Nitartha Digital Library
Tibetan
 
previousལེའུ་བཅུ་བཞི་པ། སྟོད་ཆ།no next

ལེའུ་བཅུ་བཞི་པ། སྟོད་ཆ།


DKG026_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི། འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ། ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ལྷའི་དབང་པོ་བརྒྱ་བྱིན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ལྷའི་བུ་རབ་མཚེ་མ་ཇི་སྙེད་ཡོད་པ་དང་། ལྷའི་བུ་རབ་དགའ་ལྡན་ཇི་སྙེད་ཡོད་པ་དང་། ལྷའི་བུ་རབ་འཕྲུལ་དགའ་ཇི་སྙེད་ཡོད་པ་དང་། ལྷའི་བུ་གཞན་འཕྲུལ་དབང་བྱེད་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ཚངས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གནས་གཙང་མའི་བར་གྱི་ལྷའི་བུ་ཇི་སྙེད་ཡོད་


DKG026_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ཐམས་ཅད་ཀྱང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། ཀུན་སྣང་དང་བའི་ལྷ་དང་། དགེ་རྒྱས་ཀྱི་ལྷ་དང་། འབྲས་བུ་ཆེ་བའི་ལྷ་དང་། གནས་གཙང་མའི་ལྷ་རྣམས་ཀྱི། ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དེ་དག་གིས། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི། བརྒྱའི་ཆར་ཡང་ཉེ་བར་མ་སོང་། སྟོང་གི་ཆར་ཡང་ཉེ་བར་མ་སོང་། བརྒྱ་སྟོང་གི་ཆར་ཡང་ཉེ་བར་མ་སོང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མ་སོང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེར་ཡང་མ་བཟོད་དེ། འདི་ལྟ་སྟེ་དཔེར་ན། འཛམ་བུ་ན་དའི་གསེར་གྱི་དྲུང་ན། ལྕགས་ནག་པོའམ། མགལ་དུམ་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་དྲུང་ན། ལྷའི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་དེ་དག་ཐམས་ཅད། ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་གྱི། དེ་བཞིན་གཤེགས་པའི་འོད་འབའ་ཤིག་དེ་དག་གི་ནང་ན་དམ་པར་སྣང་ངོ་། །གཙོ་བོར་སྣང་ངོ་། །གྱ་ནོམ་པར་སྣང་ངོ་། །འཕགས་པར་སྣང་ངོ་། །མཆོག་ཏུ་སྣང་ངོ་། །རབ་ཏུ་སྣང་ངོ་། །ཕུལ་དུ་སྣང་ངོ་། །བླ་ན་མེད་པར་སྣང་ངོ་། །གོང་ན་མེད་པར་སྣང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ། འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་


DKG026_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི། འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་གང་ཇི་སྙེད་པ་དེ་དག་ཐམས་ཅད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏན་ལ་བབ་པར་བསྟན་པ་ཐོས་པར་འདོད་ན། ཆོས་ཉན་པར་འདོད་པའི་ཕྱིར་ལྷགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི། ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། །།


previousལེའུ་བཅུ་བཞི་པ། སྟོད་ཆ།no next