་མར་གྱི་མིང་འབྱིན་པ་དེའི་མགོ་དྲུངས་ནས་བཅད་དེ་ས་ལ་འདོར་བས་དེ་དག་འཇིགས་ནས་འབྲོས་ན་སུ་ཞིག་དེའི་དཔྱད་བྱེད་པར་ནུས། འཚོ་བྱེད་ཀྱིས་སྨྲས་པ། དེའི་ཕྱིར་ངས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་། ཆང་གི་རོ་བྲོ་བའི་མར་བསྐོལ་ཏེ་ཁྱེར་ཏེ་འོངས་ཀྱིས་འདོང་། གང་གི་ཚེ་ངས་ཁྱོད་ལ་བརྡ་བྱས་པ་དེའི་ཚེ་ཁྱོད་ཀྱིས་མར་འདི་ཙམ་གྱི་ཚོད་ཅིག་བྱིན་ཅིག །ང་ནི་དེའི་མདུན་ནས་འགྲོ་ཡིས་ཁྱོད་ཀྱིས་རེ་ཞིག་ཙམ་ཞིག་དེའི་རིམ་གྲོ་གྱིས་ཤིག་དང་། སོས་ནས་ངས་ཁྱོད་ལ་རྔན་པ་རབ་ཏུ་མང་པོ་སྦྱིན་ཞིང་སྦྱིན་དུ་ཡང་གཞུག་གོ། ། དེས་སྨྲས་པ། ལེགས་ཀྱིས་བཞུད་དོ་ཞེས་དེ་དེ་དང་ལྷན་ཅིག་དོང་ངོ་། །འཚོ་


DKG010_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རིམ་གྱིས་འཕགས་རྒྱལ་དང་ཉེ་བར་ཕྱིན་པ་དང་། རྒྱལ་པོ་རབ་སྣང་གིས་ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་འོངས་པ་ཐོས་ནས་དེས་བསམས་པ། དེ་ནི་རྒྱལ་པོའི་བུ་ཡང་ཡིན་ལ་སྨན་པའི་རྒྱལ་པོ་ཡང་ཡིན་པས་མཆོད་པ་དང་བཀུར་སྟིས་གྲོང་ཁྱེར་དུ་འོང་བར་བྱའོ་སྙམ་ནས་དེས་གྲོང་ཁྱེར་མཛེས་པ་དང་། ལམ་མཛེས་པར་བྱས་ཏེ། བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་བཅས་པས་བསུ་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་མི་སྟོང་ཕྲག་དུ་མས་བསྐོར་ཏེ་གྲོང་ཁྱེར་དུ་འོངས་སོ། །དེ་ནས་དེ་ལམ་གྱིས་དུབ་པ་ངལ་བསོ་སྟེ་ཅུང་ཞིག་བསྡད་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་འཚོ་བྱེད་ལ་བདག་གཉིད་མེད་པའི་ནད་དཀྱེལ་ཆེར་གྱུར་ན་དཔྱད་གྱིས་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ། ལྷ་བགྱི་མོད་ཀྱི་འོན་ཀྱང་འདི་ལ་སྨན་འཚལ་ན་དེ་དག་ཀྱང་ཡུལ་སྣ་ཚོགས་དང་། གནས་སྣ་ཚོགས་ན་མཆིས་ཏེ། སྨན་ཁ་ཅིག་བདག་གིས་ངོ་འཚལ་ལ་གཞན་གྱིས་མ་འཚལ་བ་ཡང་མཆིས། ཁ་ཅིག་གཞན་གྱིས་འཚལ་ལ་བདག་གིས་མ་འཚལ་བ་ཡང་མཆིས། ཁ་ཅིག་བདག་གིས་ཀྱང་འཚལ་ལ་གཞན་གྱིས་ཀྱང་འཚལ་བ་ཡང་མཆིས། ཁ་ཅིག་ཐག་རིང་པོ་ན་ཡང་མཆིས། ཁ་ཅིག་ཉེ་བ་ན་ཡང་མཆིས་པས་ཁྱོད་ཀྱིས་གླང་པོ་ཆེ་མོ་བཟང་ལྡན་བདག་ཅག་ལ་ཅི་བདེར་མཛོད་ཅིག །རྒྱལ་པོས་འཚོ་བྱེད་ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག་ཅེས་སྨྲས་ནས། དེས་གླང་པོ་ཆེ་འདུལ་བ་རྣམས་ལ་བསྒོ་བ། འཚོ་བྱེད་གླང་པོ་ཆེ་མོ་བཟང་ལྡན་ཅི་བདེར་སྤྱོད་དུ་བཅུག་གིས་ཁྱེད་ཅག་གིས་མ་དགག་ཤིག །བློན་པོ་དང་ཆབ་སྒོ་བ་རྣམས་ལ་ཡང་བསྒོ་བ། འདི་ཉིན་པར་ཡང་རུང་མཚན་མོ་ཡང་རུང་གླང་པོ་ཆེ་བཟང་ལྡན་ལ་ཞོན་ཏེ་འགྲོ་ཞིང་འོང་བ་ཁྱེད་ཅག་གིས་མ་དགག་པར་ཇི་ལྟར་འདོད་པར་དགའ་མགུར་འགྲོ་ཞིང་འོང་དུ་ཆུག་ཤིག །བློན་པོ་དང་། ཆབ་སྒོ་བ་དང་། གླང་པོ་ཆེ་འདུལ་བ་རྣམས་ཀྱིས་སྨྲས་པ། ལྷ་ཇི་ལྟར་བཀའ་སྩལ་པ་བཞིན་འཚལ་ལོ། །སྨན་པའི་རྒྱལ་པོ་འཚོ་བྱེད་གླང་པོ་ཆེ་མོ་བཟང་ལྡན་ལ་ཞོན་ཏེ་མིག་སློབ་པར་རྩོམ་པ་ན་སྔ་དྲོ་སོང་ཞིང་རེས་འགའ་ཕྱི་དྲོ་སླར་འོང་ངོ་། །གུང་ལ་སོང་ཞིང་རེས་འགའ་ཕྱི་དྲོ་འོང་ངོ་། །ཕྱི་དྲོ་སོང་ཞིང་རེས་འགའ་ནུབ་མོའི་ཐུན་འདའ་ཞིང་འོང་སྟེ། དེ་དེ་ལྟར་ཡིད་ཆེས་པ་བསྐྱེད་པའི་རྟགས་ཀྱིས་འགྲོ་བ་


DKG010_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འོང་བར་བྱེད་དོ། །རྒྱལ་པོས་སྨྲས་པ། འཚོ་བྱེད་དཔྱད་གྱིས་ཤིག །དེས་སྨྲས་པ། ལྷ་རེ་ཞིག་ཁྲུས་མཛོད་ཅིག །དེས་བཀྲུས་ནས། ཡང་སྨྲས་པ། འཚོ་བྱེད་ངས་ཁྲུས་བྱས་ན་ཅི་སྡོད། དེས་སྨྲས་པ། ལྷ་རེ་ཞིག་གདུགས་ཚོད་གསོལ་ཅིག །དེས་ཟན་བཟའ་བར་བརྩམས་པ་དང་། འཚོ་བྱེད་ཀྱིས་སྨྲས་པ། ལྷ་བདག་གིས་ཡུལ་མ་ག་དྷཱའི་སྐྱེམས་ཤིན་ཏུ་བདའ་བ་ཞིག་འཚལ་ཏེ་མཆིས་ཀྱིས། གལ་ཏེ་ལྷ་གསོལ་ན་ཅུང་ཟད་ཅིག་གསོལ་ལོ། །རྒྱལ་པོས་སྨྲས་པ། འཚོ་བྱེད་ལེགས་ཀྱིས་འོ་ན་ཅིག་བལྟའོ། །དེས་སྨན་པའི་ཁྱེའུ་དེ་ལ་དེ་ཙམ་གྱི་ཚོད་ཅིག་བྱིན་ཅིག་པའི་བརྡ་བྱས་པ་དང་། དེས་དེ་ཙམ་གྱི་ཚོད་ཅིག་བྱིན་ནས་རྒྱལ་པོས་འཐུངས་སོ། །འཐུངས་མ་ཐག་ཏུ་གཉིད་ཀྱིས་ལོག་པ་དང་། འཚོ་བྱེད་གླང་པོ་ཆེ་མོ་བཟང་ལྡན་ལ་ཞོན་ཏེ་བྲོས་སོ། །རྒྱལ་པོ་ཡང་ནམ་ཕྱེད་ན་སད་དོ། །ཇི་ཙམ་ན་དེ་ལ་མར་གྱི་སྒྲེགས་པ་བྱུང་བ་དང་། དེས་མི་ཞིག་ལ་བོས་ཏེ་ཀྭའེ་སྐྱེས་བུ་འཚོ་བྱེད་བོས་ཤིག །དེས་ང་ལ་མར་བླུད་ཀྱིས་མགོ་དྲུངས་ནས་བཅད་དེ་ས་ལ་དོར་རོ། །དེས་ཀུན་ཏུ་བཙལ་བར་བརྩམས་ན་མི་སྣང་ནས་དེས་དེ་ལ་སྨྲས་པ། ལྷ་མི་གདའ་སྟེ། དེ་གདོན་མ་འཚལ་བར་བྲོས་སོ། །རྒྱལ་པོ་ཇེ་ཁྲོས་ནས་སྨྲས་པ། ཀྭའེ་སྐྱེས་བུ་འཕར་མ་པ་ཁྭ་བོས་ཤིག་ཅེས་བསྒོ་བ་དང་། དེས་དེ་བོས་སོ། །དེས་ཀྱེ་འཕར་མ་པ་ཁྭ་སོང་ལ་མྱུར་དུ་གླང་པོ་ཆེ་འདམ་བུའི་རི་ལ་ཞོན་ཏེ་འཚོ་བྱེད་སྐེ་ནས་ཐོགས་ལ་ཁྲིད་དེ་ཤོག་ཤིག །དེའི་མགོ་དྲུངས་ནས་བཅད་དོ། །གལ་ཏེ་སྒྱུ་མཁན་དེས་ཁྱོད་ལ་ཅུང་ཟད་ཅིག་བྱིན་ན་ཁྱོད་ཀྱིས་བླང་བར་མི་བྱའོ། །ལྷ་དེ་ལྟར་འཚལ་ལོ་ཞེས་འཕར་མ་ཁྭས་རྒྱལ་པོ་གཏུམ་པོ་རབ་སྣང་གི་ལྟར་མཉན་ནས་མྱུར་བར་གླང་པོ་ཆེ་འདམ་བུའི་རི་ལ་ཞོན་ཏེ་རྗེས་བཞིན་དུ་སོང་ངོ་། །དེས་དེ་སྐྱུ་རུ་རའི་ཚལ་དུ་ཞུགས་པ་མཐོང་ནས་སྨྲས་པ། འཚོ་བྱེད་ལྷ་གསུང་གིས་ཚུར་ཤོག་འདོང་། དེས་སྨྲས་པ། ཀྱེ་ཁྭ་ཅི་རིངས་ཚུར་རེ་ཞིག་སྐྱུ་རུ་ར་ཟོ་ཤིག །དེས་སྨྲས་པ། ལྷས་ང་ལ་དེ་སྒྱུ་མཁན་ཡིན་པས་ཁྱོད་ཀྱིས་དེ་ལས་ཅུང་ཟད་ཀྱང་མ་ལེན་ཅིག་ཅེས་བསྒོའོ། །འཚོ་བྱེད་ཀྱིས་སྨྲས་པ། ཀྭའེ་ཁྭ་གལ་ཏེ་དེ་ལྟ་ན་ཁྱོད་ཀྱིས་ཕྱེད་ཟོ། ངས་ཀྱང་ཕྱེད་བཟའོ། །དེས་བསམས་པ། ཕྱེད་བཟའ་སྟེ་ཕྱེད་ལ་སྒྱུ་ཇི་ལྟ་བུ་ཞིག་བྱར་ཡོད་སྙམ་དུ་རིག་


DKG010_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྨྲས་པ། འཚོ་བྱེད་བཟའ་ཡིས་བྱིན་ཅིག །དེ་སྐྱུ་རུ་ར་ཕྱེད་ཟོས་ཏེ། སེན་མོའི་བར་ཕྱེ་མས་བཀང་བའི་སེན་མོས་བཅད་པའི་ཕྱེད་བྱིན་ནོ། །དེས་དེ་ཟོས་པ་དང་དེ་མཛེ་ཅན་ཞིག་པས་ཡན་མན་གཉི་གར་འཁྲུས་སོ། །དེས་དེ་རི་འོར་ཞིག་ཏུ་བཞག་ནས་རི་འོར་པ་དེ་དག་ལ་བསྒོ་བ། ཤེས་ལྡན་དག་རྒྱལ་པོ་གཏུམ་པོ་རབ་སྣང་གི་ཡན་ལག་གི་མཆོག་གསུམ་ནི་གླང་པོ་འདམ་བུའི་རི་དང་། གླང་པོ་ཆེ་མོ་བཟང་ལྡན་དང་། འཕར་མ་པ་ཁྭ་འདི་ཡིན་ན་འདི་ན་སྟེ་འདི་དཔྱད་འདིས་རིམ་གྲོ་གྱིས་དང་སོས་པར་འགྱུར་རོ། །གཞན་དུ་ན་རྒྱལ་པོས་ཁྱེད་ཅག་ངེས་པར་ཕུང་བར་བྱེད་དོ་ཞེས་སྨྲས་ནས་སོང་ངོ་། །དེ་དག་གིས་དེའི་རིམ་གྲོ་བྱས་པ་དང་སོས་པར་གྱུར་ནས་སོང་ངོ་། །རྒྱལ་པོ་ཡང་སྨན་པའི་ཁྱེའུ་དེས་ཇི་ལྟར་བསྟན་པའི་དཔྱད་ཀྱིས་རིམ་གྲོ་བྱས་པས་དེ་ཡང་སོས་པར་གྱུར་ཏོ། །འཕར་མ་པ་ཁྭ་ཡང་རིམ་གྱིས་རྒྱལ་པོའི་དྲུང་དུ་ཕྱིན་པ་དང་། རྒྱལ་པོས་དྲིས་པ་ཁྭ་འཚོ་བྱེད་དེ་ག་རེ་ལྷ་བྲོས་ལགས་སོ། །ཁྭ་གལ་ཏེ་བྲོས་ན་མ་ལེགས་པ་ཞིག་བྱས་སོ། །ལྷ་ཅི་སྟེ་ཁུགས་པར་གྱུར་ན་དེ་ལ་ལྷས་ཅི་ཞིག་བགྱིས་པར་འགྱུར། ཁྭ་ངས་དེའི་མགོ་དྲུངས་ནས་གཅད་དེ་ས་ལ་བོར་བར་འགྱུར་རོ། །ལྷ་སྨན་པའི་རྒྱལ་པོ་གང་གིས་ལྷ་དང་བདག་ཀྱང་སོས་པར་བགྱིས་པ་དེ་ལྟ་བུ་དགུམ་པ་དེ་ནི་རིགས་པ་མ་ལགས་སོ། །ཁྭ་གལ་ཏེ་དེ་ལྟ་ན་དེ་ལ་ཅི་ཞིག་བྱ། ལྷ་རྔན་པ་རྒྱ་ཆེར་སྩལ་མོད། ལེགས་ཀྱིས་དེ་བཞིན་དུ་བྱའོ། །དེས་དེ་ལ་ཡི་གེ་སྤྲིང་སྟེ། སྨན་པའི་རྒྱལ་པོ་འཚོ་བྱེད་ཁྱོད་ཅི་སྟེ་བྲོས། ཁྱོད་རྔན་པ་སྦྱིན་གྱིས་ཚུར་ཤོག་རྔན་པ་ལོང་ཤིག །འཚོ་བྱེད་ཀྱིས་དེ་ལ་སྤྲིང་པ། ལྷ་ཁྱོད་ཀྱི་བཀའ་དྲིན་ལ་བདག་གི་ཁྱིམ་ན་ནོར་ཙམ་མཆིས་སོ། །འོན་ཀྱང་གལ་ཏེ་ལྷས་བདག་ལ་ཐུགས་དཔག་མཛད་ན་སྨན་པའི་ཁྱེའུ་གང་གིས་ལྷའི་རིམ་གྲོ་བགྱིས་པ་དེ་ལ་བྱ་དགའ་སྩལ་བའི་རིགས་སོ། །རྒྱལ་པོས་ཁྱེའུ་དེ་ལ་རྔན་པ་མང་དུ་བྱིན་ནོ། །འཚོ་བྱེད་ལ་ཡང་བརྒྱ་སྟོང་རི་བའི་རས་ཡུག་ཆེན་གྱི་གོས་བསྐུར་བ་དང་། འཚོ་བྱེད་ཀྱིས་བསམས་པ། གོས་འདི་ནི་རྒྱལ་པོ་ལ་འོས་པ་ཡིན་ཏེ། སུ་ལ་སྦྱིན་སྙམ་ན་དེས་བཅོམ་ལྡན་འདས་ནི་ཆོས་ཉིད་ཀྱིས་བདག་གི་ཕ་ཡིན་པས་འདི་ལ་དབུལ་ལོ་སྙམ་དུ་བསམས་ནས་དེས་དེ་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འདི་ཆོས་


DKG010_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སུ་གྱིས་ལ་ང་ལ་ཕུལ་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་བླངས་ནས་བླངས་པ་དེས་བཅོམ་ལྡན་འདས་ཀྱིས་ཆོས་གོས་གསུམ་ལངས་པ་བས་ལྷག་པར་མཐོང་ནས་དེས་དྲུབ་པར་བརྩམས་ན་དེ་ལས་བཅོམ་ལྡན་འདས་ཀྱི་ཆོས་གོས་གསུམ་དང་། ཚེ་དང་ལྡན་པ་ཀུན་དགའ་བོའི་སྟོད་གཡོགས་སུ་སྨད་གཡོགས་དང་བཅས་པ་དང་། སྒྲ་ཅན་ཟིན་གྱི་རྔུལ་ཟན་ཡང་ལངས་སོ། ། དགའ་ལྡན་གྱི་གནས་ན་སངས་རྒྱས་ཀྱིས་གསུངས་པའི་དྲི་བ་འདི་སྐད་དུ། བདག་པོ་རྒྱལ་པོ་གང་ཞིག་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །གང་གིས་འདིར་ནི་ཆགས་ཞེས་བརྗོད། ། བློ་ངན་ཇི་ལྟར་མྱ་ངན་བྱེད། །མཁས་པ་ཇི་ལྟར་དགའ་བར་འགྱུར། །གང་གིས་ལྡན་པ་ལས་བྲལ་ནས། །འདི་ན་གྲུབ་དང་བདེ་ཞེས་བརྗོད། །ཅེས་བྲིས་ཏེ། འདུག་པ་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་སུས་ཀྱང་གཟུང་བར་ཡང་མི་ནུས། དེ་དག་གི་དོན་སྨྲ་བར་ཡང་མི་ནུས་སོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ཡང་དྲི་བ་དེ་དག་གཟུང་བར་ནུས་ཀྱི་དེ་དག་གི་དོན་སྨྲ་བར་ནི་མི་ནུས་སོ། །རེ་ཞིག་ཅིག་ན་གནོད་སྦྱིན་གྱི་བདག་པོ་རྣམ་ཐོས་ཀྱི་བུ་བྱ་བ་ཞིག་གི་ཕྱིར་དགའ་ལྡན་གྱི་ལྷའི་ནང་དུ་སོང་བ་དང་། དེས་དྲི་བ་དྲིས་པ་དེ་དག་མཐོང་ངོ་། །དེ་ནས་ཡ་མཚན་སྐྱེས་ཏེ་དེ་བཟུང་ན་དོན་ཁོང་དུ་ཆུད་པར་མ་ནུས་ཏེ། དེས་དེ་དག་ཕོ་བྲང་ལྕང་ལོ་ཅན་དུ་ཁྱེར་ནས་སྤང་ལེབ་ལ་བྲིས་ཏེ་བཞག་གོ །དེའི་ཚེ་རྡོ་འཇོག་ཅེས་བྱ་བ་ན་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཅེས་བྱ་བ་གནས་པ་དེ་ཡུན་རིང་པོ་ནས་བདག་གིས་ནམ་ཞིག་སངས་རྒྱས་བཅོམ་ལྡན་འདས་མཐོང་ཞེས་དེ་སྙམ་དུ་སྨོན་ཏོ། །དེའི་མཛའ་བོ་གནོད་སྦྱིན་གསེར་འོད་ཅེས་བྱ་བ་དེ་བྱ་བ་ཞིག་གི་ཕྱིར་གནོད་སྦྱིན་གྱི་བདག་པོ་རྣམ་ཐོས་ཀྱི་བུའི་ཕོ་བྲང་ལྕང་ལོ་ཅན་དུ་སོང་བ་དང་། དེས་དྲི་བ་དེ་དག་སྤང་ལེབ་ལ་བྲིས་པ་མཐོང་ནས་དེས་དེ་དག་བླངས་ཏེ་ཆུབ་པར་བྱས་ནས་དཔྱད་པར་བརྩམས་ན་དོན་ཁོང་དུ་མ་ཆུད་ནས་དེས་རྡོ་འཇོག་ཏུ་ཁྱེར་ཏེ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལ་བྱིན་ནས་སྨྲས་པ། གྲོགས་པོ་དྲི་བ་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ན། འདི་དག་ནི་དོན་སུས་ཀྱང་མ་རྟོགས་ཀྱིས་ཁྱོད་ཀྱིས་འདི་དག་དང་གསེར་འབུམ་ཁྱེར་ལ་གྲོང་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་བསྐོར་ཏེ་འདི་སྐད་ཅེས་གང་གིས་དྲི་བ་འདི་


DKG010_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་དོན་སྨྲ་ནུས་པ་དེ་ལ་ངས་གསེར་འབུམ་སྦྱིན་ཞིང་བཀུར་སྟི་ཆེན་པོས་ཀྱང་རིམ་གྲོ་བྱའོ་ཞེས་སྨྲོས་ཤིག །གལ་ཏེ་འགའ་ཞིག་གིས་སྨྲ་བར་ནུས་ན་དེ་ལ་གསེར་འབུམ་བྱིན་ཅིག །ཇི་སྟེ་མ་ནུས་ན་གྲོང་ཁྱེར་དང་། གྲོང་རྡལ་མ་ཡིན་ནོ་ཞེས་སྒྲོགས་ལ་གཞན་དུ་སོང་ཤིག །དེས་དེ་བཟུང་ནས་ཀུན་ཆུབ་པར་བྱས་ཏེ། བདག་ཉིད་བྲམ་ཟེའི་ཁྱེའུའི་གཟུགས་སུ་སྤྲུལ་ནས། གསེར་འབུམ་ཁྱེར་ཏེ་གྲོང་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་བསྐོར་ནས་བཱ་རཱ་ཎ་སཱིར་ཕྱིན་ཏོ། །དེ་བཱ་རཱ་ཎ་སཱིའི་ལམ་པོ་ཆེ་དང་། སྲོང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་ཤེས་ལྡན་བཱ་རཱ་ཎ་སཱིའི་གྲོང་ན་གནས་པ་དང་། ཡུལ་སོ་སོ་ནས་འོངས་པའི་སྐྱེ་བོའི་ཚོགས་དག་ཉོན་ཅིག །བདག་གིས་དྲི་བ་འདི་དག་ཁྱེར་ཏེ་འོངས་ཏེ་གང་ཞིག་འདི་དག་གི་དོན་སྨྲ་བར་ནུས་པ་དེ་ལ་ངས་གསེར་འབུམ་འདི་སྦྱིན་ཞིང་བཀུར་སྟི་ཆེན་པོས་ཀྱང་རིམ་གྲོ་བྱའོ་ཞེས་བསྒྲགས་པ་དང་། ཁ་ཅིག་ནི་མཁས་པ་སྙེམས། ཁ་ཅིག་ནི་ཡ་མཚན་སྐྱེས་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་འདུས་ཀྱང་སུས་ཀྱང་དོན་སྨྲ་བར་མ་ནུས་སོ། །དེས་གྲོང་ཁྱེར་དང་། གྲོང་རྡལ་མ་ཡིན་ནོ་ཞེས་བསྒྲགས་པར་བརྩམས་པ་དང་། བཱ་རཱ་ཎ་སཱི་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་གིས་སྨྲས་པ། རེ་ཞིག་གྲོང་དང་། གྲོང་རྡལ་མ་ཡིན་ནོ་ཞེས་མ་སྒྲོགས་པར་བདག་ཅག་གི་སྐྱེ་བོས་ངེས་པར་བཀུར་བའི་དགེ་སྦྱོང་དང་། བྲམ་ཟེ་དགོན་པའི་གནས་ན་འདུག་པ་གང་དག་ཡིན་པ་དེ་དག་ཇེ་འོང་དུ་ཆུག་ལ་ཕྱིས་གྲོང་ཁྱེར་དང་། གྲོང་རྡལ་མ་ཡིན་ནོ་ཞེས་སྒྲོགས་ཤིག །དེས་སྨྲས་པ། དེ་དག་གང་ཞིག་ཡིན། ན་ལ་ད་ལ་སོགས་པའོ། །དེས་ལེགས་ཀྱིས་དེ་བཞིན་བྱའོ་ཞེས་སྨྲས་ནས། དེ་སྡོད་པ་དང་། ཇི་ཙམ་ཞིག་ན་ན་ལ་ད་འོངས་སོ། །དེས་དེའི་མདུན་དུ་འདུག་སྟེ་སྨྲས་པ། དྲང་སྲོང་ཆེན་པོ་བདག་གིས་དྲི་བ་འདི་དག་ཁྱེར་ཏེ་འོངས་ཏེ། གང་ཞིག་འདི་དག་གི་དོན་སྨྲ་བར་ནུས་པ་དེ་ལ་གསེར་འབུམ་འདི་ཡང་སྦྱིན་ཞིང་བཀུར་སྟི་ཆེན་པོས་ཀྱང་རིམ་གྲོ་བྱའོ། །ན་ལ་དས་དེ་དག་བཀླགས་ནས་སྨྲས་པ། བྲམ་ཟེའི་ཁྱེའུ་ལེགས་ཀྱིས་དེ་བཞིན་དུ་བྱས་ཏེ་སྨྲའོ། །ཡུན་ཇི་སྲིད་ཅིག་ན་ལོ་བཅུ་གཉིས་འདས་ནས་སོ། །དྲང་སྲོང་ཆེན་པོ་དུས་དེ་ནི་རིངས་སོ། །དྲུག་ནའོ། །དེ་ཡང་རིངས་སོ། །གསུམ་ནའོ། །གཅིག་ནའོ། །ཟླ་བ་དྲུག་ནའོ། །ཟླ་བ་གསུམ་ནའོ། །ཟླ་བ་ནའོ། །ཟླ་བ་ཕྱེད་ནའོ། །ཞག་བདུན་འདས་ནའོ། །


DKG010_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ལའི་འདབ་ཀྱིས་དྲང་སྲོང་ཆེན་པོ་ལེགས་ཀྱིས་དེ་ལྟར་བྱོས་ཤིག །དེ་བར་དུ་སྡོད་དོ་ཞེས་སྨྲས་ནས་དེ་སྡོད་པ་དང་། དྲང་སྲོང་ན་ལ་དའི་སྨོས་འདྲིན་དགེ་སློང་ལྔ་པོ་ཡིན་པས་དེ་དེ་དག་གི་དྲུང་དུ་སོང་ནས་སྨྲས་པ། ཤེས་ལྡན་དག་བྲམ་ཟེའི་ཁྱེའུ་ཞིག་གིས་དྲི་བ་འདི་དག་དང་། གསེར་འབུམ་ཁྱེར་ནས་བདག་གི་དྲུང་དུ་འོངས་ཏེ་གང་ཞིག་དྲི་བ་འདི་དག་གི་དོན་སྨྲ་ནུས་པ་དེ་ལ་གསེར་འབུམ་འདི་སྦྱིན་ཞིང་བཀུར་སྟི་ཆེན་པོས་ཀྱང་རི་མོར་བྱའོ་ཞེས་ཟེར་ན་དྲི་བ་འདི་དག་གི་དོན་མང་ལ་ཚིག་ཉུང་བས་ཁོང་དུ་ཆུད་པར་དཀའ་ན་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་དག་གིས་སྨྲས་པ། ན་ལ་ད་སོང་ལ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཤིག། ཤེས་ལྡན་དག་ཅི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངམ། བྱུང་ངོ་། །གང་ན་བཞུགས། དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ནའོ། །དེ་དགའ་བ་དང་མགུ་བ་སྐྱེས་ནས་མྱུར་བ་མྱུར་བར་བཅོམ་ལྡན་འདས་གང་ན་བ་དེར་སོང་བ་དང་། ན་ལ་དས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་ཅན་རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་སྟེ། ཇི་ལྟར་དགེ་བའི་རྩ་བ་བསགས་པའི་སེམས་ཀྱིས་ཐོག་མ་སངས་རྒྱས་མཐོང་བ་ལྟར། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་གོམས་པར་བྱས་པའམ། བུ་མེད་པས་བུ་རྙེད་པའམ། དབུལ་པོས་གཏེར་མཐོང་བའམ། རྒྱལ་སྲིད་ལ་མངོན་པར་དགའ་བ་རྒྱལ་སྲིད་ཀྱི་དབང་བསྐུར་བ་ནི་དེ་ལྟར་ཉམས་བདེ་བར་འགྱུར་བ་མ་ཡིན་ནོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་པ་དང་། དེ་ཐོས་ནས་དྲང་སོང་ན་ལ་དས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེས་བདེན་པ་མཐོང་ནས་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བཙུན་པ་བདག་ལེགས་པར་


DKG010_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཚངས་པར་སྤྱད་པ་སྤྱོད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་ལ་ད་ཁྱོད་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་དྲི་བའི་དོན་སྨྲའོ་ཞེས་དམ་བཅས་པས་དེའི་ཕྱིར་སོང་ལ་རེ་ཞིག་སྔར་དམ་བཅས་པ་དེ་ཚར་ཕྱུང་སྟེ་ཕྱིས་རབ་ཏུ་བྱུང་ཤིག །དེས་གསོལ་པ། བཙུན་པ་བདག་གིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་མོད་ཀྱི་འོན་ཀྱང་དྲི་བ་དེ་དག་གི་དོན་བདག་གིས་སྨྲ་རྔོ་མི་ཐོག་ན་དེར་མཆིས་ཏེ་ཅི་ཞིག་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་ལ་ད་སོང་ལ་སོན་ནས་འདི་སྐད་དུ་རེ་ཞིག་དྲི་བ་དེ་དག་སྨོས་ཤིག་ཅེས་གྱིས་ཤིག །གང་གི་ཚེ་དེས་འདི་སྐད་ཅེས་ནི། བདག་པོ་རྒྱལ་པོ་གང་ཞིག་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །གང་གིས་འདིར་ནི་ཆགས་ཞེས་བརྗོད། ། བློ་ངན་ཇི་ལྟར་མྱ་ངན་བྱེད། །མཁས་པ་ཇི་ལྟར་དགའ་བར་འགྱུར། །གང་གི་ལྡན་པ་ལས་བྲལ་ནས། །འདི་ནི་གྲུབ་དང་བདེ་ཞེས་བརྗོད། །ཅེས་སྨྲས་པར་གྱུར་པ་དེའི་ཚེ་ཁྱོད་ཀྱིས་འདི་སྐད་ཅེས་སྨྲོས་ཤིག །དྲུག་པ་བདག་པོ་རྒྱལ་པོ་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །ཆགས་ན་བྱིས་པ་ཞེས་འདིར་བརྗོད། །བློ་ངན་དེ་ལྟར་མྱ་ངན་བྱེད། །མཁས་པ་དེ་ལྟར་དགའ་བར་འགྱུར། །འདི་ཡི་ལྡན་པ་ལས་བྲལ་ནས། །འདི་ནི་གྲུབ་དང་བདེ་ཞེས་བརྗོད། །གལ་ཏེ་བརྡ་མ་ཕྲད་དོ་ཞེས་ཟེར་ན་དེ་ལ། ལེགས་པར་གསུངས་པ་ཤེས་པ་གཅེས་པ་སྟེ། །ཐོས་དང་ཏིང་འཛིན་ཤེས་པ་གཅེས་པ་ཡིན། །མི་གང་གྱ་ཚོམ་བག་མེད་གྱུར་པས་ནི། །མི་ཤེས་དེ་ལ་ཐོས་པ་དོན་མི་ཆེ། །ཞེས་སྨྲོས་ཤིག །གལ་ཏེ་སངས་རྒྱས་གསུང་དག་སྨྲ་མོད་ཀྱི། །ཁྱོད་ལ་མཚན་ནི་མི་སྣང་ངོ་། །འདི་ལ་བདག་གི་བློ་རྨོངས་ཀྱིས། །ཐེ་ཚོམ་མྱུར་དུ་གཅད་པར་གྱིས་ཞེས་ཟེར་ན། དེའི་མདུན་དུ་སེན་མོས་རྩྭ་ཆོད་ཅིག །གལ་ཏེ་ཅི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངམ་ཞེས་ཟེར་ན་བྱུང་ངོ་ཞེས་སྨྲོས་ཤིག །ཇི་སྟེ་གང་ན་བཞུགས་ཞེས་ཟེར་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ནའོ་ཞེས་གྱིས་ཤིག །བཙུན་པ་དེ་བཞིན་དུ་འཚལ་ཞེས་རིགས་ཀྱི་བུ་ན་ལ་དས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ་བྲམ་ཟེའི་ཁྱེའུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བྲམ་ཟེའི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་


DKG010_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་དེ་རེ་ཞིག་དྲི་བ་དེ་དག་སྨྲོས་ཤིག །དེས་ཚིགས་སུ་བཅད་དེ་སྨྲས་པ། བདག་པོ་རྒྱལ་པོ་གང་ཞིག་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །གང་གིས་འདིར་ནི་ཆགས་ཞེས་བརྗོད། །བློ་ངན་ཇི་ལྟར་མྱ་ངན་བྱེད། །མཁས་པ་ཇི་ལྟར་དགའ་བར་འགྱུར། །གང་ཞིག་ལྡན་པ་ལས་བྲལ་ནས། །འདི་ནི་གྲུབ་དང་བདེ་ཞེས་བརྗོད། །དེས་སྨྲས་པ། དྲུག་པ་བདག་པོ་རྒྱལ་པོ་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །ཆགས་ན་བྱིས་པ་ཞེས་འདིར་བརྗོད། །བློ་ངན་དེ་ལྟར་མྱ་ངན་བྱེད། །མཁས་པ་དེ་ལྟར་དགའ་བར་འགྱུར། །འདི་ཡི་ལྡན་པ་ལས་བྲལ་ནས། །འདི་ན་གྲུབ་དང་བདེ་ཞེས་བརྗོད། །བྲམ་ཟེའི་ཁྱེའུས་སྨྲས་པ། དྲང་སྲོང་ཆེན་པོ་བརྡ་མ་ཕྲད་དོ། །དེས་སྨྲས་པ། ལེགས་པར་གསུངས་པ་ཤེས་པ་གཅེས་པ་སྟེ། །ཐོས་དང་ཏིང་འཛིན་ཤེས་པ་གཅེས་པ་ཡིན། །མི་གང་གྱ་ཚོམ་བག་མེད་གྱུར་པས་ནི། །མི་ཤེས་དེ་ལ་ཐོས་པ་དོན་མི་ཆེ། །བྲམ་ཟེའི་ཁྱེའུས་སྨྲས་པ། ན་ལ་ད། སངས་རྒྱས་གསུང་དག་སྨྲ་མོད་ཀྱི། །ཁྱོད་ལ་མཚན་ནི་མི་སྣང་ངོ་། །འདི་ལ་བདག་གི་བློ་རྨོངས་ཀྱིས། །ཐེ་ཚོམ་མྱུར་དུ་གཅད་པར་གྱིས། །ན་ལ་དས་དེའི་མདུན་དུ་སེན་མོས་རྩྭ་བཅད་པ་དང་། དེས་སྨྲས་པ། ན་ལ་ད་ཅི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངམ། དེས་སྨྲས་པ། བྲམ་ཟེའི་ཁྱེའུ་བྱུང་ངོ་། །གང་ན་བཞུགས། ཡུལ་བཱ་ར་ཎ་སཱི་འདི་ཉིད་ནའོ། །ཕྱོགས་གང་ན། དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ནའོ། །བྲམ་ཟེའི་ཁྱེའུས་བསམས་པ། གལ་ཏེ་བདག་གིས་འདི་ལ་རང་གི་རིགས་བསྙད་ན་ནི་འདིས་བརྙས་པར་འགྱུར་རོ། །འོན་ཏེ་བྲམ་ཟེའི་ཁྱེའུའི་ཆ་ལུགས་ཁོ་ནས་སོང་ན་ནི་བཱ་རཱ་ཎ་སཱི་ན་གནས་པའི་བྲམ་ཟེ་རིག་པ་གསུམ་དང་ལྡན་པའམ། ཁ་ཅིག་བྲམ་ཟེའི་ཁྱེའུ་རིགས་མཐོན་པོ་ལས་སྐྱེས་པ་དག་དགེ་སྦྱོང་གཽ་ཏ་མའི་དྲུང་དུ་སོང་ངོ་ཞེས་མ་དད་པར་འགྱུར་རོ། །གལ་ཏེ་རང་གི་ཆ་ལུགས་ཀྱིས་སོང་ན་ནི་བདག་དང་། ཀླུ་མང་པོ་འཁོན་ཡོད་པས་ལ་ལས་བདག་ལ་གནོད་པ་བྱས་སུ་འོང་བས་མ་ལ་བདག་གིས་བདག་ཉིད་འཁོར་ལོས་སྒྱུར་བར་མངོན་པར་སྤྲུལ་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོའོ་སྙམ་མོ། །དེ་ནས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་བདག་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོར་མངོན་པར་སྤྲུལ་ཏེ།


DKG010_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སྣ་བདུན་གྱིས་ནི་མདུན་དྲངས། ཁྲོམ་གྱི་རུ་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་ནི་བསྐོར། བུ་སྟོང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་ཅིང་ཟླ་བ་ཁམ་པ་ལྟ་བུར་བསྐོར། མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་སྣ་ཚོགས་དང་། མིའི་མཆོག་སྟོང་ནི་ཕྱི་བཞིན་འབྲང་། རྩིབས་སྟོང་དང་ལྡན་པའི་གདུགས་ནི་སྟེང་ནས་འཛིན་ཅིང་ཉི་མ་འོད་སྟོང་གི་འོད་ཀྱིས་སྣང་བས་ཟླ་བ་རྒྱུ་སྐར་དང་གཟའ་དང་བཅས་པའི་གཞལ་མེད་ཁང་གིས་མཛེས་པ་ཡང་ཟིལ་གྱིས་གནོན་པའི་འོད་ཀྱང་ཟིལ་གྱིས་མནན་ནས་དྲང་སྲོང་སྨྲ་བ་ག་ལ་བ་དེར་སོང་ངོ་། །ཡང་དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ། །འཁོར་དེ་དག་གིས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་ངོ་མཚར་དུ་གྱུར་ཏེ་མིག་བགྲད་ནས་རྟོག་པ་རྣམ་པ་སྣ་ཚོགས་སྐྱེས་ཏེ། ཁ་ཅིག་ནི་འདི་སྐད་དུ་ཤེས་ལྡན་དག་རྒྱལ་པོ་འདི་ག་ལས་འོངས་པ་ཞིག་ཅེས་ཟེར་རོ། །གཞན་དག་ན་རེ་ཤེས་ལྡན་དག་གང་ལ་འདི་ལྟ་བུའི་འབྱོར་པ་ཕུན་སུམ་ཚོགས་པ་ཡོད་པ་འདི་རྒྱལ་པོ་མ་ཡིན་གྱི་སའི་སྟེང་གི་སའི་དབང་ཕྱུག་གང་ཞིག་ཡིན་ཞེས་ཟེར་རོ། །གཞན་དག་ནི་འདི་རྒྱལ་པོ་མ་ཡིན་གྱི་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདིར་འོངས་སོ་ཞེས་ཟེར་རོ། །དེ་ན་གང་དག་ཆགས་པའི་དབང་དུ་སོང་བ་དེ་དག་གིས་དེ་མཐོང་ནས་བདག་ཀྱང་འདི་འདྲ་བར་ནམ་ཞིག་འགྱུར་ཞེས་ཆགས་པ་བསྐྱེད་དོ། །དེ་དག་དེ་ལྟར་རྣམ་པ་དུ་མར་རྟོག་པ་ན་ཀླུའི་རྒྱལ་པོ་ཨེ་ལའི་འདབ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་བླུན་པོ་ཁྱོད་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསླབ་པའི་མཚམས་ལས་འདས་པས་ཀླུའི་སྐྱེ་གནས་སྨད་པར་སྐྱེས་ན། ད་ངའི་འཁོར་ཡང་བསླུ་བར་འདོད་དམ་ཅི་སོང་ལ་སྤྲུལ་པ་ཐོང་སྟེ་རང་གི་ཆ་ལུགས་ཀྱིས་ཤོག་ཤིག །དེས་གསོལ་པ། བཙུན་པ་བདག་དང་། ཀླུ་མང་པོ་ཁོན་མཆིས་པས་ལ་ལས་


DKG010_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གནོད་པ་བགྱིས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་སོང་ལ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལ་བསྲུང་བར་གྱིས་ཤིག །བཙུན་པ་དེ་ལྟར་འཚལ་ལོ་ཞེས་གནོད་སྦྱིན་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་བསྲུང་བ་ལྷུར་ལེན་ཅིང་ཕྱི་བཞིན་འབྲང་ངོ་།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་ལྔ་པ། དེ་ནས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་སྟེ་རང་གི་རང་བཞིན་དུ་མངོན་པར་བསྒྱུར་ནས་མཇུག་མ་ནི་རྡོ་འཇོག་ན་འདུག །མགོ་བདུན་པོ་ནི་བཱ་རཱ་ཎ་སཱི་ན་འདུག་སྟེ། མགོ་རེ་རེ་ལ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པའི་ཤིང་ཨེ་ལ་སྐྱེས་པས་ཀུན་ནས་སྲིན་བུའི་རིགས་བརྒྱ་ཕྲག་དུ་མས་ནི་གང་། སྦྲང་བུའི་ཚོགས་དུ་མ་ནི་ལྡིང་ཞིང་འབབ། རྣག་དང་ཁྲག་གི་དྲི་མནམ་ཞིང་རབ་ཏུ་མནམ་པ་ནི་འཛག་གོ །དེ་ནས་སེམས་ཅན་རྣམས་ཀྱིས་མཐོང་ན་མིག་བསྒྱུར་བ་དེ་ལྟ་བུར་ལུས་བསྒྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། འཁོར་དེ་དག་གིས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱི་ལུས་མཐོང་ན་མི་འདོད་པ་ཤིན་ཏུ་འཇིགས་སུ་རུང་བ། འདོད་ཆགས་དང་མ་བྲལ་བ་འཇིགས་པ་དང་། མྱ་ངན་དང་། སྐྱོ་བར་བྱེད་པ་ཆེ་ཞིང་གས་པ། རྩུབ་པ། མདངས་མེད་པ། ཁ་དོག་གི་རྣམ་པ་དང་དབྱིབས་ཀྱི་ཁྱད་པར་དུ་མ་དང་ལྡན་པ་མཐོང་ངོ་། །མཐོང་ནས་ཀྱང་སྐྲག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་པ་ཤིན་ཏུ་འཇིགས་སུ་རུང་བ་འདི་གང་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ནི་འཁོར་ལོས་སྒྱུར་བའི་ཆ་ལུགས་འཆང་ཞིང་ངའི་དྲུང་དུ་འོངས་པ་གང་ལ་ཁྱེད་ཀྱིས་འཁོར་བའི་སྒོའི་ཁྱད་པར་འདོད་པས་ཆགས་པ་བསྐྱེད་པ་དེ་ཡིན་ཏེ། དེའི་ད་ལྟའི་ལུས་འདི་ནི་མི་འདོད་པའི་ལས་ཀྱི་ཉེས་པས་མངོན་པར་གྲུབ་པ་རང་བཞིན་པ་ཡིན་ནོ། །སྔ་མ་ནི་སྤྲུལ་པ་ཡིན་ནོ། །དེ་དག་གིས་ལས་ཆུད་མི་ཟ་བ་ཐོས་པས་ཡིད་མི་བདེ་བ་སྐྱེས་ཏེ་ཅང་མི་ཟེར་བར་འདུག་གོ །


DKG010_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་བདག་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་དབང་པོ་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་པར་གྱུར་ཏེ་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་སྟོན་པ་བྱམས་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ནས། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། དེས་ཁྱོད་ལ་ལུང་སྟོན་པར་འགྱུར་རོ། །དེ་ནས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཀླུའི་སྐྱེ་གནས་སྨད་པར་སྐྱེས་ནས་ཤིང་ཨེ་ལ་མགོ་ལ་སྐྱེས་པས་ཀུན་ནས་སྲིན་བུའི་རིགས་བརྒྱ་ཕྲག་དུ་མས་ནི་གང་། སྦྲང་མའི་ཚོགས་དུ་མ་ནི་ལྡིང་ཞིང་འབབ། རྣག་དང་ཁྲག་གི་དྲི་མནམ་ཞིང་རབ་ཏུ་མནམ་པ་ནི་འཛག་པའི་སྡུག་བསྔལ་འདི་ལྟ་བུ་འདི་ཉམས་སུ་མྱོང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་ལས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་ངེས་པར་འབྱུང་བ་ཡིན་ཏེ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་ལས་བྱས་ཤིང་བསགས་པ་གཞན་སུ་ཞིག་གི་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་ལས་དགེ་བ་དང་མི་དགེ་བ་བྱས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །


DKG010_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་གནས་ཤིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་དང་ལྡན་པ་སྤོང་བ་པར་གྱུར་ཏེ། དེ་དབེན་པའི་ཕྱོགས་ཤིག་ན་ཤིང་ཨེ་ལའི་དྲུང་དུ་འཆག་ས་བཅས་ཏེ། དེ་དེ་ན་འཆག་པའི་དཔྲལ་བར་ཤིང་ཨེ་ལའི་འདབ་མས་ཕོག་པ་དང་། དེས་དེ་མནགས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཡིད་ལ་བྱེད་པའི་རྣལ་འབྱོར་གྱིས་ངལ་ཏེ་འཆག་པ་ན་དེའི་དཔྲལ་བ་ལ་དེའི་འདབ་མས་ཕོག་པ་དང་། དེས་དེ་ལ་ཁྲོས་ཏེ་བཅད་ནས་ལག་པ་གཉིས་ཀྱིས་དུམ་བུ་དུམ་བུར་བྱས་ཏེ་བོར་ནས་འདི་སྐད་དུ་སྲོག་ཀྱང་མེད། འཚོ་བ་ཡང་མེད་པ་འདི་ལ་བཅོམ་ལྡན་འདས་འོད་སྲུང་གིས་ཉེས་པ་ཅི་ཞིག་གཟིགས་ན། གང་གི་ཕྱིར་བསླབ་པའི་གཞིར་བཅས་ཞེས་ཀྱང་སྨྲས་སོ། །དེས་ཁྲོས་ཏེ་བསླབ་པ་དྲལ་བས་ལུས་ཞིག་ནས་ཀླུ་རྣམས་ཀྱི་ནང་དུ་སྐྱེས་ཏེ་མགོ་ལ་ཤིང་ཨེ་ལ་སྐྱེས་པས་སྲིན་བུའི་རིགས་བརྒྱ་ཕྲག་དུ་མས་ནི་གང་། སྦྲང་མའི་ཚོགས་དུ་མ་ནི་ལྡིང་ཞིང་བབ། རྣག་དང་ཁྲག་གི་དྲི་མནམ་ཞིང་རབ་ཏུ་མནམ་པ་ནི་འཛག་གོ །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དགེ་སློང་སྡེ་སྣོད་གསུམ་པ་སྤོང་བ་པ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་ཨེ་ལའི་འདབ་འདི་ཉིད་ཡིན་ཏེ། གང་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་རབ་ཏུ་ཁྲོས་ཏེ་བསླབ་པ་དྲལ་བའི་ལས་དེའི་རྣམ་པར་སྨིན་པས་ཀླུ་རྣམས་ཀྱི་ནང་དུ་སྐྱེས་ཏེ། མགོ་ལ་ཤིང་ཨེ་ལ་སྐྱེས་པས་ཀུན་ནས་སྲིན་བུའི་རིགས་བརྒྱ་ཕྲག་དུ་མས་ནི་གང་། སྦྲང་བུའི་ཚོགས་དུ་མ་ནི་ལྡིང་ཞིང་བབ། རྣག་དང་ཁྲག་གི་དྲི་མནམ་ཞིང་རབ་ཏུ་མནམ་པ་ནི་འཛག་གོ །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག །གཅིག་ཏུ་དཀར་བ་རྣམས་ཀྱི་ཡང་གཅིག་ཏུ་དཀར།


DKG010_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མ་རྣམས་ཀྱི་ཡང་འདྲེན་མའོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་། འདྲེན་མ་དག་སྤངས་ཏེ་ལས་གཅིག་ཏུ་དཀར་བ་དག་ཁོ་ན་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ནས་དྲང་སྲོང་ན་ལ་ད་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ན་ལ་དས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་སྔོན་དམ་བཅས་པ་ཚར་ཕྱུང་ལགས་ཏེ། བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་ན་བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་ལ་དགེ་སློང་ཚུར་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་དགེ་སློང་ཚུར་ཞེས་བྱ་བས་བཀའ་སྩལ་པ་དང་། དེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མ་ཐག་ཏུ་སྐྲ་བྱི། སྣམ་སྦྱར་གྱོན། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་ཤིང་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ལྟ་བུ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་དུ་གནས་པར་གྱུར་ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྲེགས་སྣམ་སྦྱར་བགོས་པའི་ལུས་ལྡན་ཞིང་། །སངས་རྒྱས་དགོངས་པས་ཆ་ལུགས་བསྒྱུར་ནས་ནི། །མོད་ལ་དབང་པོ་རབ་ཞི་ཁོ་ནར་གནས། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ན་ལ་ད་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་བ་དེའི་ཚེ་དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཇི་སྐད་བོད་མི་ཤེས་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདིའི་རུས་ཀ་ཏྱའི་བུ་ཡིན་ཏེ་དེ་བས་ན་འདི་ལ་ཀ་ཏྱའི་བུ་ཞེས་བོས་ཤིག །དགེ་སློང་དག་གིས་དེ་ལ་ཀ་ཏྱའི་བུ་ཞེས་བོད་པར་བརྩམས་པ་དང་། དེའི་མིང་ཀ་ཏྱའི་བུ་ཞེས་བྱ་བར་ཆགས་


DKG010_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ལ་བཀའ་སྩལ་པ། ཀ་ཏྱའི་བུ་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་དང་མེད་པ་གཉིས་ལ་རྟེན་ཏོ། །ཀ་ཏྱའི་བུ་འཇིག་རྟེན་འདི་ནི་ཕལ་ཆེར་ཕུང་པོ་དང་ཉེ་བར་ལེན་པས་རྣམ་པར་བཅིངས་ཤིང་ཡོད་པ་དང་མེད་པ་གཉིས་ལ་རྟེན་ཏོ། །ཀ་ཏྱའི་བུ་སེམས་ཀྱི་མངོན་པར་ཞེན་པ་བག་ལ་ཉལ་དུ་འགྱུར་བ་འདི་དག་ལ་བདག་ཅེས་བྱ་བར་ཁས་མི་ལེན། ལེན་པར་མི་བྱེད། གནས་པར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །ཀ་ཏྱའི་བུ་སྐྱེ་བ་ན་སྡུག་བསྔལ་འདི་སྐྱེའོ། །འགག་པ་ན་སྡུག་བསྔལ་འདི་འགག་གོ །ཀ་ཏྱའི་བུ་འདི་ལ་ཁྱོད་ཡིད་གཉིས་དང་། ཐེ་ཚོམ་མེད་པར་གཞན་ལ་རག་མ་ལས་པའི་ཤེས་པ་ཁོ་ན་སྐྱེས་ན་ཀ་ཏྱའི་བུ་འདི་ཙམ་གྱིས་ན་ཡང་དག་པའི་ལྟ་བ་ཡིན་ཏེ། འདི་ཙམ་གྱིས་ན་དེ་བཞིན་གཤེགས་པས་ཡང་དག་པའི་ལྟ་བར་འདོགས་པ་ན་འདོགས་པར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀ་ཏྱའི་བུ་འཇིག་རྟེན་ཀུན་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ལྟ་བ་ནི་འཇིག་རྟེན་ལ་མེད་པ་གང་ཡིན་པ་དེར་མི་སེམས་སོ། །ཀ་ཏྱའི་བུ་འཇིག་རྟེན་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ལྟ་བ་ནི་འཇིག་རྟེན་ལ་ཡོད་པ་གང་ཡིན་པ་དེར་མི་སེམས་སོ། །ཀ་ཏྱའི་བུ་དེ་བཞིན་གཤེགས་པ་ནི་མཐའ་གཉིས་པོ་དེ་དག་ལ་མི་རྟེན་པར་འཇིག་རྟེན་ལ་དབུ་མའི་ལམ་གྱིས་ཆོས་སྟོན་ཅིང་འདི་ལྟར་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་


DKG010_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་དུ་འབྱུང་བར་འགྱུར་རོ། །འདི་ལྟར་འདི་མེད་པས་འདི་མི་འབྱུང་། འདི་འགགས་པས་འདི་འགག་སྟེ། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་ནི་འགག་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུས་བདེན་པ་མཐོང་སྟེ། འཁོར་བའི་འཁོར་ལོ་གཡོ་བ་དང་མི་གཡོ་བ་ཆ་ལྔ་པ་འདི་ཉིད་རིག་སྟེ། འདུས་བྱས་ཀྱི་རྣམ་པ་ཐམས་ཅད་ཆོས་ཉིད་ཀྱིས་འཇིག་པ་དང་། ལྟུང་བ་དང་། འགྱེས་པ་དང་། འཇོམས་པར་རྟོགས་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ། སེམས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བ། ཙནྡན་དང་སྟེའུར་མཚུངས་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་བཅོམ་པ། མངོན་པར་ཤེས་པས་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་རྙེད་པ་ལ་ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་དང་། རྗེད་པ་དང་། གུས་པར་སྨྲ་བར་


DKG010_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཀ་ཏྱའི་བུ་ཞེས་བཀའ་སྩལ་ཅིང་བོས་པས་དེའི་མིང་ཀ་ཏྱའི་བུ་ཆེན་པོ་ཞེས་བྱ་བར་ཆགས་སོ། །ཇི་ཙམ་དུས་གཞན་ཞིག་ན་འཕགས་རྒྱལ་དུ་ཁྱོགས་དང་ཁྱོགས་སུ་འདོམ་པའི་མི་ངས་ཤིག་བྱུང་ནས་རྒྱལ་པོ་གཏུམ་པོ་རབ་སྣང་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ །དེ་ན་ཁ་ཅིག་གིས་སྨྲས་པ། ལྷ་ཞི་བ་བགྱིད་དུ་སྩོལ་ཅིག །གཞན་དག་གིས་སྨྲས་པ། བྲམ་ཟེ་རྣམས་འཚལ་མ་སྩོལ་ཅིག །ཁ་ཅིག་གིས་སྨྲས་པ། ལྷ་ཉེ་འཁོར་ན་གནས་པའི་དགེ་བའི་ངོ་བོར་བཀུར་བའི་དགེ་སྦྱོང་དང་བྲམ་ཟེ་གང་ཡང་རུང་བ་དེ་དག་ཚོལ་དུ་སྩོལ་ཅིག །རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཆབ་སྒོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་ཡང་རུང་བ་ཡམས་ཀྱི་ནད་ཞི་བར་བྱེད་པར་འགྱུར་བ་ཞིག་འདིར་འོངས་ན་དེ་ང་ལ་སྦྲོན་ཅིག །སྐབས་འདི་ལྟ་བུ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཁྱེན་པའམ་མི་གཟིགས་པའམ་མི་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་མངའ་བ། འཇིག་རྟེན་ལ་ཕན་འདོགས་པར་ཞུགས་པ། སྲུང་བ་གཅིག་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་། ལྷག་མཐོང་ལ་གནས་པ། གདུལ་བའི་དངོས་པོ་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞི་ཞབས་ཀྱི་མཐིལ་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་གོམས་པ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཤིན་ཏུ་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ།


DKG010_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་གྲགས་པས་ཁྱབ་པ། བརྒྱ་ཕྲག་བཅུ་ལ་མངའ་སྒྱུར་བས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཤིང་སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་པར་གྱུར། སུ་ནི་ཉམ་ང་བར་འགྱུར། སུ་ནི་གནོད་པར་གྱུར། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པར་གྱུར། སུ་ནི་ངན་སོང་ལ་གཞོལ། སུ་ནི་ངན་སོང་ལ་འབབ། སུ་ནི་ངན་སོང་ལ་བབ། སུ་ནི་ངན་སོང་ནས་དྲངས་ཏེ་མཐོ་རིས་དང་ཐར་པ་ལ་གཞག །སུའི་དགེ་བའི་རྩ་བ་མ་སྐྱེད་པ་དག་ནི་བསྐྱེད་པར་བྱ། སུའི་བསྐྱེད་པ་དག་ནི་ཡོངས་སུ་སྨིན་པར་བྱ། སུའི་སྨིན་པ་ནི་རྣམ་པར་གྲོལ་བར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་དང་བྲལ་བ་ལས་འཕགས་པའི་ནོར་གྱི་དབང་ཕྱུག་ལ་དབང་བྱེད་པར་གཞག །སུ་ནི་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱའོ་ཞེས་ཡེ་ཤེས་གཟིགས་པ་འཇུག་གོ །སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཇི་ལྟར་མ་ནི་བུ་གཅིག་སྡུག་པ་ལ། །ལྟ་བར་བྱེད་ཅིང་དེ་ཡི་སྲོག་བསྲུང་ལྟར། །དེ་བཞིན་གདུལ་བའི་སྐྱེ་བོ་རྣམས་ལ་ནི། །དེ་བཞིན་གཤེགས་པ་གཟིགས་ཤིང་དེའི་རྒྱུད་སྲུང་། །ཐམས་ཅད་མཁྱེན་པའི་རྒྱུད་ལ་གནས་པ་ཡི། །ཐུགས་རྗེའི་བ་དྲུས་སྲིད་པ་བགྲོད་དཀའ་བར། །འཁྱམས་པར་གདུལ་བར་བྱ་བའི་སྲས་དག་ནི། །བ་གཤིན་བེའུ་སྟོར་བཞིན་དུ་སྐྱོ་མེད་ཚོལ། །བཅོམ་ལྡན་འདས་ཀྱིས་དགོངས་པ། རྒྱལ་པོ་གཏུམ་པོ་རབ་སྣང་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། འཕགས་རྒྱལ་ན་གནས་པའི་སྐྱེ་བོའི་ཚོགས་དང་བཅས་པ་གང་གིས་གདུལ་བར་བྱ་བ་ཡིན་སྙམ་ན་དགེ་སློང་ཀ་ཏྱའི་བུ་ཆེན་པོ་ཡིན་པར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་བཀའ་སྩལ་པ། ཀ་ཏྱའི་བུ་འཕགས་རྒྱལ་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་བཙུན་


DKG010_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། འཕགས་རྒྱལ་ན་གནས་པའི་སྐྱེ་བོའི་ཚོགས་དང་བཅས་པ་ལ་སོམས་ཤིག །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས། ལྷུང་བཟེད་ཐོགས་ཏེ་བཱ་རཱ་ཎ་སཱིར་བསོད་སྙོམས་ལ་ཞུགས་སོ། །བཱ་རཱ་ཎ་སཱིར་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཟས་ཕྱིས་ལེན་པ་སྤངས་ནས། གནས་མལ་ཇི་ལྟར་སྤྱད་པ་ཆམ་དུ་ཕབ་སྟེ། ལྷུང་བཟེད་དང་ཆོས་གོས་ཐོགས་ནས་འཁོར་ལྔ་བརྒྱ་དང་འཕགས་རྒྱལ་གང་ན་བ་དེར་རྒྱུ་ཞིང་སོང་ངོ་། །དེའི་ཚེ་ཡུལ་ཀ་ནྱཱ་ཀུབ་ཛ་ན་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོའི་སྔོན་ཁྱིམ་པའི་མཛའ་བོ་བྲམ་ཟེ་ཞིག་གནས་པ་དེའི་བུ་མོ་གཟུགས་ཁྱད་པར་ཅན་དང་ལྡན་པས་ཚེ་རབས་སྔ་མའི་མིང་དང་མཐུན་པར་སྐྲ་ཅན་ཞེས་བཏགས་སོ། །ཇི་ཙམ་ན་ལྷོ་ཕྱོགས་ནས་གར་མཁན་གྱི་སློབ་དཔོན་ཞིག་འོངས་ཏེ་དེས་དེའི་སྐྲ་བཟང་བར་མཐོང་ནས་བྲམ་ཟེའི་དྲུང་དུ་འོངས་ཏེ་དེས་སྨྲས་པ། ཀྱེ་བྲམ་ཟེ་ཆེན་པོ་བུ་མོ་འདིའི་སྐྲ་རྣམས་བདག་ལ་བྱིན་ཅིག་དང་། ཀཱར་ཥཱ་པ་ཎ་སྟོང་སྦྱིན་ནོ་ཞེས་སྨྲས་པ་དང་། དེས་སློབ་དཔོན་བདག་ཅག་ནི་བྲམ་ཟེ་ཡིན་ཏེ། བདག་ཅག་སྐྲ་འཚོང་དུ་མི་རུང་ན་ཇི་ལྟར་སྐྲ་བཙོང་ཞེས་སྨྲས་པ་དང་། གར་མཁན་གྱི་སློབ་དཔོན་དེ་ཅང་མི་ཟེར་བར་སོང་ངོ་། །བྲམ་ཟེ་དེ་ཡང་ཕྱི་དེ་ཉིན་དུས་ལས་འདས་སོ། །དེའི་ཆུང་མས་ཇི་ལྟར་འཕགས་པ་ཀ་ཏྱའི་བུ་ཆེན་པོ་འཁོར་ལྔ་བརྒྱ་དང་དེ་ནས་ཐག་མི་རིང་བ་ཞིག་ན་འདུག་སྟེ། འཕགས་རྒྱལ་དུ་འོང་བར་འདོད་དོ་ ཞེས་ཐོས་སོ། །ཁྱོ་དང་བྲལ་བས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་སྐྱེས་པ་དེ་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་འོང་བ་ཐོས་ནས་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ །བུ་མོ་སྐྲ་ཅན་མས་མ་དེ་ལྟར་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། མ་ཅིའི་ཕྱིར་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། བུ་མོ་འཕགས་པ་ཀ་ཏྱའི་བུ་ཆེན་པོ་ཁྱོད་ཀྱི་ཕའི་ཆུང་པོ་གྲོགས་འདི་ནས་མི་རིང་བ་ཞིག་ན་འདུག་


DKG010_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འཕགས་རྒྱལ་དུ་འོང་འདོད་ན་ཁྱོད་ཀྱི་ཕ་ནི་དུས་ལས་འདས། བདག་ཅག་གི་ཁྱིམ་གྱི་གནས་སྐབས་ནི་འདི་ལྟ་བུར་གྱུར་པས་རིང་ཞིག་ན་འོངས་པ་དེ་ལ་ཉི་མ་འགའི་བསོད་སྙོམས་ཀྱང་སྦྱིན་མི་ནུས་པས་སོ། །དེས་སྨྲས་པ། མ་གལ་ཏེ་དེ་ལྟ་ན་གར་མཁན་གྱི་སློབ་དཔོན་དེ་བདག་གི་སྐྲ་ཀཱར་ཥཱ་པ་ཎ་སྟོང་གིས་ཉོ་བས་དེ་ཉིད་དུ་ཚོངས་ལ་འཕགས་པ་ཀ་ཏྱའི་བུ་ཆེན་པོ་ལ་བསོད་སྙོམས་ཕུལ་ཅིག །བདག་གི་སྐྲ་ནི་ཡང་སྐྱེ་བར་འགྱུར་གྱིས་མྱ་ངན་མ་མཛད་ཅིག །དེས་དེའི་ཚིག་དད་པ་ལས་བྱུང་བ་དེ་ཐོས་ནས། བུ་མོ་ལེགས་ཀྱིས་དེ་ལྟར་བྱའོ་ཞེས་སྨྲས་ཏེ། གར་མཁན་གྱི་སློབ་དཔོན་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། སློབ་དཔོན་ཁྱོད་ཀྱིས་ངའི་བུ་མོའི་སྐྲ་ཀཱར་ཥཱ་པ་ཎ་སྟོང་གིས་འཇལ་ན་དེ་སྣོམས་ལ་ཀཱར་ཥཱ་པ་ཎ་སྟོང་སྩོལ་ཅིག །དེས་སྨྲས་པ། སྲིང་མོ་དེའི་ཚེ་ནི་ཁོ་བོ་ལ་དེ་དག་དགོས་ཀྱི་ད་ནི་དེ་དག་མི་དགོས་མོད་ཀྱི་འོན་ཀྱང་ཀཱར་ཥཱ་པ་ཎ་ལྔ་བརྒྱར་འཚོང་ན་བླང་ངོ་། །དེས་སྨྲས་པ། སློབ་དཔོན་སྩོལ་ལ་འདི་དག་བཞེས་ཤིག །དེ་བླངས་སོ། །ཇི་ཙམ་ན་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ཡུལ་ཀ་ནྱཱ་ཀུབ་ཛར་ཕྱིན་ནས་དེ་དབེན་པ་བླ་གབ་མེད་པ་ཞིག་ཏུ་འདུག་གོ །དེ་ནས་བྲམ་ཟེ་མོ་དེ་རྟབས་པར་གོམ་པ་བསླང་སྟེ། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་གང་ན་བ་དེར་སོང་ནས་ཕྱིན་པ་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཀ་ཏྱའི་བུ་ཆེན་པོ་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། དེས་སྨྲས་པ། བྲམ་ཟེ་མོ་ངའི་འཁོར་སྐྱེ་བོ་ཕལ་པོ་ཆེའོ། །དེས་སྨྲས་པ། འཕགས་པ་འཁོར་ཇི་སྙེད་ཅིག་མཆིས། བྲམ་ཟེ་མོ་ངའི་འཁོར་ལྔ་བརྒྱ་ཡོད་དོ། །འཕགས་པ་ལེགས་ཏེ་དེ་བཞིན་བགྱི་ཡིས་གནང་བར་མཛོད་ཅིག །ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་བྲམ་ཟེ་མོ་དེ་ལ་ཅང་མི་ཟེར་བས་ཁས་བླངས་སོ། །དེ་ནས་བྲམ་ཟེ་མོ་དེ་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་ཅང་མི་ཟེར་བས་ཁས་བླངས་པར་རིག་ནས་རྐང་པ་ལ་ཕྱག་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་བྲམ་ཟེ་མོ་དེས་དེ་ཉིད་ཀྱི་ནུབ་མོ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་བཤམས་ཏེ་ནང་པར་སྔར་ལངས་ནས་སྟན་བཏིང་།


DKG010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ར་བཞག་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་སྤྱན་འདྲེན་གྱིས་འཕགས་པ་གདུགས་ཚོད་བཤམས་ལགས་ཏེ། འཕགས་པ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་དུས་གདབ་པར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས་ལྷུང་བཟེད་ཐོགས་ནས་དགེ་སློང་མང་པོས་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་བྲམ་ཟེ་མོ་དེའི་བཀད་ས་གང་ན་བ་དེར་སོང་ངོ་། །ཕྱིན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་སྟན་བཤམས་པ་ཉིད་ལ་འདུག་གོ །དེ་ནས་བྲམ་ཟེ་མོ་དེས་ཀ་ཏྱའི་བུ་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་དག་རང་གི་ལག་དར་ཏེ་ཡང་དག་པར་ཚིམ་པར་བྱེད། ཡང་དག་པར་སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གིས་ལག་དར་ཏེ་ཡང་དག་པར་ཚིམ་པར་བྱས་ཡང་དག་པར་བསྟབས་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་བཤོས་གསོལ་ནས་ལྷུང་བཟེད་གྱུ་ཕྱག་བཅབས་པར་རིག་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོའི་མདུན་དུ་ཆོས་མཉན་པའི་ཕྱིར་སྟན་ཆེས་དམའ་བ་ཞིག་བཏིང་ནས་འདུག་གོ །དེ་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་བྲམ་ཟེ་མོ་དེ་ལ་ཆོས་འཆད་པར་འདོད་ནས་བྲམ་ཟེ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་བུ་མོ་སྐྲ་ཅན་ག་རེ། དེས་སྨྲས་པ། འཕགས་པ་སྤྱོད་ལམ་ཉམས་ལགས་སོ། །དགྲ་བཅོམ་པ་རྣམས་ནི་མ་བསམས་པར་ཡེ་ཤེས་མཐོང་བ་མི་འཇུག་པས་དེས་བུ་མོ་སྐྲ་ཅན་གྱི་སྤྱོད་པ་བསམས་ནས་སྨྲས་པ། བྲམ་ཟེ་མོ་དགེ་བའི་བསམ་པ་ཅན་གྱི་བུ་མོ་དེ་བོས་ཤིག །དེས་བོས་པ་དང་། ཁང་པ་ནས་ཕྱུང་སྟེ་དད་པ་དྲག་པོས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོའི་རྐང་པ་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། བྲམ་ཟེ་མོ་དེས་སྨྲས་པ། འཕགས་པ་སྐྲ་ཅན་མ་འདི་སྡིག་པ་སྤངས་པས་ཁྱོད་ཀྱི་སྲས་མོ་ལགས་ཏེ། དེའི་སླད་དུ་ཇི་ལྟར་བགྱིས་ཀྱང་བདག་ཅག་གིས་ཁྱོད་ཁོ་ན་ལ་ཞུ་འཚལ་ན་འདི་བདག་ཅག་གིས་སུ་ལ་སྩལ་བར་བགྱི་གསུངས་ཤིག །དེས་སྨྲས་པ། བྲམ་ཟེ་མོས་ཆ་


DKG010_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ཞིག་དྲིས་ཏེ། དེ་ནི་རབ་ཏུ་བྱུང་བ་ལ་འཚམ་པ་མ་ཡིན་མོད་ཀྱི་འོན་ཀྱང་བུ་མོ་འདིས་གསང་བའི་རྒྱན་ལྔ་བརྒྱ་དང་། ཕྱི་རོལ་གྱི་རྒྱན་ལྔ་བརྒྱ་དང་། གྲོང་གི་མཆོག་ལྔ་བརྒྱ་རྙེད་པར་འགྱུར་རོ། །དེས་སྨྲས་པ། འཕགས་པ་བདག་ཅག་བྲམ་ཟེ་ནི་དབུལ་བ་ལགས་ན་བདག་ཅག་གིས་དེ་དག་ག་ལས་རྙེད། དེས་སྨྲས་པ། བྲམ་ཟེ་མོ་དེ་སྐད་མ་ཟེར་ཅིག །བུ་མོ་འདིས་ཞིང་བཟང་པོ་ལ་དད་པ་དྲག་པོས་བྱ་བ་བྱས་པས་བསོད་ནམས་ཀྱི་དབང་ཆེ་བར་གྲགས་པ་ཡིན་ཏེ། ངེས་པར་འདི་ལ་ཐམས་ཅད་འབྱོར་པར་འགྱུར་གྱིས་སྨྲེ་སྔགས་མ་འདོན་ཅིག་ཅེས་བྱས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ །ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་བྲམ་ཟེ་མོ་དེ་དང་བུ་མོ་དེ་ལ་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་ལེན་དུ་འཇུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྱེད་ཅིང་རྣམ་པ་དུ་མར་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་ལེན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ནས་རིམ་གྱིས་འཕགས་རྒྱལ་དུ་ཕྱིན་ཏོ། །དེ་གྲོང་ཁྱེར་དུ་ཞུགས་པའི་ཚེ་མོད་ལ་ཡམས་ཀྱི་ནད་ཕྱེད་ཞི་བར་གྱུར་པ་དང་། ཆབ་སྒོ་བས་རྒྱལ་པོ་ལ་སྦྲན་པ། ལྷ་སྔོན་མ་བྱུང་བའི་རྟགས་དང་ཆ་ལུགས་འཆང་བའི་དགེ་སྦྱོང་ཞིག་གཡོག་ལྔ་བརྒྱ་དང་མཆིས་ཏེ། དེ་མཆིས་པའི་མོད་ལ་ཡམས་ཀྱི་ནད་ཕྱེད་ཞི་བར་གྱུར་ཏོ། །རྒྱལ་པོས་སྨྲས་པ། ཀྱེ་སྐྱེས་བུ་ལེགས་ཀྱིས་དེ་ལ་བཀུར་སྟི་གྱིས་ཤིག །བྲམ་ཟེ་རྣམས་ཀྱིས་སྨྲས་པ། ལྷ་བདག་ཅག་གིས་ཉིན་མཚན་དུ་ཞི་བའི་ལས་ལ་བརྩོན་པར་བགྱིས་པས་ན་བདག་ཅག་གི་མཐུས་ཡམས་ཀྱི་ནད་ཕྱེད་ཞི་བར་གྱུར་ཏེ་དགུང་རིང་པོ་མི་ཐོགས་པར་ཐམས་ཅད་ཡོང་ཡེ་ཞི་བར་བགྱིའོ། །དགེ་སློང་དག་གིས་ནི་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ནད་མེད་པར་གྱུར་ཅིག་ཅེས་སྨྲས་ནས་ཅང་མི་ཟེར་བར་དོང་ངོ་། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཆབ་སྒོ་བ་ནི་ལྷ་སྔོན་མ་བྱུང་བའི་རྟགས་དང་ཆ་ལུགས་འཆང་བའི་དགེ་སྦྱོང་ཞིག་འཁོར་ལྔ་བརྒྱ་དང་འདིར་མཆིས་ཏེ། དེ་མཆིས་པའི་མོད་ཉིད་ལ་ཡམས་


DKG010_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནད་ཕྱེད་ཞི་བར་གྱུར་ཏོ་ཞེས་ཟེར། བྲམ་ཟེ་རྣམས་ནི་ལྷ་བདག་ཅག་གིས་གདུགས་མཚན་དུ་ཞི་བའི་ལས་ལ་བརྩོན་པར་བགྱིས་པས་བདག་ཅག་གིས་མཐུས་ཡམས་ཀྱི་ནད་ཕྱེད་ཞི་བར་གྱུར་ཏོ་ཞེས་ཟེར་ཏེ་དེ་གང་གི་མཐུ་ཡིན་པ་མི་ཤེས་ན། དེང་ལ་དགེ་སྦྱོང་དང་བྲམ་ཟེ་དེ་དག་གླང་པོ་ཆེའི་བྲེས་ཀྱི་མི་གཙང་བའི་ཕྱོགས་ཤིག་ཏུ་འབྲས་ཆན་ངན་པ་དང་། རྩབས་དག་གི་ཟས་བྱིན་ལ་ཟོས་ནས་ཕྱིར་བྱུང་བ་དང་གཉི་ག་ལ་ཟན་ཅི་འདྲ་བ་ཞིག་དྲིས་ཤིག །ལྷ་དེ་ལྟར་འཚལ་ལོ་ཞེས་སྨྲས་ནས། བློན་པོ་རྣམས་ཀྱིས་བསྒོ་བ་བཞིན་དུ་གླང་པོ་ཆེའི་བྲེས་ཀྱི་མི་གཙང་བའི་ཕྱོགས་ཤིག་ཏུ་སྟན་བཏིང་ནས་དགེ་སྦྱོང་དང་བྲམ་ཟེ་དག་ལ་ཟན་བྱིན་ཏེ་ཟོས་ཟིན་ནས་ཕྱིར་བྱུང་བ་དང་། བྲམ་ཟེ་རྣམས་ལ་སྒོ་བས་ཀྱེ་བྲམ་ཟེ་ཆེན་པོ་དག་ལྷས་ཁྱེད་ཅག་ཅི་འདྲ་བའི་ཁ་ཟས་ཀྱིས་ཚིམ་པར་བྱས་ཞེས་དྲིས་པ་དང་། དེ་དག་ཁྲོས་ཏེ་སྨྲས་པ། བྱེད་སྟངས་དང་རྒྱལ་པོ་ཐམས་ཅད་ཆོས་མ་ཡིན་པ་ལ་གཞོལ་བ་ཞིག་སྟེ། དེས་བྲམ་ཟེ་རྣམས་ལ་འབྲས་ཆན་མི་གཙང་བ་དང་། སྲན་ཚོད་ཡན་ལག་གཉིས་པ་དང་། རྩབ་མོ་བྱིན་ཏེ་ཚིམ་པར་བྱས་མོད་ཅེས་བྱས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ །དེ་དག་དོང་ནས་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་ཁྱེད་ལྷས་ཅི་འདྲ་བའི་ཁ་ཟས་ཀྱིས་ཚིམ་པར་བྱས། དེ་དག་གིས་སྨྲས་པ། བཞིན་བཟངས་སྦྱིན་པ་པོས་ནི་བྱིན། ལེན་པ་པོ་རྣམས་ཀྱིས་ནི་ཟོས་ཏེ། འབྱུང་བ་ཆེན་པོ་རྣམས་ཚིམ་པར་བྱས་ཤིང་ཉིན་ཞག་གི་རྒྱགས་བླངས་སོ། །སྒོ་བས་རྒྱལ་པོ་ལ་སྨྲས་པ། ལྷ་བྲམ་ཟེ་རྣམས་ནི་འདི་སྐད་མཆིའོ། །དགེ་སློང་རྣམས་ནི་འདི་སྐད་མཆིའོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་ད་ནི་གཉི་ག་གླང་པོ་ཆེའི་བྲེས་མ་ཡིན་པའི་གཙང་མའི་ཕྱོགས་ཤིག་ཏུ་ཁ་ཟས་བསོད་པ་དག་བྱིན་ལ་དེ་བཞིན་དུ་དྲིས་ཤིག །དེ་དག་གིས་གླང་པོ་ཆེའི་བྲེས་མ་ཡིན་པའི་གཙང་མའི་ཕྱོགས་ཤིག་ཏུ་སྟན་བཤམས་ཏེ་ཁ་ཟས་བསོད་པས་ཚིམ་པར་བྱས་ན་དེ་བཞིན་དུ་སྒོ་བས་དྲིས་པ་དང་། བྲམ་ཟེ་རྣམས་ཀྱིས་སྨྲས་པ། བྱེད་སྟངས་དང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞིག་སྟེ་ཟས་ཅི་


DKG010_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་བྱིན་ནས་ཚིམ་པར་བྱས་སོ། །དེས་བྲམ་ཟེ་དག་རྒྱལ་པོའི་ཕོ་བྲང་འདི་ནི་སྐོ་ཤམ་པའི་ཁ་ན་ལས་པས་རེས་འགའ་ནི་ངན་པར་གྱུར། རེས་འགའ་ནི་བཟང་པོར་གྱུར་གྱིས་ང་མ་འཕྱ་ཤིག་ཅེས་སྨྲས་པ་དང་། དེ་དག་ཅང་མི་ཟེར་བར་འདུག་གོ །དེ་དག་དོང་ནས་དགེ་སློང་དག་ལ་དྲིས་པ་དང་། དེ་དག་གིས་སྔ་མ་བཞིན་དུ་སྨྲས་སོ། །སྒོ་བས་རྒྱལ་པོ་ལ་དེ་བཞིན་དུ་སྨྲས་སོ། །གླང་པོ་ཆེའི་བྲེས་ཇི་ལྟ་བ་དེ་བཞིན་དུ་རྟའི་བྲེས་དང་། ཕྱག་དར་ཁྲོད་དང་། ས་ཕྱོགས་གཙང་མར་ངན་པ་དང་བསོད་པ་དག་སྦྱར་བར་བྱས་སོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་བསམས་པ། དགེ་སློང་དག་སྦྱིན་གནས་ཡིན་གྱི་བྲམ་ཟེ་དག་ནི་མ་ཡིན་ནོ་སྙམ་དུ་རིག་ནས་དད་པ་སྐྱེས་ཏེ་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་ལེན་དུ་འཇུག་ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་བྱེད་ཅིང་རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་ལེན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་མི་སྨྲ་བར་འདུག་གོ །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་འདི་སྐད་ཅེས་འཕགས་པ་ཀ་ཏྱའི་བུ་ཆེན་པོ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྨྲས་པ་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཅང་མི་ཟེར་བས་གནང་ངོ་། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་ཅང་མི་སྨྲ་བས་གནང་བར་རིག་པས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་ངོ་། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་དེ་ཉིད་


DKG010_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནུབ་མོ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་བཤམས་ཏེ། ནང་པར་སྔར་ལངས་ནས་གདན་བཏིང་ཆུ་ར་བཞག་སྟེ། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་སྤྱན་འདྲེན་པས་འཕགས་པ་ཀ་ཏྱའི་བུ་ཆེན་པོ་གདུགས་ཚོ་དེ་བཤམས་ལགས་ཏེ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་དུས་ཚོད་གདས་པར་བྱས་སོ། །ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་སྔ་དྲོ་ཆོས་གོས་དང་ཤམ་ཐམས་བགོས་ལྷུང་བཟེད་ཐོགས་ཏེ་དགེ་སློང་གི་ཚོགས་ཀྱིས་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་རྒྱལ་པོ་གཏུམ་པོ་རབ་སྣང་གི་བཀད་ས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། དགེ་སློང་གི་དགེ་འདུན་གྱི་གུང་ལ་སྟན་བཤམས་པ་ཉིད་ལ་འདུག་པ་དང་། དེ་ཡང་འདུག་སྟེ་རོལ་མོའི་སྒྲ་ཕྱུང་ནས་བྲོ་གར་མཁན་རྣམས་ཀྱིས་བྲོ་གར་རྣམ་པ་དུ་མ་དག་བྱ་བར་བརྩམས་པ་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་དང་དགེ་སློང་དག་དབང་པོ་བསྡམས་ཏེ་འཁོད་དོ། །གླུ་གར་དང་རོལ་མོའི་སྒྲ་དེ་དག་ཞི་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་འཕགས་པ་ཅི་གར་བཟང་ལགས་སམ། གླུ་སྙན་ལགས་སམ་ཞེས་སྨྲས་པ་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་སྨྲས་པ། རྒྱལ་པོ་ཆེན་པོ་གང་གིས་ཐོས་པའམ་མཐོང་བ་དག་ལའོ། །དེས་སྨྲས་པ། འཕགས་པ་དབང་པོ་ནང་དུ་བསྡུས་པ་རྣམས་ཀྱིས་མ་གཟིགས་སུ་ནི་སྩོལ་ན་ཇི་ལྟར་མ་གསན། དེས་སྨྲས་པ། ལྷ་ཁྱོད་ལ་མི་གསད་པ་ལ་ཐུག་པ་འགའ་ཡོད་དམ། འཕགས་པ་མཆིས་ན་དེ་ཅིར་འཚལ། ལྷ་སྐྱེས་བུ་དེའི་ལག་ཏུ་སྣོད་ཏིལ་མར་གྱིས་ཁོང་སྟེ་བསྐུར་ལ་ཕྱི་བཞིན་གཤེད་མའི་མི་ཐོང་སྟེ་དེ་ལ་འདི་སྐད་ཅེས་ཀྱི་མི་ཁྱོད་ཚུར་ཤོག །སྣོད་འབྲུ་མར་གྱིས་ཁང་ཆང་དུ་གང་བ། བྱ་རོག་གིས་བཏུང་དུ་རུང་བ་འདི་ཁྱེར་ལ་ལྗོངས་བཟང་པོ་ཐམས་ཅད་སྐོར་ལ་འདིར་ཁྱེར་ཏེ་ཤོག་ཤིག །ཇི་སྟེ་ཏིལ་མར་ཐིགས་པ་གཅིག་ས་ལ་བོ་ན་མི་རལ་གྲི་གདེངས་པ་འདིས་ཁྱོད་ཀྱི་མགོ་དྲུངས་ནས་བཅད་དེ་ས་ལ་འདོར་དུ་གཞུག་གོ་ཞེས་བསྒོ་ལ། དེའི་མདུན་དུ་རོལ་མོའི་སྒྲ་སྣ་ཚོགས་ཕྱུང་སྟེ་བྲོ་གར་རྣམ་པ་སྣ་ཚོགས་བྱེད་དུ་ཆུག་ཤིག་དང་། དེ་ནས་ཁྱོད་ཡིད་ཆེས་པར་འགྱུར་རོ་ཞེས་སྨྲས་སོ། །རྒྱལ་པོ་གཏུམ་པོ་རབ་སྣང་དེས་ཇི་སྐད་བསྟན་པ་ཐམས་ཅད་རིམ་གྱིས་བྱས་ནས་མི་དེ་ལ་ཀྱེ་སྐྱེས་བུ་ཅི་གར་


DKG010_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངམ། གླུ་སྙན་པ་བླངས་སམ། རོལ་མོའི་སྒྲ་སྙན་ཏམ་ཞེས་དྲིས་པ་དང་། དེས་སྨྲས་པ། ལྷ་གང་གིས་མཐོང་བའམ། ཐོས་པ་དག་ལའོ། །རྒྱལ་པོས་སྨྲས་པ། ཀྭའེ་སྐྱེས་བུ་དབང་པོ་ནང་དུ་བསྡུས་པ་དག་གིས་མ་མཐོང་དུ་ནི་ཆུག་ན། ཇི་ལྟར་མ་ཐོས། དེས་ལྷ་བདག་འདི་སྙམ་དུ་གལ་ཏེ་བདག་གིས་འབྲུ་མར་གྱི་སྣོད་འདི་ལས་འབྲུ་མར་ཐིགས་པ་གཅིག་ས་ལ་བོ་ན་ཡང་གཤེད་མ་མི་རལ་གྲི་གདེངས་པ་འདིས་བདག་གི་མགོ་དྲུངས་ནས་བཅད་ནས་ས་ལ་བོར་རོ་སྙམ་སྟེ་བདག་འཆི་བས་འཇིགས་སྐྲག་ནས་འབྲུ་མར་གྱི་སྣོད་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ལྟ་བས་ཉམ་ཐག་སྟེ་འདིར་མཆིས་ན་ཇི་ལྟར་མཐོང་ངམ་ཐོས་ཞེས་སྨྲས་པ་དང་། རྒྱལ་པོ་སྤོབས་པ་མེད་ནས་ཅང་མི་ཟེར་བར་འདུག་གོ །ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་སྨྲས་པ། ལྷ་ཁྱོད་ཀྱིས་མཐོང་ངམ། འཕགས་པ་མཐོང་ལགས་སོ། །ལྷ་རེ་ཞིག་མི་འདི་ཚེ་གཅིག་གི་སྡུག་བསྔལ་གྱི་ཕྱིར་བདག་ཉིད་མི་གཡེང་བ་དང་། བག་ཡོད་པར་ཀུན་ཏུ་སྲུང་བར་བགྱིད་ན། བདག་ཅག་དགེ་སློང་རོལ་མོའི་སྒྲ་ལ་ལྟ་བ་དང་། ཉན་པ་སྤོང་བ་བླངས་ཏེ། བསླབ་པ་བཟུང་བ་དག་ཚེ་རབས་དུ་མའི་སྡུག་བསྔལ་གྱི་རྒྱུ་གར་དང་། གླུ་དང་། རོལ་མོའི་སྒྲ་ལ་ལྟ་བའམ་ཉན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་ནི་གནས་མེད་དོ། །རྒྱལ་པོ་གཏུམ་པོ་རབ་སྣང་འབྲུ་མར་གྱི་སྣོད་མཐོང་བས་ཡིད་ཆེས་ཏེ་ལྷག་པར་དད་ནས་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་བཅས་པས་ཀ་ཏྱའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པ་ལ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་དར་ཏེ་ཡང་དག་པར་ཚིམ་པར་བྱེད། ཡང་དག་པར་སྟོབས་པར་བྱེད་ཅིང་རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་དར་ཏེ་ཡང་དག་པར་ཚིམ་པར་བྱས། ཡང་དག་པར་བསྟབས་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོས་གདུགས་ཚོད་གསོལ་ནས་ལྷུང་བཟེད་གྱུ་ཕྱག་བཅབས་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོའི་མདུན་དུ་འདུག་གོ །འདུག་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་འདི་སྐད་ཅེས་


DKG010_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་སོ། །འཕགས་པ་ཇི་ལྟར་བདག་གིས་བགྱིས་པ་དེ་ལྟར་འཁོར་ལྔ་བརྒྱ་ལ་བསོད་པའི་ཞལ་ཟས་ཀྱིས་ཚིམ་པར་བགྱིས་པ་གཞན་འགའ་མཆིས་སམ། དེས་སྨྲས་པ། ལྷས་བདག་དུ་མ་བས་ཁྱད་ཞུགས་པ་ཁྱོད་ཀྱིས་བདག་འཁོར་ལྔ་བརྒྱ་དང་བསོད་པའི་ཁ་ཟས་འདི་ལྟ་བུས་ཚིམ་པར་བྱས་པ་གང་ཡིན་པ་འདི་ལ་ངོ་མཚར་ཅི་ཞིག་ཆེ། བདག་འདིར་འོངས་པའི་ཚེ་རི་འོར་ན་གནས་པའི་བུ་མོ་ཞིག་གིས་བདག་ཉིད་ཀྱི་སྐྲ་བཙོངས་ནས་འཁོར་ལྔ་བརྒྱ་དང་ཁ་ཟས་བསོད་པ་འདི་ལྟ་བུས་ཚིམ་པར་བྱས་པ་ནི་འདི་བས་ཆེས་ཁྱད་ཞུགས་པར་ངོ་མཚར་ཆེའོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་བསམས་པ། བུ་མོ་གང་ཞིག་གིས་སྐྲ་ཀཱར་ཥཱ་པ་ཎ་ལྔ་བརྒྱར་ལྡོམ་པ་དེ་ལྟ་བུའི་བུད་མེད་ནི་ལྷ་དག་གི་ནང་ན་ཡང་ག་ལ་ཡོད། མདོར་ན་དེ་བཙལ་བར་བྱའོ་སྙམ་ན་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ནི་བསྙེན་པར་དཀའ་བ་ཡིན་པས་དེས་དེ་ལ་བུ་མོ་དེ་རི་འོར་གང་ན་འདུག་ཅེས་དྲི་བར་མ་ནུས་ཏེ། དེས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ཀ་ཏྱའི་བུ་ཆེན་པོ་ལམ་གང་ནས་འོངས་པ་དེ་ནས་དེང་ལ་རི་འོར་གང་ན་བུ་མོ་ཞིག་གིས་སྐྲ་བཙོངས་ནས་འཕགས་པ་ཀ་ཏྱའི་བུ་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་པ་ལ་བཤོས་གསོལ་བ་ཚོལ་ལ་བཙལ་ནས་དེ་ངའི་དོན་དུ་སློངས་ཤིག །ལྷ་དེ་ལྟར་འཚལ་ལོ་ཞེས་ཞོ་ཤས་འཚོ་བ་རྣམས་ཀྱིས་རྒྱལ་པོ་གཏུམ་པོ་རབ་སྣང་གི་ལྟར་མཉན་ཏེ་རིམ་གྱིས་ཚོལ་བ་ན་ཀ་ནྱཱ་ཀུབ་ཛར་ཕྱིན་ཏེ་དེ་དག་གིས་དེ་བཙལ་ལོ། །བཙལ་ནས་ལམ་གྱིས་དུབ་པ་ངལ་བསོ་སྟེ། བྲམ་ཟེ་མོ་དེའི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། སྒོ་ཁང་དུ་འཁོད་ནས་སྨྲས་པ། བཀྲ་ཤིས་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག །བྲམ་ཟེ་མོ་དེས་སྨྲས་པ། ཤེས་ལྡན་དག་ཅི་འདོད། དེ་དག་གིས་སྨྲས་པ། བུ་མོ་སྐྲ་ཅན་མའོ། །བྲམ་ཟེ་མོས་སྨྲས་པ། སུའི་དོན་དུ་སློང་དེ་དག་གིས་སྨྲས་པ། བྲམ་ཟེ་མོ་རྒྱལ་པོ་གཏུམ་པོ་རབ་སྣང་གིའོ། །དེས་སྨྲས་པ། ཤེས་ལྡན་དག་ལེགས་མོད་ཀྱི་འོན་ཀྱང་འདི་ལ་གཉོད་མང་དུ་དགོས་སོ། །དེ་དག་གིས་སྨྲས་པ། སྲིང་མོ་ཇི་ཙམ་ཞིག་དགོས། དེས་སྨྲས་པ། གསང་བའི་རྒྱན་ལྔ་བརྒྱ་དང་། ཕྱི་རོལ་གྱི་


DKG010_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལྔ་བརྒྱ་དང་། གྲོང་ཁྱེར་མཆོག་ལྔའོ། །དེ་དག་གིས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ལྷ་བུ་མོ་གཉོད་འདི་སྙེད་ཅིག་གིས་ཁུགས་སོ་ཞེས་དོན་དེ་སྤྲིང་བ་དང་། རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཕྱིར་སྤྲིང་བ། ཤེས་ལྡན་དག་བུ་མོ་གཉོད་ཇི་ཙམ་གྱིས་ཁུགས་པ་ནོས་ཤིག་ཐམས་ཅད་སྦྱར་རོ། །དེ་དག་གིས་བླངས་ནས་རྒྱལ་པོས་ཉི་མ་དང་། ཚེས་གྲངས་དང་། ཡུད་ཙམ་དང་སྦྱར་ཏེ་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་སོ། །གང་གི་ཉིན་པར་འཕགས་རྒྱལ་དུ་ཕྱིན་པ་དེ་ཉིད་ཀྱི་ཉིན་པར་ཡུལ་འཕགས་རྒྱལ་དུ་མི་ངས་ཐམས་ཅད་ཀྱི་ཐམས་ཅད་དུ་ཉེ་བར་ཞི་ཞིང་ཞི་བར་གྱུར་ནས་དེའི་མིང་ཞི་བ་ཞེས་བྱ་བར་ཆགས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་དྲུག་པ། སྡོམ་ནི། སྐྱེ་དང་འཚོ་བྱེད་ཀ་ཏྱའི་བུ། །ཞི་དང་ཚོང་དཔོན་གཡུལ་དང་ནི། །མདུན་ན་འདོན་དང་སྒྲོལ་མ་དང་། །པི་བང་ལེན་དང་སྐྲ་བྲེགས་དང་། །རུས་པའི་ཀེང་རུས་གཏོགས་པར་ནི། །དེ་ནི་ཚོམས་སུ་ཡང་དག་བསྡུས། །དེའི་ཚེ་འཕགས་རྒྱལ་ན་ཚོང་དཔོན་གྱི་བུ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། ། དེས་དུས་ཅུང་ཟད་ཅིག་རྩེས་དགའ་བར་བྱས། དགའ་མགུར་སྤྱད་ནས་ཟོང་ཁྱེར་ཏེ་ཡུལ་གཞན་དུ་སོང་ངོ་། །དེའི་ཆུང་མ་ཞིམ་པོ་དང་བཟང་པོ་ཟོས་ཤིང་གྱོན་པས་ཉོན་མོངས་པས་ཤིན་ཏུ་གཟིར་ཏེ། དེ་ཉིན་གཅིག་བཞིན་དུ་ཁང་ཐོག་ཏུ་སོང་ནས་ཐམས་ཅད་དུ་སྐྱེས་པ་ལ་ལྟའོ། །ཇི་ཙམ་དུ་དུས་གཞན་ཞིག་ན་རྒྱལ་པོ་གཏུམ་པོ་རབ་སྣང་གླང་པོ་ཆེ་ལ་ཞོན་ཏེ་དེའི་ཁྱིམ་དང་ཉེ་བ་ཞིག་ཏུ་སོང་བ་དང་། དེས་དེ་ལ་མེ་ཏོག་གི་ཕྲེང་བ་འཕོངས་པ་དེ་རྒྱལ་པོ་གཏུམ་པོ་རབ་སྣང་གི་ཕྲག་པ་ལ་ཕོག་གོ །དེས་གྱེན་དུ་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་ན་ཚོད་གཞོན་ནུ་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་གྱིས་བདག་ཉིད་ཤིན་ཏུ་མཛེས་པ་རློམ་པ། འདོད་པས་ཐེབས་པའི་སྤྱོད་པས་ཟུར་སྟེགས་སུ་མིག་ཟུར་གྱིས་ལྟ་བ་དེ་མཐོང་ངོ་། །མཐོང་ནས་ཀྱང་དེ་ལ་སེམས་ཀྱི་བསམ་པ་འཆུམས་པར་གྱུར་ཏེ།


DKG010_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ཕྱིར་བྱུང་ཤིག །དེས་སྨྲས་པ། ལྷ་མཆིད་གཡར་ཚས་འདི་ཉིད་དུ་སྤྱོན་ཅིག། དེ་ཡང་དེ་ལ་ཆགས་པས་ལྡོག་མ་ནུས་ཏེ། དེ་གླང་པོ་ཆེ་ལས་བབས་ནས་དེའི་ཁྱིམ་དུ་ཞུགས་ཏེ་དེ་དང་ལྷན་ཅིག་དགའ་མགུར་སྤྱད་པས་སེམས་ཅན་ཞུགས་པར་གྱུར་ཏོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པ་ཤེས་ཤིང་མ་ཆགས་པ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་དང་ལྡན་པ་ཤེས་པ་དང་། མངལ་དུ་ཞུགས་པ་ཤེས་པ་དང་། གང་ལས་མངལ་དུ་ཞུགས་པ་ཤེས་པ་དང་། ཁྱེའུར་ཤེས་ཤིང་བུ་མོར་ཤེས་པ་ཡིན་ནོ། །དེས་རྒྱལ་པོ་ལ་ལྷ་བདག་ནི་སེམས་ཅན་དང་ལྡན་པར་གྱུར་ཏོ་ཞེས་ཇི་ལྟར་གྱུར་པ་སྨྲས་པ་དང་། རྒྱལ་པོས་དེ་ལ་མུ་ཏིག་གི་སེ་མོ་དོ་ཞིག་བྱིན་ཏེ་སྨྲས་པ། གལ་ཏེ་ཁྱོད་ལས་བུ་ཁྱེའུ་ཞིག་བྱུང་ན་དེ་ལ་མུ་ཏིག་གི་སེ་མོ་དོ་འདི་བྱིན་ལ་ངའི་དྲུང་དུ་ཐོང་ཤིག །འོན་ཏེ་བུ་མོ་ན་ཁྱོད་ཉིད་ཀྱི་ཡིན་ནོ་ཞེས་སྨྲས་ཏེ་སོང་ངོ་། །དེ་ལ་མངལ་གྱི་མཚན་མ་བྱུང་བར་གྱུར་པ་ན་ཚོང་དཔོན་དེས་ཡི་གེ་སྤྲིང་སྟེ། བདག་ཀྱང་བདེ་བར་འོང་གིས་མི་དགའ་བར་མ་བྱེད་པར་བག་རྟོན་ཅིག་ཅེས་བྱས་པ་དང་། དེས་ཐོས་ནས་སྐྲག་སྟེ་དེས་རྒྱལ་པོ་ལ་གསོལ་པ་དང་། ལྷ་བདག་གི་ཁྱིམ་ཐབ་དེ་ཉེ་བ་ཞིག་ཏུ་མཆིས་ན་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། རྒྱལ་པོས་དེ་ལ་སྤྲིང་བ། ཁྱོད་མི་དགའ་བར་མ་བྱེད་པར་བག་རྟོན་ཅིག་དང་། ངས་ཇི་ལྟར་དེ་ཐག་རིང་བར་འགྲོ་བ་དེ་ལྟར་བྱའོ་ཞེས་སྤྲིང་ནས་དེ་ཅང་མི་ཟེར་བར་འདུག་གོ །རྒྱལ་པོས་དེ་ལ་ནོར་འདི་ལྟ་བུ་ཞིག་ང་ལ་དགོས་ཀྱིས་དེ་མ་རྙེད་པར་མ་འོང་ཤིག་ཅེས་སྤྲིང་བ་དང་། དེ་དག་ཚོལ་དུ་ལམ་རིང་པོ་ཤིག་ཏུ་སོང་ངོ་། །དེ་ཡང་ཟླ་བ་དགུ་འདས་ནས་ཁྱེའུ་གཟུགས་བཟང་ཞིང་མཛེས་པ་དང་བལྟ་ན་སྡུག་པ་ཞིག་བཙས་པ་དང་། དེས་མར་དང་སྦྲང་རྩིས་ཁ་བཀང་སྟེ་སྒྲོམ་གྱི་ནང་དུ་ཤིང་བལ་བཏིང་ནས་དེའི་ཐོག་ཏུ་བཞག་སྟེ། སྟེང་ནས་གོས་དཀར་པོས་གཡོགས་ནས་དེའི་ཐོག་ཏུ་མུ་ཏིག་གི་སེ་མོ་དོ་བཞག་སྟེ་ཁ་བཅད་


DKG010_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྒྲོམ་དེ་ལ་རྒྱ་སྐྱེགས་ལ་རྒྱ་བཏབ་སྟེ་བྲན་མོ་ལ་བྲན་མོ་ཁྱོད་སྒྲོམ་འདི་ཁྱེར་ཏེ་སོང་ལ། རྒྱལ་པོའི་ཁབ་ཀྱི་སྒོར་དཀྱིལ་འཁོར་གྱིས་ལ་མར་མེ་བུས་ཏེ་ཞོག་ཤིག །བཞག་ནས་ནམ་སུས་བླངས་ཀྱི་བར་དུ་ཕྱོགས་གཅིག་ཏུ་འཁོད་ཅིག་ཅེས་བསྒོ་བ་དང་། དེས་དེ་བཞིན་དུ་བྱས་སོ། །ཇི་ཙམ་ཞིག་ན་བ་ལང་ལམ་དེ་ནས་འགྲོ་བ་དག་གིས་སྒྲོམ་དེ་བསྐོར་ཏེ་འཁོད་དོ། ། རེ་ཞིག་ཅིག་ན་རྒྱལ་པོ་གཏུམ་པོ་རབ་སྣང་བཙུན་མོ་ཞི་བ་དང་ལྷན་ཅིག་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ་འདུག་པ་དེས་དེ་བསྐོར་ཏེ་འདུག་པའི་བ་ལང་དེ་དག་མཐོང་སྟེ་དེས་ཞོ་ཤས་འཚོ་བ་རྣམས་ལ་བཀའ་སྩལ་པ། ཤེས་ལྡན་དག་བ་ལང་གིས་བསྐོར་ཅིང་འདུག་པ་དེ་ཅི་ཡིན་ལྟོས་ཤིག །དེ་དག་གིས་མཐོང་ནས་སྨྲས་པ། ལྷ་སྒྲོམ་རྒྱ་སྐྱེགས་ལ་རྒྱ་བཏབ་པ་ཞིག་མཆིས་སོ། །རྒྱལ་པོས་སྨྲས་པ། ཁྱེར་ཏེ་ཤོག་ཤིག །བཙུན་མོ་ཞི་བས་ལྷ་སྒྲོམ་དེའི་ནང་ན་རྫས་ཅི་མཆིས་པ་དེ་བདག་ལ་སྩོལ་ཅིག་ཅེས་གསོལ་པ་དང་། རྒྱལ་པོས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་བྱའོ། །ཇི་ཙམ་ན་སྒྲོམ་དེ་རྒྱལ་པོའི་ཐད་དུ་བླངས་ནས་རྒྱལ་པོས་ཁ་ཕྱེ་སྟེ་བལྟས་ན་རེ་ཞིག་ན་མུ་ཏིག་གི་སེ་མོ་དོ་དང་བུ་ཞིག་མཐོང་སྟེ། དེས་མུ་ཏིག་གི་སེ་མོ་དོ་ངོ་ཤེས་ནས་དེ་འདི་ནི་བདག་གི་བུ་ཡིན་ནོ་སྙམ་པའི་སེམས་སྐྱེས་ནས། དེས་དེ་ཞི་བ་ལ་འདི་ནི་ཁྱོད་ཀྱི་བུའོ་ཞེས་གཏད་དོ། །དེས་སྨྲས་པ། ལྷ་ཁྱེའུ་འདིའི་མིང་ཇི་སྐད་དུ་གདགས། དེས་སྨྲས་པ། ཁྱེའུ་འདི་བ་ལང་དག་གིས་བསྐྱངས་པས་དེའི་ཕྱིར་འདིའི་མིང་བ་ལང་སྐྱོང་དུ་གདགས་སོ་ཞེས་དེའི་མིང་བ་ལང་སྐྱོང་ཞེས་བྱ་བར་བཏགས་སོ། །དེ་ནས་བཙུན་མོ་ཞི་བས་དེ་བསྐྱེད་པས་ན་དེའི་མིང་ཡང་བ་ལང་སྐྱོང་གི་མ་ཞེས་བྱ་བར་ཆགས་སོ། །དེའི་ཚེ་ཡུལ་རྡོ་འཇོག་ན་རྒྱལ་པོ་པད་མའི་སྙིང་པོ་ཅན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། འབྱོར་པ་ཞེས་བྱ་བ་ནས་ཆོས་དང་མཐུན་པས་རྒྱལ་སྲིད་བྱེད་དུ་འཇུག་གོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེའི་ཡུལ་ན་དུས་བཞིན་དུ་ཆར་བབ་པས་ཤིང་རྣམས་ཀྱི་མེ་ཏོག་དང་། འབྲས་བུ་ཡང་རྟག་ཏུ་ཆགས། ས་ལ་ལོ་ཡང་ལེགས་ཏེ་སློང་མོ་བས་ཀྱང་ཟས་རྙེད་སླའོ། །ཇི་ཙམ་དུ་དུས་


DKG010_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་ན་རྒྱལ་པོ་པད་མའི་སྙིང་པོ་ཅན་ཁང་བཟངས་ཀྱི་ཐོག་ཏུ་སོང་སྟེ་བློན་པོའི་ཚོགས་ཀྱིས་བསྐོར་ཅིང་འདུག་པ་དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་གཞན་གང་གི་ཡུལ་ན་ཡང་འདི་ལྟར་ཆར་དུས་བཞིན་དུ་འབབ་ཅིང་ཤིང་ལས་མེ་ཏོག་དང་འབྲས་བུ་རྟག་ཏུ་འཆགས་པ་དང་། ས་ལ་ལོ་ལེགས་ཤིང་སློང་མོ་བས་ཀྱང་ཟས་རྟག་ཏུ་རྙེད་སླ་བ་ཡོད་དམ། དེ་དག་གིས་སྨྲས་པ། ལྷ་མཆིས་ཏེ་རྒྱལ་པོ་གཏུམ་པོ་རབ་སྣང་གི་ཡུལ་འཕགས་རྒྱལ་ཞེས་བགྱི་བ་ན་ཆར་དུས་བཞིན་དུ་འབབ་ཅིང་ཤིང་ལས་མེ་ཏོག་དང་འབྲས་བུ་ཡང་རྟག་ཏུ་འཆགས། ས་ལ་ལོ་ལེགས་པས་སློང་མོ་བས་ཀྱང་རྟག་ཏུ་ཟས་རྙེད་སླའོ་ཞེས་གདའོ། །དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་སྐོན་ཅིག་དང་དེའི་ཡུལ་འཁོར་གཞོམ་པར་བྱས་འདོང་ངོ། །དེ་དག་གིས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་རྒྱལ་པོ་པད་མའི་སྙིང་པོ་ཅན་དཔུང་གི་ཚོགས་ཡན་ལག་བཞི་པ་དང་། ཡུལ་འཕགས་རྒྱལ་དུ་དོང་སྟེ་རིམ་གྱིས་རྒྱལ་པོ་གཏུམ་པོ་རབ་སྣང་གི་ཡུལ་དུ་ཕྱིན་ཏོ། །དེས་དེ་དག་གཞོམ་པར་བརྩམས་པ་ན། ཡུལ་དེ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ལྷ་རྒྱལ་པོ་པད་མའི་སྙིང་པོ་ཅན་ཞེས་བགྱི་བ་དཔུང་གི་ཚོགས་ཆེན་པོ་བསྡུས་ནས་ལྷའི་ཡུལ་འཇོམས་སུ་མཆིས་སོ་ཞེས་སྦྲན་པ་ཐོས་པ་དང་། དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་རྒྱལ་པོ་པད་མའི་སྙིང་པོ་ཅན་དང་གཡུལ་འགྱེད་པའི་ཕྱིར་སྤགས་སོ། །དེ་ན་རྒྱལ་པོ་པད་མའི་སྙིང་པོ་ཅན་གྱིས་རྒྱལ་པོ་གཏུམ་པོ་རབ་སྣང་གི་གླང་པོ་ཆེའི་ཚོགས་ཐམས་ཅད་ཀྱང་ཕྲོགས། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཀྱང་ཕྲོགས་ཏེ་རྒྱལ་པོ་གཏུམ་པོ་རབ་སྣང་བཅོམ་བཏགས་བྱིན་བསྒྲལ་ཕམ་པར་བྱས་ཏེ། གཡུལ་བཟློག་པ་ན་ཕན་ཚུན་ཀུན་ཏུ་བྱེར་བ་ལས་བློན་པོ་དང་སྐྱེ་བོའི་ཚོགས་གཞན་རྣམས་ནི་འཕགས་རྒྱལ་དུ་ཞུགས་ནས་ར་བའི་ཁར་སྦྲེངས་ཏེ་འདུག་གོ །


DKG010_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ནི་རྐྱ་གཅིག་པོར་རི་འོར་ཞིག་ཏུ་ཕྱིན་པ་དང་། རི་འོར་དེ་ན་ཞིང་པ་སྣམས་བྱེད་ཅེས་བྱ་བ་ཞིག་ཞིང་རྨིད་པ་དེས་དེ་མཐོང་ནས་སྨྲས་པ། ཀྱེ་ཁྲོམ་གྱི་དཔའ་བོ་རྒྱལ་པོ་པད་མའི་སྙིང་པོ་ཅན་གྱིས་རྒྱལ་པོ་གཏུམ་པོ་རབ་སྣང་བཅོམ་བཏགས་བྱིན་བསྒྲལ་ཕམ་པར་བྱས་ཏེ་གཡུལ་བཟློག་ཅེས་གྲག་ན་དེ་བདེན་ནམ། ཀྱེ་སྐྱེས་བུ་བདེན་ནོ། །ཡུལ་ན་གནས་ཀྱང་ཡུལ་གཞན་ནས་འོངས་པའི་རྒྱལ་པོ་པད་མའི་སྙིང་པོ་ཅན་གྱིས་བཅོམ་བཏགས་བྱིན་བསྒྲལ་ཕམ་པར་བྱས་ཏེ་གཡུལ་བཟློག་པ་རྒྱལ་པོ་དེའི་བློན་པོ་དང་། དམག་དཔོན་ཅི་འདྲ་བ་ཞིག །གལ་ཏེ་ང་དེའི་བློན་པོར་གྱུར་ན་མྱུར་ཞིང་མྱུར་བར་རྒྱལ་པོ་པད་མའི་སྙིང་པོ་ཅན་མགུལ་ནས་བཏགས་ཏེ་འཕགས་རྒྱལ་དུ་ཁྲིད་པ་ཞིག །དེ་དེ་སྐད་དུ་གཏམ་ཟེར་ཞིང་འདུག་པ་ན། དེའི་ཆུང་མ་རི་ཁྲོད་མ་ཞེས་བྱ་བ་ཟན་ཁྱེར་ཏེ་འོངས་ནས་དེས་ས་བརྐོས་ཏེ་ལོ་མ་བཏིང་ནས་ལག་པ་བཀྲུས་ཏེ་ཟན་བཟའ་བར་བྱས་པ་ན། རྒྱལ་པོ་ལ་བལྟས་ཏེ། ཀྱེ་ཁྲོམ་གྱི་དཔའ་བོ་ཁྱོད་ངལ་བས་སྐྱོ་ཞིང་བཀྲེས་སྐོམ་པས་ཉོན་མོངས་ཀྱིས་བདག་ཅག་དབང་ཐང་ཆུང་ངུའི་བཟའ་བ་དང་། བཏུང་བ་ཅི་འདྲ་ཡང་མི་བསྔོ་དེ་གསོལ་གྱིས་ཚུར་གཤེགས་ཞེས་སྨྲས་པ་དང་། རྒྱལ་པོ་གཏུམ་པོ་རབ་སྣང་གིས་བསམས་པ། གལ་ཏེ་མ་ཟོས་ན་ལྟོགས་ཏེ་འཆི་བར་འགྱུར་རོ་སྙམ་དུ་རིག་ནས་རྟ་ལས་བབས་ཏེ་ལག་པ་དང་རྐང་པ་བཀྲུས་ནས་རྟ་ལས་སྟན་ཕོག་སྟེ་བཏིང་ནས་འདུག་གོ །འདུག་ནས་དེས་འཚོ་བའི་བསམ་པས་བཟའ་བར་བརྩམས་སོ། །དེ་ནས་ཕོར་བུ་ཁ་ཆག་ཅིག་ནས་ཆང་བླུད་པ་དང་། རྒྱལ་པོས་བསམས་པ། ཕོར་པ་ནི་ཁ་ཆག་མོད་ཀྱི་འོན་ཀྱང་གང་དུ་མ་ཆག་པའི་ཕྱོགས་དེ་ནས་ཆང་བཏུང་ངོ་སྙམ་མོ། །རྒྱལ་པོ་རྣམས་ནི་ཤེས་རབ་དང་ལྡན་པ་ཚུལ་ཕུན་སུམ་ཚོགས་པ་ཡིན་པས་དེས་ཡང་བསམས་པ། གལ་ཏེ་ཁ་མ་ཆག་པའི་ཕྱོགས་ནས་བདག་གིས་ཆང་འཐུངས་ན་འདིས་ནི་མ་ཆག་པ་ནས་འཐུངས་སོ་ཞེས་འདི་ཁུ་འཕྲིག་ཟ་བར་འགྱུར་ཞིང་འདིས་བདག་སྤངས་པར་འགྱུར་བས་འདིས་གང་ནས་འཐུངས་པ་དེ་ཉིད་ནས་འཐུངས་ན་བདག་ལ་ཤིན་ཏུ་དགའ་བར་འགྱུར་རོ་སྙམ་ནས་དེས་ངོས་དེ་ཉིད་ནས་འཐུངས་པ་དང་སྣམས་བྱེད་ཀྱིས་བསམས་པ།


DKG010_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་གྱི་དཔའ་བོ་འདི་ནི་ཆོ་ག་མེད་པ་ཞིག་སྟེ། བདག་གིས་ངོས་གང་ནས་འཐུངས་པའི་ངོས་དེ་ཉིད་ནས་འདིས་ཀྱང་འཐུངས་པས་འདི་དང་འཇིག་རྟེན་གྱི་ལུགས་ཡུན་རིང་དུ་མི་འཆོར་བར་མཛའ་བོ་བྱའོ་སྙམ་ནས། དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁྲོམ་གྱི་དཔའ་བོ་འདི་ངའི་སྙིང་གི་གྲོགས་པོ་ཡིན་གྱིས་འདི་ཁྱིམ་དུ་ཁྲིད་དེ་སོང་ལ། དྲིལ་ཕྱི་དང་ཁྲུས་གྱིས་ཏེ་ཟན་བྱིན་ལ་རྟ་ཡང་རྩྭ་དང་ཆས་བྱིན་ཅིག །དེས་དེ་ཁྱིམ་དུ་ཁྲིད་ནས་དྲིལ་ཕྱི་དང་ཁྲུས་བྱས་ཏེ་ཟན་བྱིན་ནས་རྟ་ཡང་རྩྭ་དང་ཆས་བྱིན་ནོ། །རྒྱལ་པོ་པད་མའི་སྙིང་པོ་ཅན་ལ་རི་བྲགས་པ་སྐྱ་བསེང་ཞེས་བྱ་བ་དག་གིས་བསྡོས་ནས་དེ་དག་རི་བྲགས་ཀྱི་ལུང་པ་ནས་བརླུགས་ཏེ་རྒྱལ་པོ་པད་མའི་སྙིང་པོ་ཅན་གྱི་ཡུལ་གཞོམ་པར་བརྩམས་པ་དང་། བློན་པོ་རྣམས་ཀྱིས་རྒྱལ་པོ་པད་མའི་སྙིང་པོ་ཅན་ལ་ལྷ་རི་བྲགས་པ་སྐྱ་བསེང་དག་གིས་ལྷའི་ཡུལ་གཞོམ་པར་བགྱིས་ཀྱིས་ཇི་ལྟར་བགྱི་བ་དགོངས་སུ་གསོལ་ཞེས་ཡི་གེ་སྤྲིང་སྟེ། ཡི་གེའི་ནང་དུ་ཡང་ཚིགས་སུ་བཅད་པ། གཞན་གྱིས་ཡུལ་ནི་གཞོམ་པའི་ཕྱིར། །ཇི་ལྟར་ནན་ཏན་མཛད་པ་ལྟར། །རང་གི་ཡུལ་འཁོར་བསྲུང་བ་ཡང་། །དེ་བཞིན་ལྷས་ཀྱང་མཛད་དུ་གསོལ། །ཞེས་བྲིས་སོ། །རྒྱལ་པོ་པད་མའི་སྙིང་པོ་ཅན་གྱིས་ཡི་གེ་བཀླགས་ནས་བསམ་པ། གལ་ཏེ་བདག་དེ་བཞིན་དུ་སོང་ན་འཇིག་རྟེན་དག་རྒྱལ་པོ་པད་མའི་སྙིང་པོ་ཅན་ཕམ་སྟེ། དེའི་ཕྱིར་ལོག་གོ་ཞེས་སེམས་པར་འགྱུར་བས་ཡོང་མཇལ་དུམ་བྱས་ཏེ་འགྲོའོ་སྙམ་ནས་དེས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་སྤྲིང་བ། གྲོགས་པོ་སྡུག་པ་གང་ཐལ་ཟིན་པ་དེ་ཐལ་དུ་ཟད། ད་ཕྱིར་བྱུང་ཤིག་དང་ཁྱོད་ལ་ཅུང་ཟད་ཀྱང་མི་བྱེད་ཀྱི་གཞན་དུ་ན་ཕན་ཚུན་མགུལ་ནས་འཇུས་ཏེ་འགྲོ་བར་ཟད་དོ། །བློན་པོ་དག་གིས་སྤྲིང་བ་དེ་ཐོས་ནས་བསམས་པ། གལ་ཏེ་འདི་ན་རྒྱལ་པོ་མེད་དོ་ཞེས་སྤྲིང་ན་གླགས་རྙེད་པར་འགྱུར་གྱིས་ཡེ་གཡོ་ཞིག་བྱའོ་སྙམ་སྟེ་དེ་དག་གིས་དེ་ལ་ཡི་གེ་སྤྲིང་བ། གྲོགས་པོ་སྡུག་པ་གལ་ཏེ་དེ་ལྟ་ཡིན་ཡང་ཁོ་བོ་ཅག་རྒྱལ་པོ་ནི་བྱ་རོག་བཞིན་དུ་དོགས་པ་དང་བཅས་པ་ཡིན་པས་བདག་ནི་ཕྱིར་མི་འབྱུང་ངོ་། །ཁྱོད་ཀྱི་མཛའ་བོའི་བུ་རྒྱལ་པོའི་གཞོན་ནུ་བ་ལང་སྐྱོང་


DKG010_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འོང་གིས་དེ་དང་བྲང་སྤྲོད་ལ་བཞུད་ཅིག་ཅེས་སྤྲིང་བ་དང་། རྒྱལ་པོ་པད་མའི་སྙིང་པོ་ཅན་གྱིས་རྒྱལ་པོ་གཞོན་ནུ་བ་ལང་སྐྱོང་དང་བྲང་སྤྲད་ནས་འཕགས་རྒྱལ་བསྐོར་བ་བཏང་སྟེ་རྡོ་འཇོག་དུ་སོང་ངོ་། ། བློན་པོ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་པད་མའི་སྙིང་པོ་ཅན་གྱིས་བག་ཕབ་སྟེ་ཡུལ་རྡོ་འཇོག་ཏུ་སོང་གིས་ད་ནི་ལྷ་ཚོལ་དུ་འདོང་ངོ་ཞེས་དེ་དག་གིས་ཕོ་ཉ་རྟ་པ་ཀུན་ཏུ་བཏང་ངོ་། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་རྒྱལ་པོ་པད་མའི་སྙིང་པོ་ཅན་གྱིས་འཕགས་རྒྱལ་བསྐོར་བ་བཏང་ནས་ཡུལ་རྡོ་འཇོག་ཏུ་སོང་ངོ་ཞེས་ཐོས་པ་དང་། དེས་ཞིང་པ་སྣམས་བྱེད་དེ་ལ་སྨྲས་པ། སྣམས་བྱེད་བདག་ནི་འཇིགས་པ་དང་བྲལ་བས་དེའི་ཕྱིར་བདག་འཕགས་རྒྱལ་དུ་འགྲོས། གལ་ཏེ་ཁྱོད་འཕགས་རྒྱལ་དུ་འོང་ན་བདག་གི་ཁྱིམ་དུ་ཤོག་ཤིག །དེས་སྨྲས་པ། ཁྲོམ་གྱི་དཔའ་བོ་ཁྱོད་ཀྱི་མིང་ཡང་ཁོ་བོས་མི་ཤེས་ན་ཇི་ལྟར་ཁྱིམ་དུ་འོང་། དེས་སྨྲས་པ། སྣམས་བྱེད་ངའི་ཁྱིམ་མི་ཤེས་ཀྱང་བླ་འོན་ཀྱང་ཁྱོད་འཕགས་རྒྱལ་དུ་འོངས་པ་དང་རྟ་མངས་ཀྱི་ཁྱིམ་གང་ཡིན་ཞེས་དྲིས་ཤིག་ཅེས་སྨྲས་ནས་སོང་ནས་རིམ་གྱིས་ཡུལ་འཕགས་རྒྱལ་དུ་ཕྱིན་པ་དང་། དེས་ཆབ་སྒོ་བ་ལ་བསྒོ་བ། ཀྭའེ་སྐྱེས་བུ་འགའ་ཞིག་རྟ་མངས་ཀྱི་ཁྱིམ་གང་ཡིན་ཞེས་འདྲི་བ་དང་། དེ་ངའི་དྲུང་དུ་ཁྲིད་དེ་ཤོག་ཤིག་ཅེས་སྨྲས་ནས་ཁྱིམ་དུ་ཞུགས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཡུལ་འཕགས་རྒྱལ་དུ་དུས་སྟོན་ལ་བབ་ནས། ཡུལ་དེ་ན་གནས་པའི་སྐྱེ་བོའི་ཚོགས་དག་ཀྱང་དེར་དོང་བ་དང་། ཞིང་པའི་ཆུང་མ་རི་ཁྲོད་མས་རྗེའི་སྲས་ཡུལ་འཕགས་རྒྱལ་ན་དུས་སྟོན་ལ་བབ་སྟེ་སྐྱེ་བོའི་ཚོགས་དེར་དོང་ན་བདག་ཅག་ཀྱང་བཞུད་ལ། དེར་དུས་སྟོན་ཀྱང་ཉམས་སུ་མྱོང་བར་བྱ་ཞིང་རྟ་མངས་དེ་ཡང་གཟིགས་སོ། །དེས་སྨྲས་པ། བཟང་མོ་ཅི་ཁྲོམ་གྱི་དཔའ་བོས་གང་སྨྲས་པ་དེ་ཐམས་ཅད་བདེན་དུ་རེའམ། དེ་ནི་གནས་གསུམ་གྱིས་བལྟ་བར་བྱ་སྟེ། བཅོམ་པ་དང་། བྲོས་པ་དང་། རྒྱལ་སྲིད་ལས་ཉམས་པ་ཞིག་ནའོ། །དེས་སྨྲས་པ། རྗེའི་སྲས་གལ་ཏེ་དེ་ལྟ་ན་ཐོང་། བཞུད་ལ་དུས་སྟོན་ཉམས་སུ་


DKG010_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བར་བགྱིས་ནས་བྱོན་ཏོ། །དེས་སྨྲས་པ། བཟང་མོ་ལེགས་ཀྱིས་དེ་བཞིན་དུ་བྱས་འདོང་ངོ་ཞེས་དེ་གཉིས་དོང་ནས་རིམ་གྱིས་འཕགས་རྒྱལ་དུ་ཕྱིན་པ་དང་། སྣམས་བྱེད་ཀྱིས་སྒོ་བ་ལ་ཀྱེ་སྐྱེས་བུ་རྟ་མངས་ཞེས་བྱ་བའི་ཁྱིམ་གང་ཡིན་ཞེས་དྲིས་པ་དང་། དེས་དེ་ཆུང་མ་དང་བཅས་ཏེ་རྒྱལ་པོ་གཏུམ་པོ་རབ་སྣང་གི་དྲུང་དུ་ཁྲིད་པ་དང་། རྒྱལ་པོས་རྒྱང་རིང་པོ་ནས་ཞེས་བྱས་ཏེ་འོངས་པ་ལེགས་སོ་ཞེས་བྱ་བའི་ཀུན་ཏུ་སྤྱོད་པ་ཀུན་ཏུ་སྤྱད་ནས། སྣམས་བྱེད་ཁྱོད་འོངས་སམ། ལྷ་བདག་མཆིས་སོ། །རྒྱལ་པོ་དེ་སྤྱི་ཅེར་ཞིག་ཡིན་པ་ལས། དེས་ཅོད་པན་བཅིངས་པས་དེས་རྒྱལ་པོ་ངོ་མ་ཤེས་སོ། །རྒྱལ་པོས་སེང་གེའི་ཁྲི་ལས་བབས་པ་དང་། དེས་ངོ་ཤེས་ནས་དེས་ཆུང་མ་དང་བཅས་ཏེ་རྐང་པ་ལ་ཕྱག་བྱས་སོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཀྱང་རིམ་གྲོ་ཆེར་བྱས་ནས་བཙུན་མོའི་འཁོར་གྱི་ནང་དུ་ཁྲིད་དེ་དྲིལ་ཕྱི་དང་ཁྲུས་བྱས་ཟན་བྱིན་ནས་ཉལ་ཁང་ཡང་བྱིན་ཏེ་བཙུན་མོའི་འཁོར་རྣམས་ལ་བསྒོ་བ་འདི་དག་ངའི་ཕ་མ་ཡིན་ཏེ། དེའི་ཕྱིར་ཁྱེད་ཀྱིས་འདི་གཉིས་ལ་བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་དང་། རིམ་གྲོ་བ་དང་། ཡོ་བྱད་དག་གིས་རིམ་གྲོ་གྱིས་ཤིག །དེ་རྒྱལ་པོས་བཀུར་སྟི་དང་མཆོད་པ་བྱས་སོ་སྙམ་ནས་བཙུན་མོའི་འཁོར་དང་། གཞོན་ནུ་དང་བློན་པོ་དང་། ཕོ་བྲང་འཁོར་གྱི་མི་ཐམས་ཅད་ཀྱིས་རིམ་གྲོ་བྱ་བར་བརྩམས་སོ། །ཞིང་པ་སྣམས་བྱེད་ཅུང་ཟད་ཅིག་འདུག་ནས་སྨྲས་པ། ལྷ་མཁྱེན་པར་མཛོད་ཅིག །བདག་མཆིས་ཏེ་སླར་ལྷའི་ཞལ་ལྟ་བ་མི་དཀའ་ལགས་སོ། །རྒྱལ་པོས་སྨྲས་པ། སྣམས་བྱེད་འདི་ཉིད་དུ་འདུག་ཤིག་དང་ལྷན་ཅིག་རྒྱལ་སྲིད་གཟུང་ངོ་། །དེས་སྨྲས་པ། ལྷ་ཞིང་པ་བདག་ལྟ་བུས་རྒྱལ་སྲིད་གཟུང་བའི་རྔོ་ཅི་ཞིག་ཐོག །རྒྱལ་པོས་སྨྲས་པ། སྣམས་བྱེད་དེའི་ཚེ་ནི་ཁྱོད་ན་རེ་གལ་ཏེ་བདག་རྒྱལ་པོ་དེའི་བློན་པོའམ། དམག་དཔོན་དུ་གྱུར་ན་བདག་གིས་མྱུར་ཞིང་མྱུར་བར་རྒྱལ་


DKG010_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པོ་པད་མའི་སྙིང་པོ་ཅན་མགུལ་ནས་བཏགས་ཏེ་འཕགས་རྒྱལ་དུ་ཁྲིད་པ་ཞིག་ཅེས་ཟེར། ད་ནི་མི་ནུས་སོ་ཞེས་ཟེར་ན་དེ་ཇི་ལྟ་བུ་ཞིག་ཅེས་བྱས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ །རྒྱལ་པོ་གཏུམ་པོ་རབ་སྣང་ལ་བློན་པོ་ལྔ་བརྒྱ་ཡོད་དེ། དེས་དེ་དག་ལ་དེ་གསོར་བཅུག་གོ །དེ་དག་གིས་དེ་གསོས་པ་དང་། དེའི་མིང་གསོས་པ་གསོས་པ་ཞེས་བྱ་བར་ཆགས་སོ། །དུས་གཞན་ཞིག་ན་རྒྱལ་པོས་དེ་ལ་དྲིས་པ། གསོས་པ་ཁྱོད་ཇི་ལྟ་ཞིག་འདུག །ལྷ་ཇི་འདྲ་ཞིག་མཆིས། བདག་ལ་བློན་པོ་དེ་རྣམས་བརྙས་བཞིན་བགྱིད་མོད་རྒྱལ་པོས་སྨྲས་པ། གསོས་པ་དེ་ལྟ་ན་དེ་རྣམས་དགོས་པ་བྱུང་བའི་གྲོས་བྱེད་པའི་ནང་དུ་ཁྱོད་ཀྱང་ཞུགས་ཤིག་དང་། སུ་ཡང་ཁྱོད་ལ་མ་གུས་པར་མི་བྱེད་དོ། །དེས་སྨྲས་པ། ལྷ་ཞིང་པ་བདག་ལྟ་བུས་གྲོས་དག་གི་ནང་དུ་འཇུག་པའི་རྔོ་ཅི་ཞིག་ཐོག །རྒྱལ་པོས་གསོས་པ་དེ་བཞིན་དུ་གྱིས་ཤིག་དང་བློན་པོ་དེ་ཐམས་ཅད་གུས་པ་བྱེད་པར་འགྱུར་རོ་ཞེས་བསྒོ་བ་དང་། དེ་ཅང་མི་ཟེར་བར་འདུག་གོ །ཅི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་གཏུམ་པོ་རབ་སྣང་བློན་པོའི་ཚོགས་ཀྱིས་བསྐོར་ཅིང་འདུག་པ་དང་། དེས་གསོས་པ་སྨྲར་གཞུག་པར་འདོད་པའི་བློ་སྔོན་དུ་བཏང་སྟེ་བློན་པོ་རྣམས་ལ་ཤེས་ལྡན་དག་དོན་འདི་ཇི་ལྟར་བྱ་ཞེས་རྨས་པ་དང་། དེ་ན་ཁ་ཅིག་གིས་སྨྲས་པ། ལྷ་དེ་འདི་དང་འདི་ལྟ་བུར་བགྱི། རྒྱལ་པོས་སྨྲས་པ། དོན་འདི་ནི་དེ་ལྟར་མི་བྱའོ། །གཞན་དག་ཅིག་གིས་སྨྲས་པ། ལྷ་དོན་འདི་ནི་འདི་དང་འདི་ལྟ་བུར་བགྱིའོ། །རྒྱལ་པོས་སྨྲས་པ། དོན་འདི་ནི་དེ་ལྟར་མི་བྱའོ། །རྒྱལ་པོས་གསོས་པ་ལ་དོན་འདི་ཇི་ལྟར་བྱ་ཞེས་རྨས་པ་དང་དེས་ལྷ་དོན་འདི་ནི་འདི་ལྟར་བགྱི་སྟེ། དེ་ལྟར་མཛད་ན་ལེགས་པར་འགྱུར་རོ་ཞེས་སྨྲས་པ་དང་། རྒྱལ་པོས་དེ་བཞིན་དུ་བྱས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཡང་འདིའི་གྲོས་བཞིན་མཛད་པས་དེ་ལ་མ་གུས་པར་མི་བྱའོ་ཞེས་དེ་དག་གིས་དེ་ལ་གུས་པ་བྱ་བར་བརྩམས་སོ། །ཡང་རྒྱལ་པོས་གསོས་པ་ལ་དྲིས་པ། ཁྱོད་ཇི་ལྟ་ཞིང་འདུག །


DKG010_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྨྲས་པ། ལྷ་ཅི་འདྲ་ཞིང་མཆིས། རེ་ཞིག་དང་པོར་བདག་ལ་ཁྱིམ་མ་མཆིས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གསོས་པ་ལ་ཁྱིམ་བྱིན་ཅིག །དེ་དག་གིས་སྨྲས་པ། ལྷ་བློན་པོ་ཆེ་གེ་མོ་ཞིག་བགྱི་བ་དུས་ལས་འདས་པ་དེའི་ཁྱིམ་ཞིག་མཆིས་ཏེ། དེའི་མཆིས་འབྲང་ཡང་དེ་ན་མཆིས་སོ། །རྒྱལ་པོས་ཁྱིམ་དེ་ཆུང་མ་དང་ནོར་དུ་བཅས་པར་གསོས་པ་ལ་བྱིན་ཅིག་ཅེས་བསྒོ་བ་དང་། དེ་དག་གིས་ཁྱིམ་དེ་ཆུང་མ་དང་བཅས་ཏེ་གསོས་པ་ལ་བྱིན་ནོ། །ཡང་རྒྱལ་པོས་གསོས་པ་ལ་རྨས་པ། གསོས་པ་ཁྱོད་ཇི་ལྟ་ཞིང་འདུག །དེས་སྨྲས་པ། ལྷ་མཆིས་འབྲང་གི་འཁོར་རྣམས་མི་འདི་ཞིང་པའོ་ཞེས་བརྙས་པར་བགྱིད་ལགས་སོ། །རྒྱལ་པོས་སྨྲས་པ། གསོས་པ་གལ་ཏེ་དེ་ལྟ་ན་གང་གི་ཚེ་ཁྱོད་ཁྲུས་བྱེད་པར་འདོད་པ་དེའི་ཚེ་ངས་ཁྱོད་ལ་འགུགས་པ་གཏང་དང་ཁྱོད་ཀྱིས་དེ་ལ་ཁྲུས་ཟིན་ཏེ་འོང་ངོ་ཞེས་བྱོས་ཤིག །གསོས་པས་སྨྲས་པ། ཇི་ལྟར་བདག་གིས་ལྷའི་བཀའ་གཅག །རྒྱལ་པོས་སྨྲས་པ། གསོས་པ་ངས་ཁྱོད་ལ་གནང་ན་འདི་ལ་འགལ་བ་ཅི་ཞིག་ཡོད། གང་གི་ཚེ་ཁྱོད་ཟན་ཟ་བར་འདོད་པ་དེའི་ཚེ་ངས་འགུགས་པ་གཉིས་པ་གཏང་གིས་དེ་ལ་ཡང་ཁྱོད་ཀྱིས་ཟན་ཟོས་ཏེ་འོང་ངོ་ཞེས་གྱིས་ཤིག་དང་། དེ་ནས་ང་ཉིད་ཁྱོད་ཀྱི་ཁྱིམ་དུ་འོངས་ཏེ། འོངས་ནས་ཁྱོད་དང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་ཟན་བཟའོ། །དེས་སྨྲས་པ། ལྷ་བདག་ནི་འབངས་ལགས། ཁྱོད་ནི་རྗེ་བོ་ལགས་པས་བདག་ཁྱོད་དང་ལྷན་ཅིག་གཅིག་ཏུ་འཚལ་མ་མི་འཚལ་ཏེ། དེ་ནི་ཆ་མ་ལགས་སོ། །རྒྱལ་པོས་གསོས་པ་ངས་ཁྱོད་ལ་གནང་ན་འདི་ལ་འགལ་བ་ཅི་ཞིག་ཡོད། ཁྱོད་ཟོ་ཤིག་དང་དེ་ལྟ་ན་དེ་དག་ཁྱོད་ལ་གུས་པ་བྱེད་པར་འགྱུར་རོ་ཞེས་བསྒོ་བ་དང་དེས་ཁས་བླངས་ནས་ཅང་མི་ཟེར་བར་འདུག་གོ །དེ་ནས་རྒྱལ་པོས་དེ་ཁྲུས་བྱེད་པའི་དུས་སུ་གསོས་པ་དགོས་པ་ཅུང་ཟད་ཅིག་ཡོད་ཀྱིས་མྱུར་དུ་ཤོག་ཤིག་ཅེས་ཕོ་ཉ་བཏང་བ་དང་། དེས་དེའི་དྲུང་དུ་སོང་སྟེ་སྨྲས་པ། གསོས་པ་དགོས་པ་ཅུང་ཟད་ཅིག་


DKG010_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱིས་རིངས་པར་ཤོག་ཤིག་ཅེས་ལྷས་བཀའ་སྩལ་ཏོ། །དེས་སྨྲས་པ། ཀྱེ་ནང་རྗེ་ཁྲུས་བྱས་ཏེ་འོང་གིས་སོང་ཤིག་ཅེས་བྱས་པ་དང་། མི་དེ་སླར་སོང་ངོ་། །དེའི་ཆུང་མའི་འཁོར་དག་ཅིག་གཏམ་གླེང་བར་བརྩམས་པ་ཕུ་ནུ་མོ་འུ་བུ་ཅག་གི་ཁྱོ་ཞིང་པ་འདི་འདི་ལྟར་ཚོད་མེད་དེ། ལྷའི་བཀའ་ཁྱད་དུ་གསོད་པ་ལ་ལྟོས། དེ་ན་ཁ་ཅིག་ན་རེ་ཕུ་ནུ་མོ་གང་དག་རིགས་ངན་པ་ལས་བྱུང་བ་དེ་དག་ནི་གྱི་ནས་ཀྱང་དྲེགས་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་ཕུ་ནུ་མོ་མ་རིངས་པར་ལྟོས་ཤིག་དང་། མཐོན་པོའི་མཐའ་ལྟུང་བས་ན་གདོན་མི་ཟ་བར་རྒྱལ་པོས་འདི་བརླག་པར་འགྱུར་རོ་ཞེས་ཟེར་རོ། །དེ་ཁྲུས་བྱས་ནས་ཟན་བཟའ་བར་བརྩམས་པ་ན་རྒྱལ་པོས་དེ་ལ་གསོས་པ་བྱ་བ་ཅུང་ཟད་ཅིག་ཡོད་པ་མི་སླེབས་ཀྱིས་རིངས་པར་ཤོག་ཤིག་ཅེས་ཕོ་ཉ་གཉིས་པ་བཏང་བ་དང་། དེས་དེར་སོང་སྟེ་དེ་བཞིན་དུ་བསྒོ་ན། དེས་སྨྲས་པ། ཀྱེ་མི་ཁྱོད་སོང་ཤིག་ཟན་ཟོས་ཏེ་འོང་ངོ་། །ཇི་ཙམ་ན་རྒྱལ་པོ་ཉིད་འོངས་ནས་སྨྲས་པ། གསོས་པ་ཅི་ཟན་ཟའམ། དེས་སྨྲས་པ། ལྷ་འཚལ་མ་འཚལ་ལོ། །རྒྱལ་པོས་སྨྲས་པ། གསོས་པ་ང་ལ་མགྲོན་མི་བྱའམ། དེས་སྨྲས་པ། ལྷ་མགྲོན་བགྱི་ཡིས་བཤོས་གསོལ་ཅིག །ཆུང་མ་དག་གིས་བསམས་པ། ལྷ་འདི་དང་ལྷན་ཅིག་བཞད་བགད་མཛད་དོ་སྙམ་ནས་དེ་དག་ངོ་མཚར་དུ་གྱུར་ཏེ་མིག་ཚུགས་སུ་རྟོག་པར་བརྩམས་སོ། །རྒྱལ་པོས་རྐང་པ་དང་ལག་པ་བཀྲུས་ཏེ་དེ་དང་ལྷན་ཅིག་ཏུ་ཟན་བཟའ་བར་བརྩམས་པ་དང་། ཆུང་མ་རྣམས་ཀྱིས་མཐོང་ནས་སྔངས་ཏེ་ཕན་ཚུན་དུ་སྨྲས་པ། ཕུ་ནུ་མོ་བདག་ཅག་གིས་འདི་ལ་འདི་ཞིང་པའོ་ཞེས་བརྙས་པ་བྱས་ན་ལྷ་འདི་དང་ལྷན་ཅིག་བཤོས་གསོལ་བ་ལ་ལྟོས། དེ་ན་ཁ་ཅིག་གིས་སྨྲས་པ། ཕུ་ནུ་མོ་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། གཞན་དག་གིས་སྨྲས་པ། འདི་ལ་ཅི་ཞིག་བསྒྲུབ་ཏུ་ཡོད། ། གང་དང་ལྷན་ཅིག་རྒྱལ་པོ་བཤོས་གསོལ་བ་དེ་ལ་བདག་ཅག་གིས་བཀུར་སྟི་མ་བྱས་ན་ཇི་སྟེ་རྒྱལ་པོས་མཁྱེན་ན་བདག་ཅག་ལ་གདོན་


DKG010_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟ་བར་གནོད་པ་བྱེད་པར་འགྱུར་བས་གང་ཐལ་དེ་ཐལ་དུ་ཟད། ད་ནི་ནམ་ཡང་དེ་ལ་མི་གུས་པ་མི་བྱའོ་ཞེས་བྱས་པ་དང་། གཞན་དག་གིས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་བྱའོ་ཞེས་དེ་དག་འཚེར་ཞིང་མི་དགའ་བཞིན་དུ་དེའི་ངག་མི་གཅོག་གོ །ཡང་རྒྱལ་པོས་གསོས་པ་ལ་ཇི་ལྟ་ཞིང་འདུག་ཅེས་རྨས་པ་དང་། ལྷ་ཅི་འདྲ་ཞིང་མཆིས། ཁྱོད་ཀྱི་ཞང་པོ་དེ་བདག་ལ་ཤིན་ཏུ་ཁྱད་དུ་འགུམས་ལགས་མོད། རྒྱལ་པོས་སྨྲས་པ། གསོས་པ་དེ་ལྟ་བུ་བྱ་བར་མི་ནུས་མོད་ཀྱི་འོན་ཀྱང་ཐམས་ཅད་ཁྱོད་ཁོ་ན་ལ་རག་ལས་ཀྱིས་ཁྱོད་ཉིད་ཤེས་སོ། །དེས་སྨྲས་པ། ལྷ་གལ་ཏེ་དེ་ལྟ་ན་ཁྱོད་ཀྱིས་བདག་ལ་བཀའ་གྱོད་མི་རྨ་བར་ཅི་གནང་། རྒྱལ་པོས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག །ཇི་ཙམ་དུས་གཞན་ཞིག་ན་གསོས་པ་སྲང་གི་ནང་ནས་སོང་བ་དང་། དེ་ན་ཕ་མ་དང་བྲལ་བའི་བྱིས་པ་གཉིས་ཤིག་ཅི་དགར་རྒྱུ་ཞིང་གནས་པ་གང་ཡང་རུང་བ་ཉིན་པར་གྱི་ཟས་བསྒྲུབས་ནས་ངན་གོང་གིས་རྩེ་ཞིང་འདུག་གོ །ཇི་ཙམ་ན་བྲན་མོ་ཞིག་ཆུའི་བུམ་པ་ཁྱེར་ནས་ལམ་དེ་ནས་འགྲོ་བ་དང་དེ་ན་ཁྱེའུ་ཅིག་གིས་གྲོགས་པོ་ལྟོས་ཤིག་རི་ལུའི་བུམ་པ་འདི་བརྟོལ་ལོ་ཞེས་སྨྲས་པ་དང་། དེས་སྨྲས་པ། གལ་ཏེ་ཁྱོད་ཀྱིས་རི་ལུ་སྐམ་པོས་བུ་ག་ཕྱུང་ན་དེ་ནི་ངོ་མཚར་མི་ཆེའོ། །ངས་རི་ལུ་གཤེར་བ་འདིས་གླན་པ་གང་ཡིན་པ་འདི་ནི་ངོ་མཚར་ཆེའོ། །དེས་ལེགས་ཀྱིས་དེ་བཞིན་དུ་བྱའོ་ཞེས་སྨྲས་ནས། དེས་དེ་ལ་རི་ལུ་སྐམ་པོས་བརྟོལ་བ་དང་། དེར་གཤེར་བས་གླན་ཏོ། །དེ་ནས་གསོས་པས་དེ་དག་མཐོང་ནས་ཤིན་ཏུ་ངོ་མཚར་སྐྱེས་ཏེ། དེས་བསམས་པ། དེ་གཉིས་ཀྱིས་བསྟངས་ན་དེ་ལ་ཤ་གླན་པར་ནུས་སོ་སྙམ་དུ་རིག་ནས་ཀྭའི་བྱིས་པ་ཁྱེད་གཉིས་སུའི་ཡིན་ཞེས་དྲིས་པ་དང་། དེ་གཉིས་ཀྱིས་སྨྲས་པ། ལྷ་བདག་ཅག་ཕ་མ་དང་བྲལ་ནས་གང་ཡང་རུང་བ་ནས་ཉིན་པར་གྱི་ཟས་ཚོལ་བ་ཞིག་ལགས་སོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ཅི་ངའི་གན་དུ་མི་འདུག་གམ། ལྷ་མཆིས་པར་ནི་བགྱི་ན། འོན་ཀྱང་གསོལ་བ་ཞིག་


DKG010_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ཏེ། བདག་ཅག་གིས་ཁྱོད་ཀྱི་ལས་ཅི་ཞིག་བགྱི་བར་འཚལ། དེས་སྨྲས་པ། ཅུང་ཟད་ཀྱང་བྱར་མེད་ཀྱི། ངན་གོང་འདི་ཉིད་གོམས་པར་བྱེད་དུ་གཞུག་ཅིང་གཞག་གོ །འོན་ཀྱང་ཁྱོད་ཀྱིས་ངའི་དོན་གཅིག་བྱ་སྟེ། གང་ཞིག་ང་དང་ལྷན་ཅིག་ཏུ་ཐབ་མོ་བྱེད་པ་དེའི་ཁ་ཁྱེད་གཉིས་ཀྱིས་མི་གཙང་བའི་ནང་དུ་བསྒྲེས་པའི་རི་ལུས་ཁོང་ཤིག །དེ་གཉིས་ཀྱིས་སྨྲས་པ། ལྷ་ལེགས་ཀྱིས་དེ་བཞིན་དུ་བགྱིའོ། །ཇི་ཙམ་དུས་གཞན་ཞིག་ན་ཇི་ཞིག་གི་ཕྱིར་དེ་དེ་དང་ལྷན་ཅིག་ཏུ་ཐབ་མོ་བྱེད་པར་བརྩམས་པ་ན་དེ་གཉིས་ཀྱིས་དེའི་ཁར་མི་གཙང་བའི་ནང་དུ་བསྒྲེས་པའི་རི་ལུས་བཀང་བ་དང་། དེ་སྐྱེངས་ནས་ལ་གོར་དུ་ཕྱིས་ཏེ་ཁ་བཙུམས་ནས་སྤོབས་པ་མེད་པར་གྱུར་ཏོ། །ཡང་རྒྱལ་པོས་གསོས་པ་ལ་གསོས་པ་ཁྱོད་ཇི་ལྟ་ཞིང་འདུག་ཅེས་རྨས་པ་དང་། དེས་སྨྲས་པ། ལྷ་ཅི་འདྲ་ཞིང་མཆིས། ཁྱོད་ཀྱི་ནང་མི་དེས་ཞིང་པའི་མི་ཡིན་ནོ་ཞེས་བདག་ལ་བརྙས་པར་བས་མོད། རྒྱལ་པོས་སྨྲས་པ། གསོས་པ་གལ་ཏེ་དེ་ལྟ་ན་གང་གི་ཚེ་ང་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་དེའི་ཚེ་ཁྱོད་ཤོག་ལ་རྒྱལ་པོ་ག་ལ་བཞུགས་ཞེས་དྲིས་ཤིག །གལ་ཏེ་བཙུན་མོའི་འཁོར་གྱི་ནང་ན་བཞུགས་སོ་ཞེས་ཟེར་ན་དེ་བཙུན་མོའི་འཁོར་གྱི་ནང་དུ་བཞུད་ཅིང་གནས་ན་རྒྱལ་པོའི་བྱ་བ་དང་རྒྱལ་པོའི་དོན་དག་ཉམས་པར་འགྱུར་རོ་ཞེས་སྨྲོས་ཤིག །གལ་ཏེ་ཡང་དེར་ངའི་མལ་ལམ་ཁྲི་དག་མཐོང་ན་ཁྱོད་དེར་འདུག་ཤིག་དང་། ངས་ཁྱོད་ཀྱི་རྐང་པ་བཀྲུ་བར་བྱའོ། །དེས་སྨྲས་པ། ལྷ་ཁྱོད་ནི་རྗེ་ལགས། བདག་ནི་འབངས་ལགས་པས་དེ་ཇི་ལྟར་རུང་སྟེ་དེ་ནི་ཆ་མ་ལགས་སོ། །རྒྱལ་པོས་སྨྲས་པ། གསོས་པ་ང་དེ་ལྟར་འདོད་ན་འདི་ལ་ཁྱོད་ལ་འགལ་བ་ཅི་ཞིག་ཡོད། དེ་ལྟར་ན་དེ་དག་ཁྱོད་ལ་རིམ་གྲོ་བྱེད་པར་འགྱུར་རོ་ཞེས་བྱས་པ་དང་། དེས་ཁས་བླངས་ནས་ཐམས་ཅད་རིམ་གྱིས་བྱས་སོ། །རྒྱལ་པོའི་མལ་སྟན་གང་ཡིན་པའི་སྟེང་དུ་རེ་ཞིག་ངལ་བསོའོ་ཞེས་བྱས་ནས་ཉལ་བ་དང་། དེ་ཉིད་དུ་གཉིད་ཀྱིས་ལོག་གོ །རྒྱལ་པོ་ཕྱིར་བྱུང་ནས་འདི་སུ་ཞིག་ཅེས་


DKG010_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྨས་པ་དང་། དེ་དག་གིས་སྨྲས་པ། གསོས་པ་ལགས་སོ། །རྒྱལ་པོས་སྨྲས་པ། འདི་སུས་ཀྱང་རྐང་པ་མ་བཀྲུས་སམ། ཆུ་ཁྱེར་ཏེ་ཤོག་ཤིག་རྐང་པ་བཀྲུའོ་ཞེས་རྒྱལ་པོས་དེའི་རྐང་པ་བཀྲུས་པ་དང་། དེ་དག་དོགས་ཤིང་མི་དགའ་བཞིན་དེ་ལ་རིམ་གྲོ་བྱ་བར་བརྩམས་སོ། །རྒྱལ་པོ་གཏུམ་པོ་རབ་སྣང་བུད་མེད་ལ་བརྐམ་ཆགས་ཅན་ཞིག་པས་དེ་དུས་གཞན་ཞིག་ན་བློན་པོའི་བུ་ནེའུ་ལྡངས་དག་དང་ལྷན་ཅིག་ཁང་བཟངས་ཀྱི་སྟེང་དུ་སོང་ནས་དེ་དག་དང་། གཏམ་བཟང་པོ་མ་ཡིན་པ་ཟེར་ཞིང་འདུག་སྟེ། ཤེས་ལྡན་དག་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་གང་ན་བུད་མེད་བཟང་། དེ་ན་ཁ་ཅིག་གིས་སྨྲས་པ། ལྷ་ཀ་ནྱཱ་ཀུབ་ཛ་ན་བུད་མེད་བཟང་ལགས་སོ། །གཞན་དག་གིས་སྨྲས་པ། ལྷ་ཀམ་པོ་ཛི་ཀ་པའི་བུད་མེད་བཟང་ལགས་སོ། །གཞན་དག་གིས་སྨྲས་པ། ལྷ་སྦྲུལ་གདུག་པ་དག་བཟང་ལགས། གཞན་དག་གིས་སྨྲས་པ། གྲོང་ཁྱེར་གཞན་ན་གནས་པའི་བུད་མེད་དག་ལྟ་ཞོག་འཕགས་རྒྱལ་འདི་ཉིད་ན་གཟུགས་ཀྱིས་འཚོ་བ་བཟང་མོ་ཞེས་བགྱི་བ་གང་ཞིག་མཐོང་ན་སུམ་བཅུ་རྩ་གསུམ་པས་བཀུར་བའི་ལྷ་མོ་གཟུགས་དང་། ཁ་དོག་དང་། ན་ཚོད་དང་། དབྱིབས་དང་ལྡན་པ་ཡང་ཉི་མའི་འོད་ཟེར་གྱི་སྣང་བས་ལྷའི་གཞལ་མེད་ཁང་ན་གནས་པའི་སྐར་མ་རྣམས་ཀྱི་འོད་ཀྱི་སྣང་བ་ཟིལ་གྱིས་གནོན་པ་དེ་ལྟ་བུ་ཞིག་གནས་ལགས་སོ། །རྒྱལ་པོས་དེའི་གཟུགས་དང་ན་ཚོད་ཀྱི་ཡོན་ཏན་བརྗོད་པ་ཐོས་ནས་ལྷག་པར་གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་འདོད་པར་གྱུར་ཏེ་ཆ་ལུགས་མི་མངོན་པར་བྱས་ནས་དེ་ཉིད་ཀྱི་ནུབ་མོ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཁྱེར་ཏེ་དེའི་ཁྱིམ་དུ་སོང་བ་དང་། དེས་དེ་ལ་བྱོན་པ་ལེགས་སོ་ཞེས་བྱ་བའི་ཀུན་དུ་སྤྱོད་པ་ཀུན་དུ་སྤྱད་ནས་མངག་གཞུག་མའི་བུ་མོ་ལ་གཏད་དོ། །བུ་མོ་སོང་ལ་རིགས་ཀྱི་བུ་འདི་དྲིལ་ཕྱི་དང་ཁྲུས་གྱིས་ཤིག །ཇོ་མོ་དེ་ལྟར་འཚལ་ལོ་ཞེས་བུ་མོ་དེས་གཟུགས་ཀྱིས་འཚོ་བ་བཟང་མོའི་ལྟར་མཉན་ཏེ་རྒྱལ་པོ་གཏུམ་པོ་རབ་སྣང་ལ་དྲིལ་ཕྱི་བྱ་བར་བརྩམས་སོ། །དེ་དེ་ལ་


DKG010_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་ཕྱི་བྱེད་པ་ན་མི་གཞན་ཞིག་ཀྱང་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཁྱེར་ཏེ་དེར་འོངས་ནས་དེས་བཟང་མོ་དགའ་མགུར་སྤྱད་ཀྱིས་འདོང་ཞེས་སྨྲས་སོ། །གཟུགས་ཀྱིས་འཚོ་བ་བཟང་མོ་དེའི་ཀུན་དུ་སྤྱོད་པ་ནི་གལ་ཏེ་གཅིག་ནང་དུ་འོངས་ལ་ཡང་གཅིག་འོངས་ན་སྔ་མ་བསད་ཅིང་ཕྱི་མ་དང་། ལྷན་ཅིག་དགའ་མགུར་སྤྱོད་དོ། །བུ་མོ་དེས་རྒྱལ་པོ་གཏུམ་པོ་རབ་སྣང་དེའི་གཟུགས་དང་ན་ཚོད་མཛེས་པ་དེ་མཐོང་ནས་འདི་ལྟ་བུའི་རྒྱལ་རིགས་ཀྱི་བུ་ཡང་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་འདིས་གསད་དོ་སྙམ་ནས་ངུས་སོ། །དེས་ངུས་པ་དང་། མཆི་མའི་ཐིགས་པ་རྒྱལ་པོ་གཏུམ་པོ་རབ་སྣང་གི་ལུས་ལ་ཕོག་པར་གྱུར་ཏོ། །དེས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གྱེན་དུ་བལྟས་ན་བུ་མོ་དེ་ངུ་ནས། དེས་སྨྲས་པ། བུ་མོ་ཅིའི་ཕྱིར་ངུ་། དེས་སྨྲས་པ། གཞོན་ནུ་ཆེན་པོ་མ་ལགས་སོ། །རྒྱལ་པོ་དོགས་པར་གྱུར་ནས་ཡང་དྲིས་པ། བུ་མོ་ཅིའི་ཕྱིར་ངུ་བ་བག་མ་ཚ་བར་སྨྲོས་ཤིག་ཅེས་དྲིས་པ་དང་། དེས་རྒྱས་པར་བརྗོད་དོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་སྨྲས་པ། བུ་མོ་གང་གིས་ན་ང་འབྲོས་པའི་ཐབས་ལྟ་འགའ་ཡོད་དམ། དེས་སྨྲས་པ། འདིའི་ཁྱིམ་ཀུན་ནས་གཤེད་མའི་མི་རལ་གྲི་ཐོགས་པས་བསྐོར་བས་མེད་མོད་ཀྱི་འོན་ཀྱང་ཕྱོགས་གཅིག་ཅིག་ཡོད་ན། དེ་མི་གཙང་བས་དེ་ལྟ་ཞིག་སྨྲས་ཀྱང་ཅི་རུང་། རྒྱལ་པོས་སྨྲས་པ། བུ་མོ་གཙང་ཡང་རུང་མི་གཙང་ཡང་རུང་སྨྲོས་ལ་སྲོག་བྱིན་ཅིག །དེས་སྨྲས་པ། ཕྱོགས་འདི་ན་ཆབ་ཁུང་ས་ཞིག་ཡོད་དེ་དེ་ལྕགས་ཀྱི་ཕུར་པས་བཏབ་ཅིང་འདུག་གིས་གལ་ཏེ་འབྱིན་ནུས་ན་དེ་ཕྱེ་ལ་བྲོས་ཤིག །རྒྱལ་པོས་སྨྲས་པ། བུ་མོ་ཚུར་ཕྱོགས་དེ་གང་ཡིན་པ་སྟོན་ཅིག་དང་། ངས་དེ་དབྱུང་ནུས་སོ་ཞེས་སྨྲས་པ་དང་། དེས་ཕྱོགས་དེ་དེ་ལ་བསྟན་ཏོ། །སྨད་འཚོང་མ་དེའི་ཁྱིམ་དང་འདབ་ཆགས་ན་བྲམ་ཟེ་ལྟས་མཁན་ཞིག་གི་ཁྱིམ་ཡོད་དེ། རེ་ཞིག་ན་བྲམ་ཟེ་དེ་གཅིན་གཅིར་བྱུང་ན། དེའི་ཆུང་མ་ཡང་ཆུ་ཁྱེར་ནས་ཕྱི་བཞིན་དུ་འོངས་ཏེ། བྲམ་ཟེ་དེས་སྐར་མ་ལ་བལྟས་པ་དང་།


DKG010_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟང་བར་མཐོང་ནས་དེས་བྲམ་ཟེ་མོ་ལ་སྨྲས་པ། བྲམ་ཟེ་མོ་སྐར་མ་མི་བཟང་བས་ལྷ་ནི་མི་བཟད་པ་དོགས་པ་ཉམ་ང་བར་གྱུར་ཏོ། །དེས་སྨྲས་པ། བྲམ་ཟེ་དེ་སྐད་མ་ཟེར་ཅིག་དེ་ནི་རྒྱལ་པོ་ཁྲོ་བར་འགྱུར་རོ། །དེས་སྨྲས་པ། བྲམ་ཟེ་མོ་བདག་ཅག་ནི་རྒྱལ་པོའི་སྐྱབས་ན་བདེ་བར་གནས་པ་ཡིན་པས་དེས་ན་མི་དགའ་སྟེ་དེ་སྐད་སྨྲ་མོད། དེ་ཐམས་ཅད་རྒྱལ་པོས་ཐོས་སོ། །དེ་ནས་རྒྱལ་པོས་ལྕགས་ཀྱི་ཕུར་པ་དེ་བསྒུལ་བར་བརྩམས་ན་མ་ནུས་ནས་སྟོབས་དང་ལྡན་པ་དེས་བསྒྲིམས་ཏེ་བསྒུལ་ནས་ཕྱིན་པ་དང་། བཤང་བ་འབབ་པ་དེ་དང་ལྷན་ཅིག་བྱུང་སྟེ་སོང་ངོ་། །བྲམ་ཟེ་དེས་བྲམ་ཟེ་མོ་དེ་ལ་སྨྲས་པ། བྲམ་ཟེ་མོ་ལྷ་དེའི་མི་བཟད་པ་དོགས་པ་ཉམ་ང་བར་གྱུར་པ་གང་ཡིན་པ་དེ་དང་ལྷ་བྲལ་ཏེ། རྒྱལ་པོ་གསོན་པ་བདག་ཅག་དབང་ཐང་ཆེ་ན། རྒྱལ་པོ་ནི་དེ་ལྟར་སྦགས་བཞིན་དུ་བཙུན་མོ་ཞི་བའི་ཐད་དུ་སོང་ངོ་། །དེས་ལྷ་དེ་ཅི་ཞིག་ཅེས་སྨྲས་པ་དང་། དེས་ཇི་ལྟ་བུར་གྱུར་པ་སྨྲས་སོ། །བཙུན་མོ་ཞི་བ་མིག་མཆི་མས་གང་བཞིན་དུ་དེ་སྨིག་མའི་ཚལ་པས་བཞར་ཏོ། །སྨིག་མའི་ཚལ་པས་བཞར་ནས་ས་གར་གྱིས་དྲིལ་ཕྱི་བྱས་སོ། །ས་གར་གྱིས་དྲིལ་ཕྱི་བྱས་ནས་སྤོས་སྣ་ཚོགས་ཀྱིས་བསྒོས་པའི་ཆུས་བཀྲུས་ཏེ་མཐུན་པའི་གོས་དག་བསྐོན་ཏོ། །དེ་ཕྱི་དེ་ཉིན་པར་དོན་བྱ་བའི་སར་འདུག་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ལྟས་མཁན་དག་བོས་ཤིག། དེ་དག་གིས་ལྟས་མཁན་དག་བོས་པ་དང་། དེ་དག་ལ་རྒྱལ་པོས་རྨས་པ། ཤེས་ལྡན་དག་མདང་ངའི་མཚན་མོ་ཇི་ལྟ་བུར་འདས་པར་གྱུར། དེ་དག་གིས་སྨྲས་པ། ལྷ་ཇི་ལྟར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཆོས་བཞིན་དུ་ས་སྐྱོང་བ་ལྟར་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཕྱོགས་ཆེ་གེ་མོ་ཞིག་ན་བྲམ་ཟེ་ལྟས་མཁན་ཞིག་གནས་པ་དེ་བོས་ཤིག །དེ་དག་གིས་དེའི་ཐོག་ཏུ་རྒྱལ་པོའི་མི་དག་བཏང་ངོ་། །དེ་དག་དེར་སོང་ནས་བྲམ་ཟེ་དེ་ལ་


DKG010_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འབོད་དོ་ཞེས་བསྒོ་བ་དང་། དེས་ཤེས་ལྡན་དག་ལྷས་ཇི་ལྟར་བཀའ་སྩལ་པ་བཞིན་འཚལ་གྱིས་སོང་ཤིག་གོས་འཚལ་ལ་མཆིའོ་ཞེས་སྨྲས་སོ། །དེ་དག་སླར་སོང་བ་དང་བྲམ་ཟེ་མོ་དེས་སྨྲས་པ། བྲམ་ཟེ་བདག་གིས་སྔར་ཁྱོད་ལ་རྒྱལ་པོ་གཏུམ་པོ་ཁྲོ་བར་འགྱུར་བ་མ་སྨྲ་ཤིག་ཅེས་བྱས་ན་ཁྱོད་ངའི་ངག་ཉན་དུ་མ་བཏུབ་པས་ད་ནི་དེ་བྱུང་ངོ་། །དེས་བྲམ་ཟེ་མོ་ལ་ཐམས་ཅད་ལེགས་པར་འགྱུར་གྱིས་བག་མ་ཚ་ཞིག་ཅེས་སྨྲས་ནས་དེས་དེ་དབུགས་ཕྱུང་སྟེ་རྒྱལ་པོའི་དྲུང་དུ་སོང་ངོ་། །རྒྱལ་པོས་རྒྱང་རིང་པོ་ནས་མཐོང་ནས་བྱོན་པ་ལེགས་སོ་ཞེས་བྱ་བའི་ཚིག་བརྗོད་ནས། མཁན་པོ་བྱོན་པ་ལེགས་ཏེ་ཕྱོགས་འདིར་བཞུགས་ཤིག་ཅེས་བྱས་པ་དང་། དེ་ཡིད་དགའ་བ་སྐྱེས་ནས་རྒྱལ་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ནས་ཇི་ལྟར་སྒོ་བའི་གནས་སུ་འདུག་གོ །རྒྱལ་པོས་ཡུད་ཙམ་ཞིག་བསྡད་ནས་སྨྲས་པ། མཁན་པོ་ཁྱོད་ལྟས་མཁྱེན་ཏམ། དེས་སྨྲས་པ། ལྷ་མཉེས་པར་རྔོ་ཐོག་གོ །མཁན་པོ་བདག་མདང་ཇི་ལྟ་ཞིག་ཏུ་འདས་པར་འགྱུར། ལྷ་མི་བཟད་པ་དོགས་པ་ཉམ་ང་བར་གྱུར་པ་ལས་ཁྱོད་བསོད་ནམས་ཀྱི་མཐུ་ཅན་ཞིག་སྟེ་དེའི་སླད་དུ་མི་མཛའ་བ་རྣམས་ཀྱི་ནང་ནས་འོ་བརྒྱལ་ཏེ་ཐར་བར་གྱུར་ཏོ་ཞེས་བྱས་པ་དང་། རྒྱལ་པོས་མགུ་ནས་ཤེས་ལྡན་དག་མཁན་པོས་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ་གཞན་དུ་མ་ཡིན་ནོ་ཞེས་སྨྲས་ནས། མཁན་པོ་ཁྱོད་ལ་དམ་པ་ཅི་ཞིག་དབུལ་བ་གསུངས་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ། རེ་ཞིག་ནང་མི་དང་མཆིད་གྲོས་འཚལ་ཏེ་སླད་ཀྱིས་གསོལ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། མཁན་པོ་ལེགས་ཀྱིས་དེ་བཞིན་གྱིས་ཤིག །དེས་རིངས་པར་འགྲོས་བསླང་ནས་སོང་སྟེ་རང་གི་ཁྱིམ་དུ་ཕྱིན་པ་དང་། ནང་མི་རྣམས་ལ་བོས་ཏེ་སྨྲས་པ། ང་ལ་ལྷས་དམ་པ་སྦྱིན་པར་ཆད་ན། ཁྱོད་ཅི་འདོད་པ་སྨྲོས་ཤིག །བྲམ་ཟེ་མོས་སྨྲས་པ། བྲམ་ཟེ་རེ་ཞིག་ཁྱོད་ཉིད་ལ་དྲིས་ཁྱོད་ཅི་འདོད། །དེས་སྨྲས་པ། བྲམ་ཟེ་མོ་ང་ནི་གྲོང་མཆོག་ལྔའོ། །དེས་སྨྲས་པ།


DKG010_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་གལ་ཏེ་དེ་ལྟ་ན་བདག་ནི་བ་ལང་བརྒྱའོ། །བུས་སྨྲས་པ། ཡབ་བདག་ནི་ཅང་ཤེས་ཀྱི་ཤིང་རྟའོ། །བུ་མོས་སྨྲས་པ། བདག་ནི་ནོར་བུའི་རྣ་ཆ་གདུབ་འཁོར་རོ། །དེའི་བྲན་མོ་སྐྱེད་མས་སྨྲས་པ། ཅི་སྟེ་ཁྱེད་ཅག་དེ་ལྟ་བུ་འདོད་ན་བདག་ནི་རྡོ་ལེབ་བཟང་པོའོ། །བྲམ་ཟེས་བསམས་པ། ཚིགས་སུ་བཅད་པའི་དབྱངས་ཀྱིས་ལྷ་ལས་དམ་པ་གསོལ་གྱི་ཕལ་པ་གཞན་ལྟར་ནི་མི་བྱའོ། །སྙམ་དུ་བསམས་ནས་ཚིགས་སུ་བཅད་པ་སེམས་ཤིང་རྒྱལ་པོའི་དྲུང་དུ་སོང་སྟེ་སྨྲས་པ། ལྷ་བདག་ཅག་ཅི་འཚལ་བ་དེ་གསན་དུ་གསོལ། བདག་ནི་གྲོང་ཁྱེར་ལྔ་ཞིག་འཚལ། །བྲམ་ཟེ་མོ་ཡང་བ་ལང་བརྒྱ། །བུ་ནི་ཅང་ཤེས་ཤིང་རྟ་སྟེ། །བུ་མོ་ནོར་བུའི་རྣ་ཆ་འཚལ། །བདག་གི་བྲན་མོ་སྐྱེད་མ་སྟེ། །དེ་ཡང་རྡོ་ལེབ་བཟང་པོ་འཚལ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཀྱང་དེ་ལ་དེ་བཞིན་དུ་སླར་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ལ་གྲོང་མཆོག་ལྔ་སྦྱིན་ཏེ། །ཆུང་མ་ལ་ཡང་བ་ལང་བརྒྱ། །བུ་ལ་རྟ་ཡི་ཤིང་རྟ་བརྒྱན། །བུ་མོ་ལ་ཡང་རྣ་ཆ་དག །བྲན་མོ་སྐྱེད་མ་སློང་བ་ཡི། །རྡོ་ལེབ་བཟང་པོ་འདོད་པ་ཡང་། །དེ་ཡི་རེ་བ་འབྲས་ཡོད་པར། །ཇི་ལྟར་འདོད་པ་བསྐང་བར་བྱ། །དེ་ནས་རྒྱལ་པོས་དེ་ལ་ཇི་ལྟར་འདོད་པའི་དམ་པ་བྱིན་ནས་སྨྲས་པ། མཁན་པོ་རུབ་སྟེ་རྒྱལ་སྲིད་བགྱིས། བདག་ལ་གྲོས་སྟོན་ཅིག །དེས་ལྷ་བདག་ཅག་ནི་བྲམ་ཟེ་ལགས་པས་དེ་ནི་བདག་གི་ཆ་མ་ལགས་སོ་ཞེས་སྨྲས་པ་དང་། དེས་དེ་ནན་ཏན་གྱིས་མདུན་ན་འདོན་དུ་བཅུག་གོ །རེ་ཞིག་ཅིག་ན་རྒྱལ་པོ་གཏུམ་པོ་རབ་སྣང་ལ་རི་ཁྲོད་པ་སྐྱ་བསེང་པ་ཞེས་བྱ་བ་དག་ལོག་པ་དང་། དེས་གསོས་པ་ལ་བཀའ་སྩལ་པ། སོང་ལ་སྐྱ་བསེང་དག་རྣལ་དུ་ཕོབ་ཤིག །དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་སོང་ངོ་། །དེས་དེ་དག་རྣལ་དུ་ཕབ་སྟེ། དེ་ནས་དེར་གཏེའུ་ཡང་བཟུང་། དཔྱ་ནར་མ་


DKG010_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བླ་སྐྱེས་ཀྱང་འབུལ་དུ་བཅུག་ནས་སོང་ངོ་། །རྒྱལ་པོས་ཇི་ལྟར་གསོས་པས་སྐྱ་བསེང་དག་རྣལ་དུ་ཕབ་ནས་གཏེའུ་ཡང་བཟུང་། དཔྱ་ནར་མ་དང་། བླ་སྐྱེས་ཀྱང་འབུལ་དུ་བཅུག་ནས་འོངས་པ་ཐོས་སོ། ། དེས་ཐོས་ནས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བསུར་སོང་ངོ་། །ཇི་ཙམ་ཞིག་ན་གཏེའུ་པ་དེའི་ནང་ན་རི་བྲགས་ཀྱི་བུ་མོ་ཤུ་བ་དང་གཡན་པས་ཐེབས་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་གསོས་པ་ལ་དྲིས་པ། གསོས་པ་འདི་དང་ལྷན་ཅིག་དགའ་མགུར་སྤྱོད་པའི་མི་ལྟ་འགའ་ཡོད་དམ། དེས་སྨྲས་པ། ལྷ་དགའ་མགུར་སྤྱོད་པ་འབའ་ཞིག་ཏུ་མ་བས། གང་ལ་འདི་སྩལ་པ་དེའི་རྒྱབ་ཏུ་འདི་འཚལ་ན། རྟ་སྐད་འབྱིན་པར་བགྱིད་པ་དེ་གནས་མཆིས་སོ། །རྒྱལ་པོས་སྨྲས་པ། གསོས་པ་དེ་ཅི་དེ་བཞིན་དུ་འགྱུར་རམ། དེས་སྨྲས་པ། ལྷ་སྤྱན་སྔར་བབ་པར་བགྱིའོ། །གསོས་པས་བུ་མོ་དེ་སྨན་པ་རྣམས་ལ་གཏད་ནས་ཤེས་ལྡན་དག་ཁོ་བོས་ཡོ་བྱད་ཐམས་ཅད་སྦྱར་གྱིས་ཁྱེད་ཀྱིས་འདི་དཔྱད་གྱིས་ཤིག །དེ་དག་གིས་དེ་ལ་དཔྱད་བྱས་པ་དང་ནད་ཀྱང་སོས་པར་གྱུར་ཏོ། །དེ་ནས་རིམ་གྱིས་ཡོ་བྱད་ཀྱི་ཁྱད་པར་རྣམས་ཀྱིས་བསྐྱེད་པས་གཟུགས་བཟང་མོར་གྱུར་པ་དང་། གསོས་པས་དེ་བུ་མོར་བཟུང་སྟེ། དེའི་མིང་སྐྱ་བསེང་གི་བུ་མོ་སྒྲོལ་མ་ཞེས་བྱ་བར་བཏགས་སོ། །གསོས་པས་བུ་མོ་དེ་ལ་བུ་མོ་ངས་ལྷ་འདིར་གདུགས་ཚོད་ལ་སྤྱན་དྲང་གིས་ཁྱོད་རྒྱན་ཐམས་ཅད་ཀྱིས་བཀླུབས་ལ་ལྷ་ལ་བདག་ཉིད་སྟོན་ཅིག་ཅེས་བསྒོ་བ་དང་། དེ་ཅང་མི་སྨྲ་བར་འདུག་གོ །གསོས་པས་རྒྱལ་པོ་ལ་སྨྲས་པ། ལྷས་བདག་གི་སྡུམ་པ་ཡོངས་སུ་སྤངས་པ་ལྟ་ཞིག་ད་མི་གཟིགས་སམ། དེས་སྨྲས་པ། གསོས་པ་ཁྱོད་ཀྱིས་མ་བོས་པར་ཇི་ལྟར་བལྟ་བར་བྱ། དེས་སྨྲས་པ། ལྷ་གལ་ཏེ་དེ་ལྟ་ན་སྤྱན་འདྲེན་ནོ། །ལེགས་ཏེ་ཕན་བཏགས་སོ། །གསོས་པས་རྒྱལ་པོ་ལ་འོས་པའི་བཟའ་བ་དང་བཏུང་བ་དག་སྦྱར་ཏེ་ཁྱིམ་ཡང་བྱི་དོར་བྱས་པ་དང་།


DKG010_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དེའི་ཁྱིམ་དུ་འོངས་སོ། །དེས་ཀྱང་རྒྱལ་པོ་ལ་འོས་པའི་དྲིལ་ཕྱི་དག་གིས་ཕྱིས་ནས་དྲི་སྣ་ཚོགས་ཀྱིས་བསྒོས་པའི་ཆུས་ནི་བཀྲུས། བྱུག་པ་རྣམ་པ་སྣ་ཚོགས་ཀྱིས་ནི་བྱུགས། གོས་རྣམ་པ་སྣ་ཚོགས་ནི་བསྐོན་ཏེ། རྒྱལ་པོ་ལ་འོས་པའི་བཤོས་གསོལ་ནས་གསོས་པ་དང་ལྷན་ཅིག་ཏུ་གཏམ་དག་གླེང་ཞིང་འདུག་པ་ན་དེས་ཀྱང་ཡོལ་བས་བསྐོར་བའི་ནང་ནས་ཕོ་ལོང་འཕངས་ནས་དེས་ཡོལ་བ་བཟློག་སྟེ་ཡབ་གཅིག་ཕོ་ལོང་སླར་སྩོལ་ཅིག་ཅེས་སྨྲས་པ་དང་། དེ་ན་ཚོད་གཞོན་ཞིང་མཛེས་པ་རྒྱལ་པོས་མཐོང་ངོ་། །མཐོང་མ་ཐག་ཏུ་ཆགས་པར་གྱུར་ཏེ་སྨྲས་པ། གསོས་པ་འདི་སུའི་བུ་མོ་ཡིན། ལྷ་བདག་གི་བུ་མོ་ལགས་སོ། །གསོས་པ་ཅི་འགའ་ཞིག་ལ་བྱིན་ནམ། ལྷ་མ་སྩལ་ཏོ། །གསོས་པ་གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ང་ལ་མི་སྦྱིན། ལྷ་འབུལ་བར་འཚལ་ལོ། །དེ་རྒྱལ་པོ་གཏུམ་པོ་རབ་སྣང་གིས་དཔལ་གྱི་འབྱོར་པ་ཆེན་པོས་ཆུང་མར་བླངས་སོ། ། སར་པས་རྙིང་པ་ཐམས་ཅད་ཟིལ་གྱིས་གནོན་པ་འདི་ནི་ཆོས་ཉིད་ཡིན་པས། རྒྱལ་པོ་ཡང་དེ་ལ་གཅིག་ཏུ་བལྟ་ཞིང་སེམས་ཆགས་པས་ལས་གཞན་བཏང་སྟེ་དེ་ཁོ་ན་ལྷུར་ལེན་ཅིང་འདུག་གོ །གསོས་པས་བསམས་པ། སྔོན་དམ་བཅས་པ་བྱ་བའི་དུས་དེ་ནི་འདི་ཡིན་ནོ་སྙམ་ནས་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ཀྱིས་རྒྱལ་པོ་འདིའི་རྒྱབ་ཏུ་ཞོན་ནས་རྟ་སྐད་ཟེར་དུ་གཞུག་པར་ནུས་སམ། དེས་ཅུང་ཟད་ཅིག་བགད་ནས་སྨྲས་པ། ཡབ་གཅིག་རེ་ཞིག་གལ་ཏེ་རྔོ་ཐོག་གམ་མི་ཐོག་བལྟ་བར་བགྱིའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་བདུན་པ། བུད་མེད་རྣམས་ནི་མ་བསླབས་པར་མཁས་པ་ཡིན་པས་དེ་གོས་དྲི་མ་ཅན་བགོས་ནས་ཁྲིའུ་དྲ་བ་ཅན་གྱི་སྟེང་ན་ཉལ་ཞིང་འདུག་པ་དང་། རྒྱལ་པོས་སྨྲས་པ། ལྷ་མོ་འདི་ཅིའི་ཐ་ཚིག །དེས་སྨྲས་པ། ལྷ་ལྷ་རྣམས་འཁྲུགས་པར་གྱུར་ཏོ། །དེས་སྨྲས་པ། ཁྱོད་ཀྱིས་ལྷ་


DKG010_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཅི་བྱས། ལྷ་གང་གི་ཚེ་ལྷས་བདག་གི་ཕ་རི་ཁྲོད་པ་སྐྱ་བསེང་འབེབས་སུ་བཏང་བ་དེའི་ཚེ་བདག་གིས་དེ་ཞི་བར་བགྱི་བའི་སླད་དུ་ལྷ་རྣམས་ལ་གསོལ་བ་བཏབ་སྟེ། གལ་ཏེ་བདག་གི་ཕས་དོན་ཡང་དག་པར་གྲུབ་ནས་སླར་འཁོར་ན་གང་གིས་བདག་བླངས་པ་དེའི་རྒྱབ་ཏུ་བདག་ཞོན་ལ་རྟ་སྐད་ཟེར་དུ་སྩལ་ཏོ་ཞེས་བགྱིས་པ་ལས་བདག་ནི་ལྷ་ལ་ཕུལ། ལྷའི་བཙུན་མོའི་འཁོར་ནི་རྒྱ་ཆེས་པས་ཅིས་ཀྱང་བདག་གིས་དོན་འདི་མི་བགྱིས་པར་འགྱུར་བས་སོ། །འདོད་པའི་འདོད་ཆགས་ལ་ཞེན་པ་རྣམས་ཀྱིས་ནི་མི་བྱ་བ་ཅི་ཡང་མེད་པ་ཡིན་པས་དེས་སྨྲས་པ། ལྷ་མོ་ཁྱོད་ཀྱིས་དོན་དུ་ངའི་ཆེད་དུ་གསོལ་བ་བྱས་པ་ཡིན་པས་ཐམས་ཅད་བསྒྲུབ་ཀྱིས་བདེ་བར་འདུག་ཤིག །དེ་ཅང་མི་ཟེར་བར་འདུག་གོ །རྒྱལ་པོ་གཏུམ་པོ་རབ་སྣང་གིས་སྨྲས་པ། ལྷ་མོ་ཁྱོད་ཅིའི་ཕྱིར་མི་སྨྲ་བར་འདུག །ལྷ་མོ་ཁྱོད་ཀྱིས་གསོལ་པ་གཞན་ཡང་ཅུང་ཟད་མེད་གྲང་། དེས་སྨྲས་པ། ལྷ་ཅུང་ཟད་ཀྱང་མ་མཆིས་མོད་ཀྱི་འོན་ཀྱང་དེའི་དུས་སུ་བྲམ་ཟེ་མདུན་ན་འདོན་གྱིས་ལྷའི་ཤིས་པ་བརྗོད་པ་བརྗོད་པར་བགྱི། པི་བང་ལེན་པའི་མིས་ཀྱང་པི་བང་དག་བླང་བར་བགྱིའོ། །དེས་སྨྲས་པ། ལྷ་མོ་དེ་ཡང་སླ་སྟེ་བྲམ་ཟེ་མདུན་ན་འདོན་ནི་ཡོད་ན་འོན་ཀྱང་པི་བང་ལེན་པ་ཞིག་བཙལ་བར་བྱའོ། །དེས་སྨྲས་པ། ལྷ་ལེགས་ཀྱིས་པི་བང་ལེན་པ་བཙལ་དུ་གསོལ། དེའི་ཚེ་ཡུལ་ས་འཛིན་ནས་ས་འཛིན་པ་ཞིག་ཟོང་ཐོགས་ནས་འཕགས་རྒྱལ་དུ་འོངས་སོ། །དེ་སྨད་འཚོང་མ་ལ་ཇི་ལྟར་འདོད་པའི་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་དེས་ཟོང་ཐམས་ཅད་བཙོངས་ཏེ། དེ་དང་ལྷན་ཅིག་ཟོས་པ་དེ་ལྟར་ལྷག་པར་ཆགས་སོ། ། དེའི་གླ་མི་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱིས་བོར་ནས་བྲོས་པ་དང་། དེས་དེ་ལ་སྨྲས་པ། རྗེའི་སྲས་བདག་ནི་ཞིང་པ་མ་ལགས་ཚོང་པ་མ་ལགས། གྲོང་མི་ཟོང་ཐོགས་ནས་ཡུལ་གཞན་དུ་འགྲོ་བ་ཡང་མ་ལགས་ཀྱི། གཞན་དུ་ན་ཁྱེད་ལྟ་བུ་དག་ལས་


DKG010_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་གང་ལགས་པ་དེས་འཚོ་བ་ལགས་པས་ཀཱར་ཥཱ་པ་ཎ་དག་སྩོལ་ཅིག །ཡང་ན་སྐྱེས་བུ་གཞན་གྱི་སྐབས་ཕྱེ་ཤིག །དེས་སྨྲས་པ། བཟང་མོ་ཁོ་བོ་ལ་ཀཱར་ཥཱ་པ་ཎ་དག་མེད་མོད། ཇི་སྟེ་ཀཱར་ཥཱ་པ་ཎ་དག་བདོག་ན་ཁྱོད་ལས་ལྷག་པ་གཞན་སུ་ཞིག་ཡོད་དེ་སྦྱིན་ཆེས་མོད། འོན་ཀྱང་ཁྱོད་བདག་ལ་སྡུག་པས་འདིར་འདུག་གིས་མ་བསྐྲད་ཅིག །ཅི་སྟེ་བདག་གིས་སྨྲས་པ་གང་ཡིན་པ་དེ་བྱེད་ན་དེ་ལྟ་ན་གདོད་བདག་ཁྱོད་ལ་སྡུག་པར་ཤེས་སོ། །དེས་སྨྲས་པ། བཟང་མོ་མགོ་བོས་བཀུར་རོ། །དེས་བཤང་བ་བྱས་ནས་དེའི་སྟེང་དུ་རྒྱ་ཤུག་གི་ཚིག་གུ་བཞག་སྟེ་སྨྲས་པ། ཅི་སྟེ་ཁྱོད་བདག་ལ་བྱམས་ན་རྒྱ་ཤུག་གི་ཚིག་གུ་འདི་སོས་ཟུང་ཤིག །དེས་བཟུང་བར་བརྩམས་པ་དང་། དེས་རྡོག་པ་ཅིག་བསྣུན་ནས་ཕུལ་ཏེ་བཀྲེན་པ་ཅི་འདི་ལྟ་བུ་དག་ཀྱང་བྱེད་དམ་བཙོག་པ་ཁྱོད་དང་ལྷན་ཅིག་མི་འདུག་གིས་སོང་ཤིག་ཅེས་སྨྲས་ནས། དེས་དེ་ཁྱིམ་ནས་བསྐྲད་དོ། །དེ་ཡང་པི་བང་ལ་མཁས་པ་ཞིག་སྟེ། པི་བང་ལེན་པས་འཚོ་བ་ཚོལ་བར་གྱུར་ཏོ། །རྒྱལ་པོས་གསོས་པ་ལ་སྨྲས་པ། ཁྱོད་ཀྱི་བུ་མོས་འདི་ལྟ་འདི་ལྟར་ལྷ་རྣམས་ལ་གསོལ་བ་བྱས་ཏེ་བྲམ་ཟེ་མདུན་ན་འདོན་ནི་ང་ལ་ཡོད་ན་པི་བང་སུས་བླང་པར་བྱ། དེས་སྨྲས་པ། ལྷ་ས་འཛིན་པ་པི་བང་ལེན་པས་འཚོ་བར་བགྱིད་པ་ཅིག་མཆིས་ཀྱིས་དེའི་མིག་དར་གྱིས་བཀབ་ལ་ནང་དུ་དགུག་པར་བགྱིའོ། །རྒྱལ་པོས་སྨྲས་པ། གསོས་པ་ལེགས་ཀྱིས་དེ་བཞིན་དུ་གྱིས་ལ་ཁུག་ཤིག །རྒྱལ་པོ་དང་མདུན་ན་འདོན་ཁང་པ་བདུན་རྩེག་གི་སྟེང་དུ་འཛེགས་ནས་དེས་མདུན་ན་འདོན་ལ་ཇི་ལྟར་གྱུར་པ་ཐམས་ཅད་བསྙད་པ་དང་། དེ་ཅང་མི་ཟེར་བར་འདུག་གོ །གསོས་པས་ཀྱང་ས་འཛིན་པའི་མིག་དར་གྱིས་བཀབ་ནས་ཁང་པ་བདུན་རྩེག་གི་སྟེང་དུ་བཞག་གོ །སྐྱ་བསེང་གི་བུ་མོ་སྒྲོལ་མ་ཡང་ངོ་མཚར་དང་། བཀྲ་ཤིས་དང་། བདེ་ལེགས་དག་བྱས་ཏེ། གོས་དཀར་པོ་བགོས་ནས་རྒྱལ་པོའི་རྒྱབ་ཏུ་


DKG010_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན་པ་དང་བྲམ་ཟེ་མདུན་ན་འདོན་གྱིས་ནི་ཤིས་པར་བརྗོད་པ་བརྗོད་པར་བརྩམས། ས་འཛིན་པའི་མིས་ནི་པི་བང་བླངས། རྒྱལ་པོ་གཏུམ་པོ་རབ་སྣང་ཡང་རྟའི་སྐད་འབྱིན་པར་ཞུགས་པ་དང་། ས་འཛིན་པ་དེས་བསམས་པ། ཁང་པ་འདི་ནི་བདུན་རྩེག་ཡིན་པས་རྟས་འདིར་ག་ལ་ཐར། གདོན་མི་ཟ་བར་འདིར་བདག་ལྟ་བུ་བུད་མེད་ཀྱི་དབང་དུ་གྱུར་པ་འགའ་ཞིག་བུད་མེད་ཀྱིས་ཅོ་དྲིས་སོ་སྙམ་ནས་དེས་གླུ་ཚིག་ཏུ་བླང་བ། རྒྱ་ཤུག་ཚིག་གུས་གྱུར་པ་ལྟར། །རྒྱ་ཤུག་ཚིག་གུས་གྱུར་པ་ལྟར། །དོན་འདིའང་ཕལ་ཆེར་འདྲ་བ་ཡིན། །དོན་འདིའང་ཕལ་ཆེར་འདྲ་བ་ཡིན། །ཞེས་ཟེར་ཞིང་དེ་པི་བང་མི་ལེན་པར་ཡང་ནས་ཡང་དུ་རྒྱུན་མི་འཆད་པར་གླུ་ལེན་ཅིང་གླུ་ཚིག་དེ་སྨྲའོ། །རྒྱལ་པོས་དེ་ལ་དྲིས་པ། ཀྱེ་སྐྱེས་བུ་གླུ་དེའི་དོན་འདི་ཅི་ཡིན། དེས་ཇི་ལྟར་གྱུར་པ་རྣམས་བརྗོད་པ་དང་། དེས་བསམས་པ། འདིས་བདག་ཤེས་ཀྱིས་ཡུལ་དབྱུང་བར་བྱའོ་སྙམ་ནས་རྒྱལ་པོས་དེ་ལ་ཀཱ་པ་ཎ་ལྔ་བརྒྱ་བྱིན་ནས་ཡུལ་ཕྱུང་ངོ་། །དུས་གཞན་ཞིག་ན་མདུན་ན་འདོན་གྱིས་རྒྱལ་པོ་ལ་ལྷ་ཁྱོད་ཀྱིས་མི་རིགས་པ་ཞིག་བགྱིས་ཏེ། རྒྱལ་པོ་དག་ནི་བུད་མེད་ཀྱི་དབང་དུ་འགྱུར་བ་མ་ལགས་སོ་ཞེས་སྨྲས་པ་དང་། དེ་སྙད་མེད་པར་ཅང་མི་ཟེར་བར་འདུག་གོ །དེས་ཕྱི་དེ་ཉིན་གསོས་པ་ལ་སྨྲས་པ། དེང་བྲམ་ཟེ་དེས་འདི་སྐད་ཅེས་སྨྲས་ན། དེ་རང་གི་ཆུང་མས་མགོ་དབྱིར་གཞུག་ན་ཁྱོད་ཀྱིས་ནུས་སམ། དེས་ལྷ་རེ་ཞིག་བལྟས་ཏེ་བགྱིའོ་ཞེས་སྨྲས་ནས། གསོས་པས་ཁྱིམ་དུ་སོང་སྟེ་ཆུང་མ་ལ་སྨྲས་པ། བཟང་མོ་བྲམ་ཟེ་མདུན་ན་འདོན་གྱིས་ལྷ་ལ་འདི་དང་འདི་སྐད་ཅེས་སྨྲས་པ་ལས་དེ་ཁོ་བོ་ལ་སྨྲ་ན། ཁྱོད་ཀྱིས་ཅི་ནས་བྲམ་ཟེ་དེ་རང་གི་ཆུང་མས་མགོ་དབྱིར་གཞུག་པ་དེ་ལྟ་བུའི་སྦྱོར་བ་བྱ་བར་ནུས་སམ། དེས་སྨྲས་པ། རྗེའི་སྲས་འདི་ལ་ཅི་ཞིག་བགྱིར་མཆིས། དེ་ལྟ་ཞིག་བགྱིས་ལགས་སུ་བས་ཀྱིས་གཟིགས་ཤིག །དེས་སྨྲས་པ། བཟང་མོ་གལ་ཏེ་དེ་ལྟ་ན་ལེགས་སོ། །


DKG010_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཅན་གྱི་ཆུང་མ་གཡོན་ཅན་ཉིད་དུ་འགྱུར་བས་དེས་བྲམ་ཟེ་དེའི་ཆུང་མ་དང་ལྷན་ཅིག་མཛའ་མོར་བྱ་བར་བརྩམས་སོ། །གང་གི་ཚེ་དེ་གཉིས་ཕན་ཚུན་ཡིད་ཕེབས་པར་གྱུར་པ་དེའི་ཚེ་དེས་བྲམ་ཟེ་མོ་ལ་སྨྲས་པ། གྲོགས་མོ་བདག་གི་ཁྱིམ་ཐབ་ནི་རབ་ཏུ་བྱམས་ཏེ། དེ་བདག་གིས་གང་སྨྲས་པ་དེ་བྱེད་དོ། །དེས་སྨྲས་པ། གྲོགས་མོས་ཁོ་མོ་ལ་ཐུབ་རེ་སྐན། ཇི་ལྟར་ཁྱིམ་ཐབ་བདག་གི་དབང་དུ་འགྱུར་བ་དེ་ལྟར་ཁྱོད་ཀྱིས་ག་ལ་འགྱུར། གསོས་པའི་ཆུང་མས་སྨྲས་པ། གྲོགས་མོ་ཅི་སྟེ་ཁྱོད་ཀྱི་ཁྱིམ་ཐབ་ཁྱེད་ཀྱི་དབང་དུ་འགྱུར་ན་བལྟ་ཡིས་དེའི་མགོ་ཕྱི་ཤིག །དེས་དེ་ང་རྒྱལ་བསྐྱེད་པས་གྲོགས་མོ་དབྱིས་ལྟོས་ཤིག་ཅེས་སྨྲས་ནས། དེ་གོས་དྲི་མ་ཅན་གྱོན་ནས་ཁྲིའུ་དྲ་བ་ཅན་གྱི་སྟེང་ན་ཉལ་ཏེ་འདུག་གོ། ། མདུན་ན་འདོན་གྱིས་དྲིས་པ། བྲམ་ཟེ་མོ་འདི་ཅིའི་ཐ་ཚིག་དེས་སྨྲས་པ། བྲམ་ཟེ་ལྷ་རྣམས་འཁྲུགས་པར་གྱུར་ཏོ། །དེས་སྨྲས་པ། བྲམ་ཟེ་མོ་ཁྱོད་ཀྱི་ཁྱིམ་ན་མི་བདོག་གམ་ཅི་ཁྱོད་ཀྱིས་ལྷ་རྣམས་ལ་ཁས་བླངས་པ་གང་ཡིན་པ་དེ་ཐམས་ཅད་གྱིས་ཤིག་དང་བདེ་བར་འགྱུར་རོ། །དེ་ཅང་མི་ཟེར་བར་འདུག་པ་དང་། མདུན་ན་འདོན་གྱིས་སྨྲས་པ། བྲམ་ཟེ་མོ་ཁྱོད་ཀྱིས་ལྷ་རྣམས་ལ་ཅི་ཞིག་ཁས་བླངས། དེས་སྨྲས་པ། བྲམ་ཟེ་གང་གི་ཚེ་ཁྱོད་བྲམ་ཟེའི་ཚུལ་དུ་གནས་པ་ན་ལྷས་བོས་པ་དེའི་ཚེ་བདག་གིས་ལྷ་རྣམས་ལ་འདི་སྐད་ཅེས་བདག་གི་ཁྱིམ་ཐབ་བདེ་བར་སླར་འོངས་ན། བདག་གིས་དེའི་མགོ་ཕྱི་ནས་དེའི་སྐྲ་རྣམས་ཁྱེད་ལ་དབུལ་ལོ་ཞེས་གསོལ་བ་བྱས་པ་ལས་དེའི་རྗེས་ལ་ཁྱོད་ཀྱང་ལོངས་སྤྱོད་སྐྱེས་པར་གྱུར། བདག་གིས་ཀྱང་བརྗེད་དེ་ད་ནི་ལྷ་དེ་རྣམས་འཁྲུགས་པར་གྱུར་པས་མདོར་ན་བདག་འགུམ་དུ་བས་སོ། །དེས་སྨྲས་པ། བྲམ་ཟེ་མོ་ཁྱོད་ཀྱིས་གང་ལྷ་རྣམས་ལ་གསོལ་བ་བྱས་པ་དེ་ཡང་ངའི་ཆེད་ཡིན་པས་ལོངས་ཤིག་དང་ལྷ་གསོལ་ཏེ་ཐམས་ཅད་བསྒྲུབ་པར་བྱའོ། །དེས་གསོས་པའི་ཆུང་མ་དེ་ལ་བདག་གི་ཁྱིམ་ཐབ་ནི་འདི་སྐད་དུ་


DKG010_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལས་གསོལ་ཏེ་ཐམས་ཅད་བྱའོ་ཞེས་སྤྲིང་བ་དང་། དེས་ཀྱང་གསོས་པ་ལ་རྗེའི་སྲས་མདུན་ན་འདོན་གྱི་ཆུང་མ་དེས་བདག་ལ་འདི་སྐད་དུ་བདག་གིས་ཁྱིམ་ཐབ་ཁས་ལེན་དུ་བཅུག་སྟེ། ལྷ་ལ་གསོལ་ནས་ཐམས་ཅད་བྱའོ་ཞེས་ཟེར་རོ་ཞེས་སྤྲིང་བ་མཆིས་སོ། །གསོས་པས་ཀྱང་རྒྱལ་པོ་ལ་སྨྲས་པ། ལྷ་དོན་དེ་གྲུབ་ལགས་ཏེ་མདུན་ན་འདོན་དེ་ཁྱོད་ལ་ཞུར་མཆིས་མཁྱེན་པར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། གསོས་པ་དེ་ངའི་ཆེད་ཡིན་པས་བག་མ་ཚ་ཞིག །རེ་ཞིག་ན་མདུན་ན་འདོན་དེ་རྒྱལ་པོ་ལ་གསོལ་དུ་འོངས་ཏེ། ལྷ་བདག་ལྷ་རྣམས་ཀྱི་དོན་ཅུང་ཟད་ཅིག་བགྱིད་དེ་ཟླ་བ་དྲུག་ན་ལྷའི་ཞལ་ལྟ་ཞིང་མཆི་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག །དེ་ཁྱིམ་དུ་སོང་ནས་མགོ་ཕྱིའོ། །དེ་མགོ་ཕྱི་ནས་ཀྱང་ཁྱིམ་གྱི་ནང་ཉིད་ན་འདུག་གོ །དེའི་ཆུང་མས་གསོས་པའི་ཆུང་མ་ལ་གྲོགས་མོ་ཁོ་མོའི་ཁྱིམ་ཐབ་དེ་ནི་མགོ་ཕྱི་ཟིན་ནོ་ཞེས་སྤྲིང་བ་དང་། དེས་ཀྱང་གསོས་པ་ལ་བསྙད་དོ། །གསོས་པས་ཀྱང་རྒྱལ་པོ་གཏུམ་པོ་རབ་སྣང་ལ་སྨྲས་པ་དང་དེ་རབ་ཏུ་དགའ་སྟེ་མདུན་ན་འདོན་དེ་ཁུག་ཅིག་ཅེས་བསྒོའོ། །གསོས་པས་ཀྱང་ཁྱེའུ་གཉིས་ཤིག་གླུ་ཚིག་བསླབས་པ། གང་ན་བུད་མེད་གཟུགས་ལྡན་ལ། །རིགས་དང་ལྡན་ཞིང་རིགས་སྤེལ་མ། །དེ་ན་རྟ་མེད་རྟ་སྐད་ཟེར། །མདུན་འདོན་མགོ་བོ་ཕྱི་ལ་ལྟོས། །ཞེས་བསླབས་སོ། །ཇི་ཙམ་ན་མདུན་ན་འདོན་དེ་ཞྭ་ཞིག་གྱོན་ནས་རྒྱལ་པོའི་དྲུང་དུ་འོངས་པ་དང་། ཁྱེའུ་དེ་གཉིས་ཀྱིས་གླུ་ཚིག་བྱ་བར་བརྩམས་པ། གང་ན་བུད་མེད་གཟུགས་ལྡན་ལ། །རིགས་དང་ལྡན་ཞིང་རིགས་སྤེལ་མ། །དེ་ན་རྟ་མེད་རྟ་སྐད་ཟེར། །ཞེས་བྱས་ནས་གཞན་ཞིག་དེའི་ཞྭ་ཕུད་ནས། མདུན་ན་འདོན་མགོ་བོ་ཕྱི་ལ་ལྟོས། །ཞེས་བྱས་པ་དང་། དེ་ནས་གད་མོ་ཆེན་པོ་བྱུང་སྟེ། མདུན་ན་འདོན་ཡིད་ལ་ངོ་ཚ་བར་གྱུར་ནས་ཁ་རོག་པར་མགོ་སྨད་དེ་སྨ་བབ་ནས་སོང་ངོ་། །གསོས་པས་དགོས་པ་དག་བྱུང་བ་ན་དེ་དག་ལ་གཙེ་བར་བརྩམས་


DKG010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གང་ན་འདི་ལྟ་བུར་བུད་མེད་ཀྱི་དབང་དུ་གྱུར་པ་དེ་ན་རྒྱལ་པོའི་དོན་ག་ལ་ཡོད་ཅེས་བྱས་པ་དང་། རྒྱལ་པོས་མདུན་ན་འདོན་ལ་སྨྲས་པ། མཁན་པོ་ཁྱོད་ཀྱིས་གསོས་པ་དེ་གཙེ་བར་ནུས་སམ། དེས་སྨྲས་པ། ལྷ་རེ་ཞིག་རྔོ་ཐོག་གམ་མི་ཐོག་བལྟས་ཏེ་བགྱིའོ། །དེའི་ཚ་བོ་སྒྱུ་མ་མཁས་པ་ཞིག་ཡོད་པས་དེས་དེ་ལ་སྨྲས་པ་ཚ་བོ་གསོས་པ་འདིས་རྒྱལ་པོ་འཁོར་དང་བཅས་པའི་མདུན་དུ་བདག་ལ་ཐོ་བཙམས་ན་དེ་ལ་ཁྱོད་ཀྱིས་གཙེ་བར་ནུས་ན་བདག་གི་ཤ་གླན་པར་འགྱུར་རོ་ཞེས་སྨྲས་པ་དང་། དེས་ཞང་པོ་རེ་ཞིག་ནུས་སམ་མི་ནུས་བལྟས་ཏེ་བགྱིའོ་ཞེས་སྨྲས་ནས་དེས་མིག་འཕྲུལ་གྱིས་འགྲོན་པ་སྤྲུལ། ཕྱག་དར་གྱི་ཕུང་པོ་ལས་ཁྱིམ་དུ་སྤྲུལ། རུས་པའི་རུས་གོང་ལས་དེད་དཔོན་གྱི་ཆུང་མ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ་ཞིག་སྤྲུལ་ཏོ། །རྒྱལ་པོའི་ཀུན་ཏུ་སྤྱོད་པ་ནི་གལ་ཏེ་འགྲོན་པ་འོངས་ན་དེ་ལ་བདག་ཉིད་ཀྱིས་ཤོ་གམ་གཅོད་པའམ། ཡང་ན་གསོས་པ་གཏོང་ངོ་། །གསོས་པས་འགྲོན་པོ་དེ་དག་ལས་ཤོ་གམ་གཅད་པར་བརྩམས་ནས་དེས་འགྲོན་པོ་རྣམས་ལ་དྲིས་པ། ཤེས་ལྡན་དག་དེད་དཔོན་གྱི་ཁྱིམ་གང་ཡིན། དེ་དག་གིས་ཁྱིམ་འདི་ལགས་སོ་ཞེས་བསྟན་ཏོ། །དེ་དེར་ཞུགས་པ་དང་། རེ་ཞིག་ན་དེད་དཔོན་གྱི་ཆུང་མ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ། དབང་པོ་འཕྲོག་པ། སེམས་གཡོ་བར་བྱེད་པ་ཞིག་མཐོང་ངོ་། །མཐོང་མ་ཐག་ཏུ་ཆགས་པར་གྱུར་ནས། དེས་སྨྲས་པ། བཟང་མོ་ཁྱོད་དང་ལྷན་ཅིག་དགའ་མགུར་སྤྱད་ན་འགྲོན་པའི་ཤོ་གམ་མི་གཅད་པར་བགྱིའོ། །དེས་སྨྲས་པ། རྗེའི་སྲས་དེ་ལྟར་ནི་བགྱི་ན་འོན་ཀྱང་མཚན་མོ་དགའ་མགུར་སྤྱད་དོ། །དེའི་མིག་འཕྲུལ་གྱིས་མཚན་མོར་སྤྲུལ་པ་དང་། གསོས་པ་དེ་དང་ལྷན་ཅིག་དགའ་མགུར་སྤྱད་ནས་ཇི་ཙམ་ན་མགུལ་པ་ནས་འཁྱུད་དེ་གཉིད་ཀྱིས་ལོག་གོ །མིག་འཕུལ་མཁན་གྱིས་མིག་འཕྲུལ་སླར་བསྡུས་པ་དང་། གསོས་པ་ཕྱག་དར་ཁྲོད་ན་ཀེང་རུས་ཀྱི་མགུལ་ནས་འཁྱུད་དེ་ཉལ་ཞིང་འདུག་གོ །མདུན་ན་འདོན་གྱིས་རྒྱལ་པོ་ལ་ལྷ་གསོས་


DKG010_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སྐབས་དེ་གཟིགས་ཤིག་ཅེས་སྨྲས་པ་དང་། རྒྱལ་པོས་བལྟ་བའི་ཕྱིར་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་བསྡུས་ཏེ་སོང་ནས་རྒྱལ་པོས་དེ་སེ་གོལ་གྱི་སྒྲས་བསླང་ནས་གསོས་པ་ཅི་བུད་མེད་གང་དང་ལྷན་ཅིག་དགའ་མགུར་སྤྱད་པ་དེའི་ཤ་ཡང་ཟའམ་ཞེས་སྨྲས་པ་དང་། དེ་རབ་ཏུ་སྐྱེངས་ནས་ལངས་ཏེ་བསམས་པ། འདི་ལྟར་རྒྱལ་པོ་འདིས་བདག་ཅོ་དྲིས་ན་གསོན་ཏེ་ཡང་ཅི་རུང་བ་དག་རང་འཆི་བར་བྱའོ་སྙམ་མོ། །ཡང་བསམས་པ། བདག་རང་གིས་རང་འཆི་བར་བྱ་བ་ནི་དཀས་སོང་ལ་འཕགས་པ་ཀ་ཏྱའི་བུ་ཆེན་པོའི་གན་དུ་རབ་ཏུ་འབྱུང་ངོ་སྙམ་ནས་དེ་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་གྱིས་རབ་ཏུ་དབྱུང་དུ་གསོལ། །དེས་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་གཅིག་ལས་འཕྲོས་པའི་ལུང་ཀློག་ཏུ་བཅུག་གོ །རྒྱལ་པོ་གཏུམ་པོ་རབ་སྣང་དེ་མེད་པ་དང་མི་དགའ་བར་གྱུར་ནས་དེ་རབ་ཏུ་བྱུང་བ་ལས་ཕབ་སྟེ་སྔོན་གྱི་གནས་ཇི་ལྟ་བ་བཞིན་བཞག་གོ།། །།སྡོམ་ནི། བ་ལང་སྐྱོང་དང་རྔོན་པ་ཉིད་དང་ནི། །བུད་མེད་རྣམས་དང་བད་སའི་རྒྱལ་པོ་དང་། །ནོར་ལྷས་བྱིན་པ་དང་ནི་རབ་སྣང་དང་། །རྒྱལ་པོ་རྡོ་འཇོག་ཏུ་ནི་སོང་བ་དང་། །རྨི་ལམ་རྨིས་པར་གྱུར་པ་ཐ་མ་ཡིན། །རྒྱལ་པོ་གཏུམ་པོ་རབ་སྣང་མལ་ཆེན་པོར་འདུག་པ་རྣམ་པར་རྟོག་པ་འདི་སྐྱེས་ཏེ་ཅི་བདག་འདས་ན་གཞོན་ནུ་བ་ལང་སྐྱོང་གིས་རྒྱལ་སྲིད་བྱ་བར་ནུས་སམ་འོན་ཏེ་མི་ནུས་སྙམ་མོ། །ཡང་བསམས་པ། རེ་ཞིག་འདི་བགམ་པར་བྱའོ་སྙམ་ནས་དེས་དེ་བོས་ཏེ་སྨྲས་པ། བུ་རེ་ཞིག་བཙུན་མོའི་འཁོར་དུ་བྱ་བ་ཅུང་ཟད་ཅིག་ཡོད་དེ་ང་ཞག་བདུན་གྱི་བར་དུ་བཙུན་མོའི་འཁོར་གྱི་ནང་ན་འདུག་གིས་དེའི་བར་དུ་ཁྱོད་ཀྱིས་རྒྱལ་པོ་གྱིས་ཤིག་ཅེས་བསྒོ་ནས་དེ་རྒྱལ་པོ་བྱེད་ཅིང་རྒྱལ་པོ་གཏུམ་པོ་རབ་སྣང་ནི་བཙུན་མོའི་འཁོར་གྱི་ནང་ན་འདུག་གོ །གཞོན་ནུ་བ་ལང་སྐྱོང་ཡང་རྒོལ་བ་དང་། ཕྱིར་རྒོལ་བ་རྣམས་ཀྱི་ཐ་


DKG010_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་ལ་ལེགས་པར་སྦྱོང་སྟེ། རྒྱལ་པོའི་མི་རྣམས་ཀྱིས་བྱི་བ་བྱེད་པ་དང་བུད་མེད་གང་དག་བཟུང་བ་དེ་དང་དེ་དག་ལ་སོ་སོར་ཀྱེ་མི་ཁྱོད་བུད་མེད་འདི་འདོད་དམ་ཞེས་རྨེད་ལ་བུད་མེད་ལ་ཡང་ཁྱོད་སྐྱེས་པ་འདི་འདོད་དམ་ཞེས་རྨེད་ཅིང་གལ་ཏེ་དེ་དག་ཕན་ཚུན་མངོན་པར་འདོད་པར་གྱུར་ན་དེ་ནས་བློན་པོ་རྣམས་ལ་ཤེས་ལྡན་དག་འདི་དག་ཕན་ཚུན་མངོན་པར་འདོད་ན་ང་ཅིའི་ཕྱིར་མི་འདོད། འདི་དག་ལ་ངའི་ཆབ་འོག་ན་འཚོ་བ་སུས་ཀྱང་ཅུང་ཟད་ཀྱང་མ་སྨྲ་བར་འདི་དག་ཅི་དགར་སྤྱོད་ཅིང་འདུག་ཏུ་ཆུག་ཤིག་ཅེས་བསྒོའོ། །དཔྱ་འབུལ་བ་རྣམས་ལ་ནི་ནན་ཏན་དུ་ལྟའོ། །ཞག་བདུན་ལོན་ཏེ་རྒྱལ་པོ་ཕྱིར་བྱུང་ནས་གསོས་པ་ལ་རྨས་པ། གསོས་པ་ཅི་གཞོན་ནུ་བ་ལང་སྐྱོང་ང་འདས་ནས་རྒྱལ་སྲིད་བྱེད་ནུས་སམ། དེས་སྨྲས་པ། ལྷ་རྔོ་ནི་ཐོག་ན་འོན་ཀྱང་བྱི་བ་བགྱིད་པ་རྣམས་ནི་དར་བར་འགྱུར་ལགས་སོ། །རྒྱལ་པོས་སྨྲས་པ། གསོས་པ་བྱི་བ་བྱེད་པ་དང་བྱི་བ་མི་བྱེད་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན། དེས་ཇི་ལྟ་བུ་ཡིན་པ་བརྗོད་པ་དང་། རྒྱལ་པོས་བསམས་པ་ཅི་གཞོན་ནུ་འདི་གཞན་གྱི་བུད་མེད་རྣམས་ལ་ཕྲག་དོག་མེད་པ་ཞིག་གམ། འོན་ཏེ་རང་གི་ཆུང་མ་ལ་ཡང་དེ་བཞིན་པ་དེ་རེ་ཞིག་བརྟག་པར་བྱའོ་སྙམ་ནས་དེས་ས་འཛིན་པ་ཞིག་ལས་འཛིན་པ་ཁྱོད་སོང་ལ་གཞོན་ནུ་བ་ལང་སྐྱོང་གི་ཆུང་མ་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག་ཅེས་བསྒོ་བ་དང་། དེས་རྣ་བ་གཉིས་བཀག་ནས་སྨྲས་པ། ལྷ་སྡིག་པས་བརླག་ལགས་སོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་རྒྱལ་པོའི་དོན་ནི་དེ་ལྟ་བུར་གནས་པ་ཡིན་གྱིས་སོང་ཤིག །གལ་ཏེ་རིམ་པ་བཞིན་མ་བྱས་ན་རྒྱལ་པོའི་དོན་ཉམས་པར་འགྱུར་རོ། །དེས་སྨྲས་པ། ལྷ་མོད་ལ་དེ་ལྟར་བགྱི་བའི་རྔོ་མི་ཐོག་པས་བགས་ཀྱིས་བགྱིའོ། །དེས་སྨྲས་པ། དེ་བཞིན་དུ་ནི་བྱེད་ལ་རག་ན་ས་འཛིན་པ་ཐབས་ཇི་ལྟ་བུ་ཞིག་བྱེད། ལྷ་དེའི་སྡུམ་པ་དང་ཉེ་བ་ཞིག་ཏུ་ཟོང་བཀྲམ་པ་བགྱིས། ཟོང་སྩོལ་ཅིག་དང་དེ་ནས་འདྲིས་པར་བགྱིས་ནས་བཀའ་ཇི་སྐད་སྩལ་པ་བསྒྲུབ་པར་བགྱིའོ། །


DKG010_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་དེ་ལ་ཟོང་བྱིན་པ་དང་། དེས་རྫས་དག་བསགས་ཏེ་ཚོང་ཟོང་བཀྲམ་པ་དང་། བ་ལང་སྐྱོང་གི་སྒྱུག་མོའི་བྲན་མོ་ཞིག་ཡོད་པ་དེ་ཟོང་ཁྱེར་ནས་སྤོས་ཀྱི་ཕུར་མ་ཉོར་འོངས་སོ། །ས་འཛིན་པས་བུ་མོ་དེ་ལ་བུ་མོ་སྤོས་ཀྱི་ཕུར་མ་འདི་སུ་འིར་བྱ་ཞེས་དྲིས་པ་དང་། དེས་སྨྲས་པ། གཞོན་ནུ་བ་ལང་སྐྱོང་གི་སྒྱུག་མོའིའོ། །དེ་མིང་ཅི་ཞིག །མིང་འདི་ཞེས་བྱའོ། །བུ་མོ་ངའི་མ་དེ་ཡང་མིང་ནི་དེ་སྐད་ཅེས་བྱ་བས་དེ་ནི་ངའི་མ་དང་འདྲའོ་ཞེས་སྨྲས་ནས་དེས་དེ་ལ་སྤོས་ཀྱི་ཕུར་མ་རིན་བསྐྱུངས་ནས་མང་དུ་བྱིན་ནོ། །བ་ལང་སྐྱོང་གི་སྒྱུག་མོས་བུ་མོ་དེ་ལ་དྲིས་པ། བུ་མོ་སྔོན་ཆད་ནི་རིན་འདི་ཙམ་གྱིས་རྫས་ཉུང་ངུ་ཁུགས་ལ། ད་ནི་ཤིན་ཏུ་མང་དུ་ཁུགས་པ་འདི་ལ་རྒྱུ་ཅི་ཡོད། །དེས་ཀྱང་ཇི་ལྟར་གྱུར་པ་ཐམས་ཅད་བརྗོད་དོ། །དེས་སྨྲས་པ། ལེགས་ཏེ། དེ་ནི་ངའི་བུ་དང་འདྲའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བྱས་པ་དང་། དེ་དེ་ལ་དགའ་བར་གྱུར་ཏོ། །དུས་གཞན་ཞིག་ན་ས་འཛིན་པས་སྨྲས་པ། བུ་མོ་མ་ལ་འདི་སྐད་དུ་མའི་ཞལ་ལྟར་མཆིའོ་ཞེས་གྱིས་ཤིག །དེས་དེ་ལ་བྱས་པ་དང་། དེས་སྨྲས་པ། ལེགས་ཀྱིས་ཚུར་ཤོག་ཤིག་ཅེས་གྱིས་ཤིག །དེས་དེ་ལ་སྨྲས་པ་དང་། དེས་སྐྱེས་སུ་དྲིའི་རྫས་དག་ཁྱེར་ཏེ་འོངས་ནས་དེས་དེ་ལ་བྲང་སྤྲད་དེ་ངུས་པ་དང་། དེས་སྨྲས་པ། བུ་ཅིའི་ཕྱིར་ངུ་། དེས་སྨྲས་པ། ཡུམ་ཅི་འདྲ་བ་བདག་གི་མའི་དབྱིབས་ཀྱང་དེ་འདྲ་བས་དེའི་སླད་དུ་བདག་མཆི་མ་བྱུང་ངོ་། །དེས་བུ་ང་ཉིད་ཁྱོད་ཀྱི་མ་དེ་ཡིན་ཏེ། ཁྱོད་ངའི་བུ་ཡིན་གྱིས་མ་ངུ་ཤིག་ཅེས་སྨྲས་ནས་དེ་དེ་ལ་ལྷག་པར་དགའ་བར་གྱུར་ཏོ། །ཇི་ཙམ་ཞིག་ན་ཕྱོགས་ཤིག་ཏུ་བ་ལང་སྐྱོང་གི་ཆུང་མ་སོང་བ་ལས་དེས་དེ་བོས་ནས་བུ་མོ་ཚུར་མིང་པོའི་ཞབས་ལ་ཕྱག་གྱིས་ཤིག་ཅེས་བྱས་པ་དང་། དེ་འོངས་སོ། །མ་གཅིག་བུ་མོ་འདིའི་མིང་ཅི་ལགས། བུ་མིང་འདི་ཞེས་བྱའོ། །མ་གཅིག་བདག་གི་མནའ་མ་ཡང་མིང་ཡང་འདི་དང་འདྲ། དབྱིབས་ཀྱང་འདི་དང་འདྲ་བས་འདི་ནི་བདག་གི་མནའ་མ་ལགས་སོ། །དེས་བུ་ལེགས་སོ་ཞེས་སྨྲས་སོ། །གང་གི་ཚེ་དེ་དག་ཕན་ཚུན་གཅུགས་པར་གྱུར་པ་དེའི་ཚེ་དེས་གཡོ་ཐབས་སུ་ན་བ་ལྟར་བཅོས་ནས་


DKG010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གོ །བུ་མོ་དེ་ཡང་རྫས་ཉོར་འོངས་པ་དང་། ས་འཛིན་པའི་ཁྱེའུ་དེས་སྨྲས་པ། བུ་མོ་ང་ནི་ཐེ་གི་ན་ན་མ་ཅིག་ང་ལྟར་མི་འོང་ངམ། དེས་ཁྱོད་ན་བར་མི་ཤེས་སོ། །དེས་སྨྲས་པ། དེ་ལ་གྱིས་ཤིག་དེས་དེ་ལ་བྱས་པ་དང་། དེ་ཡང་བལྟ་བའི་ཕྱིར་འོངས་ཏེ་དྲིས་པ་བུ་ཁྱོད་ཇི་ལྟར་ན། དེས་སྨྲས་པ། མ་གཅིག་བདག་གི་བྲོ་ནི་ཡ་ང་བ་ཞིག་ལགས་སོ། །དེས་སྨྲས་པ། བུ་སྨན་པ་ལ་དྲིས་ཏེ་དཔྱད་དག་གྱིས་ཤིག །དེས་སྨྲས་པ། མ་གཅིག་འདི་ནི་དཔྱད་ཀྱིས་འཚོ་བ་མ་ལགས་ཏེ། བདག་ནད་འདི་ཁོ་ནས་སྲོག་དང་འབྲལ་བར་འགྱུར་བའི་གནས་གང་ལགས་པ་དེ་མཆིས་སོ། །དེས་སྨྲས་པ། བུ་ཅི་སེམས་ཐབས་གང་གིས་ནད་འདི་ཞི་བར་འགྱུར། མ་གཅིག་ཞི་བར་འགྱུར་བའི་ཐབས་ཤིག་ནི་མཆིས་ན་འོན་ཀྱང་མི་འབྱོར་ཏོ། །བུ་ཅི་མི་འབྱོར་སྨྲོས་ཤིག་དང་ཐམས་ཅད་འབྱོར་པར་བྱའོ། །དེས་སྨྲས་པ། མ་གཅིག་བ་ལང་སྐྱོང་གི་བཙུན་མོ་དང་ལྷན་ཅིག་དགའ་མགུར་སྤྱད་ན་དེ་ལྟ་ན་བྲོ་འདི་སོས་པར་འགྱུར་ལགས་སོ་ཞེས་སྨྲས་པ་དང་དེ་རབ་ཏུ་ཁྲོས་ནས་སྨྲས་པ་བཀྲེན་པ་ཁྱོད་ད་ཤིར་ཟད་ཁྱོད་རྒྱལ་པོའི་བཙུན་མོ་དང་ལྷན་ཅིག་དགའ་མགུར་སྤྱོད་འདོད་དམ་ཞེས་དེས་དེ་ལ་སྤྱོས་ཏེ་ལངས་ཏེ་སོང་ངོ་ས་འཛིན་པ་དེ་གཡོན་ཅན་ཞིག་པས་དེས་ནོར་ཐམས་ཅད་དཀར་ཆག་ལ་བྲིས་ནས་དཀར་ཆག་དེ་ལ་ང་ཤི་ན་རྫས་ཐམས་ཅད་བ་ལང་སྐྱོང་གི་སྒྱུག་མོའི་ཡིན་ནོ་ཞེས་དེ་སྐད་དུ་ཡང་བྲིས་སོ། །དཀར་ཆག་དེ་དེ་ལ་བསྐུར་བ་དང་དེས་བཀླགས་ནས་ཁྲོ་བ་ཞི་བར་གྱུར་ཏེ་བསམས་པ་དེ་བདག་གིས་ད་གཟོད་ཁོ་ན་སྤྱོས་ཏེ་འོངས་ན་དེ་བདག་ལ་ཇེ་བྱམས་པར་གྱུར་གྱིས་དེའི་ཕྱིར་བུད་མེད་རྣམས་ཀྱི་རང་བཞིན་ནི་དེ་ལྟ་བུ་ཡིན་པས་དེ་ཤི་ན་མི་རུང་བས་དེ་ལ་བསྒྲུབ་པོ་སྙམ་ནས་དེས་བུ་མོ་དེ་བོས་ཏེ་དེ་ནས་ས་འཛིན་པའི་བསྔགས་པ་རིམ་གྱིས་བརྗོད་ནས་སྨྲས་པ་བུ་མོ་ཁྱོད་ཀྱི་སྐུད་པོ་དེ་ན་ན་དེ་ལྟར་རིམ་གྲོའམ་དེས་སྨྲས་པ་མ་གཅིག་སྨན་པ་མ་མཆིས་སམ། ཅི་སྟེ་དཔྱད་མ་བགྱིས། དེས་སྨྲས་པ། བུ་མོ་དེའི་ནད་ནི་ཡ་ང་བ་ཞིག་སྟེ་དེ་ནད་དེ་ཁོ་ནས་དུས་བྱེད་པར་འགྱུར་བ་གང་ཡིན་པའི་གནས་དེ་ཡོད་ན་འོན་


DKG010_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་ན་རེ་གལ་ཏེ་མནའ་མ་དང་ལྷན་ཅིག་དགའ་མགུར་སྤྱད་ན་དེ་ལྟ་ན་བདག་འཚོ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ཁྲོས་ནས་སྨྲས་པ། མ་གཅིག་བཀྲེན་པ་དེ་ད་དུས་བྱས་སུ་པས་རྒྱལ་པོའི་བཙུན་མོ་དང་ལྷན་ཅིག་དགའ་མགུར་སྤྱད་འཚལ་ལམ། དེས་སྨྲས་པ་མོ་ཁྱོད་ཀྱི་གྱོས་པོ་གང་ལས་སྐྱེས་པ་ཁྱོད་ཤེས་སམ། མ་གཅིག་མ་འཚལ་ཏོ། །བུ་མོ་དེ་ནི་སྡིག་པ་ལས་སྐྱེས་ཏེ་རྒྱལ་པོར་གྱུར་ནས་དཔུང་གི་དམག་མང་བ་ཡིན་ནོ། །ཁྱོད་ཀྱི་ཁྱོ་དེ་ཡང་ཚོང་དཔོན་ཞིག་གི་བུ་ཡིན་ཏེ་ཡང་རྒྱལ་པོར་འགྱུར་རོ། །ཁྱོད་ཀྱང་འདི་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག་དང་། ཁྱོད་ལས་བུ་གང་འབྱུང་བ་དེ་ཡང་། རྒྱལ་པོར་འགྱུར་རོ་ཞེས་དེ་དེས་བསླུས་པ་དང་། ཁས་བླངས་ནས་དེས་ས་འཛིན་པའི་ཁྱེའུ་དེ་ལ་སྤྲིང་བ། བུ་བུ་མོ་འདིས་ཁས་ནི་བླངས་ན་ཁྱོད་ལ་གནོད་པར་བྱེད་སྲིད་ཀྱིས་དུས་ཤེས་པར་གྱིས་ལ་ཤོག་ཤིག་ཅེས་བྱས་སོ། །ས་འཛིན་པས་རྒྱལ་པོ་ལ་ལྷ་དོན་འདི་ནི་གྲུབ་ན་འོན་ཀྱང་རེ་ཞིག་བ་ལང་སྐྱོང་མི་གཏང་དུ་གསོལ་ཞེས་སྤྲིང་ངོ་། །རྒྱལ་པོས་བསམས་པ། བདག་འདས་ནས་གཞོན་ནུ་བ་ལང་སྐྱོང་རྒྱལ་པོར་འགྱུར་ཞིང་དེ་འདས་ནས་ཀྱང་དེའི་བུ་རྒྱལ་པོར་འགྱུར་བ་ཡིན་ན། གལ་ཏེ་བ་ལང་སྐྱོང་གི་ཆུང་མ་ལས་ས་འཛིན་པའི་བུ་སྐྱེས་པར་གྱུར་ན་དེ་རྒྱལ་པོར་འགྱུར་བས་དེའི་ཕྱིར་གང་གིས་ན་ས་འཛིན་པ་དེའི་དབང་པོ་ས་བོན་དུ་མི་འགྱུར་བ་དེ་ལྟ་བུའི་སྨན་སྦྱིན་པར་བྱའོ་སྙམ་ནས་དེས་དེའི་དབང་པོ་ས་བོན་དུ་མི་འགྱུར་བའི་ལ་དུ་དག་ཅིག་བསྐུར་ནས། ས་འཛིན་པ་ཁྱོད་གང་གི་ཚེ་གཞོན་ནུ་བ་ལང་སྐྱོང་གི་ཆུང་མ་དང་ལྷན་ཅིག་དགའ་མགུར་སྤྱོད་པ་དེའི་ཚེ་ཁྱོད་ཀྱིས་ལ་དུ་འདི་དག་ཟོ་ཤིག་ཅེས་སྤྲིང་ངོ་། །བ་ལང་སྐྱོང་ལ་ཡང་བུ་གྲོས་སུ་བྱ་བ་ཅུང་ཟད་ཅིག་ཡོད་ཀྱིས་རེ་ཞིག་ཁྱིམ་དུ་མ་འགྲོ་ཤིག་ཅེས་བསྒོ་བ་དང་དེ་འདུག་གོ །ས་འཛིན་པས་ཀྱང་དབང་པོ་ས་བོན་དུ་མི་འགྱུར་བའི་ལ་དུ་ཟོས་ནས། བ་ལང་སྐྱོང་གི་ཆུང་མ་ལ་དགའ་མགུར་སྤྱད་ནས་འདོད་པའི་དགའ་བས་དུབ་པར་གྱུར་ཏེ། དེའི་མགུལ་ནས་འཁྱུད་བཞིན་དུ་གཉིད་ལོག་པར་གྱུར་ཏོ། །རྒྱལ་པོས་བསམས་པ། དེས་དེ་ལ་དགའ་མགུར་སྤྱད་དེ་སོང་གྲང་གིས་


DKG010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་གཏང་བར་བྱའོ་སྙམ་ནས་དེས་གཞོན་ནུ་བ་ལང་སྐྱོང་ལ་སྨྲས་པ། བུ་མནའ་མ་མི་དགའ་བར་འགྱུར་གྱིས་རིང་པོ་མ་འདུག་པར་སོང་ཤིག །དེ་ཁྱིམ་དུ་སོང་བ་དང་རེ་ཞིག་ན་ཆུང་མ་གཞན་གྱི་སྐྱེས་བུ་ཞིག་དང་ལྷན་ཅིག་ཏུ་འདུག་ཅིང་ས་འཛིན་པ་དེའི་ལག་པ་འཕྱང་བ་མཐོང་ནས། དེས་དེའི་ལག་པ་བསྐུམས་ནས་འདི་དག་འགའ་ཞིག་གིས་མཐོང་བར་འགྱུར་དུ་འོང་ངོ་སྙམ་ནས་གོས་ཀྱིས་གཡོགས་སོ། །ས་འཛིན་པ་མཚན་རངས་པར་ཉལ་ནས་ནམ་ནངས་ཏེ་ཉི་མ་ཤར་བ་དང་སད་ནས་དེས་བདག་མཐོང་ངམ་མ་མཐོང་སྙམ་ནས་རྒྱུགས་ཏེ་སོང་ངོ་བ་ལང་སྐྱོང་ལ་རྒྱལ་པོས་བུ་མདང་སུམ་ངའི་རྨི་ལམ་ན་ཁྱོད་ཀྱི་ཆུང་མ་སྐྱེས་པ་གཞན་ཞིག་དང་ལྷན་ཅིག་དགའ་མགུར་སྤྱོད་པ་མཐོང་ངོ་ཞེས་སྨྲས་པ་དང་། ལྷ་ཁྱོད་ཀྱིས་ནི་རྨང་ལམ་དུ་གཟིགས། བདག་གིས་ནི་མངོན་སུམ་ཁོ་ནར་མཐོང་ངོ་། །ཇི་ལྟ་ཞིག་ཏུ། དེས་ཇི་ལྟར་གྱུར་པའི་གཏམ་རྒྱས་པར་བརྗོད་དོ། །རྒྱལ་པོས་སྨྲས་པ། བུ་ཁྱོད་ལ་ཕྲག་དོག་མེད་དམ། ལྷ་མ་མཆིས་སོ། །བུ་དེ་ཅིའི་ཕྱིར། ལྷ་བདག་རང་བཞིན་གྱིས་ཚེ་རབས་དྲན་ཏེ། བདག་སྔོན་གྱི་ཚེ་རབས་གཞན་ཞིག་ན་དེད་དཔོན་ཞིག་གི་ཆུང་མར་གྱུར་པ་ལས། དེད་དཔོན་དེ་ཟོང་འཚལ་ནས་ཡུལ་གཞན་དུ་ཆས་པ་དང་། དེ་ལ་བདག་གིས་རྗེའི་སྲས་བདག་ཀྱང་མཆིའོ། །ཞེས་སྨྲས་སོ། །དེས་དེ་ན་ཁྱོད་ཀྱི་རིམ་གྲོ་སུ་བྱེད་ཅེས་སྨྲས་ཏེ། དེ་བདག་མི་བཀྲི་བར་བགྱིས་པ་དང་ངུས་སོ། །དེ་ལ་ཞོ་ཤས་འཚོ་བ་རྣམས་ཀྱིས་སྨྲས་པ། དེད་དཔོན་གྱི་ཆུང་མ་ཅིའི་ཕྱིར་ངུ་། དེས་དེ་དག་ལ་ཇི་ལྟར་གྱུར་པ་བརྗོད་པ་དང་། དེ་དག་གིས་དེད་དཔོན་ཁྲིད་ཅིག་དང་བདག་ཅག་གིས་རིམ་གྲོ་བྱའོ་ཞེས་སྨྲས་ནས་དེས་བདག་ཁྲིད་དོ། །ཇི་ཙམ་ན་ལམ་ཀར་མི་རྒོད་ལྔ་བརྒྱ་ཙམ་བྱུང་ནས་དེ་དག་གིས་འགྲོན་པ་དེ་རྣམས་ཀྱང་བཅོམ། དེད་དཔོན་ཡང་བསད་ནས་བདག་ནི་མི་རྒོད་ལྔ་བརྒྱ་པོ་དེ་རྣམས་ཀྱིས་དགའ་མགུར་སྤྱད་དོ། །དེ་རྣམས་ཀྱིས་འགྲོན་པ་གཞན་བསད་པའི་བུད་མེད་གཞན་ཞིག་རྙེད་པ་དང་། དེ་བདག་གིས་འདི་ནི་བདག་གི་ཆུན་མར་འགྱུར་རོ་སྙམ་ནས་ཁྲོན་པ་རྙིད་པར་བོར་བ་དང་དེ་ཉིད་དུ་གུམ་པར་གྱུར་ཏོ། །ལྷ་བདག་གི་མི་རྒོད་


DKG010_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱས་དགའ་མགུར་སྤྱད་ན་ངོམས་པར་མ་གྱུར་པ་དེ་ལྟ་བུ་བདག་གིས་འཚལ་བཞིན་དུ་ཅི་བུད་མེད་རྣམས་ལ་ཕྲག་དོག་སྐྱེད་ལགས་སམ། ལྷ་འོན་ཀྱང་འཇིག་རྟེན་གང་ཞིག་བུད་མེད་རྣམས་ཡིད་བརྟན་པར་འཇོག་པ་དེ་ནི་བླུན་པ་ལགས་ཀྱི། བུད་མེད་རྣམས་ཀྱིས་སྐྱེས་པ་དག་ཡིད་བརྟན་པར་གཞག་པར་བགྱི་བ་འདི་ནི་རིགས་ལགས་སོ། །དེས་སྨྲས་པ། བུ་དེ་དེ་བཞིན་ཏེ། བུད་མེད་རྣམས་ཀྱིས་སྐྱེས་པ་དག་ཡིད་བརྟན་པར་གཞག་པར་བྱའོ། །འཕགས་རྒྱལ་ན་རྔོན་པ་ཞིག་གནས་པ་དེའི་ཆུང་མ་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་ཞིག་པས་དེ་དེ་ལ་ཤིན་ཏུ་ཆགས་ཏེ། དེས་བསམས་པ། གལ་ཏེ་ཆུང་མ་བཞག་སྟེ་དགོན་པའི་གནས་སུ་སོང་ན་ནི་འདི་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱོད་པར་འགྱུར། ཅི་སྟེ་མ་སོང་ན་ནི་བདག་རྔོན་པ་སྟེ། གཞན་གྱི་སྲོག་གཅོད་ཅིང་གཞན་གྱི་སྲོག་བཅད་པས་འཚོ་བར་བྱེད་པ་ཡིན་གྱིས་བདག་ནི་ཞིང་པ་མ་ཡིན། ཚོང་པ་མ་ཡིན། གཞན་གྱིས་འཚོ་བ་ཡང་མ་ཡིན་པས་གདོན་མི་ཟ་བར་ལྟོགས་ཏེ་འཆི་བར་འགྱུར་བས་མ་ལ་བདག་གིས་ཆུང་མ་ཁྲིད་ལ་འགྲོའོ་སྙམ་ནས། དེས་ཆུང་མ་ཁྲིད་དེ་དགོན་པའི་གནས་སུ་སོང་ནས་ཕྱོགས་གཅིག་ཅིག་ཏུ་ལོ་མའི་སྤྱིལ་བུ་བྱས་ཏེ་འདུག་གོ །དེས་དེར་རི་དགས་མཆོག་བདམས་ཤིང་བསད་དེ་ཤ་བཟང་པོ་བཙོངས་ནས་འཚོ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་གཏུམ་པོ་རབ་སྣང་རི་དགས་ཤོར་དུ་སོང་བ་ལས་དེ་རྟས་ཁ་ཁྱེར་ནས་ཕྱོགས་དེར་ཕྱིན་པ་དང་། རྔོན་པ་དེས་དེ་ངོ་ཤེས་པར་གྱུར་ཅིང་ཇི་ལྟར་རྟས་ཁ་ཁྱེར་བ་ཡང་ཤེས་ནས་དེས་དེ་ལ་བྱོན་པ་ལེགས་སོ་ཞེས་བྱ་བའི་ཚིག་ཀུན་ཏུ་སྤྱད་པ་དང་། དེ་རྟ་ལས་བབས་ཏེ་ཤིང་དྲུང་ཞིག་ཏུ་འདུག་གོ །རྔོན་པས་བསམས་པ། བདག་གིས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ་ཞག་ལོན་པའི་ཤ་དབུལ་བ་གང་ཡིན་པ་ནི་བདག་གི་ཆ་མ་ཡིན་པས་མ་ལ་བདག་གིས་ཞག་མ་ལོན་པ་གཞན་ཞིག་ཁྱེར་ཏེ་འོང་ངོ་སྙམ་ནས་དེས་མདའ་ལྕུགས་བགོས་མདའ་གཞུ་ལག་ན་ཁྱེར་ཏེ་རི་དགས་ཤོར་དུ་སོང་ངོ་། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་དེའི་ཆུང་མ་གཟུགས་དང་ན་ཚོད་དང་ལྡན་པ་དེ་མཐོང་ནས་ཉོན་མོངས་པ་དྲག་པོའི་མཐུས་འདོད་


DKG010_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདོད་ཆགས་བསྐྱེད་པས་རྔོན་པ་དེའི་ཆུང་མ་དང་ལྷན་ཅིག་ཏུ་དེ་མ་ཐག་ཏུ་ལོག་པར་སྤྱད་དོ། །རྔོན་པ་དེས་རི་དྭགས་བསད་ནས་སླར་ལོག་པ་དང་རེ་ཞིག་ན་ཆུང་མ་དེ་ལ་ལོག་པར་སྤྱད་པ་མཐོང་ངོ་། །ཁོན་རྣམས་ཀྱི་ནང་ན་འདི་ལྟ་སྟེ་བུད་མེད་རྣམས་ཀྱི་ཕྱིར་ཁོན་པ་དེ་ཐ་ཆད་ཡིན་པས་དེ་ཁྲོས་ནས་བསམས་པ་དུས་ངན་པའི་རྒྱལ་པོ་རྒྱལ་པོའི་ཆོས་ལས་འདས་པ་འདི་གསད་དོ་སྙམ་པ་ལས་ཡང་བསམས་པ། བུད་མེད་ཙམ་གྱི་ཕྱིར་ཅི་འདི་གསད་དམ། དེ་དེ་སྙམ་དུ་སེམས་པ་ན་མ་སྟེས་ཏེ་སེང་གེ་ཞིག་དང་གདོང་ཐུག་ཏུ་ཕྲད་ནས་དེས་དེ་བསད་དོ། །དེས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་བྱམས་པའི་སེམས་བསྐྱེད་པས་ཤི་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །རྒྱལ་པོས་བསམས་པ། བུད་མེད་འདི་བདག་གིས་ལོངས་སྤྱད་ལ་འདིའི་ཁྱོ་ཡང་དུས་ལས་འདས་ན་བདག་གིས་འདི་བོར་བ་གང་ཡིན་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་བསམས་ནས། དེས་དེ་སྤྲོ་བསྲིངས་ནས་དེ་དང་ལྷན་ཅིག་གཏམ་ཟེར་ཞིང་འདུག་གོ །ཇི་ཙམ་ན་བློན་པོ་དང་། གཞོན་ནུ་དང་། ཁྲོམ་གྱི་རུ་དག་ཡན་མན་དུ་ཚོལ་ཞིང་ཕྱོགས་དེར་ཕྱིན་པ་དང་། དེ་དག་གིས་སྨྲས་པ། ལྷ་བུད་མེད་འདི་སུའི་ལགས། དེས་སྨྲས་པ། ངེད་ནི་རྒྱལ་པོ་ཡིན་པས་ང་ལ་སུ་ཞིག་བུད་མེད་མི་འབུལ། དེང་ལ་འདི་བཙུན་མོའི་འཁོར་གྱི་ནང་དུ་ཞོག་ཤིག། དེ་དག་གིས་དེ་བཙུན་མོའི་འཁོར་གྱི་ནང་དུ་བཞག་གོ །རྒྱལ་པོ་ཡང་དཔུང་དང་བཞོན་པའི་ཚོགས་དང་ཇི་ལྟར་འདོད་པ་བཞིན་དུ་སོང་ནས་འཕགས་རྒྱལ་དུ་ཕྱིན་པར་གྱུར་པ་ན་དེའི་བཙུན་མོའི་འཁོར་དག་རྒྱ་ཆེར་འཕེལ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་སེམས་འདི་མྱུར་དུ་འགྱུར་བ་དེ་ལྟ་བུའི་ཆོས་ནི་གཅིག་ཀྱང་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་གསུངས་པས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བཙུན་མོའི་འཁོར་རྒྱ་ཆེ་བ་དག་མཐོང་ནས་བསམས་པ། རེ་ཞིག་རྔོན་པ་ཉོན་མོངས་དེས་ཆུང་མ་གཅིག་ཅིག་འབྲོག་དགོན་པར་ཁྲིད་དེ་བཞག་ན་དེ་ཡང་བསྲུང་བར་མ་ནུས་ན་བདག་གིས་བཙུན་མོའི་འཁོར་ཤིན་ཏུ་རྒྱ་ཆེ་བ་བསྲུང་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས། དེས་འཕགས་རྒྱལ་དུ་དྲིལ་བསྒྲགས་ཏེ། འདི་སྐད་དུ་ཤེས་ལྡན་འཕགས་རྒྱལ་ན་གནས་པ་དང་། གྲོང་ཁྱེར་པ་དང་། ཡུལ་སྣ་ཚོགས་ནས་འོངས་པའི་སྐྱེ་བོའི་ཚོགས་དག་


DKG010_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག །ངས་བཙུན་མོའི་འཁོར་རྣམས་ཇི་ལྟར་འདོད་པར་ལོངས་སྤྱོད་དུ་གཏང་གིས་གང་གིས་བཙུན་མོའི་འཁོར་དག་ཡོངས་སུ་ལོངས་སྤྱད་པ་དེས་ནི་ལེགས་པར་ལོངས་སྤྱད་པ་ཡིན་ནོ་ཞེས་བསྒྲགས་སོ། །བཙུན་མོའི་འཁོར་རྣམས་ཀྱང་བོས་ནས་ཁྱེད་ཀྱང་གཞན་གྱི་སྐྱེས་པ་དང་ལྷན་ཅིག་དགའ་མགུར་སྤྱོད་དུ་དེང་ལ་གང་ཞིག་རྔ་བརྡུངས་པའི་ཚེ་སླར་མ་འོངས་པ་དེའི་མགོ་དྲུངས་ནས་བཅད་དེ་ས་ལ་དོར་བར་བྱའོ་ཞེས་ཀྱང་བསྒོའོ། །བུད་མེད་ཐམས་ཅད་ནི་སྐྱེས་པ་འདོད་པ་ཡིན་ན་རྒྱལ་པོའི་བཙུན་མོའི་འཁོར་རྣམས་ལྟ་སྨོས་ཀྱང་ཅི་དགོས་པས་དེ་དག་འཕགས་རྒྱལ་ན་ཀུན་ཏུ་འཕྱན་ཅིང་གང་གིས་སྐྱེས་པ་གང་མཐོང་བ་དེ་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བརྩམས་སོ། །བ་ལང་སྐྱོང་གི་མ་ཞི་བ་དང་། སྐྱ་བསེང་གི་བུ་མོ་སྒྲོལ་མ་ནི་རྒྱལ་པོ་གཏུམ་པོ་རབ་སྣང་ལྷག་པར་བྱམས་པས་དེ་དག་རྒྱལ་པོའི་ངོ་མ་ཆོད་དེ་མ་སོང་ངོ་། །རྒྱལ་པོས་ཞི་བ་ལ་སྨྲས་པ། ཞི་བ་ཁྱོད་ཀྱང་སོང་ལ་གཞན་གྱི་སྐྱེས་པ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག་དེས་སྨྲས་པ། ལྷ་བདག་ནི་ལྷ་བཏང་ནས་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་མི་སྤྱོད་ལགས་སོ། །སྐྱ་བསེང་གི་བུ་མོ་སྒྲོལ་མ་ལ་ཁྱོད་སོང་ཤིག་ཅེས་སྨྲས་པ་དང་། དེ་ན་ཚོད་ཀྱིས་གཞོན་ལ་མི་བརྟན་པའི་རང་བཞིན་ཅན་ཞིག་ཡིན་པས་སྐྱེས་པ་གཞན་འདོད་དེ་དེས་ཁས་བླངས་ནས་དེ་སྲང་ན་མར་སོང་ངོ་། །དེ་ཀུན་ཏུ་འཕྱན་པ་ན་སྤོས་འཚོང་གི་ཁྱེའུ་སྡུ་གུ་ཞིག་མཐོང་ནས་དེས་དེ་ལ་སྨྲས་པ། དགའ་མགུར་སྤྱོད་ཀྱིས་ཚུར། དེས་སྨྲས་པ། རེ་ཞིག་མར་མེ་ཟུང་ཤིག་དང་། ཇི་འདུ་འགོད་བརྩིས་ལ་ཕྱིས་དགའ་མགུར་སྤྱད་པར་བགྱིའོ་ཞེས་བྱས་པ་དང་། དེས་མར་མེ་བཟུང་ནས་འདུག་གོ །སྤོས་འཚོང་གི་ཁྱེའུ་དེས་འདི་ལས་ནི་འདི་ཁུགས་སོ། །འདི་ནི་ཆེ་གེ་མོ་ཞིག་ལ་བྱིན་པ་ཡིན་ནོ་ཞེས་དེ་རྩིས་བྱེད་ཅིང་དེ་ལ་མི་སེམས་པར་འདུག་གི་བར་དུ་ཇི་ཙམ་ན་ནམ་ནངས་པར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་དུ་རྔ་བརྡུངས་པ་དང་། སྐྱ་བསེང་གི་བུ་མོ་སྒྲོལ་མས་མར་མེ་ས་ལ་བཞག་སྟེ་སོང་ངོ་། །དེས་སྨྲས་པ། དགའ་མགུར་སྤྱད་ཀྱིས་སྡོད་ཅིག །དེས་སྨྲས་པ། ཇི་ལྟར་དགའ་མགུར་སྤྱད། ལྷས་འདི་སྐད་དུ་བུད་མེད་གང་ཞིག་རྔ་བརྡུངས་ཏེ་མ་འོངས་པ་དེའི་མགོ་བོ་དྲུངས་ནས་བཅད་དེ་ས་ལ་དོར་བར་བྱའོ་ཞེས་ཁྲིམས་སུ་


DKG010_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་བཞག་ལ། ད་གཟོད་རྔ་དེ་ཡང་བརྡུངས་ཟིན་ན་ཅི་བདག་ལ་མགོ་གཉིས་ཡོད་དམ་འགྲོའོ་ཞེས་དེ་དགའ་མགུར་མ་སྤྱད་པ་ཉིད་དུ་སོང་ངོ་། །རྒྱལ་པོས་དྲིས་པ། སྒྲོལ་མ་ཁྱོད་ཀྱིས་དགའ་མགུར་སྤྱད་དམ། དེས་སྨྲས་པ། ལྷ་དགའ་མགུར་མ་སྤྱད་དོ། །ཅིའི་ཕྱིར་ཞེས་བྱས་པ་དང་། དེས་ཇི་ལྟར་གྱུར་པ་བརྗོད་ནས་རྒྱལ་པོ་ཅང་མི་ཟེར་བར་འདུག་གོ །ཡང་རྒྱལ་པོས་དེ་བཞིན་དུ་དྲིལ་བསྒྲགས་པ་དང་། ཀུན་ཏུ་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བཙུན་མོའི་འཁོར་ཇི་ལྟར་འདོད་པ་བཞིན་དུ་སྐྱེས་བུ་ལོངས་སྤྱོད་དུ་བཏང་ངོ་ཞེས་སྒྲ་གྲགས་སོ། །ཀཽ་ཤཱམ་བཱིའི་རྒྱལ་པོ་ཤར་བའི་བུས་ཇི་ལྟར་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བཙུན་མོའི་འཁོར་ཇི་ལྟར་འདོད་པ་བཞིན་དུ་སྐྱེས་བུ་ལོངས་སྤྱོད་དུ་བཏང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སྦྱོར་བ་འཆང་ལ་སྨྲས་པ། སྦྱོར་བ་འཆང་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བཙུན་མོའི་འཁོར་ཇི་ལྟར་འདོད་པ་བཞིན་དུ་སྐྱེས་བུ་ལོངས་སྤྱོད་དུ་བཏང་ངོ་ཞེས་གྲག་གིས། རྒྱལ་པོ་གཏུམ་པོ་རབ་སྣང་གི་བཙུན་མོའི་འཁོར་རྣམས་དང་ལྷན་ཅིག་དགའ་མགུར་སྤྱོད་དུ་འགྲོའོ། །དེས་སྨྲས་པ། ལྷ་རྒྱལ་པོ་གཏུམ་པོ་རབ་སྣང་ནི་ཁྱོད་ཀྱི་ཡུན་རིང་པོ་ནས་གསོད་པ་ཕྱིར་རྒོལ་བ་མི་མཛའ་བ་ལགས་པས་གལ་ཏེ་ལྷ་དེར་བཞུད་དེ་མཇལ་ན་གནོད་པ་བགྱིད་པའི་གནས་གང་ལགས་པ་དེ་མཆིས་སོ། །དེས་སྨྲས་པ། སྦྱོར་བ་འཆང་མི་རྣམས་ཀྱི་ནང་ན་མི་གཟུ་ལུམས་ཅན་དག་ཡོད་མོད་ཀྱི་འོན་ཀྱང་ཁྱོད་འདིར་འདུག་ཤིག་ང་ནི་འགྲོའོ་དེས་སྨྲས་པ། གལ་ཏེ་ལྷ་དེ་ལྟར་བཞེད་ན། ལྷ་བག་མི་མངའ་བ་ལགས་མོད་ཀྱི་འོན་ཀྱང་བག་མཛད་པའི་རིགས་སོ། །རྒྱལ་པོ་ཤར་པའི་བུ་ཡང་ཤིན་ཏུ་བུད་མེད་ལ་བརྐམ་ཆགས་ཅན་ཞིག་པས་དེས་དེའི་ཚིག་ཁྱད་དུ་བསད་ནས་འཕགས་རྒྱལ་དུ་སོང་བ་དང་། སྐྱ་བསེང་གི་བུ་མོ་དེས་དེ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ་མཐོང་ངོ་། །དེས་དེ་མཐོང་ནས་སྨྲས་པ། རྒྱལ་རིགས་ཚུར་སྤྱོན་སྐྱ་བསེང་གི་བུ་མོ་སྒྲོལ་མ་དང་དགའ་མགུར་སྤྱད་པར་བགྱིའོ། །དེས་སྨྲས་པ། ལེགས་ཀྱིས་མལ་གྱིས་ཤིག །དེས་སྨྲས་པ། ཁྱོད་མལ་གྱིས་ཤིག་དེ་གཉི་ག་ཡང་དྲེགས་ཤིང་ང་རྒྱལ་གྱིས་ཁེངས་པས་རྒྱལ་པོ་ཤར་པའི་བུས་ཀྱང་མལ་མ་བྱས། སྐྱ་བསེང་གི་བུ་མོ་སྒྲོལ་མས་ཀྱང་མ་བྱས་པར་དེ་གཉིས་ཁྱོད་མལ་བྱོས་ཤིག་ང་


DKG010_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་དོ་ཞེས་སྨྲ་བའི་བར་དུ་ནམ་ནངས་པར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་དུ་རྔ་བརྡུངས་པ་དང་། སྐྱ་བསེང་གི་བུ་མོ་སྒྲོལ་མ་སོང་ངོ་། །རྒྱལ་པོ་ཤར་པའི་བུས་སྨྲས་པ། སྡོད་ཅིག་དགའ་མགུར་སྤྱད་པར་བྱའོ། །སྐྱ་བསེང་གི་བུ་མོ་སྒྲོལ་མས་སྨྲས་པ། ཇི་ལྟར་དགའ་མགུར་སྤྱད་ལྷས་འདི་སྐད་དུ་བུད་མེད་གང་ཞིག་རྔ་བརྡུངས་ཏེ་མ་འོངས་པ་དེའི་མགོ་བོ་དྲུངས་ནས་བཅད་དེ་ས་ལ་དོར་རོ་ཞེས་ཁྲིམས་སུ་བཅས་པ་བཞག་ལ། ད་གཟོད་རྔ་དེ་ཡང་བརྡུངས་ན་ཅི་བདག་ལ་མགོ་གཉིས་ཡོད་དམ་འགྲོ་ཞེས་དེ་དགའ་མགུར་མ་སྤྱད་པར་རྒྱལ་པོ་ཤར་པའི་བུའི་ལག་ནས་སོར་གདུབ་རྒྱ་ཕྱུང་སྟེ་སོང་ངོ་། །རྒྱལ་པོས་དྲིས་པ། སྒྲོལ་མ་ཁྱོད་ཀྱིས་དགའ་མགུར་སྤྱད་དམ། དེས་སྨྲས་པ། ལྷ་དགའ་མགུར་མ་སྤྱད་དོ། །ཅིའི་ཕྱིར་ཁྱོད་ཀྱིས་དགའ་མགུར་མ་སྤྱད། དེས་ཇི་ལྟར་གྱུར་པ་བརྗོད་ནས་སོར་གདུབ་རྒྱ་བསྟན་ཏེ་འདི་ནི་བདག་གིས་དེའི་སོར་གདུབ་རྒྱ་འཚལ་ཏེ་མཆིས་པ་ལགས་སོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་དེའི་རྒྱ་བཀླགས་ནས་གསོས་པ་ལ་སྨྲས་པ། གསོས་པ་རྒྱལ་པོ་ཤར་པའི་བུ་དམག་མང་པོ་ཅན་འདིར་འོངས་པ་སུས་ཀྱང་མ་ཚོར་ཏེ། དེ་ཡང་ངའི་བཙུན་མོའི་འཁོར་འདོད་ན་ཁྱོད་ཀྱིས་ཇི་ལྟར་ཡལ་བར་དོར་དེས་སྨྲས་པ། ལྷ་མ་ཚོར་བར་དེ་འདིར་མཆིས་མོད་ཅི་སྟེ་ད་དུང་འདིར་མཆི་ན་མི་བཟོད་པར་བགྱིའོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཡང་དེ་བཞིན་དུ་དྲིལ་བསྒྲགས་པ་དང་། རྒྱལ་པོ་ཤར་པའི་བུ་དེས་དེ་བཞིན་དུ་ཐོས་ནས་སྦྱོར་བ་འཆང་ལ་སྨྲས་པ། སྦྱོར་བ་འཆང་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཡང་བཙུན་མོའི་འཁོར་ཇི་ལྟར་འདོད་པ་བཞིན་དུ་སྐྱེས་བུ་ལོངས་སྤྱོད་དུ་བཏང་ངོ་ཞེས་གྲག་གིས་དེའི་ཕྱིར་རྒྱལ་པོ་གཏུམ་པོ་རབ་སྣང་གི་བཙུན་མོའི་འཁོར་རྣམས་དང་ལྷན་ཅིག་དགའ་མགུར་སྤྱད་ཀྱིས་ཚུར་ཤོག་འདོང་སྦྱོར་བ་འཆང་གིས་སྨྲས་པ། ལྷ་དེའི་ཚེ་ནི་ཁྱོད་མ་ཚོར་བར་བཞུད་པས་དེའི་སླད་དུ་བདེ་བར་འདིར་འཁོར་གྱི། ད་ནི་རྒྱལ་པོ་གཏུམ་པོ་རབ་སྣང་སྟ་གོན་དུ་ཆས་ཤིང་མཆིས་པས་མ་གཤེགས་ན་ལེགས་སོ། །དེས་སྨྲས་པ། སྦྱོར་བ་འཆང་མི་རྣམས་ཀྱི་ནང་ན་མི་གཟུ་ལུམས་ཅན་དག་ཡོད་དེ་འགྲོའོ་ཞེས་དེ་སོང་བ་དང་སྦྱོར་བ་འཆང་ཡང་རྒྱལ་པོའི་བཀས་སོང་ངོ་། །རྒྱལ་པོ་ཤར་པའི་བུ་རིམ་གྱིས་འཕགས་རྒྱལ་དུ་ཕྱིན་ཏེ་ཁྱིམ་གང་དུ་ཞུགས་པ་དེ་གསོས་པས་ལག་ན་རལ་གྲི་ཐོགས་པའི་མི་དག་གིས་ཀུན་ཏུ་བསྐོར་ནས་དེ་རྣམས་


DKG010_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྒོ་བ། ཤེས་ལྡན་དག་གལ་ཏེ་བུད་མེད་ཅིག་ཕྱི་རོལ་དུ་བྱུང་ན་ནི་ཐོང་ཤིག །ཇི་སྟེ་སྐྱེས་པ་ཞིག་ན་མ་གཏང་ཞིག །སྦྱོར་བ་འཆང་གིས་ཚོར་ནས་དེས་བསམས་པ་བདག་གིས་རྒྱལ་པོ་མི་བཟད་པ་དོགས་པ་ཉམ་ང་བར་གྱུར་པ་ཡལ་བར་དོར་བ་གང་ཡིན་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས། དེས་རྒྱལ་པོ་དེ་བུད་མེད་ཕལ་པའི་ཆ་ལུགས་དང་རྒྱན་གྱིས་བརྒྱན་ཏེ། དེ་ནས་བུམ་པ་བསྐུར་ནས་ལྕུག་མས་གཞུས་ཏེ་སྤྱོ་ཞིང་ལྷ་ད་ཅུང་ཚེམས་ཤིང་མ་གསོལ་ན་ཁྱོད་ཆུ་ཁྱེར་ཏེ་མི་འོང་ངམ། ཞེས་བྱས་ནས་ཕྱིར་ཕྱུང་ངོ་། །རྒྱལ་པོའི་མི་རྣམས་ཀྱིས་བུ་མོ་མངག་གཞུག་མ་ཡིན་ནོ་སྙམ་ནས་ཡལ་བར་བཏང་བ་དང་དེས་བུམ་པ་རྫིང་བུའི་འགྲམ་དུ་བོར་ནས་བྲོས་ཏེ་སོང་ངོ་། །གསོས་པས་ཁྱིམ་དེ་བལྟས་པ་དང་རེ་ཞིག་ན་བྲོས་པར་གྱུར་ནས་དེས་སྦྱོར་བ་འཆང་བཟུང་སྟེ་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཕུལ་ནས་ལྷ་མི་འདིས་རྒྱལ་པོ་ཤར་པའི་བུ་བཏང་ལགས་སོ། །སྦྱོར་བ་འཆང་གིས་སྨྲས་པ། ལྷ་བདག་གིས་དེའི་ཟས་དང་གོས་དག་བདག་གིར་བགྱིས་ཏེ་བདག་གིས་དེ་བཏང་བ་གང་ལགས་པ་དེ་ནི་བདག་གིས་རིགས་པ་ཞིག་བགྱིས་ཀྱི། འདིས་ནི་ཁྱོད་ཀྱི་ཟས་དང་གོས་བདག་གིར་བགྱིས་ལ་བཏང་བ་ན་ཡལ་བར་བོར་བ་གང་ལགས་པ་དེ་ནི་རིགས་པ་མ་ལགས་སོ། །ཞེས་སྨྲས་པ་དང་། རྒྱལ་པོ་གསོས་པ་ལ་ཁྲོས་ནས་སྨྲས་པ། གསོས་པ་རྒྱལ་པོ་ཤར་པ་ངའི་བཙུན་མོའི་འཁོར་འདོད་པ་ཡལ་བར་བཏང་བའི་རིགས་སམ། དེའི་ཕྱིར་གལ་ཏེ་རེ་ཞིག་རྒྱལ་པོ་ཤར་པའི་བུ་ཁྲིད་དེ་འོངས་ན་དེ་ལྟ་ན་ལེགས། ཇི་སྟེ་མ་འོངས་ན་ཆད་པས་ཆེར་གཅད་དོ་ཞེས་བྱས་པ་དང་། དེ་སྐྲག་ནས་དེ་གཟུང་བའི་ཐབས་སེམས་ཤིང་འདུག་གོ །རེ་ཞིག་ན་ལྷོ་ཕྱོགས་ནས་འཁྲུལ་འཁོར་གྱི་སྒྱུ་རྩལ་གྱི་སློབ་དཔོན་ཞིག་འོངས་པ་དང་། གསོས་པས་ཀྱེ་སྐྱེས་བུ་འདི་དང་འདི་ལྟ་བུའི་འཁྲུལ་འཁོར་བྱེད་ནུས་སམ་ཞེས་དྲིས་པ་དང་། དེས་སྨྲས་པ། ལྷ་བདག་གིས་མཉེས་པར་རྔོ་ཐོག་གོ །གསོས་པས་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་ཞེས་བྱ་བ་དབེན་པ་ཞིག་ཏུ་སྦས་ནས་འཕགས་རྒྱལ་དུ་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་བྲོས་སོ་ཞེས་སྒྲ་བཏང་བ་དང་དེའི་ཚེ་སྒྲ་དེ་ཡང་ཕྱོགས་དང་ཕྱོགས་མཚམས་དག་ཏུ་གྲགས་པར་གྱུར་ཏོ། །དེའི་ཚེ་དེས་འཁྲུལ་འཁོར་གྱི་སྒྱུ་རྩལ་གྱི་མཁན་པོ་ལ་འདི་ལྟ་བུའི་འཁྲུལ་འཁོར་ཞིག་གྱིས་ཤིག་ཅེས་སྨྲས་པ་དང་དེས་ཀྱང་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་ཅི་འདྲ་བ་དེ་ཁོ་ན་འདྲ་བའི་འཁྲུལ་འཁོར་


DKG010_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱས་ནས་འཁྲུལ་འཁོར་དེར་མི་ལྔ་བརྒྱ་ཡང་བཅུག །གླང་པོ་ཆེའི་ལྕི་བ་དང་ཆུ་ཡང་མང་དུ་བཅུག་སྟེ། དེ་ནས་མི་དེ་རྣམས་ལ་བསྒོ་བ། ཅི་ནས་ཁྱེད་ཅག་གིས་ཇི་ལྟར་ཀཽ་ཤཱཙྱཾའི་ཉེན་འཁོར་མིག་ལམ་དུ་འབབ་པ་དེ་ལྟར་འཁྲུལ་འཁོར་འདི་དྲོངས་ཤིག །ཇི་སྟེ་རྒྱལ་པོ་ཤར་པའི་བུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བྱུང་ན་ནི་ཁྱེད་ཀྱིས་དེའི་ལག་ཏུ་མ་སྦྱིན་ཅིག །འོན་ཏེ་གཅིག་པུ་འོངས་ན་ནི་ཟུང་ལ་བཟུང་ནས་མྱུར་དུ་འདིར་ཁྲིད་དེ་ཤོག་ཤིག་ཅེས་བྱས་པ་དང་། དེ་དག་གིས་ཇི་ལྟར་འཁྲུལ་འཁོར་དེ་ཀཽ་ཤཱཙྱཾའི་ཉེན་འཁོར་བལྟར་རུང་བ་དེ་ལྟར་ལེགས་པར་དྲངས་ཏེ་འདུག་པ་དང་། ཕྱུགས་རྫི་དང་། བ་ལང་རྫི་དང་། རྩྭ་ཐུན་དང་། ཤིང་ཐུན་དང་། ལམ་གྱིས་འཚོ་བ་དང་། ལམ་གོལ་བས་འཚོ་བའི་མི་རྣམས་ངོ་མཚར་དུ་གྱུར་པའི་མིག་བགྲད་ནས་བསྐོར་ཏེ་བལྟ་བར་བརྩམས་སོ། །དེ་ན་ཁ་ཅིག་ན་རེ་ཤེས་ལྡན་དག་འདི་ནི་གླང་པོ་ཆེའི་གཙོ་བོ་རྒོད་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་འདི་གླང་པོ་ཆེ་རྒོད་མ་ཡིན་གྱི་འཕགས་རྒྱལ་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་གི་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་ཞེས་བྱ་བ་བྲོས་པ་དེ་འདིར་འོངས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་ཁ་ཅིག་གིས་རྒྱལ་པོ་ཤར་པའི་གན་དུ་སོང་ནས་གཅམ་བུ་གསོལ་པ། ལྷ་འཕགས་རྒྱལ་ན་གནས་པའི་རྒྱལ་པོ་གཏུམ་པོ་རབ་སྣང་གི་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་བྲོས་པར་གྱུར་པ་གང་ལགས་པ་དེ་ནི་ལྷའི་བསོད་ནམས་ཀྱི་མཐུས་འདིར་མཆིས་ཏེ་སྲོག་ཆགས་བརྒྱ་སྟོང་དུ་མ་ལྟར་མཆིས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཤར་པའི་བུས་ཐོས་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ་དགའ་བའི་རྔ་ནི་བརྡུངས། དུང་ཟུང་ཁ་བསྟམས་པ་ནི་བུས་ནས་སྦྱོར་བ་འཆང་ལ་བསྒོ་བ། སོང་ལ་དཔུང་གི་ཚོགས་ཡན་ལག་བཞི་གོ་སྐོན་ལ་གྲོང་ཁྱེར་དུ་ཡང་དྲིལ་སྒྲོགས་ཏེ། འདི་སྐད་དུ་གྲོང་ཁྱེར་ན་གནས་པ་ཐམས་ཅད་དང་། ཡུལ་སྣ་ཚོགས་ནས་འོངས་པའི་སྐྱེ་བོའི་ཚོགས་རྣམས་ལ་རྒྱལ་པོ་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་འཛིན་ཏུ་གཤེགས་ཀྱིས་མཚོན་ཆ་རྣམ་པ་སྣ་ཚོགས་དང་ཞགས་པ་ཐོགས་ཏེ་ཤོག་ཤིག་ཅེས་བསྒོ་ཤིག །སྦྱོར་བ་འཆང་གིས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། གྲོང་ཁྱེར་དུ་ཡང་དྲིལ་བསྒྲགས་ནས་འདི་སྐད་དུ་ཤེས་ལྡན་གྲོང་ཁྱེར་ན་གནས་པ་རྣམས་དང་། ཕོ་བྲང་འཁོར་ན་གནས་པ་རྣམས་དང་། ཡུལ་སྣ་ཚོགས་ནས་འོངས་པའི་སྐྱེ་བོའི་ཚོགས་


DKG010_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཉོན་ཅིག་ལྷས་ང་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་འཛིན་དུ་གཤེགས་ཀྱིས་ཁྱེད་ཅག་མཚོན་ཆ་སྣ་ཚོགས་དང་ཞགས་པ་དག་ཐོགས་ཏེ་ཤོག་ཤིག་ཅེས་བཀའ་སྩལ་ཏོ། །ཞེས་བྱས་སོ། །དེ་ནས་རྒྱལ་པོ་ཤར་པ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་། མིའི་མཆོག་སྟོང་ཕྲག་དུ་མ་དང་། ལྷན་ཅིག་ཏུ་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་འཛིན་དུ་དོང་བ་དང་། འཁྲུལ་འཁོར་འཕུལ་བ་རྣམས་ཀྱིས་ཇི་ལྟར་གླང་པོ་ཆེའི་གཙོ་བོ་འདམ་བུའི་རི་ལྟར་བཅོས་པ་དེ་འབྲོས་པར་རྩོམ་པ་དེ་ལྟར་འཁྲུལ་འཁོར་དེ་ཕུལ་བ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཁྱོད་ཉིད་གླང་པོ་ཆེའི་ཆོ་ག་ལ་མཁས་པ་ལགས་པས་གླང་པོ་ཆེ་འདི་འབྲོས་སུ་བགྱིད་ཀྱིས་ཁྱོད་ཉིད་ཀྱིས་ཐབས་མཛད་དུ་གསོལ། རྒྱལ་པོས་སྦྱོར་བ་འཆང་ལ་བསྒོ་བ། དཔུང་གི་ཚོགས་ཡན་ལག་བཞི་པ་ཁྱེད་ཅིག །ང་ཉིད་ཐབས་ཀྱིས་འདིའི་དྲུང་དུ་འགྲོའོ། །དེས་དཔུང་གི་ཚོགས་ཡན་ལག་བཞི་པ་བཀྱེད་ནས་རྒྱལ་པོ་བདག་ཉིད་པི་བང་སྙན་པ་ལེན་ཅིང་ཉེ་བར་འགྲོ་བར་བརྩམས་པ་དང་། འཁྲུལ་འཁོར་འཕུལ་བ་རྣམས་ཀྱིས་ཇི་ལྟར་འཁྲུལ་འཁོར་རྒྱལ་པོ་ཤར་པའི་བུ་དྲུང་དུ་སོང་ནས་འདུག་པ་དེ་ལྟར་ཕུལ་ཏེ་མི་ལྔ་བརྒྱ་པོ་དེ་དག་འཁྲུལ་འཁོར་ནས་བྱུང་སྟེ་བཟུང་ངོ་། །བཟུང་ནས་འཁྲུལ་འཁོར་དུ་བཅུག་སྟེ་འཁྲུལ་འཁོར་དེ་ཇི་ལྟར་རླུང་གི་ཤུགས་ལྟར་མགྱོགས་པར་གྱུར་པ་དེ་ལྟར་ཕུལ་ལོ། །རྒྱལ་པོ་ཤར་པའི་བུ་ཁྲིད་དོ། །རྒྱལ་པོ་ཤར་པའི་བུ་ཁྲིད་དོ་ཞེས་བློན་པོ་རྣམས་ཀྱིས་ཀུན་ཏུ་སྦྲན་པ་དང་། སྲོག་ཆགས་བརྒྱ་སྟོང་དུ་མ་དང་། དཔུང་གི་ཚོགས་ཡན་ལག་བཞི་པས་བསྙག་པར་བརྩམས་སོ། །གང་གི་ཚེ་ས་ཚིགས་འདས་པར་གྱུར་པ་དེའི་ཚེ་སྦྱོར་བ་འཆང་གིས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་ཁྲིད་ཟིན་ཏེ་ཐབས་གཞན་ཞིག་བསམ་གྱིས་སླར་ལོག་ཤིག་ཅེས་བྱས་པ་དང་དེ་དག་ཐམས་ཅད་ལོག་གོ །རྒྱལ་པོ་ཤར་པའི་བུ་ཡང་འཕགས་རྒྱལ་དུ་ཁྲིད་ནས་གསོས་པས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཕུལ་ཏེ། ལྷ་རྒྱལ་པོ་ཤར་པའི་བུ་འདི་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་དགའ་བའི་རྔ་ནི་བརྡུངས། དུང་ཟུང་ཁ་བསྟམས་པ་ནི་བུས་ཏེ། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། སྲང་ན་གནས་པའི་སྲོག་ཆགས་སྙིང་ན་བ་དུ་མ་ཚོགས་པ་དང་། གསོས་པ་ལ་བསྒོ་བ་ངས་རྒྱལ་པོ་


DKG010_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་པའི་བུ་ཡོངས་སུ་བཏང་གིས་སོད་ཅིག །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་པོ་འདི་ནི་གླང་པོ་ཆེའི་ཆོ་ག་ལ་མཁས་པ་ཞིག་སྟེ། གལ་ཏེ་འདི་བཀུམ་ན་གླང་པོ་ཆེའི་ཆོ་ག་ནུབ་པར་འགྱུར་བས་དེའི་སླད་དུ་རེ་ཞིག་ལྷས་འདི་ལས་གླང་པོ་ཆེའི་ཆོ་ག་བསླབ་ཏུ་གསོལ། སླད་ཀྱིས་ཇི་ལྟར་བཀའ་སྩལ་པ་བཞིན་བགྱིའོ། །རྒྱལ་པོས་སྨྲས་པ། གསོས་པ་གལ་ཏེ་དེ་ལྟ་ན་ཁྱོད་ཀྱིས་འདི་ལས་གླང་པོ་ཆེའི་ཆོ་ག་སློབས་ཤིག །ངས་འདི་ལས་གླང་པོ་ཆེའི་ཆོ་ག་བསླབས་ཏེ་ངའི་སློབ་དཔོན་དུ་གྱུར་ན་ཇི་ལྟར་སློབ་དཔོན་བསད་པར་བྱ། གསོས་པས་སྨྲས་པ། ལྷ་བདག་ལ་ཡང་ཉེས་དམིགས་དེ་ཉིད་དུ་འགྱུར་བས་དེ་ནི་ཆ་མ་ལགས་སོ། །རྒྱལ་པོས་སྨྲས་པ། གསོས་པ་གལ་ཏེ་དེ་ལྟ་ན་སུ་ཞིག་འདི་ལ་སློབ་ཏུ་བཅུག་ལ་དེ་ལས་ངས་བསླབ་པར་བྱ། གསོས་པས་སྨྲས་པ། ལྷ་ཁྱོད་ཀྱིས་སྲས་མོ་ནོར་ལྷས་བྱིན་འདི་ལེ་ལོ་མ་མཆིས་པ། བརྩོན་འགྲུས་དང་ལྡན་པ། མཁས་པ། གྲིམས་པ་ལགས་པས་འདི་སློབ་ཏུ་སྩལ་ཏེ། འདིས་ལྷ་ལ་བསླབ་པར་བགྱིའོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་ནོར་ལྷས་བྱིན་ལ་སྨྲས་པ། བུ་མོ་མི་དེ་མཚན་ངན་པ་བཅྭ་བརྒྱད་དང་ལྡན་ན། འོན་ཀྱང་གླང་པོ་ཆེའི་ཆོ་ག་ལ་མཁས་པ་ཞིག་པས་ཁྱོད་ཀྱིས་དེ་ལས་བར་དུ་ཡོལ་བས་བཅད་དེ་གླང་པོ་ཆེའི་ཆོ་ག་སློབས་ལ་ཕྱིས་ང་ལ་སློབས་ཤིག །ཁྱོད་ཀྱིས་དེ་ལ་བལྟ་བར་ཡང་མི་བྱ་སྟེ། དེ་མཐོང་ན་བཀྲ་མི་ཤིས་པས་ཁྱོད་ཀྱིས་དེ་མཐོང་ན་ཁྱོད་འཆིའོ་ཞེས་བྱས་པ་དང་། དེས་ཡོལ་བས་བཅད་དེ་དེ་ལས་གླང་པོ་ཆེའི་ཆོ་ག་བསླབ་པར་བརྩམས་སོ། །སྦྱོར་བ་འཆང་གིས་བསམས་པ། གལ་ཏེ་ལྷ་བཙལ་ཏེ་གསོན་ན་ནི་དེ་ཐར་པའི་ཐབས་ཤིག་བསམ་མོ། །འོན་ཏེ་ཤི་སྟེ་དུས་ལས་འདས་ན་ནི་གཞན་ཞིག་རྒྱལ་པོར་དབང་བསྐུར་རོ་སྙམ་ནས། དེའི་སྲིང་མོ་གསེར་ཕྲེང་ཅན་ཞེས་བྱ་བ་སྒྱུ་བཤམ་པ་ལ་སྦྱོར་བ་འཆང་བ་བས་ཀྱང་ལྷག་པ་ཞིག་ཡོད་པ་དེ་ལ་དེས་སྨྲས་པ། སྲིང་མོ་འཕགས་རྒྱལ་དུ་སོང་ལ་སོན་ནས་རྒྱལ་པོ་ཀུན་དུ་ཚོལ་ཏེ། གལ་ཏེ་གསོན་ན་དེ་ཐར་པའི་ཐབས་ཤིག་བསམ་པར་བྱའོ། །འོན་ཏེ་ཤི་སྟེ་དུས་ལས་འདས་ན་གཞན་ཞིག་རྒྱལ་པོར་དབང་བསྐུར་རོ་ཞེས་བྱས་པ་དང་དེས་དེ་ལ་ཅང་མི་སྨྲ་བས་ཁས་བླངས་ཏེ་ཀུན་ཏུ་རྒྱུའི་ཆ་ལུགས་སུ་བསྒྱུར་ནས་འཕགས་རྒྱལ་དུ་སོང་ངོ་། །དེ་རྒྱལ་པོའི་སྒོར་


DKG010_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ནས་རྒྱལ་པོའི་མི་དག་ལ་དྲིས་པ། ཤེས་ལྡན་དག་རྒྱལ་པོ་ཤར་པའི་བུ་ཅི་གསོན་ནམ་འོན་ཏེ་ཤི ། རྒྱལ་པོའི་མི་དག་གིས་སྨྲས་པ། རེ་ཞིག་རབ་ཏུ་བྱུང་བ་ཁྱོད་ལ་དྲིས། དེས་ཁྱོད་ལ་གནོད་པ་ཅི་ཞིག་བྱས། དེས་སྨྲས་པ། ཤེས་ལྡན་དག་དེས་ཁོ་མོའི་ཁྱོ་དང་བུ་ནི་འཚོ་བ་དང་ཕྲལ། བདག་གི་ནོར་རྫས་ཐམས་ཅད་ནི་ཕྲོགས་སོ་དེ་དག་གིས་སྨྲས་པ། རབ་ཏུ་བྱུང་བ་དེ་ནི་དུས་ལས་མ་འདས་ཏེ། དེ་རྒྱལ་པོའི་སྲས་མོ་ནོར་ལྷས་བྱིན་པ་ལ་གླང་པོ་ཆེའི་ཆོ་ག་སློབ་པོ་དེ་བཞིན་དུ་དེས་རྒྱལ་པོའི་སྒོ་བཞིར་རྒྱལ་པོའི་མི་དག་ལ་དྲིས་པ་དང་། དེ་དག་གིས་ཀྱང་དེ་བཞིན་དུ་ལན་བཏབ་པོ། །དེ་གཡོ་ཐབས་དེ་དང་དེས་ནང་དུ་ཆུད་པ་དང་། དེ་རྒྱལ་པོ་ཤར་པའི་བུ་མཐོང་ནས་ཕྱོགས་བཞིར་བལྟས་ཏེ་དལ་བུས་ལྷ་གསོན་ནམ་ཞེས་སྨྲས་པ་དང་དེ་ཡང་བག་ཚ་ཞིང་ཡིད་མི་དགའ་བཞིན་དུ་ཕྱོགས་བཞིར་བལྟས་ནས་སྲིང་མོ་གསོན་ནོ་ཞེས་སྨྲས་སོ། །དེས་དེ་མངོན་སུམ་བྱས་ནས་ཐབས་གཞན་ཞིག་གིས་ནོར་ལྷས་བྱིན་པ་མཐོང་ནས་སྨྲས་པ། བུ་མོ་ཁྱོད་སུ་ལས་གླང་པོ་ཆེའི་ཆོ་ག་སློབ་དེས་སྨྲས་པ། བགྲེས་མོ་མི་མཚན་ངན་པ་བཅྭ་བརྒྱད་དང་ལྡན་པ་ཞིག་ཡོད་དེ་དེ་ལ་བར་ཡོལ་བས་བཅད་ནས་སློབ་བོ། །དེས་སྨྲས་པ། འདི་ན་མི་མཚན་ངན་པ་བཅྭ་བརྒྱད་དང་ལྡན་པ་འགའ་ཡང་ག་ལ་ཡོད། གང་ཞིག་ཁྱོད་སློབ་པ་དེ་ནི་རྒྱལ་པོ་ཤར་པའི་བུ་ཡིན་ཏེ། གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་མཚན་ཐམས་ཅད་ལེགས་པར་རྫོགས་པ་ཡིན་ན། ཁྱོད་ལ་སུ་ཞིག་གིས་དེ་སྐད་དུ་བསླུས། ཅི་སྟེ་ཁྱོད་ཡིད་མི་ཆེས་ན་ཡོལ་བ་ཕྱེ་ལ་ལྟོས་ཤིག་ཅེས་བྱས་པ་དང་། དེས་དེའི་གཟུགས་དང་ན་ཚོད་ཐོས་ནས་དད་དེ་ཡོལ་བ་ཕྱེ་བ་དང་མཐོང་ངོ་། །མཐོང་མ་ཐག་ཏུ་རླུང་གི་སྟོབས་ཀྱི་ཤུགས་ཀྱིས་བསྐྱོད་པ་བཞིན་དུ་འདོད་པས་གཡེམས་ནས་སྨྲས་པ། བགྲེས་མོ་ཁྱོད་ཇི་སྐད་གསུང་པ་གང་ལགས་པ་དེ་ནི་མད་ན་འོན་ཀྱང་གསོལ་བ་ཞིག་མཆིས་ཏེ། བདག་འདི་དང་ལྷན་ཅིག་མཇལ་བར་ཁྱོད་ཀྱིས་སྤྱོད་དམ། དེས་སྨྲས་པ། བུ་མོ་བདག་གིས་ཁྱོད་ཀྱི་དེ་ཁོ་ན་བཞིན་དུ་བསྒྲུབ་པར་བྱ་སྟེ། གར་བསྐོར་ཀྱང་སྐྱེས་བུ་འདི་ལྟ་བུ་དང་ཕྲད་པ་ཡང་དཀའ་ན་གང་ཁྱོད་ང་ལ་འདི་ལྟ་བུ་འཆོལ་པ་ལྟ་སྨོས་ཀྱང་ཅི་དགོས།། །


previousཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྟོད་ཆ།no next