Nitartha Digital Library
Tibetan
 
previousལེའུ་གཉིས་པ། next

ལེའུ་གཉིས་པ།


DKG026_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་མང་པོ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ་མང་པོ་དེ་དག་འདུས་


DKG026_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཏེ། སྦྱིན་པ་དང་གཏོང་བ་དང་ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར། ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ལྟུང་བ་དང་མི་ལྟུང་བ་བྱ་བ་མེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །འཁྲུག་པ་མེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །རོ་མྱོང་བ་མེད་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཏེ། དྲན་པ་མི་དམིགས་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་


DKG026_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱའོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་ལྔ་དང་། རྣམ་པར་བམ་པའི་འདུ་ཤེས་དང་། འབུ་ཅན་གྱི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་དང་། ཟས་མི་མཐུན་པའི་འདུ་ཤེས་བསྒོམ་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དང་། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དང་། མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་གྱི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་དགའ་བར་མི་བྱ་བའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་བའི་འདུ་ཤེས་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པ་བསྒོམ་པར་བྱའོ། །རྣམ་པར་རྟོག་པ་དང་བཅས། རྣམ་པར་


DKG026_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དང་། ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་རིག་པའི་དབང་པོ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཆུབ་པའི་སྐྱེ་མཆེད་དང་། བསྡུ་བའི་དངོས་པོ་བཞི་དང་། རྣམ་པར་དགོད་པ་བཞི་དང་། ས་བཅུ་དང་། སྤྱོད་པ་བཅུ་དང་། བཟོད་པ་བཅུ་དང་། ལྷག་པའི་བསམ་པ་ཉི་ཤུ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཞི་གནས་དང་། ལྷག་མཐོང་ཤེས་པ་དང་། རིག་པ་གསུམ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མི་འཇིགས་པ་བཞི་དང་། མ་ཉམས་པའི་མངོན་པར་ཤེས་པ་ལྔ་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་། ནོར་བདུན་དང་། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་དང་། སེམས་ཅན་གྱི་གནས་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བ་་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་དང་། ཐམས་ཅད་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་དང་། ཤེས་པའི་རྣམ་པའི་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བྱའོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བྱ་སྟེ། ཤཱ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་


DKG026_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཤེས་པར་འདོད་པ་དང་། ས་དེ་དག་ལས་འདའ་བར་འདོད་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང་། མངོན་པར་ཤེས་པ་དྲུག་ལ་གནས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྣམ་པར་གཡོ་བ་ཤེས་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པ་ཟིལ་གྱིས་གནོན་པར་འདོད་པ་དང་། གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྦྱིན་པ་གཏོང་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནན་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནན་པར་འདོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གཞན་ཡང་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་ཆུང་ངུ་བྱིན་ཡང་། ཐབས་མཁས་པས་ཡོངས་སུ་བསྔོ་བའི་ཚུལ་གྱིས། ཇི་ལྟ་བུར་ན་ཚད་


DKG026_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྲངས་མེད་དཔག་ཏུ་མེད་པར་འགྱུར་སྙམ་ནའང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚུལ་ཁྲིམས་ཆུང་ངུ་བསྲུངས། བཟོད་པ་ཆུང་ངུ་བསྒོམས་བརྩོན་འགྲུས་ཆུང་ངུ་བརྩམས། བསམ་གཏན་ཆུང་ངུ་ལ་མཉམ་པར་བཞག །ཤེས་རབ་ཆུང་ངུ་བསྒོམས་ཀྱང་། ཐབས་མཁས་པས་ཡོངས་སུ་བསྔོ་བའི་ཚུལ་གྱིས། ཇི་ལྟ་བུར་ན་ཚད་མེད་གྲངས་མེད་དཔག་ཏུ་མེད་པར་འགྱུར་སྙམ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་པར་འདོད་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་འདོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འདོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་འདོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་འདོད་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་འདོད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་ཚེ་རབས་ཐམས་ཅད་དུ་བདག་གིས་སངས་རྒྱས་ཀྱི་སྐུ་མཐོང་བར་འགྱུར། ཇི་ལྟར་ན་སངས་རྒྱས་ཀྱིས་བསྐུལ་བར་འགྱུར། ཇི་ལྟར་ན་སངས་རྒྱས་ཀྱིས་དགོངས་པར་


DKG026_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཇི་ལྟར་ན་སངས་རྒྱས་མཉེས་པར་འགྱུར། ཇི་ལྟར་ན་སངས་རྒྱས་ཀྱིས་ཡོངས་སུ་གཟུང་བར་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྐུ་ཡོངས་སུ་བསྒྲུབ་པར་འདོད་པ་དང་། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་འདོད་པ་དང་། ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པ་དང་། བྱང་ཆུབ་ཀྱི་སེམས་མི་སྟོར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མི་ཉམས་པ་ཐོབ་པར་འདོད་པ་དང་། སྡིག་ཏོའི་མཛའ་བོ་དང་། སྡིག་ཏོའི་གྲོགས་པོ་ཐམས་ཅད་སྤང་བར་འདོད་པ་དང་། དགེ་བའི་བཤེས་གཉེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྙེན་བཀུར་བར་འདོད་པ་དང་། བདུད་དང་བདུད་ཀྱི་རིས་སུ་གཏོགས་པའི་ལྷ་ཐམས་ཅད་ཕམ་པར་བྱ་བར་འདོད་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བར་འདོད་པ་དང་། ཆོས་ཐམས་ཅད་ལ་བསྒྲིབས་པ་མེད་པ་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་བསྒྲུབ་པར་འདོད་པ་དང་། སངས་རྒྱས་ཀྱི་རིགས་བསྒྲུབ་པར་འདོད་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་དོན་དུ་གནས་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་ས་ཐོབ་པར་འདོད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མི་འབྲལ་བར་འདོད་པ་དང་། བྱང་ཆུབ་སེམས་དཔའི་ས་ལས་འདའ་


DKG026_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་པ་དང་། མྱུར་དུ་དེ་བཞིན་གཤེགས་པའི་ས་ཡོངས་སུ་རྫོགས་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་རྣམ་པ་གང་དང་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པ་བྱེད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་དང་། རྣམ་པ་དེ་དག་ཕུན་སུམ་ཚོགས་པར་འགྱུར་བར་དགའ་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་དགའ་བར་བྱ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང་། ཟས་དང་སྐོམ་དང་གོས་དང་རྒྱན་དང་མེ་ཏོག་དང་བདུག་སྤོས་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་མལ་ཆ་དང་སྟན་དང་གནས་དང་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་དང་ནོར་དང་འབྲུ་དང་ལྷབ་ལྷུབ་དང་ནོར་བུ་དང་མུ་ཏིག་དང་་ཌྰུརྱ་དང་དུང་དང་མན་ཤེལ་དང་། བྱི་རུ་དང་ས་ལེ་སྦྲམ་དང་དངུལ་དང་བཟའ་ཤིང་གི་ར་བ་དང་། རྒྱལ་པོའི་སྲིད་ལ་སོགས་པ་ཡོ་བྱད་དང་། ལོངས་སྤྱོད་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱའོ་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་པར་འདོད་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མོས་པ་ཐོབ་པ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་


DKG026_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་གསུམ་པ། ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་གཟུད་པར་འདོད་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་དགོད་པར་འདོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་སེམས་བསྐྱེད་པ་གཅིག་འགའ་ཡང་སྙིང་པོ་བྱང་ཆུབ་ལ་ནམ་འདུག་གི་བར་དུ་མི་ཟད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་བདག་གི་ཡོན་ཏན་བརྗོད་པར་དགའ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་བདག་གི་ཡོན་ཏན་བརྗོད་པར་དགའ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་དུ་སེམས་བསྐྱེད་པ་གཅིག་གིས་འགྲོ་བར་འདོད་པའི་བྱང་ཆུབ་སེམས་དཔའ་


DKG026_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་དུ་སེམས་བསྐྱེད་པ་གཅིག་གིས་འགྲོ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་དུ་སྒྲ་གཅིག་གི་དབྱངས་ཀྱིས་གོ་བར་བྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་དུ་སྒྲ་གཅིག་གི་དབྱངས་ཀྱིས་གོ་བར་བྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྐྱེ་བ་རྒྱུན་མི་གཅད་པའི་དོན་དུ་གནས་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་བསྒྲུབ་པར་འདོད་པ་དང་། སངས་རྒྱས་ཀྱི་རིགས་རྒྱུན་མི་གཅད་པའི་དོན་དུ་གནས་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་ནང་སྟོང་པ་ཉིད་ལ་གནས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་


DKG026_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་དང་། དབང་དང་། དེ་མ་ཐག་པ་དང་། རྒྱུའི་རྐྱེན་ཁོང་དུ་ཆུད་པར་འདོད་པ་དང་། དེ་བཞིན་ཉིད་ཀྱི་རྣམ་པ་དང་། མཚན་ཉིད་ཁོང་དུ་ཆུད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། འགྱུར་བ་མེད་པའི་དེ་བཞིན་ཉིད་དང་། ཡང་དག་པ་ཇི་ལྟ་བའི་དེ་བཞིན་ཉིད་ཁོང་དུ་ཆུད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་འདོད་པ་དང་། ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཐའ་ཁོང་དུ་ཆུད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཤེས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་དང་། ཆུ་ཀླུང་དང་། ཆུ་ཀླུང་ཆེན་པོ་དང་། ཆུ་བྲན་དང་། ལྗེང་ཀ་དང་། མཚོ་དང་། རྫིང་བུ་དང་། ལུ་མ་དག་གི་ཆུའི་


DKG026_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་དེ་དག་ཐམས་ཅད་སྐྲའི་རྩེ་མོ་བརྒྱར་གཤེགས་པས་གྱེན་དུ་བླང་བར་འདོད་པ་དང་། དེ་ལ་གནས་པའི་སྲོག་ཆགས་རྣམས་ལ་ཡང་གནོད་པར་མི་འགྱུར་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་མེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་འདི་ལྟ་སྟེ་དཔེར་ན། བསྐལ་པའི་མེ་ལྟར་མེ་ལྕེ་གཅིག་ཏུ་འབར་བར་གྱུར་ནའང་། དེ་ལྟར་འབར་བ་དེ་ཁའི་དབུགས་གཅིག་གིས་ཞི་བར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རླུང་གི་དཀྱིལ་འཁོར་ཇི་སྙེད་ཅིག་ཡོད་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་། འདི་ལྟ་སྟེ་དཔེར་ན། ཕུབ་མ་སྤར་གང་ལ་བྱ་བ་ལྟར་གཏོར་གཡད་དེ། རྣམ་པར་འཇིག་པར་བྱེད་པ་དེ་ལྟ་བུར་རྣམ་པར་འཐོར་བ་ཆེན་པོའི་རླུང་གི་དཀྱིལ་འཁོར་སོར་མོ་གཅིག་གི་རྩེ་མོས་ཡོངས་སུ་ཁེབས་པར་བྱ་བར་འདོད་པ་དང་། གཞིལ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ནམ་མཁའི་དབྱིངས་ཇི་ཙམ་པ་དེ་ཐམས་ཅད་སྐྱིལ་མོ་ཀྲུང་གཅིག་གིས་རྒྱས་པར་དགང་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རིའི་རྒྱལ་པོ་རི་རབ་དང་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་སྐྲ་ཉག་མ་གཅིག་གིས་སྦམས་ཏེ་གྱེན་དུ་བཏེག་ནས། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་འཕང་ངོ་སྙམ་ན་ཡང་།


DKG026_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཤིང་དང་རྩྭ་དང་གེལ་པ་དང་རྩི་དང་ནགས་ཚལ་མང་པོ་དང་རྡོ་དང་བོང་བ་དང་གྱོ་མོ་དང་རི་དང་ས་ཆེན་པོའི་ལྷུན་དེ་དག་ཐམས་ཅད་རྡུལ་ཤིན་དུ་ཕྲ་བའི་ཚུལ་དུ་ཤེས་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་བསོད་སྙོམས་གཅིག་གིས་ཁྱེད་པར་བྱ་བར་འདོད་པ་དང་། དེ་བཞིན་དུ་མེ་ཏོག་གཅིག་དང་། ཕྲེང་བ་གཅིག་དང་སྤོས་གཅིག་དང་བྱུག་པ་གཅིག་དང་ཕྱེ་མ་གཅིག་དང་། ན་བཟའ་གཅིག་དང་རྒྱན་གཅིག་དང་གདུགས་གཅིག་དང་རྒྱལ་མཚན་གཅིག་དང་བ་དན་གཅིག་གིས་རིམ་གྲོར་བྱ་བར་འདོད་པ་དང་། བཀུར་སྟིར་བྱ་བར་འདོད་པ་དང་། བསྟི་སྟང་དུ་བྱ་བར་འདོད་པ་དང་། མཆོད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་བསོད་སྙོམས་གཅིག་གིས་ཁྱེད་པར་བྱ་བར་འདོད་པ་དང་། དེ་བཞིན་དུ་མེ་ཏོག་གཅིག་དང་ཕྲེང་བ་གཅིག་དང་། སྤོས་གཅིག་དང་། བྱུག་པ་གཅིག་དང་ཕྱེ་མ་གཅིག་


DKG026_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ན་བཟའ་གཅིག་དང་། རྒྱན་གཅིག་དང་གདུགས་གཅིག་དང་། རྒྱལ་མཚན་གཅིག་དང་། བ་དན་གཅིག་གིས་རིམ་གྲོར་བྱ་བར་འདོད་པ་དང་། བཀུར་སྟིར་བྱ་བར་འདོད་པ་དང་། བསྟི་སྟང་དུ་བྱ་བར་འདོད་པ་དང་། མཆོད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་འདོད་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་འདོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་འདོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ལ་དགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་འདོད་པ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་འདོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་འདོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་དགོད་པར་འདོད་པ་དང་།


DKG026_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ལ་དགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་བཟླ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པ་གཏོང་བའི་ཚེ་འདི་ལྟར་བསླབ་པར་བྱ་སྟེ། སྦྱིན་པ་རྣམ་པ་འདི་ལྟར་བྱིན་ན་ནི་འབྲས་བུ་ཆེན་པོར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ། སྦྱིན་པ་འདི་ལྟར་བྱིན་ན་ནི་བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ། སྦྱིན་པ་འདི་ལྟར་བྱིན་ན་ནི། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ། སྦྱིན་པ་འདི་ལྟར་བྱིན་ན་ནི། སྦྱིན་པ་དེ་ཉིད་ལ་གནས་པས། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷའི་ནང་དུ་སྐྱེ། སྦྱིན་པ་འདི་ལྟར་བྱིན་ན་ནི། སྦྱིན་པ་དེ་ཉིད་ལ་གནས་པས། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་དགའ་ལྡན་དང་། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་སྐྱེ། སྦྱིན་པ་འདི་ལྟར་བྱིན་ན་ནི་སྦྱིན་པ་དེ་ཉིད་ལ་གནས་པས། བསམ་གཏན་དང་པོ་འགྲུབ་པར་འགྱུར། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་འགྲུབ་པར་འགྱུར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མཉམ་པར་གཞག་པ་ལ་སྙོམས་པར་འཇུག་པར་འགྱུར། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མཉམ་པར་གཞག་པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་མཉམ་པར་གཞག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཉམ་པར་གཞག་པ་ལ་སྙོམས་པར་འཇུག་པར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི། བྱང་ཆུབ་ཀྱི་ཕྱོགས་


DKG026_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་སུམ་ཅུ་རྩ་བདུན་འབྱུང་བར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འབྱུང་བར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སྦྱིན་པ་འདི་ལྟར་བྱིན་ན་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བར་བསླབ་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་རྣམ་པ་ཇི་ལྟ་བུར་སྩལ་ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་པ་ལགས། ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་སྦྱིན་པ་དང་། གཏོང་བ་དང་། ཡོངས་སུ་ལེན་པ་མི་དམིགས་པའི་ཚུལ་གྱིས་འཁོར་གསུམ་ཡོངས་སུ་དག་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། དེ་བཞིན་དུ་ལྟུང་བ་དང་མི་ལྟུང་བ་བྱ་བ་མེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་


DKG026_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། འཁྲུག་པ་མེད་པའི་ཕྱིར། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། ལུས་དང་སེམས་ཀྱི་བརྩོན་འགྲུས་འཇིག་པ་མེད་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། འཁྲུགས་པ་དང་རྟོག་པ་མེད་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། ཆོས་ཐམས་ཅད་རབ་ཏུ་ཤེས་པ་མི་དམིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་ལྟར་བྱུང་བ་རྣམས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་པར་འདོད་པ་དང་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདུས་བྱས་དང་། འདུས་མ་བྱས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་དགེ་བ་དང་མི་དགེ་བ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་གཟུགས་ཡོད་པ་དང་གཟུགས་མེད་པ་དང་ལུང་བསྟན་དུ་ཡོད་པ་དང་། ལུང་བསྟན་དུ་མེད་པ་དང་། ངེས་པ་དང་། མ་ངེས་པ་དང་། འབྱུང་བ་དང་། མི་འབྱུང་བ་དང་། འགྲིབ་པའི་ཚུལ་ཅན་དང་། ཁྱད་པར་གྱི་ཚུལ་ཅན་དང་། སོ་སོའི་སྐྱེ་བོའི་ཆོས་དང་འཕགས་པའི་ཆོས་དང་། སློབ་པའི་ཆོས་དང་། མི་སློབ་པའི་ཆོས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་སངས་རྒྱས་ཀྱི་ཆོས་དང་། ཆོས་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པར་འགྲོ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་


DKG026_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་མི་སྐྱེ་བའི་མཐར་ཕྱིན་པར་འདོད་པ་དང་། ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཐའ་རྟོགས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་རིམ་གྲོར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ནང་གི་འཁོར་དུ་འགྱུར་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་མང་པོ་དང་ལྡན་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་འཁོར་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་བདག་ཐམས་ཅད་ཀྱི་སྦྱིན་པ་ཡོངས་སུ་དག་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ལ་ཐོགས་པ་མེད་པའི་སེམས་དང་ལྡན་པར་འདོད་པ་དང་། ཚུལ་ཁྲིམས་ངན་པའི་སེམས་སྤང་བར་འདོད་པ་དང་། གནོད་པར་སེམས་པའི་ཡིད་དོར་བར་འདོད་པ་དང་། ལེ་ལོའི་སེམས་


DKG026_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཁྲུག་པའི་སེམས་དང་། ཤེས་རབ་འཆལ་པའི་སེམས་མི་སྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། རིམ་གྲོ་ལས་བྱུང་བ་དང་། དངོས་པོ་ཐམས་ཅད་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་རྣམ་པ་ཐམས་ཅད་དུ་ཡོངས་སུ་བསྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །འདི་ལྟ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་ཡོངས་སུ་བསྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་དང་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་། ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ལྷའི་མིག་གིས་བལྟ་བར་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཆོས་གང་སྟོན་པ་དེ་ཐམས་ཅད་ལྷའི་རྣ་བས་མཉན་པར་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་སེམས་ཀྱིས་ཁོང་དུ་ཆུད་པར་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྔོན་གྱི་


DKG026_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་དྲན་པར་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་རྣམ་པ་མང་པོ་མཐོང་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་ཆོས་གང་སྟོན་པ་དེ་དག་ཐམས་ཅད་དྲན་པའི་སྟོབས་དང་ཤུགས་གཅད་དུ་མི་ཆོད་པས་ཡང་དག་པར་གཟུང་བར་འདོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་ཐམས་ཅད་ཆུད་མི་ཟ་བར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མང་པོ་མཐོང་བར་འདོད་པ་དང་ཡོངས་སུ་བསྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་དབབ་པར་བསྟན་པ་དང་། ཆོས་རྨད་དུ་བྱུང་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི་མ་ཐོས་པ་གང་ཇི་བསྟན་ཀྱང་རུང་སྟེ། དེ་དག་ཐམས་ཅད་ཐོས་པར་འདོད་པ་དང་། གཟུང་བར་འདོད་པ་དང་། བཅང་བར་འདོད་པ་དང་། ཀླག་པར་འདོད་པ་དང་། ཡོངས་སུ་ཆུབ་པར་བྱ་བར་འདོད་པ་དང་། མ་ནོར་བར་ནན་ཏན་


DKG026_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བར་འདོད་པ་དང་། གཞན་ལ་ཡང་རྒྱ་ཆེར་བསྟན་པར་འདོད་པ་དང་། ཡང་དག་པར་བསྟན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་གསུངས་པ་དང་གསུང་བ་དང་། གསུང་བར་འགྱུར་བ་དང་། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་གསུང་བ་དང་གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་མཉན་པར་འདོད་པ་དང་། གཟུང་བར་འདོད་པ་དང་། བཅང་བར་འདོད་པ་དང་། ཀླག་པར་འདོད་པ་དང་། ཡོངས་སུ་ཆུབ་པར་བྱ་བར་འདོད་པ་དང་། གཞན་ལ་ཡང་དག་པར་རྒྱ་ཆེར་བསྟན་པར་འདོད་པ་དང་། དེ་ལ་ཡང་མ་ནོར་བར་ནན་ཏན་དུ་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། མུན་པ་མུན་ནག་སྨག་ཏུ་གྱུར་པ། སྨག་གིས་ཁྱབ་པ། ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་གཟི་བརྗིད་ཆེ་ལ། འདི་ལྟར་མཐུ་ཆེ་བ་གཉིས་ཀྱིས་ཀྱང་ལྷམ་མེར་མི་རུང་། ལྷན་ནེར་མི་རུང་། ལྷང་ངེར་མི་རུང་བ་དེ་ལྟ་བུ་ཐམས་ཅད་སྣང་བར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་། བྱང་ཤར་དང་ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། མུན་པ་མུན་ནག་སྨག་དུ་གྱུར་པ། སྨག་གིས་ཁྱབ་པ། ཉི་མ་དང་ཟླ་བ་འདི་


DKG026_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྫུ་འཕྲུལ་ཆེ་ཞིང་། འདི་ལྟར་གཟི་བརྗིད་ཆེ་ལ། འདི་ལྟར་མཐུ་ཆེ་བ་གཉིས་ཀྱིས་ཀྱང་ལྷམ་མེར་མི་རུང་། ལྷན་ནེར་མི་རུང་། ལྷང་ངེར་མི་རུང་བ་དེ་ལྟ་བུ་ཐམས་ཅད་སྣང་བར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་གང་དུ་སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་སེམས་ཅན་རྣམས་ཀྱིས་མི་ཐོས་པ་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དག་ཏུ་སེམས་ཅན་དེ་དག་ཐམས་ཅད་ཀྱིས། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་སྒྲ་ཐོས་པར་བྱ་བར་འདོད་པ་དང་། ཡང་དག་པའི་ལྟ་བ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་། ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་གང་དུ། སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་སེམས་ཅན་རྣམས་ཀྱིས་མི་ཐོས་པ་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དག་ཏུ་སེམས་ཅན་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་སྒྲ་ཐོས་པར་བྱ་བར་འདོད་པ་དང་། ཡང་དག་པའི་ལྟ་བ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་དང་། ལྷོ་དང་ནུབ་དང་བྱང་དང་། བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ལོང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བདག་གི་མཐུས། མིག་གིས་གཟུགས་མཐོང་བ་དང་། འོན་པ་རྣམས་རྣ་བས་སྒྲ་ཐོས་པ་དང་། སྨྱོན་པ་རྣམས་དྲན་པ་ཐོབ་པ་དང་། གོས་


DKG026_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་རྣམས་གོས་ཐོབ་པ་དང་། བཀྲེས་པ་དང་སྐོམ་པ་རྣམས་ཟས་དང་སྐོམ་ཐོབ་པ་དང་། ནད་པ་རྣམས་ནད་འཚོ་བར་འགྱུར་བ་དང་། བཙོན་ར་དང་ཁྲི་མོན་ན་འཁོད་པ་རྣམས་བདག་གིས་རྫུ་འཕྲུལ་དང་བདག་གི་མཐུས་དགའ་མགུར་འདོང་དུ་ཡོད་པར་བྱའོ་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཇི་ལྟར་ན་ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་མི་ཁོམ་པ་དང་། ངན་སོང་དུ་ལྷུང་བ་སེམས་ཅན་དམྱལ་བ་པའམ། བྱོལ་སོང་གི་སྐྱེ་གནས་པའམ། གཤིན་རྗེའི་འཇིག་རྟེན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བདག་གིས་མཐུས། དེ་ནས་ཤི་འཕོས་ནས་མིའི་ལུས་ཐོབ་པར་བྱ་སྙམ་སྟེ། སེམས་ཅན་དེ་དག་ཐམས་ཅད་ཚུལ་ཁྲིམས་ལ་དགོད་པར་འདོད་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་དགོད་པར་འདོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་བསླབ་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྤྱོད་པ་དང་། ཚུལ་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་དང་གསུང་གི་ཕྲིན་ལས་དང་ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་བ་ཡོངས་སུ་དག་པ་ལ་བསླབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་


DKG026_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་ཚེ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་གིས་གླང་པོ་ཆེན་པོའི་ལྟ་སྟངས་ཀྱིས་བལྟས་ཏེ། སེམས་ཅན་རྣམས་ལ་ཐོགས་པ་མེད་པར་ཆོས་བསྟན་པར་འགྱུར། ཇི་ལྟར་ན་བདག་སེང་གེ་ཆེན་པོའི་རྣམ་པར་བསྒྱིངས་པས་རྣམ་པར་སྒྱིང་བར་འགྱུར། ཇི་ལྟར་ན་བདག་གིས་དོན་ཡོད་པའི་རྣམ་པར་གནས་པས་རྣམ་པར་གནས་པར་བྱ། ཇི་ལྟར་ན་བདག་ས་ཆེན་པོ་ལ་སོར་བཞི་ཙམ་གྱིས་རྐང་པས་མི་རེག་པར་འགྲོ་བར་འགྱུར། ཇི་ལྟར་ན་བདག་གིས་པད་མོ་འདབ་མ་སྟོང་དང་ལྡན་པ་ལ་རྐང་པ་གཉིས་ཀྱི་མཐིལ་གཞག་ཅིང་། རྐང་པའི་འོག་ན་གནས་པའི་སྲོག་ཆགས་རྣམས་ལ་མི་གནོད་པར་འགྲོ་བར་བྱ། ཇི་ལྟར་ན་བདག་རྐང་པའི་མཐིལ་འཁོར་ལོའི་རྩིབས་སྟོང་དང་ལྡན་པ་གཉིས་ཀྱིས་ས་ཆེན་པོ་ལ་རྣམ་པར་བྲིས་ཏེ་འགྲོ་བར་འགྱུར། ཇི་ལྟར་ན་བདག་ས་ཆེན་པོ་ལ་འཁོར་ཀུན་དུ་འཁོར་ལོ་ཙམ་གྱི་ཁྱོན་ཡོངས་སུ་བསྐོར་ཅིང་འཆགས་ན་འཆག་པར་འགྱུར། ཇི་ལྟར་ན་བདག་ས་ཆེན་པོ་ཐམས་ཅད་དུ་རྒྱུ་ཞིང་སོང་ཡང་། སའི་རྡུལ་གྱིས་མི་གོས་པར་འགྱུར། ཇི་ལྟར་ན་བདག་དཔག་ཚད་གཅིག་གམ་གཉིས་སམ་གསུམ་འམ་བཞིའམ་ལྔའམ་བཅུའམ་ཉི་ཤུའམ་སུམ་ཅུའམ་བཞི་བཅུའམ་ལྔ་བཅུའམ་དཔག་ཚད་བརྒྱའམ་དཔག་ཚད་སྟོང་ངམ་དཔག་ཚད་བརྒྱ་ཕྲག་སྟོང་ནས་དཔག་ཚད་ཚད་མེད་པའམ་གྲངས་མེད་པའམ། བསམ་གྱིས་མི་ཁྱབ་པའམ། མཚུངས་པ་མེད་པའམ། མཐའ་ཡས་པའམ། ཀུན་དུ་མཐའ་ཡས་པའམ། གཞལ་དུ་མེད་པའམ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སངས་རྒྱས་ཀྱི་ཞིང་དག་ཏུ་རྒྱུས་ཏེ་སོང་ཡང་། ལུས་དང་སེམས་ལ་དུབ་པ་མེད་པར་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་བདག་གིས་རྐང་པའི་མཐིལ་འཁོར་ལོའི་རྩིབས་སྟོང་དང་ལྡན་པ་གཉིས་ནས་འོད་


DKG026_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་བཀྱེ་སྟེ། མི་ཁོམ་པ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱས་ནས། སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་གྱི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ཏེ་སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བར་བྱ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་པའི་ཚེ། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་


DKG026_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མྱི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་དུ་མཐོང་བ་དང་། འོག་མིན་གྱི་ལྷ་རྣམས་སྟན་གདིང་བར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་སྙིང་པོ་བྱང་ཆུབ་ལ་འདུག་སྟེ། མཚན་གྱིས་ལེགས་པར་བརྒྱན་པའི་ལག་གིས་ས་ཆེན་པོ་ལ་བརྡབས་ནས། ནག་པོའི་ཕྱོགས་བདུད་འཁོར་དང་བཅས་པ་ཤིན་ཏུ་ཕམ་པར་བྱ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འགྲོ་བ་དང་། འགྲེང་བ་དང་འདུག་པ་དང་། ཉལ་བའི་ས་ཕྱོགས་དེ་དག་རྡོ་རྗེའི་རང་བཞིན་དུ་འདུག་པར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་ཉི་མ་གང་ལ་མངོན་པར་བྱུང་བ་དེ་ཉིད་ཀྱི་ཉི་མ་ལ། ནག་པོའི་ཕྱོགས་འཁོར་དང་བཅས་པ་ཕམ་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱ། མངོན་པར་སངས་རྒྱས་ནས་ནི་ཇི་ལྟར་ཉི་མ་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། འཁོར་ལོ་བསྐོར་ནས་ནི་ཇི་ལྟར་ཚད་མེད་གྲངས་མེད་པའི་སེམས་ཅན་རྣམས་རྡུལ་དང་བྲལ་ཏེ། དྲི་མ་དང་བྲལ་ནས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་


DKG026_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། ཚད་མེད་གྲངས་མེད་པའི་སེམས་ཅན་རྣམས་ནི་ཇི་ལྟར་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་བྱ། ཚད་མེད་གྲངས་མེད་པའི་སེམས་ཅན་རྣམས་ནི་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། ཉན་ཐོས་ཀྱི་དགེ་འདུན་ནི་ཚད་མེད་གྲངས་མེད་པར་འགྱུར། ཆོས་བསྟན་པ་གཅིག་གིས་སྟན་གཅིག་པའི་དགྲ་བཅོམ་པ་ནི་ཚད་མེད་གྲངས་མེད་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཚད་མེད་གྲངས་མེད་པར་འགྱུར། ཚེའི་ཚད་ནི་དཔག་ཏུ་མེད་པར་འགྱུར། འོད་དཔག་ཏུ་མེད་པ་ནི་ཕུན་སུམ་ཚོགས་པར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་སྒྲ་ཡང་མི་གྲག་པར་བྱ་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་ལ་འདི་ལྟར་སྦྱིན་པ་ནི་དགེ་བའོ། །དུལ་བ་ནི་དགེ་


DKG026_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །སྡོམ་པ་ནི་དགེ་བའོ། །ཚངས་པའི་སྤྱོད་པ་ནི་དགེ་བའོ། །སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་འཚེ་བ་མེད་པ་ནི་དགེ་བའོ་ཞེས་བྱ་བར་ཤེས་པའི་ཤེས་རབ་དེ་ལྟ་བུ་དང་ལྡན་པར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་བདག་ཡོངས་སུ་མྱ་ངན་ལས་འདས་ཀྱང་། དམ་པའི་ཆོས་ནུབ་ཅེས་བྱ་བའི་སྒྲ་ཡང་མི་གྲག་པར་འགྱུར་སྙམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་བདག་གི་མིང་ཐོས་པ་ཙམ་གྱིས། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་གང་གི་ཚེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཡོན་ཏན་འདི་དག་བསྒྲུབ་པར་འགྱུར་བ་དེའི་ཚེ། རྒྱལ་པོ་ཆེན་པོ་བཞི་ཡང་གང་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ། སྔོན་གྱི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཕུལ་བའི་ལྷུང་བཟེད་རྣམས་བདག་ཅག་གིས་ཀྱང་འདི་ལ་དབུལ་བར་བྱའོ་ཞེས་དགའ་བར་འགྱུར་རོ། །བདག་ཅག་གིས་འདི་ལ་རིམ་གྲོ་དང་བསྟི་སྟང་དུ་བྱའོ་ཞེས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང་དགའ་བར་འགྱུར་རོ། །དེ་ལྟར་ལྷ་མ་ཡིན་གྱི་རིས་རྣམས་ནི་འགྲིབ་པར་འགྱུར། ལྷའི་རིས་རྣམས་ནི་འཕེལ་བར་འགྱུར་ཏེ། འདི་མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་བདག་ཅག་གིས་གསོལ་བ་གདབ་པར་བྱའོ་ཞེས་ཚངས་རིས་ཀྱི་ལྷ་རྣམས་དང་། ཀུན་སྣང་དང་བ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་དང་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་


DKG026_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཕ་རོལ་དུ་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་བར་འགྱུར་བ་དེའི་ཚེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱང་། བདག་ཅག་ནི་སེམས་ཅན་ཆེན་པོ་འདིའི་ཕ་དང་མ་དང་ཕུ་ནུ་དང་། སྲིང་མོ་དང་། ཆུང་མ་དང་། བུ་དང་བུ་མོ་དང་མཛའ་བོ་དང་བློན་པོ་དང་གཉེན་བཤེས་དང་གྲོགས་པོ་དང་བཤེས་པར་འགྱུར་རོ་སྙམ་སྟེ། དགའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བཙུན་མོའི་འཁོར་དབུལ་ལོ་ཞེས། རྒྱལ་པོ་ཆེན་པོ་བཞི་དང་། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་དགའ་བར་འགྱུར་ཏེ། དེ་ནི་སེམས་ཅན་རྣམས་བྱང་ཆུབ་ལ་འགོད་པའི་ཕྱིར་ཚངས་པར་སྤྱོད་པ་ཡིན་ཏེ། འདུ་བའི་ཆོས་རྣམས་ཀྱིས་ཡོངས་སུ་བསྡུ་བ་མ་ཡིན་ནོ། །དེ་ནི་འདི་ལྟར་སྨོན་ཏེ་བདག་གིས་སེམས་དང་པོ་བསྐྱེད་ནས་ཚངས་པར་སྤྱད་དེ། ཚངས་པར་མི་སྤྱོད་པ་མེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པ་ལ་བསྟེན་པ་ནི། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ལ་ཡང་བར་དུ་གཅོད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྟ་ཅི་སྨོས། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་མངོན་པར་བྱུང་ནས་ཚངས་པར་སྤྱད་དེ། བླ་ན་མེད་པ་ཡང་དག་པར་


DKG026_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའི། ཚངས་པར་མི་སྤྱོད་པར་མི་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕ་དང་། མ་དང་མཆིས་བྲང་དང་བུ་དང་བུ་མོ་གདོན་མི་འཚལ་བར་འཚལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་ཕ་དང་མ་གདོན་མི་ཟ་བར་དགོས་ཀྱི་བུ་དང་བུ་མོ་དང་ཆུང་མ་མི་དགོས་སོ། །ལ་ལ་ལ་ནི་ཕ་དང་མ་དང་ཆུང་མ་དང་བུ་དང་བུ་མོ་དག་ཀྱང་གདོན་མི་ཟ་བར་དགོས་སོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་སེམས་དང་པོ་བསྐྱེད་ཕྱིན་ཆད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་གཞོན་ནུར་གྱུར་པར་འཁོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱད་དེ། ཆུང་མའི་འཁོར་གྱི་ནང་ནས་མངོན་པར་བྱུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ལ་རྣམ་པར་སྤྱོད་པ། འདོད་པའི་ཉོན་མོངས་པ་དང་བྲལ་བ། ལ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལ་ཡོངས་སུ་སྤྱོད་པ་ཡང་སྟོན་ཏེ་ཉམས་ཀྱིས་ཡོངས་སུ་སྤྱོད་པ་མེད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ། སྒྱུ་མའི་སྔགས་དང་སྦྱོར་ཐབས་ཀྱི་ཚུལ་ལ་ཤིན་ཏུ་བསླབས་པ་དེ་ལྟ་བུ་ཞིག་གིས། འདོད་པའི་ཡོན་ཏན་ལྔ་མངོན་པར་སྤྲུལ་ཏེ། འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ལ་བདག་ཉིད་


DKG026_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ཞིང་དགའ་བ་དང་ཡོངས་སུ་སྤྱོད་པ་བསྟན་ན། ཤཱ་ར་དྭ་ཏིའི་བུ་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་དང་། སྒྱུ་མའི་མཁན་པོའི་མཆན་བུ་དེས་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་སྒྱུ་མ་ལ་ཤིན་ཏུ་བསླབས་པ། ཆོས་ཉིད་སྒྱུ་མ་ལྟ་བུས་རྣམ་པར་སྤྱོད་པ་རབ་ཏུ་ཐོབ་པ། ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དག་ཀྱང་། འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོའི་དབང་གིས་འདོད་པའི་ཡོན་ཏན་ལ་ཡོངས་སུ་སྤྱོད་པ་ཡང་སྟོན་ཏེ། དེ་དག་དེ་དང་འགྲོགས་པ་ཡང་མེད། དེས་འགྲོ་བར་འགྱུར་བ་ཡང་མེད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྣམ་གྲངས་དུ་མས་འདོད་པ་རྣམས་ལ་སྐྱོན་དུ་བརྗོད་དེ། འདོད་པ་རྣམས་ནི་ཀུན་ནས་འབར་བའོ། །འདོད་པ་རྣམས་ནི་རབ་ཏུ་སྨད་པའོ། །འདོད་པ་རྣམས་ནི་གསོད་པའོ། །འདོད་པ་རྣམས་ནི་དགྲའོ། །འདོད་པ་རྣམས་ནི་ཕྱིར་རྒོལ་བའོ། །འདོད་པ་རྣམས་ནི་རྩྭའི་སྒྲོན་མ་ལྟ་བུའོ། །འདོད་པ་རྣམས་ནི་ཀིམ་པ་ཀའི་འབྲས་བུ་ལྟ་བུའོ། །འདོད་པ་རྣམས་ནི་རལ་གྲིའི་སོ་ལྟ་བུའོ། །འདོད་པ་རྣམས་ནི་མེ་མདག་སྤུངས་པ་ལྟ་བུའོ། །འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུའོ། །འདོད་པ་རྣམས་ནི་མཆིལ་པ་ལྟ་བུའོ། །འདོད་པ་རྣམས་ནི་མི་གཙང་བའི་རླུབས་ལྟ་བུའོ་ཞེས་དེ་ལྟར་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདོད་པ་རྣམས་ཡོངས་སུ་ཤེས་ཀྱང་སེམས་ཅན་ཐབས་མཁས་པ་མ་ཡིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་འདོད་པའི་ཡོན་ཏན་ལྔ་ལས་སྐྱོ་བར་བྱ་བ་དང་། འདོད་པའི་ཡོན་ཏན་ལྔ་དང་བྲལ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྟོན་ཏེ། དེ་དག་གིས་མྱོས་པར་འགྱུར་བ་ཡང་མེད། བག་མེད་པར་འགྱུར་བ་ཡང་མེད། འདོད་པའི་རྒྱུ་དང་འདོད་པའི་གཞིས་


DKG026_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ཏོའི་ལས་བྱེད་པར་འགྱུར་བ་ཡང་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་པ་དང་མི་སྤྱོད་པ་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའི་མིང་ཡང་བྱང་ཆུབ་སེམས་དཔའི་མིང་གིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ཏེ། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །སྟོང་པ་ཉིད་ཀྱིས་ཚོར་བ་སྟོང་


DKG026_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན། ཚོར་བ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཚོར་བའོ། །སྟོང་པ་ཉིད་ཀྱིས་འདུ་ཤེས་སྟོང་པ་མ་ཡིན། འདུ་ཤེས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །སྟོང་པ་ཉིད་ཀྱིས་འདུ་བྱེད་སྟོང་པ་མ་ཡིན། འདུ་བྱེད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་པ་མ་ཡིན། རྣམ་པར་ཤེས་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ཡང་མིང་ཙམ་མོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཡང་མིང་ཙམ་མོ། །འདི་ལྟ་སྟེ། སྟོང་པ་ཉིད་ཅེས་བྱ་བ་འདི་ཡང་མིང་ཙམ་མོ། །འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ཡང་མིང་ཙམ་མོ། །དེ་ཡང་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། །སྒྱུ་མ་ནི་མིང་ཙམ་སྟེ། ཕྱོགས་ན་གནས་པ་ཡང་མ་ཡིན། ཡུལ་ན་གནས་པ་ཡང་མ་ཡིན་པས། སྒྱུ་མ་མཐོང་བ་ནི་ཡོད་པ་མ་ཡིན་ཏེ། བྱུང་བ་མ་ཡིན། ལོག་པར་གྱུར་པ། རང་བཞིན་མེད་པ། ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། གནས་མེད་པ། འཕེལ་བ་མེད་པ། འགྲིབ་པ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ། རྣམ་པར་བྱང་བ་མེད་པ་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ཡང་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འགག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གནས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་


DKG026_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཀུན་ནས་ཉོན་མོངས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གང་ལ་བྱང་ཆུབ་ཅེས་བྱ་བའམ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་རྣམས་སོ་སོའི་མིང་སྒྱུ་མ་སྟེ། རྣམ་པར་བརྟགས་པ་དེ་དག་འཕྲལ་དུ་བྱུང་བའི་མིང་ཡང་ཡང་དག་པ་མ་ཡིན་པ་ལས་ཡོངས་སུ་བརྟགས་པ་ཐ་སྙད་དུ་བརྗོད་དོ། །ཐ་སྙད་ཀྱི་རྒྱུས་མངོན་པར་ཞེན་པར་གྱུར་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་སྟེ་དམིགས་པ་མེད་དོ། །ཡང་དག་པར་རྗེས་སུ་མ་མཐོང་ལ་དམིགས་པ་མེད་པས་རློམ་སེམས་མེད་དོ། །མངོན་པར་ཞེན་པ་མེད་དོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་རྟོག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། སངས་རྒྱས་ཤེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། གཟུགས་ཤེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་བདག་བདག་ཅེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་


DKG026_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ན་དམིགས་སུ་མེད་དོ། །སེམས་ཅན་སེམས་ཅན་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམིགས་སུ་མེད་དོ། །སྲོག་སྲོག་ཅེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་དམིགས་སུ་མེད་དོ། །དེ་བཞིན་དུ་འདི་ལྟ་སྟེ་དཔེར་ན། གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ཅན་དང་ཤེད་བདག་དང་བྱེད་པ་པོ་དང་བྱེད་དུ་འཇུག་པ་པོ་དང་ཚོར་བ་པོ་དང་ཚོར་བར་བྱེད་པ་པོ་དང་སློང་བ་པོ་དང་ཀུན་དུ་སློང་བ་པོ་དང་ཤེས་པ་པོ་དང་མཐོང་བ་པོ་དང་རེག་པ་པོ་དང་། རྣམ་པར་ཤེས་པ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན། མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་དམིགས་སུ་མེད་དེ། མིང་དང་བརྡ་ཙམ་དུ་ཐ་སྙད་དུ་བརྗོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིང་གང་གིས་ཐ་སྙད་དུ་བརྗོད་པའི་མིང་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པའི་ཤེས་རབ་མ་གཏོགས་པར་དེ་མ་ཡིན་པའི་ཤེས་རབ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་


DKG026_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་དམིགས་སུ་མེད་པའི་སྟོང་པ་ཉིད་ཉེ་བར་བཟུང་བས་ཟིལ་གྱིས་གནོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་གིས་མངོན་པར་ཆགས་པར་འགྱུར་བ་དེ་ཡང་ཉེ་བར་མི་དམིགས་ཏེ། ཤཱ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་ར་དྭ་ཏིའི་བུ་དང་། ད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། སྦའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་བརྒྱ་སྟོང་ནས་བྱེ་བ་བརྒྱ་སྟོང་གི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ནི། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་ནི་དེ་ལྟ་མ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། ཉིན་གཅིག་ཏུ་ཡོངས་སུ་བསྒོམས་པའི་ཤེས་རབ་ཇི་ཙམ་པ་དེས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་མནན་ཅིང་གནས་ཏེ། ཤཱ་ར་དྭ་ཏིའི་བུ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་ར་དྭ་ཏིའི་བུ་དང་། ད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི །ཤཱ་ར་དྭ་ཏིའི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགེ་སློང་ཁྱེད་འདྲ་བ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གིས་


DKG026_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་བྱེ་བ་བརྒྱའི་ཆ་དང་བྱེ་བ་སྟོང་གི་ཆ་དང་བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་བྱེ་བ་ཁྲག་ཁྲིག་བརྒྱའི་ཆ་དང་བྱེ་བ་ཁྲག་ཁྲིག་སྟོང་གི་ཆ་དང་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆ་དང་། གྲངས་དང་། ཆ་དང་བགྲང་བ་དང་དཔེར་ཡང་ཉེ་བར་མི་འགྲོ་སྟེ། རྒྱུར་ཡང་མི་ཕོད་དོ། །ཤཱ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་གི །ཤཱ་ར་དྭ་ཏིའི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་དགེ་སློང་ཤཱ་ར་དྭ་ཏིའི་བུ་དང་། ད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་པ་དང་། ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག །དགེ་སློང་ཤཱ་ར་དྭ་ཏིའི་བུ་དང་། ད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་བྱེ་བ་ཁྲག་ཁྲིག་བརྒྱའི་ཆ་དང་བྱེ་བ་ཁྲག་ཁྲིག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆ་དང་། གྲངས་དང་ཆ་དང་བགྲང་བ་དང་དཔེར་ཡང་ཉེ་བར་མི་འགྲོ་སྟེ་རྒྱུར་ཡང་མི་ཕོད་དོ། །ཤཱ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་འདི་ཉན་ཐོས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ཤེས་རབ་དང་། གང་ཡང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་


DKG026_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་དང་། ཤེས་རབ་དེ་དག་ཐམས་ཅད་ཐ་མི་དད་པ་སྟེ། དབྱེར་མ་མཆིས། སྟོང་པ་དབེན་པ་རང་བཞིན་གྱིས་མ་བྱུང་བ་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། བཅོམ་ལྡན་འདས་དབྱེར་མ་མཆིས་ཤིང་། དབེན་ལ་མ་སྐྱེས་པ་དང་། རང་བཞིན་གྱིས་སྟོང་པ་ལ་ནི་ཁྱད་པར་རམ་བྱེ་བྲག་ཏུ་བགྱི་བ་མི་དམིགས་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། གདུགས་གཅིག་ཏུ་བསྒོམས་པའི་ཤེས་རབ་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པས། བདག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་སངས་རྒྱས་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་དོན་གང་གི་ཕྱིར་སྟ་གོན་དུ་གནས་པ་དེ་ལྟ་བུའི་དོན་དུ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་སྟ་གོན་དུ་གནས་སམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཇི་ག་ཉན་ཐོས་དང་རང་སངས་རྒྱས་རྣམས་འདི་སྙམ་དུ་བདག་ཅག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཕུང་པོ་མ་ལུས་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་སེམས་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ཤཱ་ར་དྭ་ཏིའི་བུ་


DKG026_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་འདིས་ཀྱང་དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། གང་འདི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་དང་། གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ལས་ཤེས་རབ་འདི་ཉེ་བར་བཟུང་ན། གང་འདི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་བརྒྱ་ཕྲག་སྟོང་གི་ཆ་དང་བྱེ་བ་ཁྲག་ཁྲིག་བརྒྱའི་ཆ་དང་བྱེ་བ་ཁྲག་ཁྲིག་སྟོང་གི་ཆ་དང་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེར་ཡང་ཉེ་བར་མི་འགྲོ་སྟེ་རྒྱུར་ཡང་མི་ཕོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མེད་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་སེམས་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཏེ། བདག་གིས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།


DKG026_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མེད་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྲོག་ཆགས་ཀྱི་རིགས་མེ་ཁྱེར་ནི་འདི་ལྟར་བདག་གི་སྣང་བས་འཛམ་བུའི་གླིང་ཀུན་དུ་སྣང་བར་བྱའོ། །བདག་གི་འོད་ཀྱིས་འཛམ་བུའི་གླིང་རྒྱས་པར་དགང་བར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་། འདི་ལྟར་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མེད་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་མི་སེམས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཞི་པ། ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་འཆར་བ་ནི་འཛམ་བུའི་གླིང་ཐམས་ཅད་སྣང་བས་རྒྱས་པར་བྱེད་དོ། །འཛམ་བུའི་གླིང་ཐམས་ཅད་སྣང་བས་གསལ་བར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ཡང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་ཤིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། དེ་བཞིན་


DKG026_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ཏེ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མེད་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་བཟླའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ཤིང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་འཐོབ་པ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ཉེ་བར་བཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའི་ཆོས་ལ་གནས་ཏེ། ཐབས་མཁས་པས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་འཐོབ་སྟེ། བྱང་ཆུབ་ཀྱི་ལམ་ཡང་སྤྱོད་དོ། །ཤཱ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་ཐོག་མ་སེམས་བསྐྱེད་ཕྱིན་ཆད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་


DKG026_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་པས། དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། འདི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། བསླབ་པའི་གནས་ལྔ་དང་། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། རྗེས་སུ་དྲན་པ་དྲུག་དང་། ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་དགེ་བའི་ཆོས་དེ་དག་ལ་སོགས་པ་མང་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དགེ་བའི་ཆོས་དེ་དག་འཇིག་རྟེན་དུ་བྱུང་བས། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཡོད་པ་ཡིན། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་པ་ཡིན། ཚངས་རིས་ཀྱི་ལྷ་རྣམས་ཡོད་པ་ཡིན། ཚངས་


DKG026_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཉེ་ཕན་གྱི་ལྷ་རྣམས་དང་། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་དང་། ཚངས་ཆེན་གྱི་ལྷ་རྣམས་དང་། སྣང་བའི་ལྷ་རྣམས་དང་། ཆུང་སྣང་གི་ལྷ་རྣམས་དང་། ཚད་མེད་སྣང་བའི་ལྷ་རྣམས་དང་། ཀུན་སྣང་དང་བའི་ལྷ་རྣམས་དང་། དགེ་བའི་ལྷ་རྣམས་དང་། ཆུང་དགེའི་ལྷ་རྣམས་དང་། ཚད་མེད་དགེ་བའི་ལྷ་རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་། ཆེ་བའི་ལྷ་རྣམས་དང་། ཆུང་ཆེའི་ལྷ་རྣམས་དང་། ཚད་མེད་ཆེ་བའི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། མི་ཆེ་བའི་ལྷ་རྣམས་དང་། མི་གདུང་བའི་ལྷ་རྣམས་དང་། ཤིན་ཏུ་མཐོང་བའི་ལྷ་རྣམས་དང་། གྱ་ནོམ་སྣང་བའི་ལྷ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཡོད་པ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པ་ཡོངས་སུ་སྦྱོང་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྦྱིན་པ་རྣམ་གྲངས་ཀྱིས་ཡོངས་སུ་སྦྱོང་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་སྦྱིན་པ་ཀུན་ཀྱང་ཤིན་ཏུ་དག་པ་སྟེ། དེ་ཡང་འདི་ལྟར་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་ཡོངས་སུ་གཏོང་སྟེ། ཅིའི་སྦྱིན་པ་ཡོངས་སུ་གཏོང་ཞེ་ན། དགེ་བའི་ཆོས་དུ་མའི་སྦྱིན་པ་ཡོངས་སུ་གཏོང་སྟེ། འདི་ལྟར་དགེ་བ་བཅུའི་ལས་ཀྱི་


DKG026_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྣམས་དང་། བསླབ་པའི་གནས་ལྔ་དང་། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། རྗེས་སུ་དྲན་པ་དྲུག་དང་། ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་སྦྱིན་པ་ཡོངས་སུ་གཏོང་ངོ་། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བགྱིས་ན་བརྩོན་ཞེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཚོར་བ་སྟོང་པ་ཉིད་དང་། འདུ་ཤེས་སྟོང་པ་ཉིད་དང་། འདུ་བྱེད་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མིག་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རྣ་བ་སྟོང་པ་ཉིད་དང་། སྣ་སྟོང་པ་ཉིད་དང་། ལྕེ་སྟོང་པ་ཉིད་དང་། ལུས་སྟོང་པ་ཉིད་དང་། ཡིད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྒྲ་སྟོང་པ་ཉིད་དང་། དྲི་སྟོང་པ་


DKG026_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་། རོ་སྟོང་པ་ཉིད་དང་། རེག་སྟོང་པ་ཉིད་དང་། ཆོས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མིག་གི་ཁམས་སྟོང་པ་ཉིད་དང་། གཟུགས་ཀྱི་ཁམས་སྟོང་པ་ཉིད་དང་། མིག་གི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རྣ་བའི་ཁམས་སྟོང་པ་ཉིད་དང་། སྒྲའི་ཁམས་སྟོང་པ་ཉིད་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་དང་། སྣའི་ཁམས་སྟོང་པ་ཉིད་དང་། དྲིའི་ཁམས་སྟོང་པ་ཉིད་དང་། སྣའི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་དང་། ལྕེའི་ཁམས་སྟོང་པ་ཉིད་དང་། རོའི་ཁམས་སྟོང་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་དང་། ལུས་ཀྱི་ཁམས་སྟོང་པ་ཉིད་དང་། རེག་བྱའི་ཁམས་སྟོང་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་དང་། ཡིད་ཀྱི་ཁམས་སྟོང་པ་ཉིད་དང་། ཆོས་ཀྱི་ཁམས་སྟོང་པ་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྡུག་བསྔལ་སྟོང་པ་ཉིད་དང་། ཀུན་འབྱུང་བ་སྟོང་པ་ཉིད་དང་། འགོག་པ་སྟོང་པ་ཉིད་དང་། ལམ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མ་རིག་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུ་བྱེད་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དང་། མིང་དང་གཟུགས་སྟོང་པ་ཉིད་དང་། སྐྱེ་མཆེད་དྲུག་སྟོང་པ་ཉིད་དང་། རེག་པ་སྟོང་པ་ཉིད་དང་། ཚོར་བ་སྟོང་པ་ཉིད་དང་། ཕྲེད་པ་སྟོང་པ་ཉིད་དང་། ལེན་པ་སྟོང་པ་ཉིད་དང་། སྲིད་པ་སྟོང་པ་ཉིད་དང་། སྐྱེ་བ་སྟོང་པ་ཉིད་དང་། རྒ་ཤི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་གང་ཇི་སྙེད་མིང་གདགས་སུ་ཡོད་པ་དེ་དག་ཐམས་ཅད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་བརྩོན་ན་བརྩོན་


DKG026_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། ཤཱ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་བདུན་པོ་འདི་དག་ལ་བརྩོན་ན་བརྩོན་ཞེས་བྱའོ། །དེ་སྟོང་པ་ཉིད་བདུན་པོ་འདི་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བྱེད་ཀྱང་བརྩོན་ཞེའམ་མི་བརྩོན་ཞེས་མི་བརྗོད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་བརྩོན་ཞེའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ནི་ཚོར་བ་དང་ལྷན་ཅིག་ཀུན་དུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ནི། རྣམ་པར་ཤེས་པ་དང་ལྷན་ཅིག་ཀུན་དུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ནི་འདུ་བྱེད་དང་ལྷན་ཅིག་ཀུན་དུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་ཡང་ཆོས་གང་དང་ཡང་ལྷན་ཅིག་ཀུན་དུ་རྒྱུ་བ་མེད་དེ། རང་བཞིན་གྱིས་སྟོང་པའི་ཕྱིར་འགྲོ་བ་མེད་དོ། །རྣམ་པར་འགྲོ་བ་མེད་དོ། །འདུ་བ་མེད་དོ། །རྣམ་པར་འདུ་བ་མེད་དོ། །ཤཱ་ར་དྭ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བའི་


DKG026_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་ཤེས་མ་ཡིན། འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཐོགས་པར་བྱེད་པ་མེད་དོ། །ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཚོར་བར་མི་བྱེད་དོ། །འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་འདུ་ཤེས་སུ་མི་བྱེད་དོ། །འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་མངོན་པར་འདུ་མི་བྱེད་དོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་གཟུགས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། གཟུགས་ཀྱང་གཞན་མ་ཡིན་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་གཟུགས་སོ། །ཚོར་བ་ཡང་གཞན་མ་ཡིན་ལ་སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ་ཚོར་བ་ཡང་གཞན་མ་ཡིན་ཏེ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། འདུ་ཤེས་ཀྱང་གཞན་མ་ཡིན་ཏེ། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་རྣམས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། འདུ་བྱེད་རྣམས་ཀྱང་གཞན་མ་ཡིན་ཏེ། འདུ་བྱེད་རྣམས་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་འདུ་བྱེད་རྣམས་སོ། །རྣམ་པར་ཤེས་པ་ཡང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། རྣམ་པར་ཤེས་པ་ཡང་གཞན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །ཤཱ་ར་དྭ་ཏིའི་བུ་སྟོང་པ་ཉིད་


DKG026_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དེ་ནི་མི་སྐྱེ་མི་འགག་ཅིང་། ཀུན་ནས་ཉོན་མོངས་པར་འགྱུར་བ་མེད། རྣམ་པར་བྱང་བ་མེད་ལ། འགྲིབ་པ་མེད་ཅིང་འཕེལ་བ་མེད་པ་སྟེ། དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་མི་སྐྱེ་མི་འགག་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་བ་མེད། རྣམ་པར་བྱང་བ་མེད་པ་ལ། མི་འགྲིབ་མི་འཕེལ་ཏེ། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་མེད་དོ། །རྣམ་པར་ཤེས་པ་མེད་དོ། །དེ་ལ་ནི་མིག་མེད་དོ། །རྣ་བ་མེད་དོ། །སྣ་མེད་དོ། །ལྕེ་མེད་དོ། །ལུས་མེད་དོ། །ཡིད་མེད་དོ། །དེ་ལ་ནི་གཟུགས་མེད་དོ། །སྒྲ་མེད་དོ། །དྲི་མེད་དོ། །རོ་མེད་དོ། །རེག་བྱ་མེད་དོ། །ཆོས་མེད་དོ། །དེ་ལ་ནི་སའི་ཁམས་མེད་དོ། །ཆུའི་ཁམས་མེད་དོ། །མེའི་ཁམས་མེད་དོ། །རླུང་གི་ཁམས་མེད་དོ། །ནམ་མཁའི་ཁམས་མེད་དོ། །རྣམ་པར་ཤེས་པའི་ཁམས་མེད་དོ། །དེ་ལ་ནི་མིག་གི་ཁམས་མེད་དོ། །གཟུགས་ཀྱི་ཁམས་མེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་མེད་དོ། །རྣ་བའི་ཁམས་མེད་དོ། །སྒྲའི་ཁམས་མེད་དོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་མེད་དོ། །སྣའི་ཁམས་མེད་དོ། །དྲིའི་ཁམས་མེད་དོ། །སྣའི་རྣམ་པར་ཤེས་པའི་ཁམས་མེད་དོ། །ལྕེའི་ཁམས་མེད་དོ། །རོའི་ཁམས་མེད་དོ། །ལྕེའི་རྣམ་པར་ཤེས་པའི་ཁམས་མེད་དོ། །ལུས་ཀྱི་ཁམས་མེད་དོ། །རེག་བྱའི་ཁམས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །ཡིད་ཀྱི་ཁམས་མེད་དོ། །ཆོས་ཀྱི་ཁམས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །དེ་ལ་ནི་མ་རིག་པ་མེད་དོ། །མ་རིག་པ་འགག་པ་མེད་དོ། །འདུ་བྱེད་མེད་དོ། །འདུ་བྱེད་འགག་པ་མེད་དོ། །རྣམ་པར་ཤེས་པ་མེད་དོ། །རྣམ་པར་ཤེས་པ་འགག་པ་མེད་དོ། །མིང་དང་གཟུགས་མེད་དོ། །མིང་དང་གཟུགས་འགག་པ་མེད་དོ། །སྐྱེ་མཆེད་དྲུག་མེད་དོ། །སྐྱེ་མཆེད་དྲུག་འགག་པ་མེད་དོ། །རེག་པ་མེད་དོ། །རེག་པ་འགག་པ་མེད་དོ། །ཚོར་བ་མེད་དོ། །ཚོར་


DKG026_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བ་འགག་པ་མེད་དོ། །སྲེད་པ་མེད་དོ། །སྲེད་པ་འགག་པ་མེད་དོ། །ལེན་པ་མེད་དོ། །ལེན་པ་འགག་པ་མེད་དོ། །སྲིད་པ་མེད་དོ། །སྲིད་པ་འགག་པ་མེད་དོ། །སྐྱེ་བ་མེད་དོ། །སྐྱེ་བ་འགག་པ་མེད་དོ། །རྒ་ཤི་མེད་དོ། །རྒ་ཤི་འགག་པ་མེད་དོ། །དེ་ལ་ནི་སྡུག་བསྔལ་མེད་དོ། །སྡུག་བསྔལ་ཡོངས་སུ་ཤེས་པ་མེད་དོ། །ཀུན་འབྱུང་བ་མེད་དོ། །ཀུན་འབྱུང་བ་སྤང་བ་མེད་དོ། །འགོག་པ་མེད་དོ། །འགོག་པ་མངོན་དུ་བྱ་བ་མེད་དོ། །ལམ་མེད་དོ། །ལམ་བསྒོམ་པ་མེད་དོ། །དེ་ལ་ནི་ཐོབ་པར་བྱ་བ་མེད་དོ། །མངོན་དུ་ཤེས་པར་བྱ་བ་མེད་དོ། །རྒྱུན་ཏུ་ཞུགས་པ་མེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མེད་དོ། །ལན་ཅིག་ཕྱིར་འོང་བ་མེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ། །ཕྱིར་མི་འོང་བ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མེད་དོ། །དགྲ་བཅོམ་པ་མེད་དོ། །དགྲ་བཅོམ་པའི་འབྲས་བུ་མེད་དོ། །རང་སངས་རྒྱས་མེད་དོ། །རང་བྱང་ཆུབ་མེད་དོ། །དེ་ལ་ནི་བྱང་ཆུབ་སེམས་དཔའ་མེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མེད་དོ། །དེ་ལ་ནི་སངས་རྒྱས་མེད་དོ། །བྱང་ཆུབ་མེད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་སྟེ། དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། གཟུགས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལ་བརྩོན་ཞེས་བྱ་བ་འམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །


DKG026_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་ཁམས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་ཁམས་ཀྱི་བར་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སའི་ཁམས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མ་རིག་པ་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་ཕྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནང་སྟོང་པ་ཉིད་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་


DKG026_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤཱ་ར་དྭ་ཏིའི་བུ་རྣམ་གྲངས་དེ་ལྟ་བུས་ན། ཆོས་ཐམས་ཅད་འདུ་བ་དང་འབྲལ་བ་མེད་


DKG026_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་བསྡུད་མི་འབྱེད་དེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །མཚན་མ་མེད་པ་དང་། མཚན་མ་མེད་པར་མི་བསྡུད་མི་འབྱེད་དེ། མཚན་མ་མེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །སྨོན་པ་མེད་པ་དང་སྨོན་པ་མེད་པར་མི་བསྡུད་མི་འབྱེད་དེ། སྨོན་པ་མེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་འདུ་བའམ་འབྲལ་བ་མེད་དོ། །མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འདུ་བའམ་འབྲལ་བ་མེད་དོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ། དེ་དེ་ལྟར་ཁོང་དུ་ཆུད་པར་བྱེད་པས་གཟུགས་མི་སྦྱོར་མི་འབྱེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་སྦྱོར་མི་འབྱེད་དོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་


DKG026_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དུས་གསུམ་མཉམ་པ་ཉིད་དུ་སྟོང་པ་ཉིད་ཀྱི་ཕྱིར། སྔོན་གྱི་མཐའ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དོ། །ཕྱི་མའི་མཐའ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དོ། །ད་ལྟར་བྱུང་བ་དང་སྔོན་གྱི་མཐའ་འམ་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དོ། །སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི།


DKG026_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་བརྩོན་པར་བྱེད་དེ། བརྩོན་པ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་པ་དང་། མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་འདས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན་ཐམས་ཅད་མཁྱེན་པ་ཉིད་འདས་པ་དང་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། ཐམས་ཅད་མཁྱེན་པ་ཉིད་མ་འོངས་པ་དང་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མ་འོངས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཐམས་ཅད་མཁྱེན་པ་ཉིད་མ་འོངས་པ་དང་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་དང་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཡང་དག་པར་རྗེས་སུ་མ་མཐོང་ན། ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་དང་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་སྦྱོར་མྱི་འབྱེད་དོ། །དེ་ནི་འདི་ལྟར། རྣམ་པར་ཤེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྣམ་པར་ཤེས་པ་


DKG026_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། མིག་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །མིག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཡིད་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཆོས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །མིག་གི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །གཟུགས་ཀྱི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་ཁམས་ཀྱི་བར་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཡིད་ཀྱི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཆོས་ཀྱི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། སའི་ཁམས་དང་། ཆུའི་ཁམས་དང་མེའི་ཁམས་དང་། རླུང་གི་ཁམས་


DKG026_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། མ་རིག་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མ་རིག་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མ་རིག་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་ཕྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་དང་། ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྒ་ཤི་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྒ་ཤི་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་


DKG026_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་དང་། ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ལམ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །མངོན་པར་ཤེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་དང་། སངས་རྒྱས་སུ་མི་སྦྱོར་


DKG026_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱེད་དོ། །དེ་ནི་འདི་ལྟར་སངས་རྒྱས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ཏུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་བྱང་ཆུབ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདེ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་བདེ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྡུག་


DKG026_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མཚན་མ་ཡོད་ཅེས་བྱ་བའམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བའམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བའམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བའམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་བརྟན་ཞེས་བྱ་བའམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་བརྟན་ཞེས་བྱ་བའམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །


DKG026_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གཟུགས་ཡོད་ཅེས་བྱ་བའམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡོད་ཅེས་བྱ་བའམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་ཅེས་བྱ་བའམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྱོད་ཅེས་བྱ་བར་མི་དམིགས་སོ། །མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་པ་ཡང་མ་ཡིན། མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་མི་དམིགས་སོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །སྐྱེ་བ་མེད་པ་སྟོང་པ་ཉིད་དང་འགག་པ་མེད་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱིར་མི་ལྡོག་པའི་སའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་།


DKG026_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ལམ་ཡན་ལག་བརྒྱད་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཆོས་གང་ལ་ཡང་ཐ་དད་པའམ། བྱེ་བྲག་གམ། ཁྱད་པར་དུ་ལྟ་བ་མེད་དེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །དེ་ལྷའི་མིག་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དྲན་པ་དང་། རྫུ་འཕྲུལ་གྱི་རྣམ་པ་དང་། ཟག་པ་ཟད་པའི་ཡེ་ཤེས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། བྱང་ཆུབ་སེམས་དཔའ་ལྟ་ཅི་


DKG026_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཏེ། རྣམ་པ་ཐམས་ཅད་དུ་ཐམས་ཅད་མངོན་པར་ཤེས་པ་དམིགས་པ་ལྟ་ག་ལས་འོང་། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ་སྙམ་དུ་མི་སེམས་སོ། །ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ་སྙམ་དུ་མི་སེམས་སོ། །དེ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྟོན་པ་དེ་དག་ཐམས་ཅད་ལྷའི་རྣ་བས་མཉན་པར་བྱའོ། །འཇིག་རྟེན་གྱི་ཁམས་དེ་དག་གི་སེམས་ཅན་རྣམས་ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་གི་སྔོན་གྱི་གནས་བདག་གིས་རྗེས་སུ་དྲན་པར་བྱའོ། །ལྷའི་མིག་གིས་སེམས་ཅན་དེ་དག་འཆི་འཕོ་བ་དང་སྐྱེ་བ་དང་། སྐྱེས་པར་གྱུར་པ་རྣམས་བདག་གིས་མཐོང་བར་བྱའོ། །སེམས་ཅན་གྲངས་མེད་ཚད་མེད་པ་དག་བདག་གིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་མི་སེམས་ཏེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་


DKG026_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། བདུད་གླགས་ཚོལ་ཞིང་ཉམས་བསྐྱོད་པ་རྣམས་ཀྱིས་ཀྱང་གླགས་མི་རྙེད་དེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པ་དང་། ཡོངས་སུ་བརྟག་པ་མེད་པར་འཐུན་པར་འགྲུབ་པོ། །འཇིག་རྟེན་པའི་ཉོན་མོངས་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་བསལ་བར་འགྱུར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་དུ་འོང་ངོ་ཞེས་བསྲུང་བ་མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་དུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་


DKG026_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་དུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་དང་། སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པའི་སྒོ་དག་ཀྱང་ཚེགས་མི་ཆེ་བར་མངོན་དུ་འགྱུར་རོ། །སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་


DKG026_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་ཆོས་གང་ལ་ལ་ཆོས་རྣམས་ལ་འདུ་བའམ་འབྲལ་བར་འགྱུར་བའམ། འཕྲད་པའམ་མི་འཕྲད་པར་འགྱུར་བ་དེ་ལྟ་བུ་ཡོད་དམ་ཞེས་བྱ་བར་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་གང་ཡང་འདུ་བའམ་འབྲལ་བར་འགྱུར་བའམ། འཕྲད་པའམ་མི་འཕྲད་པར་འགྱུར་བ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་བདག་གིས་ཆོས་ཀྱི་དབྱིངས་མངོན་པར་སངས་རྒྱས་པར་འགྱུར་རམ། འོན་ཏམ་མི་འགྱུར་ཞེས་བྱ་བར་མི་སེམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་ཆོས་ཀྱི་དབྱིངས་མངོན་པར་སངས་རྒྱས་པ་མེད་དོ། །མངོན་པར་འཚང་རྒྱ་བ་མེད་དོ། །མངོན་པར་འཚང་རྒྱ་བར་འགྱུར་བ་མེད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཆོས་ཀྱི་དབྱིངས་དང་། ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་


DKG026_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་དབྱིངས་དང་། ཆོས་རྣམས་སུ་བྱེ་བྲག་ཏུ་བྱ་བ་མི་བྱེད་དེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་འགྱུར་རམ་འོན་ཏམ་ཁོང་དུ་ཆུད་པར་མི་འགྱུར་ཞེས་བྱ་བར་མི་སེམས་ཏེ། དེ་ནི་འདི་ལྟར་དེས་ཆོས་གང་གིས་ཆོས་གང་ཁོང་དུ་ཆུད་པར་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མེད་དོ། །དེ་ཡང་འདི་ལྟར་དེ་ནི་ཆོས་ཀྱི་དབྱིངས་སྟོང་ཞེས་བྱ་བར་མི་སྦྱོར། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་གཟུགས་སུ་མི་སྦྱོར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་རྣམ་པར་ཤེས་པར་མི་སྦྱོར་རོ། །མིག་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་མིག་ཏུ་མི་སྦྱོར་རོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཡིད་དུ་མི་སྦྱོར་རོ། །གཟུགས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་གཟུགས་སུ་མི་སྦྱོར་རོ། །སྒྲ་དང་། དྲི་དང་རོ་དང་རེག་བྱ་དང་ཆོས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཆོས་སུ་མི་སྦྱོར་རོ། །མིག་གི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་མིག་གི་ཁམས་སུ་མི་སྦྱོར་རོ། །གཟུགས་ཀྱི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་གཟུགས་


DKG026_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁམས་སུ་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་མིག་གི་རྣམ་པར་ཤེས་པའི་ཁམས་སུ་མི་སྦྱོར་རོ། །རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཡིད་ཀྱི་ཁམས་སུ་མི་སྦྱོར་རོ། །ཆོས་ཀྱི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཆོས་ཀྱི་ཁམས་སུ་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་། སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་ནི་རྣལ་འབྱོར་དམ་པ་སྟེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའང་མྱུར་དུ་མངོན་པར་འཚང་རྒྱའོ། །ཤཱ་ར་དྭ་ཏིའི་བུ་རྣལ་འབྱོར་དུ་བྱ་བ་གང་ཅི་ཡང་རུང་སྟེ། དེ་དག་གི་ནང་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་དེ་ནི་རབ་ཅེས་བྱའོ། །མཆོག་དང་། དམ་པ་དང་། ཕུལ་དང་། གཙོ་བོ་དང་། གྱ་ནོམ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ནི། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣལ་འབྱོར་ཏེ། བླ་ན་མེད་


DKG026_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་ཏོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུང་བསྟན་པ་ཞེས་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱེད་ཀྱང་། དེ་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པ་ཡིན་ནོ་ཞེ་འམ་བརྩོན་པ་མ་ཡིན་ནོ་ཞེས་བྱ་བར་མི་སེམས་སོ། །བདག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལུང་སྟོན་པ་མཛད་དོ། །བདག་ནི་ལུང་བསྟན་པ་ལ་ཉེ་བར་གྱུར་ཏོ། །བདག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱའོ། །བདག་གིས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ། །བདག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཀྱི་དབྱིངས་ལ་བྱེ་བྲག་ཏུ་བྱེད་པ་མེད་དོ། །དེ་ནི་ཆོས་ཀྱི་དབྱིངས་ལས་ཆོས་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའམ། གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་བསྟན་པར་བྱ་བའམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དེ་ལྟ་བུའི་ཆོས་གཞན་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་འདུ་ཤེས་མི་སྐྱེའོ། །བདག་དང་སྲོག་དང་འགྲོ་བ་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ཅན་དང་ཤེད་བདག་དང་བྱེད་པ་པོ་དང་ཚོར་བ་པོ་དང་ཤེས་པ་པོ་དང་མཐོང་བ་པོའི་འདུ་ཤེས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་ཏེ། སེམས་ཅན་ལ་ནི་སྐྱེ་བ་དང་འགག་པ་མེད་དོ། །གང་ལ་སྐྱེ་བ་དང་འགག་པ་མེད་པ་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་ཡང་ཇི་ལྟར་འགྱུར་ཏེ། ཤཱ་ར་དྭ་ཏིའི་


DKG026_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་སྐྱེ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་སྟོང་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་མི་དམིགས་པ་དང་། སེམས་ཅན་དབེན་པ་དང་། སེམས་ཅན་རང་བཞིན་མེད་པ་དང་། སེམས་ཅན་ངོ་བོ་ཉིད་མེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ཡིན་ཏེ། ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་སྟེ། འདི་ལྟར་སྟོང་པ་ཉིད་ཀྱི་རྣལ་འབྱོར་ཏོ། །ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣལ་འབྱོར་ཏེ། དེས་དེ་མ་ཡིན་པའི་རྣལ་འབྱོར་རྣམས་ཟིལ་གྱིས་མནན་ཏེ་གནས་སོ། །ཤཱ་ར་དྭ་ཏིའི་བུ་རྣལ་འབྱོར་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་བསྒྲུབ་བོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མངོན་པར་བསྒྲུབ་བོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣལ་འབྱོར་འདི་ལ་སྤྱོད་པ་ནི་སེར་སྣའི་སེམས་མི་བསྐྱེད་དོ། །ཚུལ་ཁྲིམས་ངན་པའི་སེམས་དང་། གནོད་པར་སེམས་པའི་སེམས་དང་། ལེ་ལོའི་སེམས་དང་། འཁྲུག་པའི་སེམས་དང་། ཤེས་རབ་འཆལ་པའི་སེམས་མི་བསྐྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་འདིས་སྤྱོད་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་ནི་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་


DKG026_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་རྣམ་པར་སྤྱོད་པ་དེ་ནི་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིས་དང་མིའི་ནང་ནས་ཤི་འཕོས་ཏེ་འདིར་སྐྱེས་པར་ཤེས་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་དེ་ནི། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ། རྣལ་འབྱོར་མྱུར་དུ་འགྲུབ་པ་སྟེ། ཚེ་རབས་འདི་འདས་ནས་ཀྱང་ཆོས་ཟབ་མོ་འདི་དག་དེ་ལ་མངོན་དུ་འགྱུར་རོ། །དེ་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་ལ་མཉམ་པར་གཞག་གོ །སངས་རྒྱས་ཀྱི་ཞིང་གང་དང་གང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་ཡང་སྐྱེ་བར་འགྱུར་ཏེ། དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ནི་ཚེ་གཅིག་གིས་ཐོགས་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉམས་པ་མེད་པའོ། །གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཀྱང་དེར་མ་འདུས་པ་མེད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཤི་འཕོས་ནས། མི་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པར་དབང་པོ་རྟུལ་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་ཡང་མྱུར་དུ་མཉམ་པར་གཞོག་པ་མ་ཡིན་ནོ། །དེ་ལ་གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་གང་ཁྱོད་ཀྱིས་དེ་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་འདི་


DKG026_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙོམས་པར་འཇུག་པ་དེ། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་ཞེས་སྨྲས་པ་ནི། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས། གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་ཀྱི་ཞིང་དེ་ནས་དེར་འགྲོ་སྟེ། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ། ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ལྔ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག་བསམ་གཏན་བཞི་པོ་ལ་མཉམ་པར་གཞོག་ཅིང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་ཡང་སྤྱོད་དེ། དེ་དག་བསམ་གཏན་ཐོབ་པས་ལྷ་ཚེ་རིངས་པོའི་ནང་དུ་སྐྱེས་ཤིང་། གལ་ཏེ་མིའི་ནང་དུ་སྐྱེ་བ་ཐོབ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་ན་ཡང་། དེ་དག་དབང་པོ་རྟུལ་ཞིང་དབང་པོ་མི་རྣོ་བ་ཡང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་ཡང་མཉམ་པར་གཞོག་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་སྤྱོད་དེ། དེ་དག་ཐབས་ལ་མི་མཁས་པས་བསམ་གཏན་རྣམས་སྤངས་ནས་ཕྱིར་འདོད་པའི་ཁམས་སུ་སྐྱེ་བ་ཡང་ཡོད་དེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་དབང་པོ་རྟུལ་བ་ཡིན་ཏེ། དབང་པོ་རྣོ་བ་མ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ནས། བཞི་པ་ལ་ཡང་སྙོམས་པར་འཇུག །བྱམས་པ་ལ་ཡང་སྙོམས་པར་འཇུག་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་ཡང་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་


DKG026_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་སྙོམས་པར་འཇུག །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་སྙོམས་པར་འཇུག །སྙིང་རྗེ་ཆེན་པོ་ལ་ཡང་སྙོམས་པར་འཇུག་སྟེ། སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་དག་ཐབས་མཁས་པས། བསམ་གཏན་གྱི་དབང་གིས་མི་སྐྱེ། ཚངས་པའི་རྣམ་པར་སྤྱོད་པའི་དབང་གིས་མི་སྐྱེ། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་ན་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་བ་ཡོད་དོ། །དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་དང་ཡང་མ་བྲལ་བས། བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་པོ་ལ་ཡང་སྙོམས་པར་འཇུག །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་ཡང་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག་ཅིང་དེ་དག་ཐབས་མཁས་པས། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བ་ཡང་ཡོད་དེ། དེ་དག་ནི་ཕྱིར་འདོད་པའི་ཁམས་འདིར་སྐྱེས་ཀྱང་། རྒྱལ་རིགས་ཆེ་ཞིང་མཐོ་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་སྟེ། དེ་ཡང་སྲིད་པ་ལ་བརྐམ་པའི་ཕྱིར་མ་ཡིན་གྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་པོ་


DKG026_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་སྙོམས་པར་འཇུག །བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་ཡང་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག་ཅིང་། དེ་དག་ཐབས་མཁས་པས་བསམ་གཏན་དང་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བ་ཡང་ཡོད་དེ། དེ་དག་ནི་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་། སྐལ་བ་མཉམ་པར་བྱའོ། །སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེས་ཏེ། དེ་དག་ན་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཉེས་པར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ཐབས་མཁས་པས། བསམ་གཏན་བཞི་པོ་ལ་ཡང་སྙོམས་པར་འཇུག །བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་ཡང་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག་པ་ཡོད་དེ། དེ་དག་ནི་འདི་ནས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེ་དག་དེ་ན་ཡང་ཚངས་པ་ཚངས་ཆེན་དབང་ཆེན་པོ་དང་ལྡན་པ་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་དེ་ལྟ་བུའི་སེམས་ཅན་གྱི་ནང་ན་ཡང་མཆོག་དམ་པ་ཕུལ་དུ་བྱ་བར་འགྱུར་ཏེ། དེ་དག་དེ་ན་འཁོད་ཅིང་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མངོན་པར་


DKG026_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བ་བཞུགས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་དོང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གསོལ་བ་གདབ་པ་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དག་ཐབས་མཁས་པས། བསམ་གཏན་བཞི་པོ་ལ་ཡང་སྙོམས་པར་འཇུག །བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་ཡང་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་བསྒོམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག་ཅིང་། དེ་དག་གི་དབང་གིས་མི་སྐྱེ་བ་ཡང་ཡོད་དེ། དེ་དག་སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་རྣམས་བསྙེན་བཀུར་ཅིང་། དེ་དག་ཏུ་ཚངས་པའི་སྤྱོད་པ་སྤྱད་དེ། དགའ་ལྡན་གྱི་ལྷ་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་དག་དེར་ཚེའི་ཚུལ་བཞིན་དུ་གནས་ནས། དབང་པོ་མ་ཉམས་པ་དང་དྲན་ཞིང་ཤེས་བཞིན་དུ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཏེ་མདུན་དུ་བྱས་ནས་འདིར་སྐྱེ་བ་བསྟན་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་དག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG026_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག་འདོད་པའི་ཁམས་སུ་ཡང་མི་སྐྱེ། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་ཡང་མི་སྐྱེ་བར། དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་རིམ་གྲོ་དང་བཀུར་སྟི་དང་བསྟི་སྟང་དང་མཆོད་པ་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག །མངོན་པར་ཤེས་པ་དྲུག་པོ་དེ་དག་གིས་རྣམ་པར་རྩེ་ཞིང་སངས་རྒྱས་ཀྱི་ཞིང་གང་ན། ཐེག་པ་ཆེན་པོ་མ་གཏོགས་པར་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པའི་སྒྲ་ཡང་མི་གྲག་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག །མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་ཞིང་སངས་རྒྱས་ཀྱི་ཞིང་གང་ན། སེམས་ཅན་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག །འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང་། ཆོས་ཀྱི་སྒྲ་མི་གྲག་པ་དང་། དགེ་འདུན་གྱི་སྒྲ་མི་གྲག་པ་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ནས། འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་སངས་རྒྱས་ཀྱི་ལེགས་པ་བརྗོད། ཆོས་ཀྱི་ལེགས་པ་བརྗོད། དགེ་འདུན་གྱི་ལེགས་པ་བརྗོད་ཅིང་། སེམས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་ཀྱི་སྒྲ་དེས་སེམས་དང་བར་གྱུར་ཏེ། གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དེ་དག་ཏུ་སྐྱེ་བར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་


DKG026_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་ཐོབ་ནས། དེ་དག་ནམ་ཡང་འདོད་པའི་ཁམས་སུ་ཡང་མི་སྐྱེ། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་ཡང་མི་སྐྱེ་ཞིང་། དེ་དག་ཏུ་ཡང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ་དག །དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། ཕྱིར་མི་ལྡོག་པའི་ས་འཐོབ་པ་ཡང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་ཞིང་། མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱས་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ཞིང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་བསྐལ་པའམ། བསྐལ་པ་བས་ལྷག་པར་གནས་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་ཅིང་། དེ་དག་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་


DKG026_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་འདོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། བསམ་གཏན་བཞི་ཐོབ་པ་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པ་དག །བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་ཚུལ་དུ་མར་རྣམ་པར་རྩེ་ཞིང་། འདི་ལྟ་སྟེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་དག་བསམ་གཏན་དང་པོ་དེ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །དེ་ལས་ལངས་ནས་འདུ་ཤེས་


DKG026_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །ཤཱ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་ལྡན་པ་རྣམས་བསམ་གཏན་དང་། ཚད་མེད་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་འདི་དག་ཡང་དང་ཡང་དུ་རྣམ་པར་མནན་ཅིང་སྙོམས་པར་འཇུག་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པ། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཐོབ་པ། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཐོབ་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཐོབ་པ་དག་རྣམ་པར་ཐར་པའི་སྒོ་གསུམ་པོ་ཐོབ་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་མི་བྱེད་ཀྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཐབས་མཁས་པས་ཡོངས་སུ་བཟུང་བས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སེམས་ཅན་རྣམས་ལ་སྟོན་པར་བྱེད་དེ། སེམས་ཅན་དེ་དག་དེས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་


DKG026_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཡེ་ཤེས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ཡིན་ཏེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལྟ་བུས་དེ་ལྟར་རྣམ་པར་སྤྱོད་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་ཤིང་། དགའ་ལྡན་གྱི་གནས་ཡོངས་སུ་སྦྱོང་བ་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐལ་པ་བཟང་པོ་པར་ཤེས་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། བསམ་གཏན་བཞི་ཐོབ་པ། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ། མངོན་པར་ཤེས་པ་དྲུག་ཐོབ་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཐོབ་པ་དག་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་དོན་དུ་སྤྱོད་ཀྱང་། བདེན་པ་བཞི་རྟོགས་པར་མི་བྱེད་པ་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་། དེ་དག་གི་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ་བྱང་


DKG026_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐལ་པ་གྲངས་མེད་ཚད་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་དུ་རྟག་པར་བརྩོན་ཏེ། ནམ་ཡང་གནོད་པར་འགྱུར་བའི་ཚིག་མི་སྨྲ། གནོད་པ་དང་ལྡན་པའི་ལུས་ཀྱི་ལས་དང་། ཡིད་ཀྱི་ལས་མི་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་ཤིང་སེམས་ཅན་གྱི་དོན་དུ་རྟག་ཏུ་བརྩོན་པས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་། སེམས་ཅན་རྣམས་ཀྱི་ངན་སོང་གི་ལམ་གསུམ་པོ་རྒྱུན་གཅོད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་བསྒྲུབ་ཅིང་། ཟས་འདོད་པ་རྣམས་ལ་ཟས་དང་སྐོམ་འདོད་པ་རྣམས་ལ་སྐོམ་དང་། བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་མལ་སྟན་དང་གོས་དང་རྒྱན་དང་འཚོ་བ་དང་ཁྱིམ་འདོད་པ་རྣམས་ལ་ཁྱིམ་གྱིས་ཡོངས་སུ་སྡུད་ཅིང་འཚོ་བའི་ཡོ་བྱད་སྐྱོན་མེད་པ་ཡོངས་སུ་སྒྲུབ་པ་དག་ཀྱང་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །བཟོད་པའི་ཕ་རོལ་དུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཁྲོ་བ་མེད་པ་དང་། གནོད་སེམས་མེད་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་དགེ་བའི་ཆོས་ཐམས་ཅད་ལ་མངོན་པར་བརྩོན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལྷུར་བྱས་ཏེ།


DKG026_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཞི་གནས་རྩེ་གཅིག་ཏུ་བྱ་བ་དང་། འདོད་པ་ལས་དབེན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་འགོད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལྷུར་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ཏེ། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་དང་། བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ངན་སོང་ཐམས་ཅད་ལས་ཡང་དག་པར་བཟླ་བའི་ཕྱིར་ཆོས་སྟོན་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་ཤིང་། སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་


DKG026_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་བྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་བྱས་ཏེ། དབང་པོ་གསལ་ཞིང་ཡོངས་སུ་དག་པ་དང་ལྡན་པར་གྱུར་ནས། དེ་དག་ལུས་ཡོངས་སུ་དག་པ་དེ་དག་གིས་སྐྱེ་བོ་མང་པོ་དགའ་བ་དང་མོས་པ་སྐྱེད་དེ། དེ་དག་འགྲོ་བ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དང་། སེམས་ཅན་དེ་དག་ཀྱང་སེམས་མོས་པར་གྱུར་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས་མཐར་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཡོངས་སུ་དག་པ་དང་ངག་ཡོངས་སུ་དག་པ་དང་ཡིད་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ་དག་དབང་པོ་ཤིན་ཏུ་གསལ་བ་ཐོབ་ནས། དེ་དག་དབང་པོ་ཤིན་ཏུ་གསལ་བ་དེ་དག་གིས་བདག་མི་བསྟོད་ཅིང་གཞན་མི་སྨོད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་


DKG026_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ནམ་ཡང་དབུལ་བར་མི་འགྱུར་ཞིང་། ལོག་པར་འགྲོ་བ་དང་ངན་སོང་དུ་མི་ལྟུང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ། ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་སེམས་ཅན་རབ་ཏུ་འགོད་པ་དང་། སྦྱིན་པ་དང་ངག་སྙན་པས་སེམས་ཅན་ཡོངས་སུ་སྡུད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་སུ་བཟུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་དུ་མ་ལ་གནས་ཤིང་དེ་དག་ལ་གནས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཉེས་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོ་བྱད་ཐམས་ཅད་དང་། མཆོད་པ་སྣ་ཚོགས་ཀྱིས། རིམ་གྲོ་དང་བཀུར་སྟི་དང་བསྟི་སྟང་དང་མཆོད་པ་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་ཤིང་། སེམས་ཅན་ལོག་པར་ལྟ་བའི་མུན་པ་ཅན་རྣམས་ལ། སངས་རྒྱས་ཀྱི་ཆོས་ཀྱིས་སྣང་བར་བྱེད་ཅིང་བདག་ཉིད་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། སངས་རྒྱས་ཀྱི་ཆོས་སྣང་བ་དེ་དང་ནམ་ཡང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དེ། ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་བྱུང་བ་ཡིན་ནོ། །ཤཱ་


DKG026_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁ་ན་མ་ཐོ་བ་དང་བཅས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱི་གོ་མི་དབྱེའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་དང་། ངག་གི་ལས་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཤིང་། འདི་ནི་ལུས་ཡིན་གྱིས་དེས་ནི་ལུས་ཀྱི་ལས་ཤིག་བརྩམ། འདི་ནི་ངག་ཡིན་གྱིས་དེས་ནི་ངག་གི་ལས་ཤིག་བརྩམ། འདི་ནི་ཡིད་ཡིན་གྱིས་དེས་ནི་ཡིད་ཀྱི་ལས་ཤིག་བརྩམ་སྙམ་ན། དེ་ནི་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་ངག་དང་ཡིད་ཀྱི་ལས་རྩོམ་པ་ཁ་ན་མ་ཐོ་བ་དང་བཅས་པའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་ནི་ལུས་གང་དང་ངག་གང་དང་ཡིད་གང་གིས་འཇུངས་པའི་སེམས་བསྐྱེད་པའམ། ཚུལ་ཁྲིམས་ངན་པའི་སེམས་བསྐྱེད་པའམ། གནོད་སེམས་ཀྱི་སེམས་བསྐྱེད་པའམ། ལེ་ལོའི་སེམས་བསྐྱེད་པའམ། འཁྲུག་པའི་སེམས་བསྐྱེད་པའམ། ཤེས་རབ་འཆལ་པའི་སེམས་བསྐྱེད་པར་བྱ་བ་དེ་ལྟ་བུའི་ལུས་མི་དམིགས་སོ། །ངག་མི་དམིགས་སོ། །སེམས་མི་དམིགས་སོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་སྐྱེད་པ་ཙམ་དུ་ཡང་ཤེས་པར་མི་བྱ་སྟེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG026_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་སྟེ། ཤཱ་ར་དྭ་ཏིའི་བུ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཀྱི་གནས་ངན་ལེན་སྦྱོང་བ་དང་། ངག་གི་གནས་ངན་ལེན་སྦྱོང་བ་དང་། ཡིད་ཀྱི་གནས་ངན་ལེན་སྦྱོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་མི་དམིགས་པ་དང་། ངག་དང་སེམས་མི་དམིགས་པ་དེའི་ཚེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་བ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ཏེ་གནས་ཤིང་། ཉན་ཐོས་ཀྱི་སེམས་སམ་རང་སངས་རྒྱས་ཀྱི་སེམས་བསྐྱེད་པ་མེད་པར་དེ་རྟག་ཏུ་རྒྱུན་མི་ཆད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་གཞོག་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ཡོངས་སུ་དག་པ་ཞེས་ངས་བཤད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་ཞིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དག་ཀྱང་ཡོད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་


DKG026_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་ལུས་ལ་དམིགས་པ་མེད་པ་དང་། ངག་དང་ཡིད་ལ་དམིགས་པ་མེད་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་དམིགས་པ་མེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དམིགས་པ་མེད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་དམིགས་པ་མེད་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་དམིགས་པ་མེད་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལ་དམིགས་པ་མེད་པར་གྱུར་པ་དེ་ནི། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་ལ་དམིགས་པ་མེད་ཅིང་བླང་བ་མེད་པ་དང་དོར་བ་མེད་པའོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་དེ་ལྟ་བུས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ནན་ཏན་དུ་བྱེད་པ་དེ་དག་ནི་སུས་ཀྱང་ཐུབ་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཇི་ལྟ་བུར་སྤྱོད་པ་རྣམས་ཐུབ་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་རློམ་སེམས་མེད་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་རློམ་སེམས་མེད་པ་དང་། མིག་དང་གཟུགས་ལ་རློམ་སེམས་མེད་པ་དང་། རྣ་བ་དང་སྒྲ་དང་སྣ་དང་དྲི་དང་ལྕེ་དང་རོ་དང་ལུས་དང་རེག་བྱ་དང་། ཡིད་དང་ཆོས་ལ་རློམ་སེམས་མེད་པ་དང་། སའི་ཁམས་ལ་རློམ་སེམས་མེད་པ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་


DKG026_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལ་རློམ་སེམས་མེད་པ་དང་། མིག་གི་ཁམས་ལ་རློམ་སེམས་མེད་པ་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་ལ་རློམ་སེམས་མེད་པ་དང་། ཆོས་ཀྱི་ཁམས་ལ་རློམ་སེམས་མེད་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རློམ་སེམས་མེད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་སེམས་མེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རློམ་སེམས་མེད་པ་དང་། ནང་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་རློམ་སེམས་མེད་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རློམ་སེམས་མེད་པ་དང་། འཕགས་པའི་བདེན་པ་བཞི་ལ་རློམ་སེམས་མེད་པ་དང་། བསམ་གཏན་བཞི་ལ་རློམ་སེམས་མེད་པ་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རློམ་སེམས་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རློམ་སེམས་མེད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་རློམ་སེམས་མེད་པ་དང་། མངོན་པར་


DKG026_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རྣམས་ལ་རློམ་སེམས་མེད་པ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་རློམ་སེམས་མེད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་རློམ་སེམས་མེད་པ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་རློམ་སེམས་མེད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རློམ་སེམས་མེད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་རློམ་སེམས་མེད་པ་དང་། རང་བྱང་ཆུབ་ལ་རློམ་སེམས་མེད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་རློམ་སེམས་མེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རློམ་སེམས་མེད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་རློམ་སེམས་མེད་པར་གྱུར་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕ་རོལ་དུ་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་བ་ཡིན་ཏེ་སུས་ཀྱང་ཐུབ་པ་མེད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་ཅིང་། ཡེ་ཤེས་དེ་དང་ལྡན་པས་ནམ་ཡང་ངན་སོང་རྣམས་སུ་མི་སྐྱེ། མི་དབུལ་ཞིང་ཕོངས་པ་ཉམས་སུ་མྱོང་བར་མི་འགྱུར་ཏེ། ལུས་གང་དང་ལྡན་པས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ནང་ན་སྨད་པར་འགྱུར་བ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་མི་འགྱུར་བ་དག་ཀྱང་ཡོད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་ཡང་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། མི་དབུལ་ཞིང་ཕོངས་པ་ཉམས་སུ་མྱོང་བར་མི་འགྱུར་བ་དང་། ལུས་གང་དང་ལྡན་པས་ལྷ་དང་མི་དང་


DKG026_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མ་ཡིན་གྱི་ནང་ན། སྨད་པར་འགྱུར་བ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་མི་འགྱུར་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ། །ཆོས་ཀྱི་འདུ་ཤེས་དང་དགེ་འདུན་གྱི་འདུ་ཤེས་མི་སྐྱེད་དོ། །ཉན་ཐོས་ཀྱི་འདུ་ཤེས་དང་རང་སངས་རྒྱས་ཀྱི་འདུ་ཤེས་དང་། བྱང་ཆུབ་སེམས་དཔའི་འདུ་ཤེས་དང་། སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ། །བདག་གི་འདུ་ཤེས་མི་སྐྱེད་དོ། །གཞན་གྱི་འདུ་ཤེས་མི་སྐྱེད་དོ། །སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་མི་སྐྱེད་དོ། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་མི་དམིགས་སོ། །


DKG026_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་མི་དམིགས་སོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མི་དམིགས་སོ། །ནང་སྟོང་པ་ཉིད་སྒོམ་སྟེ། ནང་སྟོང་པ་ཉིད་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྒོམ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་སོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་སྒོམ་སྟེ། མངོན་པར་ཤེས་པ་རྣམས་མི་དམིགས་སོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སྒོམ་སྟེ། གཟུངས་ཀྱི་སྒོ་རྣམས་མི་དམིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་དམིགས་སོ། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྒོམ་སྟེ། རྣམ་པ་ཐམས་ཅད་


DKG026_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཉིད་མི་དམིགས་སོ། །ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་ཏེ། ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་ལྔ་རབ་ཏུ་འཐོབ་པ་དང་། ཡོངས་སུ་སྦྱོང་བ་ཡོད་དོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་གོ །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་ཉིས་བརྒྱ་དང་། སུམ་བརྒྱ་དང་། བཞི་བརྒྱ་དང་། ལྔ་བརྒྱ་དང་། སྟོང་གི་བར་དུ་མཐོང་བ་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་འཛམ་བུའི་གླིང་མཐོང་བ་ཡོད་དོ། །ཤའི་མིག་གིས་གླིང་གཉིས་དང་། གླིང་གསུམ་དང་། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤའི་མིག་གིས་སྟོང་གི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤའི་མིག་གིས་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པའོ། །གསོལ་པ།


DKG026_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་གང་ཡིན་པ་དེ་ནི་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱིས་མི་ཤེས་ཏེ། ལྷའི་མིག་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ལྷོ་དང་ནུབ་དང་བྱང་དང་། བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་


DKG026_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་གང་དང་ལྡན་པས། འདུས་བྱས་སམ། འདུས་མ་བྱས་སམ། དགེ་བའམ་མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། ཀུན་ནས་ཉོན་མོངས་པའམ། ཀུན་ནས་ཉོན་མོངས་པ་མེད་པའམ། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའི་ཆོས་གང་ཡང་མི་ཤེས་པ་མེད་པ་དང་། ཤེས་རབ་ཀྱི་མིག་གང་དང་ལྡན་པས། ཆོས་གང་ཡང་མ་མཐོང་བའམ། མ་ཐོས་པའམ། མ་བསམས་པའམ། ཁོང་དུ་མ་ཆུད་པ་མེད་པ་འདི་ནི། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་གིས། གང་ཟག་འདི་ནི་དད་པའི་རྗེས་སུ་འགྲོ་བ། གང་ཟག་འདི་ནི་ཆོས་ཀྱི་རྗེས་སུ་འགྲོ་བ། གང་ཟག་འདི་ནི་སྟོང་པ་ཉིད་ལ་གནས་པ་སྟེ། གང་ཟག་འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས། འཇིག་ཚོགས་ལ་


DKG026_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་དང་། ཐེ་ཚོམ་དང་ཚུལ་ཁྲིམས་དང་། བརྟུལ་ཞུགས་སྙེམས་པའི་ཀུན་དུ་སྦྱོར་བ་གསུམ་རབ་ཏུ་སྤོང་བར་འགྱུར་ཏེ། གང་ཟག་འདི་ནི་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་རབ་ཏུ་ཐོབ་ནས། འདོད་པའི་འདོད་ཆགས་དང་། གནོད་སེམས་རབ་ཏུ་སྲབས་པར་བྱེད་དེ། གང་ཟག་འདི་ནི་ལན་ཅིག་ཕྱིར་འོང་བའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་ནས། འདོད་པའི་འདོད་ཆགས་དང་། གནོད་སེམས་རབ་ཏུ་སྤོང་བ་ཐོབ་པར་བྱེད་དེ། གང་ཟག་འདི་ནི་ཕྱིར་མི་འོང་བའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་པས། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་རྒོད་པ་རབ་ཏུ་སྤོང་སྟེ། གང་ཟག་འདི་ནི་དགྲ་བཅོམ་པའོ། །གང་ཟག་འདི་ནི་མཚན་མ་མེད་པ་ལ་གནས་པ་སྟེ། གང་ཟག་འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་བ་ནས། གང་ཟག་འདི་ནི་དགྲ་བཅོམ་པའི་བར་ཞེས་བྱའོ། །གང་ཟག་འདི་ནི་སྨོན་པ་མེད་པ་ལ་གནས་པས། འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་བ་ནས། གང་ཟག་འདི་ནི་དགྲ་བཅོམ་པའོ་ཞེས་བྱ་བའི་བར་དུ་རབ་ཏུ་ཤེས་ཏེ། ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་ཅན་དེ་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ་ཞེས་བྱ་བར་ཤེས་པས། དབང་པོ་ལྔ་ཐོབ་པར་འགྱུར་ཏེ། འདི་ནི་ཤཱ་ར་དྭ་ཏིའི་བུ་


DKG026_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སེམས་དང་པོ་བསྐྱེད་པ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེའི་རྒྱུས་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་ལྡན་ཏེ། ཐབས་མཁས་པས་ཆེད་དུ་བསམས་ཏེ་ལུས་ཡོངས་སུ་འཛིན་ཏོ། །དགེ་བའི་རྩ་བས་བརྟན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེའོ། །བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེའོ། །རྒྱལ་ཆེན་བཞིའི་རིགས་ཀྱི་ལྷའི་ནང་དུ་སྐྱེའོ། །སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེའོ། །མཚེ་མའི་ལྷའི་ནང་དུ་སྐྱེའོ། །དགའ་ལྡན་གྱི་ལྷའི་ནང་དུ་སྐྱེའོ། །འཕྲུལ་དགའི་ལྷའི་ནང་དུ་སྐྱེའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་སྐྱེའོ། །དེ་དག་ན་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་དེ་དག་ལ་རིམ་གྲོ་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ། །རིམ་གྲོ་དང་བཀུར་སྟི་དང་བསྟི་སྟང་དང་མཆོད་པ་བྱེད་པར་འགྱུར་རོ། །ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་


DKG026_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཕྱིར་ལྡོག་པར་མི་འགྱུར་རོ། །ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཤཱ་ར་དྭ་ཏིའི་བུ་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །འདི་ནི་ལུང་མ་བསྟན་པའོ། །འདི་ནི་ངེས་པའོ། །འདི་ནི་མ་ངེས་པའོ། །འདི་ནི་ལུང་བསྟན་པར་འགྱུར་བའོ། །འདི་ནི་ལུང་བསྟན་པར་མི་འགྱུར་བའོ། །འདི་དག་ནི་ཕྱིར་མི་ལྡོག་པ་སྟེ་དབང་ཐོབ་པའོ། །འདི་དག་ནི་ཕྱིར་མི་ལྡོག་པ་མ་ཡིན་པ་སྟེ་དབང་མ་ཐོབ་པའོ། །འདི་ནི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པའོ། །འདི་ནི་མངོན་པར་ཤེས་པ་ཡོངས་སུ་མ་རྫོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་བཀུར་སྟི་དང་བསྟི་སྟང་དང་མཆོད་པ་བྱེད་དོ། །ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་བཀུར་སྟི་དང་། བསྟི་སྟང་དང་མཆོད་པ་བྱེད་དེ། འདིས་ནི་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །འདིས་ནི་མངོན་པར་ཤེས་པ་འཐོབ་པར་མི་འགྱུར་རོ། །འདི་ནི་བཟོད་པ་ཐོབ་པའོ། །འདི་ནི་བཟོད་པ་ཐོབ་པ་མ་ཡིན་ནོ། །འདི་ནི་དབང་ཐོབ་པའོ། །འདི་ནི་དབང་ཐོབ་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་འགྱུར་རོ། །འདིའི་


DKG026_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྨོན་ལམ་ཆེན་པོ་དང་ལྡན་པའོ། །འདི་ནི་སྨོན་ལམ་ཆེན་པོ་དང་མི་ལྡན་པའོ། །འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱས་སོ། །འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལེགས་པར་བརྗོད་པ་མཛད་དོ། །འདི་ལ་ནི་ལེགས་པར་བརྗོད་པ་མི་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་གནས་པར་འགྱུར་རོ། །འདི་དག་ནི་ཉེ་བར་གནས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱང་ཆུབ་ཐོབ་ནས་ཚེ་དཔག་ཏུ་མེད་པར་འགྱུར་རོ། །འདི་ནི་ཚེ་དཔག་ཏུ་ཡོད་པར་འགྱུར་རོ། །འདིའི་འོད་དང་དབྱངས་དང་དགེ་སློང་གི་དགེ་འདུན་ནི་ཚད་མེད་པར་འགྱུར་རོ། །འདི་ནི་ཚད་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་འགྱུར་རོ། །འདི་ནི་ལྡན་པར་མི་འགྱུར་རོ། །འདི་ནི་དཀའ་བ་སྤྱོད་པར་འགྱུར་རོ། །འདི་ནི་སྤྱོད་པར་མི་འགྱུར་རོ། །འདི་ནི་སྲིད་པ་ཐ་མ་པའོ། །འདི་ནི་སྲིད་པ་ཐ་མ་པ་མ་ཡིན་ནོ། །འདི་ནི་སྙིང་པོ་བྱང་ཆུབ་ལ་འདུག་པར་འགྱུར་རོ། །འདི་ནི་འདུག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་ཡོད་པར་འགྱུར་རོ། །འདི་དག་ལ་ནི་བདུད་ཡོད་པར་མི་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ན་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ།


DKG026_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡིན། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་།སངས་རྒྱས་ཀྱི་རྣམ་པར་ཐར་པ་བསྒྲིབས་པ་མེད་པ་དང་ལྡན་པ་ཡིན། དེ་ནི་དེའི་མིག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མིག་དེ་དང་ལྡན་པས། རྣམ་པ་ཐམས་ཅད་དུ་མ་མཐོང་བའམ། མ་ཐོས་པའམ། མ་ཤེས་པའམ། ཁོང་དུ་མ་ཆུད་པ་གང་ཡང་མེད་དེ། ཤཱ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པའོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་ཡོངས་སུ་སྦྱང་བར་འདོད་པ་དང་། ཐོབ་པར་འདོད་པས། ཕ་རོལ་དུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་ཏུ་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་དེ། ཉན་ཐོས་ཀྱི་ཆོས་དང་རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མ་འདུས་པ་མེད་དོ། །ཤཱ་ར་དྭ་ཏིའི་བུ་ལ་ལ་ཞིག་ཡང་དག་པར་སྨྲ་བས་དགེ་བའི་ཆོས་ཐམས་ཅད་འདུས་པར་བརྗོད་པ་ཞིག་དུ་དགོས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་སྨྲ་བས་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་


DKG026_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་ལྔ་བསྐྱེད་པའོ། །མིག་ལྔ་པོ་དེ་དག་ལ་བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤཱ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པའི་ཕ་རོལ་དུ་ཕྱིན་པ་རབ་ཏུ་འཐོབ་སྟེ། རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །དེ་ནི་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ། །སྣང་བ་དང་མི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལས་ཐལ་བ་དང་ར་བ་ལས་ཐལ་བ་དང་། རི་ལས་ཐལ་བར་ཐོགས་པ་མེད་པའི་ལུས་ཀྱིས་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་། འོག་ཏུ་འཛུལ་བ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་འབྱིང་བ་མེད་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བར་འཐུལ་ཞིང་མེར་འབར་ཏེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ། འདི་ལྟར་མཐུ་ཆེ་ཞིང་། འདི་ལྟར་དབང་ཆེ་བ་དག་ཀྱང་ལག་པས་བྱུགས་ཤིང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་ཏེ། རྫུ་འཕྲུལ་དེས་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་དང་རང་བཞིན་གྱིས་དབེན་པ་དང་། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། དེས་རྫུ་འཕྲུལ་གང་གིས་རློམ་སེམས་སུ་འགྱུར་བའི་རྫུ་འཕྲུལ་དེ་ལྟ་བུ་མི་དམིགས་ཏེ། དེ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་རྫུ་འཕྲུལ་ལམ། རྫུ་འཕྲུལ་མངོན་པར་བསྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་


DKG026_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྣམ་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མི་ལས་འདས་པས། ལྷ་དང་མི་གཉིས་ཀའི་སྒྲ་ཐོས་ཏེ། ལྷའི་རྣ་བའི་ཁམས་དེས་བདག་ནི་སྒྲ་ཉན་ཅེས་བྱ་བར་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་དེས་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར། རྣ་བ་དང་སྒྲ་དམིགས་པ་མེད་དེ། དེ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ལྷའི་རྣ་བའི་ཁམས་ལ་བསམ་པ་ཡང་མི་སྐྱེད་དོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷའི་རྣ་བའི་ཁམས་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དྲུག་པ། དེས་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་ལྡན་པའི་སེམས་ལ། འདོད་ཆགས་དང་ལྡན་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ། འདོད་ཆགས་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་ལྡན་པའི་སེམས་ལ་ཞེ་སྡང་དང་ལྡན་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་མེད་པའི་སེམས་ལ་ཞེ་སྡང་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་ལྡན་པའི་སེམས་ལ་གཏི་མུག་དང་ལྡན་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་བྲལ་བའི་སེམས་ལ་གཏི་མུག་དང་བྲལ་བའི་སེམས་ཤེས་


DKG026_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་ལྡན་པའི་སེམས་ལ་སྲེད་པ་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་བྲལ་བའི་སེམས་ལ་སྲེད་པ་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་དང་བཅས་པའི་སེམས་ལ་ཉེ་བར་ལེན་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་མེད་པའི་སེམས་ལ་ཉེ་བར་ལེན་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ནས་འདུས་པའི་སེམས་ལ་ཀུན་ནས་འདུས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་འཕྲོས་པའི་སེམས་ལ་རྣམ་པར་འཕྲོས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆུང་ངུའི་སེམས་ལ་རྒྱ་ཆུང་ངུའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆེ་བའི་སེམས་ལ་རྒྱ་ཆེ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡངས་པའི་སེམས་ལ་ཡངས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དོག་པའི་སེམས་ལ་དོག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆེ་བར་གྱུར་པའི་སེམས་ལ་ཆེ་བར་གྱུར་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚད་མེད་པའི་སེམས་ལ་ཚད་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་བཞག་པའི་སེམས་ལ་མཉམ་པར་བཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་མ་བཞག་པའི་སེམས་ལ་མཉམ་པར་མ་བཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་གྲོལ་བའི་སེམས་ལ་རྣམ་པར་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་མ་གྲོལ་བའི་སེམས་ལ་རྣམ་པར་མ་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་


DKG026_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཟག་པ་དང་བཅས་པའི་སེམས་ལ་ཟག་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་མེད་པའི་སེམས་ལ་ཟག་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་དང་བཅས་པའི་སེམས་ལ་ཉོན་མོངས་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་མེད་པའི་སེམས་ལ་ཉོན་མོངས་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་ཡོད་པའི་སེམས་ལ་བླ་ན་ཡོད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ལ་བླ་ན་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གཞན་གྱི་སེམས་ཤེས་པ་དེས་རློམ་སེམས་སུ་འགྱུར་བ་ཡང་མེད་དོ། །དེ་ནི་འདི་ལྟར་སེམས་དེ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། དེ་ནི་བདག་གིས་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །འདི་ལྟར་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར། གང་གིས་རློམ་སེམས་སུ་འགྱུར་བ་དེ་ལྟ་བུའི་སེམས་མི་དམིགས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་སེམས་ཤེས་པར་བྱ་བའི་བསམ་པའམ། སེམས་ཤེས་པ་མངོན་པར་བསྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་རྣམ་པ་དུ་མ་མངོན་པར་སྒྲུབ་སྟེ། སེམས་གཅིག་ཀྱང་རྗེས་སུ་དྲན་པ་ནས། སེམས་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག་ནས་ཉི་མ་བརྒྱ་དང་། ཟླ་བ་


DKG026_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནས་ཟླ་བ་བརྒྱ་དང་། ལོ་གཅིག་ནས་ལོ་བརྒྱ་དང་། བསྐལ་བ་གཅིག་ནས་བསྐལ་བ་བརྒྱ་དང་། བསྐལ་བ་བརྒྱ་ཕྲག་དུ་མ་ནས་བསྐལ་བ་སྟོང་ཕྲག་དུ་མ་དང་། བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་རྗེས་སུ་དྲན་ཏེ། བདག་ནི་དེ་ལྟ་བུ་ཞིག་ན་འདུག་འདུག་སྟེ། མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག །ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར་ཏེ། དེ་ལྟར་བདག་དེ་ནས་ཤི་འཕོས་ནས། ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས། གཏན་ཚིགས་དང་བཅས། ངན་རྟགས་དང་བཅས་པར་བདག་དང་གཞན་གྱི་སྔོན་གྱི་གནས་རྣམ་པ་དུ་མར་རྗེས་སུ་དྲན་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་ཡེ་ཤེས་དེ་ཡེ་ཤེས་མ་ཡིན་ཏེ་བསམ་གྱིས་མི་ཁྱབ་པའི་ཕྱིར། དེ་ནི་བདག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དེ། འདི་ལྟར་དེས་ཡེ་ཤེས་དེ་ཉིད་ཀྱང་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར། གང་གིས་རློམ་སེམས་སུ་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་མི་དམིགས་སོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་རྗེས་སུ་དྲན་པའི་ཡེ་ཤེས་ཀྱི་དོན་དུ་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ནི་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་དང་། བཟང་བ་དང་། ངན་པ་དང་། ངན་སོང་ན་གནས་པ་དང་། བདེ་འགྲོ་ན་གནས་པ་དག་ཀྱང་རབ་ཏུ་ཤེས་ཏེ། སེམས་


DKG026_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན། ངག་གིས་ངན་དུ་སྤྱོད་པ་དང་ལྡན། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་རྣམས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེའོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན། ངག་གིས་ལེགས་པར་སྤྱོད་པ་དང་ལྡན། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མི་འདེབས་པ་ཡང་དག་པར་ལྟ་བ་རྣམས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་གི་འགྲོ་བ་དྲུག་ཏུ་གཏོགས་པ་རྣམས་ཀྱི་སྐྱེ་བ་དང་འཆི་འཕོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་མིག་དེ་མིག་མ་ཡིན་ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། དེ་བདག་གིས་མཐོང་ངོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཡང་འདི་ལྟར་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར། གང་གིས་རློམ་སེམས་སུ་འགྱུར་བའི་མིག་དེ་ལྟ་བུ་དེས་མི་དམིགས་ཏེ། དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་ལྷའི་མིག་བསམ་པའམ། ལྷའི་མིག་མངོན་པར་བསྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ལྷའི་མིག་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ནི་ཟག་པ་ཟད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་ཀྱང་། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ཐོབ་པར་མི་བྱེད་དོ། །གང་བླ་ན་མེད་པ་ཡང་


DKG026_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་དེ་ལྟ་བུའི་ཆོས་ཀྱང་གང་ཡང་མི་མཐོང་ངོ་། །དེ་མངོན་པར་ཤེས་པ་དེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་བྱས་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤོང་བར་བྱེད་དེ། ཟག་པ་ཟད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་དེས་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་ཡེ་ཤེས་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། དེ་བདག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཡང་འདི་ལྟར་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བའི་ཟག་པ་ཟད་པའི་ཡེ་ཤེས་མངོན་དུ་བྱ་བའི་མངོན་པར་ཤེས་པ་དེ་ལྟ་བུ་མི་དམིགས་སོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ཟག་པ་ཟད་པའི་ཡེ་ཤེས་ཀྱི་བསམ་པའམ། ཟག་པ་ཟད་པ་མངོན་དུ་བྱ་བའི་ཡེ་ཤེས་མངོན་པར་བསྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །དེ་ལྟར་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཟག་པ་ཟད་པ་མངོན་དུ་བྱ་བ་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་ཅིང་། མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་རྣམ་པར་འཕེལ་ལོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ཆགས་པ་མེད་པའི་སེམས་ཉེ་བར་བཟུང་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་


DKG026_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། ལྟུང་བ་བྱ་བ་མེད་པར་ཉེ་བར་བཟུང་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། མི་འཁྲུག་པ་ཉེ་བར་བཟུང་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། ལུས་དང་སེམས་ཀྱི་བརྩོན་འགྲུས་མི་གཞིག་པ་ཉེ་བར་བཟུང་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། འཁྲུག་པ་མེད་པའི་སེམས་ཉེ་བར་བཟུང་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། ཤེས་རབ་འཆལ་པའི་སེམས་མི་དམིགས་པ་ཉེ་བར་བཟུང་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕ་རོལ་


DKG026_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱིན་པ་དྲུག་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། འོང་བ་མེད་པ་དང་འགྲོ་བ་མེད་པ་ཉེ་བར་བཟུང་བ་དང་། ཡོངས་སུ་འཛིན་པ་མེད་པ་ཉེ་བར་བཟུང་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ། །དེ་ལ་སྦྱིན་པ་ནི་ཡོངས་སུ་འཛིན་པ་ཉེ་བར་བཟུང་བ་ལས་གདགས་སོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་ངན་པ་ཉེ་བར་བཟུང་བ་ལས་གདགས་སོ། །བཟོད་པ་ནི་འཁྲུག་པ་ཉེ་བར་བཟུང་བ་ལས་གདགས་སོ། །བརྩོན་འགྲུས་ནི་ལེ་ལོ་ཉེ་བར་བཟུང་བ་ལས་གདགས་སོ། །ཏིང་ངེ་འཛིན་ནི་མཉམ་པར་མ་བཞག་པ་ཉེ་བར་བཟུང་བ་ལས་གདགས་སོ། །ཤེས་རབ་ནི་ཤེས་རབ་འཆལ་བ་ཉེ་བར་བཟུང་བ་ལས་གདགས་སོ། །དེ་ནི་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །མ་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྦྱིན་པ་བྱེད་དོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྦྱིན་པ་མི་བྱེད་དོ་ཞེས་བྱ་བར་རློམ་སེམས་མེད་དོ། །ཚུལ་ཁྲིམས་དང་ལྡན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ། །ཚུལ་ཁྲིམས་ངན་པ་ཅན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ། །བཟོད་པ་ཕུན་སུམ་ཚོགས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ཁྲོ་བ་ཅན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ། །བརྩོན་འགྲུས་བརྩམས་པའོ་ཞེས་བྱ་བར་རློམ་སེམས་མེད་དོ། །ལེ་ལོ་ཅན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ། །མཉམ་པར་བཞག་པའོ་ཞེས་བྱ་བར་རློམ་སེམས་མེད་དོ། །མཉམ་པར་མ་བཞག་པའོ་ཞེས་བྱ་བར་རློམ་སེམས་མེད་དོ། །ཤེས་རབ་དང་ལྡན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ། །ཤེས་རབ་འཆལ་བ་ཅན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །རིམ་གྲོ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །རིམ་གྲོ་མ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭ་ཏིའི་བུ་མ་སྐྱེས་པ་ནི་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །


DKG026_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །རིམ་གྲོ་མ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་རློམ་སེམས་ཐམས་ཅད་ཡང་དག་པར་གཅོད་པའི་ཕྱིར་ཏེ། འདི་ལ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡོན་ཏན་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དེ། དེ་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་དོ། །ཤཱ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་ནས་ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་འཐོབ་པོ། །ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་ཐོབ་ནས། ཆོས་ཐམས་ཅད་མཉམ་པ་ཉིད་ལ་སེམས་ཅན་ཐམས་ཅད་རབ་ཏུ་འགོད་དོ། །དེ་ནི་ཚེ་འདི་ཉིད་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་སུ་བྱོན་ཅིང་དབེན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡིད་དུ་འོང་ཞིང་དབེན་པར་བྱ་བ་ཡིན་ཏེ། དེ་ནི་སྐྱེ་བ་གང་དང་གང་དུ་སྐྱེས་ཀྱང་། དེ་དང་དེ་དག་ཏུ་ནམ་ཡང་མིག་གིས་ཡིད་དུ་མི་འོང་བའི་གཟུགས་མི་མཐོང་ངོ་། །རྣ་བས་ཡིད་དུ་མི་འོང་བའི་སྒྲ་མི་ཐོས་སོ། །སྣས་ཡིད་དུ་མི་འོང་བའི་དྲི་མི་ཚོར་རོ། །ལྕེས་ཡིད་དུ་མི་འོང་བའི་རོ་མི་མྱོང་ངོ་། །ལུས་ཀྱིས་ཡིད་དུ་མི་འོང་བའི་རེག་བྱ་མི་རེག་གོ །ཡིད་ཀྱིས་ཡིད་དུ་མི་འོང་བའི་ཆོས་རྣམ་པར་རིག་པ་མེད་དོ། །ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་


DKG026_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པ་འདི་བསྟན་པའི་ཚེ། དགེ་སློང་སུམ་བརྒྱས་གོས་གྱོན་གྱོན་པ། བཅོམ་ལྡན་འདས་ལ་ཡོན་དུ་གསོལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། དགེ་སློང་རྣམས་ཀྱི་བསམ་པ་མཁྱེན་ནས་ཞལ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་དེ་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཞལ་འཛུམ་པ་མཛད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་སུམ་བརྒྱ་པོ་འདི་དག་ནི་བསྐལ་པ་དྲུག་ཅུ་རྩ་གཅིག་འདས་ནས། བསྐལ་པ་དཔེ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཆེན་པོ་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་ངོ་། །འདི་དག་ནི་འདི་ནས་ཤི་འཕོས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སྒུལ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེའོ། །འདོད་པ་ན་སྤྱོད་པའི་ལྷའི་བུ་སྟོང་ཕྲག་དྲུག་ཅུས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཉེས་པར་བྱེད་པར་འགྱུར་རོ། །དེ་ཉིད་དུ་རབ་ཏུ་བྱུང་ནས་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་བྱམས་པ་དེས་ཀྱང་། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་


DKG026_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས། དེའི་ཚེ་འཁོར་བཞི་པོ་དེ་དག་འདི་ན་འཁོད་བཞིན་དུ། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་སྟོང་མཐོང་བར་གྱུར་ཏོ། །ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་སྟོང་མཐོང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་གང་ཇི་ལྟ་བུར་མཐོང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དེ་དག་ཀྱང་། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་ཡོད་པར་མ་མཐོང་ངོ་། །དེ་ནས་འཁོར་དེའི་ནང་ནས་སྲོག་ཆགས་སྟོང་ཕྲག་བཅུས་བདག་ཅག་གིས་ལས་གང་བྱས་པས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ལས་སྤྱད་པར་བྱའོ་ཞེས་སྨོན་ལམ་བཏབ་པོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས་ཞལ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཞལ་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་སྟོང་ཕྲག་བཅུ་པོ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་སྟོང་ཕྲག་བཅུ་པོ་འདི་དག་ནི་འདི་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ཡང་ནམ་དུ་ཡང་མི་འབྲལ་ཏེ། ཕྱི་མའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་


DKG026_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱན་གྱི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽ་དགལ་ཆེན་པོའི་བུ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ཤེས་པའི་བུ་གང་པོ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། དགེ་སློང་གཞན་དག་ཀྱང་ཀུན་གྱིས་མངོན་པར་ཤེས་པ་ཤིན་ཏུ་མང་བ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་མང་བ་དག་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཤིན་ཏུ་མང་བ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡངས་པའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་དམ་པའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་རབ་པོ། །ཕ་རོལ་དུ་ཕྱིན་པ་འདི་ནི་ཕུལ་ལོ། །ཕ་རོལ་དུ་ཕྱིན་པ་འདི་ནི་མཆོག་གོ །ཕ་རོལ་དུ་ཕྱིན་པ་འདི་ནི་གྱ་ནོམ་པའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་བཟང་པོའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་བླ་ན་མ་མཆིས་པའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་ལྟག་ན་མ་མཆིས་པའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་མཉམ་པ་མ་མཆིས་པའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་མི་མཉམ་པ་དང་མཉམ་པའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་འདྲ་བ་མ་མཆིས་པའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་མཚུངས་པ་མ་མཆིས་པའོ། །ཕ་རོལ་དུ་ཕྱིན་པ་འདི་ནི་ནམ་མཁའ་འོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་


DKG026_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཡོན་ཏན་ཐམས་ཅད་དང་ལྡན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་ཐུབ་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི། མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཡོངས་སུ་བཏང་ངོ་། །ཡོངས་སུ་གཏོང་ངོ་། །ཡོངས་སུ་གཏོང་བར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི། མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་བསྲུངས་སོ། །སྲུང་ངོ་། །སྲུང་བར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་


DKG026_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི། མི་མཉམ་པ་དང་མཉམ་པའི་བཟོད་པ་བསྒོམས་སོ། །སྒོམ་མོ། །སྒོམ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་བརྩོན་འགྲུས་བརྩམས་སོ། །རྩོམ་མོ། །རྩོམ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་ ༺ཉི་ཁྲི་པོད་ཀ༽81A རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་བསམ་གཏན་བསྐྱེད་དོ། །སྐྱེད་དོ། །སྐྱེད་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་


DKG026_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི། མི་མཉམ་པ་དང་མཉམ་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་སོ། །སྒོམ་མོ། །སྒོམ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་སྤྱད་པས་མི་མཉམ་པ་དང་མཉམ་པའི་གཟུགས་བརྙེས་པར་གྱུར་ཏོ། །མི་མཉམ་པ་དང་མཉམ་པའི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་མི་མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་བརྙེས་པར་གྱུར་ཏོ། །མི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས། མི་མཉམ་པ་དང་མཉམ་པའི་གཟུགས་བརྙེས་པར་གྱུར་ཏོ། །བརྙེས་སོ། །བརྙེས་པར་འགྱུར་རོ། །མི་མཉམ་པ་དང་མཉམ་པའི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་མི་མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་བརྙེས་པར་གྱུར་ཏོ། །བརྙེས་སོ། །བརྙེས་པར་


DKG026_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །མི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །སྐོར་རོ། །སྐོར་བར་འགྱུར་རོ། །དེ་ལྟ་ལགས་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། མིའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལྷའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་དང་། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་།


DKG026_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མལ་ཆ་དང་། ཁྱིམ་དང་འཚོ་བ་དང་ནོར་བུ་དང་མུ་ཏིག་དང་དུང་དང་མན་ཤེལ་དང་། བྱི་རུ་དང་གསེར་དང་། དངུལ་དག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དག་སེམས་ཅན་རྣམས་ཀྱི་བདེ་བའི་ཡོ་བྱད་མིའི་རྐྱེན་དང་། ལྷ་རྫས་སུ་བྱ་བའམ་ཡང་དག་པར་བྲལ་བའི་བདེ་བའང་རུང་སྟེ། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གནས་ཏེ། བདག་སྦྱིན་པ་ཡོངས་སུ་གཏོང་ཞིང་གཞན་ཡང་སྦྱིན་པ་ལ་སྦྱོར་རོ། །བདག་ཚུལ་ཁྲིམས་སྲུང་ཞིང་གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །བདག་བཟོད་པ་སྒོམ་ཞིང་གཞན་ཡང་བཟོད་པ་ལ་སྦྱོར་རོ། །བདག་བརྩོན་འགྲུས་རྩོམ་ཞིང་གཞན་ཡང་བརྩོན་འགྲུས་ལ་སྦྱོར་རོ། །བདག་བསམ་གཏན་སྐྱེད་ཅིང་གཞན་ཡང་བསམ་གཏན་ལ་སྦྱོར་རོ། །བདག་ཤེས་རབ་སྒོམ་ཞིང་གཞན་ཡང་ཤེས་རབ་སྒོམ་པ་ལ་སྦྱོར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རྟེན་ཅིང་སེམས་ཅན་རྣམས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་དག་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་


DKG026_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །རིགས་ཀྱི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་ཞུགས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་མཛད་དོ། །དེ་ནས་དེའི་ཚེ་ལྗགས་ཀྱི་དབང་པོ་དེ་ལས་འོད་འཕྲོ་བ་ཁ་དོག་དུ་མ་དང་ཁ་དོག་སྣ་ཚོགས་སུ་ལྡན་པ་མང་པོ་བྱུང་བར་གྱུར་ཏོ། །དེ་བྱུང་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི། སངས་རྒྱས་བཅོམ་ལྡན་་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནས་ནུབ་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DKG026_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟན་པའི་ཕྱིར། ཕྱོགས་བཅུའི་ཕྱོགས་རེ་རེའི་བར་དུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་ལགས་ན་བདག་ཅག་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང་དེ་ལ་ཕྱག་བགྱི་བ་དང་བསྙེན་བཀུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་འདུས་པ་དེ་དག་ཀྱང་བལྟ་བ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཡང་མཉན་པའི་སླད་དུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་དུས་ལ་བབ་པར་ཤེས་ན་དེང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ལན་བདུན་དུ་གཡས་ཕྱོགས་ནས་བསྐོར་བ་བྱས་ཏེ། ཕྱོགས་བཅུ་ནས་གདུགས་དང་རྒྱལ་མཚན་དང་ལྷའི་བ་དན་དང་། མེ་ཏོག་དང་ཕྲེང་བ་དང་སྤོས་དང་བྱུག་པ་དང་བདུག་པ་དང་། ཕྱེ་མ་དང་ན་བཟའ་དང་གསེར་གྱི་མེ་ཏོག་དང་དངུལ་གྱི་མེ་ཏོག་ལ་སོགས་པ་རྣམ་པ་དུ་མ་ཁྱེར་ཏེ། གླུ་དང་རོལ་མོ་བརྡུང་བ་དང་དཀྲོལ་བ་མང་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་གང་ན་བ་དེར་འདོང་ངོ་། །དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་


DKG026_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། གནས་གཙང་མ་པ་ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། བདུག་པ་དང་། ཕྱེ་མ་དང་། ལྷ་རྫས་ཀྱི་མེ་ཏོག་ཨུཏྤ་ལ་དང་། པད་མོ་དང་། ཀུ་མུ་ད་དང་། ་པུན་ད་རི་ཀ་དང་། ལྷ་རྫས་ཀྱི་མེ་ཏོག་མན་དཱ་ར་བ་དང་མན་དཱ་ར་བ་ཆེན་པོ་དང་། ཀེ་ས་ར་དང་ཏ་མ་ལའི་ལོ་མ་མང་པོ་ཁྱེར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དེ་དག་གིས་མེ་ཏོག་དང་ཕྲེང་བ་དང་སྤོས་དང་བྱུག་པ་དང་བདུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་ལྷའི་བ་དན་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །དེ་ནས་མེ་ཏོག་ལ་སོགས་པ་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། མེ་ཏོག་གི་ཁང་པ་བརྩེགས་པ། གྲུ་བཞི་ཀ་བ་བཞི་དང་ལྡན་པ། ཆ་ཀུན་དུ་མཉམ་པ། ཤིན་ཏུ་རྣམ་པར་ཕྱེ་བ། མདངས་དགའ་ཞིང་ཡིད་དུ་འོང་བར་རེད་དེ་འདུག་གོ །དེ་ནས་འཁོར་དེའི་ནང་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པོ། །དེ་ནས་དེ་དག་སྟན་ལས་ལངས་ནས། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་བརྙེས་པར་གྱུར་པའི་ཆོས་ཀྱི་རྣམ་པ་དེ་ལྟ་བུ་ཐམས་ཅད་ཐོབ་


DKG026_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏེ། ཉན་ཐོས་ཀྱི་དགེ་འདུན་ནི་འདི་ལྟ་བུ་ཡོངས་སུ་བསྡུ་བར་བགྱིའོ། །ད་ལྟར་འདིར་དེ་བཞིན་གཤེགས་པས་ཆོས་ཇི་ལྟར་བསྟན་པ་དེ་བཞིན་དུ། འཁོར་འདི་དང་འདྲ་བར་ནི་ཆོས་བསྟན་པར་བགྱིའོ། །ཞེས་སྨོན་ལམ་བཏབ་པོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་དེ། ཆོས་ཐམས་ཅད་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་ལ་བཟོད་པར་གྱུར་པ་མཁྱེན་ནས་ཞལ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཞལ་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་འདིའི་ནང་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་ནི་མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་བརྒྱད་ན་བསྐལ་པ་མེ་ཏོག་གི་འབྱུང་གནས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་ཅེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཤཱ་རིའི་བུའི་ལེའུ་སྟེ་གཉིས་པའོ།། །།


previousལེའུ་གཉིས་པ། next