Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་བདུན་པ།


   
   
   
   
   
   
   
   
   
   
ལེའུ་ཉི་ཤུ་གསུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་ཉི་ཤུ་གསུམ་པ། next

ལེའུ་ཉི་ཤུ་གསུམ་པ།


DKG027_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ།ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་གལ་ཏེ། འཛམ་བུའི་


DKG027_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གི་སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་གླེགས་བམ་ཀླག་པའམ་བྲི་བའམ་ཁ་ཏོན་བྱ་བའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་གང་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སློབ་ཅིང་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་ཐོབ་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ཆོས་མང་པོ་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།


DKG027_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་།མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། སེམས་ཅན་གཅིག་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཞག་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའི་སེམས་ཅན་རྣམས་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་ཡོངས་སུ་གྲོལ་བ་མ་ཡིན་ནོ། །ཀཽ་ཤི་ཀ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་སེམས་ཅན་ནི། སེམས་ཅན་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་ནས་ཡོངས་སུ་གྲོལ་བའི་ཕྱིར་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་ལྟ་ཅི་སྨོས། ཀཽ་ཤི་ཀ་གང་ལ་ལས་འཛམ་བུའི་གླིང་གི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་ལ་བཀོད་པ་བས་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་རང་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རང་བྱང་ཆུབ་ལ་བཀོད་པ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་


DKG027_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གཞོག་པ་དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པ་ཉིད་ཀྱི་བར་དང་རང་སངས་རྒྱས་རྣམས་སོ། །ཀཽ།་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཆོད་ཅིང་རིམ་གྲོར་བྱ་བ་ཡིན་ཏེ། འཇིག་རྟེན་ལྷ་དང་བཅས་པ་བདུད་དང་བཅས་པ་ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་མེ་ཏོག་དང་ཕྲེང་བ་དང་། སྤོས་དང་བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བ་ཡིན་པར་ཤེས་པར་བྱའོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་བྲི་བའམ་ཀླག་པའམ་ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །


DKG027_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་པོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་དང་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ། སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ། ཀླགས་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་ནི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་


DKG027_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡོད་དོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་དགའ་ལྡན་དང་། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་དང་ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་ཚངས་ཆེན་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་ཡོད་དོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོད་དོ། །སྟོང་པ་ཉིད་ཐམས་ཅད་ཡོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོད་དོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་དོ། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། རང་བྱང་ཆུབ་ཀྱི་བར་ལ་བཀོད་པ་ལྟ་ཞོག་གི། ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་


DKG027_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་པ་དེ་དག།རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་གླེགས་བམ། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་སྐྱེས་པ་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །ཀཽ་ཤི་ཀ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། རང་བྱང་ཆུབ་ཀྱི་བར་ལ་བཀོད་པ་ལྟ་ཞོག་གི། ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག།རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད། རང་བྱང་ཆུབ་ཀྱི་བར་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་གླེགས་བམ། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་


DKG027_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་བྱུར་བུ་ལྟ་ཞོག་གི། ཀཽ་ཤི་ཀ་སྟོང་གཉིས་པ་འཇིག་རྟེན་གྱི་ཁམས། འབྲིང་པོའི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ཀྱི་བར་ལ་རབ་ཏུ་བཀོད་པ་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་གླེགས་བམ། བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་སྟོང་གཉིས་པ། འཇིག་རྟེན་གྱི་ཁམས་འབྲིང་པོ་ལྟ་ཞོག་གི། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ཀྱི་བར་ལ་རབ་ཏུ་བཀོད་པ་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་གླེགས་བམ། བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་གི། ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་


DKG027_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག།རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ཀྱི་བར་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་གླེགས་བམ། བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས། ཟག་པ་མེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་བསླབས་ཤིང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག །ཡང་དག་པའི་སྐྱོན་མེད་པར་ཞུགས་པར་འགྱུར་རོ། །འཇུག་གོ། །འཇུག་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་གྱུར་ཏོ། །་འཐོབ་པོ། །ཐོབ་པར་འགྱུར་རོ། །རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །་ཤི་ཀ་ཟག་པ་མེད་པའི་ཆོས། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་རྣམས་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་


DKG027_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པའི་བར་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཤིང་། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། དེ་བས་འདིའི་བསོད་ནམས་ཆེས་མང་དུ་འཕེལ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཡོད་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་ཡོད་


DKG027_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཕ་རོལ་དུ་ཕྱིན་པ་རྣམས་ཡོད་དོ། །ནང་སྟོང་པ་ཉིད་ཡོད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་ཡོད་དོ། །ཐམས་ཅད་ཤེས་པ་ཉིད་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་དུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོད་དོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་མི་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད། ཚད་མེད་པ་བཞི་ལ་བཀོད། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་བཀོད། མངོན་པར་ཤེས་པ་ལྔ་ལ་བཀོད་ན།ཀཽ་ཤི་ཀ་དེ་ཇི་སྙད་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་གླེགས་བམ། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་འཛམ་བུའི་གླིང་ལྟ་ཞོག །གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་ཀྱང་ལྟ་ཞོག །སྟོང་གི་འཇིག་རྟེན་གྱི་ཁམས་ཀྱང་ལྟ་ཞོག །སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱང་ལྟ་ཞོག །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྟ་ཡང་ཞོག་གི།


DKG027_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཀཽ་ཤི་ཀ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། བསམ་གཏན་བཞི་ལ་བཀོད། ཚད་མེད་པ་བཞི་ལ་བཀོད། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་བཀོད། མངོན་པར་ཤེས་པ་ལྔ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་གླེགས་བམ། ཀླག་པ་དང་། བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས། ཟག་པ་མེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་


DKG027_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་སེམས་ཅན་དང་། ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི། སེམས་ཅན་ཇི་སྙེད་པ་དེ་དག །དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། གཉིས་ལ་སྤྱོད་པ་ཡང་མ་ཡིན། མི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ནང་སྟོང་པ་ཉིད་འཛིན་པ་དང་།


DKG027_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ།། །། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་སུམ་ཅུ་ལྔ་པ། གཉིས་ལ་སྤྱོད་པ་ཡང་མ་ཡིན། མི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། མི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ལ་ལ་ཞིག །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གཞན་ལ་རྣམ་གྲངས་དུ་མར་རྒྱ་ཆེར་རྗོད་ཅིང་སྟོན་ལ། འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ། ཡང་དག་པར་སྟོན་ཅིང་དེའི་དོན་གཏན་ལ་དབབ་པ་སྟོན་པ་བྱེད་ན། ཀཽ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཉིས་སུ་བལྟ་བ་མ་ཡིན། གཉིས་སུ་མེད་པར་བལྟ་བ་མ་ཡིན། མཚན་མར་མ་ཡིན། མཚན་མ་མེད་པར་མ་ཡིན། བླང་བར་མ་ཡིན། དོར་བར་མ་ཡིན། དབྲི་བར་མ་ཡིན། བསྣན་པར་མ་


DKG027_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། རྣམ་པར་བྱང་བར་མ་ཡིན། སྐྱེ་བར་མ་ཡིན། འགག་པར་མ་ཡིན། གཟུང་བར་མ་ཡིན། མི་གཟུང་བར་མ་ཡིན། ལེན་པར་མ་ཡིན། དོར་བར་མ་ཡིན། གནས་པར་མ་ཡིན། མི་གནས་པར་མ་ཡིན། ཡང་དག་པར་མ་ཡིན། ལོག་པར་མ་ཡིན། ལྡན་པར་མ་ཡིན། མི་ལྡན་པར་མ་ཡིན། འདྲེ་བར་མ་ཡིན། མི་འདྲེ་བར་མ་ཡིན། རྐྱེན་དུ་མ་ཡིན། རྐྱེན་མེད་པར་མ་ཡིན། ཆོས་སུ་མ་ཡིན། ཆོས་མ་ཡིན་པར་མ་ཡིན། དེ་བཞིན་ཉིད་དུ་མ་ཡིན། དེ་བཞིན་ཉིད་མ་ཡིན་པར་མ་ཡིན། ཡང་དག་པའི་མཐའ་མ་ཡིན། ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་ཏེ། འདི་ནི་གཉིས་སུ་མེད་པའི་དོན་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་རྗོད་ཅིང་སྟོན་ལ། འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ། ཡང་དག་པར་སྟོན་པར་བྱེད་ཅིང་། དེའི་དོན་གཏན་ལ་དབབ་པར་སྟོན་ན། བསོད་ནམས་མང་དུ་འཕེལ་གྱི་བདག་འབའ་ཤིག་གིས་བཟུང་བའམ། ཀུན་ཆུབ་པར་བྱས་པའམ། བཅངས་པའམ། བླགས་པའམ། ཚུལ་བཞིན་དུ་ཡིད་ལ་བྱས་པས་ནི་མ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བདག་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཛིན་ཅིང་། ཀུན་ཆུབ་པར་བྱེད་དེ། འཆང་ཞིང་ཀློག་ལ། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། གཞན་ལ་ཡང་རྒྱ་ཆེར་རྗོད་ཅིང་སྟོན་ལ། འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ། ཡང་དག་པར་སྟོན་པར་བྱེད་ཅིང་། དེའི་དོན་གཏན་ལ་དབབ་པར་སྟོན་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ནི་ཤིན་དུ་མང་དུ་འཕེལ་ལོ། །བརྒྱ་བྱིན་གྱིས་གསོལ་པ།


DKG027_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལྟར་དོན་དང་ལྡན་ལ་ཡི་གེ་དང་ལྡན་པར་བསྟན་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལྟར་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱ་སྟེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་པ་དང་ལྡན་པར་འགྱུར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས་ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེ་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད། གྲངས་མེད་པ་དག་ལ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། བསྟི་སྟང་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེ་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་


DKG027_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས། བསྐལ་པ་ཚད་མེད་གྲངས་མེད་པར་དམིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་བས་ནི། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་དོན་དང་ལྡན། ཡི་གེ་དང་ལྡན་པར་མི་དམིགས་པའི་ཚུལ་གྱིས། གཞན་ལ་རྒྱ་ཆེར་བརྗོད་ཅིང་སྟོན་ལ་འཆད་ཅིང་རྣམ་པར་འགོད་པ་དང་། རབ་ཏུ་འགོད་ཅིང་རྣམ་པར་འབྱེད་ལ། གསལ་བར་བྱེད་ཅིང་ཡང་དག་པར་སྟོན་པ་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ལ་དམིགས་པ་ནི་འདི་ཡིན་ཏེ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་དམིགས་པའི་ཚུལ་གྱིས་སྦྱིན་པ་གཏོང་ཞིང་འདི་སྙམ་དུ་བདག་ནི་སྦྱིན་པ་གཏོང་ངོ་། །སྦྱིན་པ་ནི་འདི་གཏོང་ངོ་། །འདི་ལ་ནི་སྦྱིན་པར་བྱའོ་སྙམ་ན། དེས་སྦྱིན་པ་དེ་ལྟར་བཏང་བས་སྦྱིན་པ་ཉིད་དུ་འགྱུར་གྱི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་སྙམ་ན། དེས་ཚུལ་ཁྲིམས་དེ་ལྟར་བསྲུངས་པས། ཚུལ་ཁྲིམས་ཉིད་དུ་འགྱུར་གྱི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །བདག་ནི་བཟོད་པ་སྒོམ་མོ། །བཟོད་པ་འདི་སྒོམ་མོ་སྙམ་ན། དེས་བཟོད་པ་དེ་ལྟར་བསྒོམས་པས། བཟོད་པ་ཉིད་དུ་འགྱུར་གྱི། བཟོད་པའི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །བདག་ནི་བརྩོན་འགྲུས་རྩོམ་མོ། །འདིའི་དོན་དུ་བརྩོན་འགྲུས་བརྩམ་མོ་སྙམ་ན། དེས་བརྩོན་འགྲུས་དེ་ལྟར་བརྩམས་པས། བརྩོན་འགྲུས་ཉིད་དུ་འགྱུར་གྱི། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །བདག་ནི་བསམ་གཏན་རྣམས་ལ་སྙོམས་པར་འཇུག་གོ། །བསམ་གཏན་ནི་འདི་དག་ལ་མཉམ་པར་གཞག་གོ། །སྙམ་ན། དེས་བསམ་གཏན་ལ་དེ་ལྟར་


DKG027_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག་པས། བསམ་གཏན་ཉིད་དུ་འགྱུར་གྱི། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །བདག་ནི་ཤེས་རབ་སྒོམ་མོ། །ཤེས་རབ་ནི་འདི་བསྒོམ་མོ་སྙམ་ན། དེས་ཤེས་རབ་དེ་ལྟར་བསྒོམས་པས་ཤེས་རབ་ཉིད་དུ་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལྟར་དམིགས་པ་ལ་སྤྱད་པས་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ། ཡོངས་སུ་རྫོགས་པར་མི་འགྱུར་རོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་ལྟར་སྤྱད་ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་སྤྱད་ན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་སྤྱད་ན། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་སྤྱད་ན། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་སྤྱད་ན། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་སྤྱད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བའི་ཚེ། ཡོངས་སུ་གཏོང་བ་མི་དམིགས། སྦྱིན་པ་དང་ལེན་པ་མི་དམིགས་སོ། །ཚུལ་ཁྲིམས་སྲུང་བའི་ཚེ། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཡང་དག་པར་བླང་བར་མི་དམིགས་སོ། །བཟོད་པ་སྒོམ་པའི་ཚེ། བཟོད་པ་དང་། བཟོད་པ་བསྒོམ་པ་མི་དམིགས་སོ། །བརྩོན་འགྲུས་རྩོམ་པའི་ཚེ། བརྩོན་འགྲུས་དང་།


DKG027_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་རྩོམ་པ་མི་དམིགས་སོ། །བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ། བསམ་གཏན་དང་བསམ་གཏན་སྒོམ་པ་མི་དམིགས་སོ། །ཤེས་རབ་སྒོམ་པའི་ཚེ། ཤེས་རབ་དང་ཤེས་རབ་བསྒོམ་པ་དང་། ཤེས་རབ་དང་ལྡན་པ་མི་དམིགས་སོ། །ཀཽ་ཤི་ཀ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལྟར་ཁོང་དུ་ཆུད་པ་མེད་པར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན་རིགས་ཀྱི་བུའམ་རིགས་བུ་མོ་ལ་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་སྟོན་པ་འབྱུང་སྟེ། དེར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་དག་གིས་ཀྱང་གཟུགས་བརྙན་དེ་ཐོས་ནས། ལམ་སྟོན་པར་འགྱུར་ཏེ། དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་ཏོ། །སྙམ་ཞིང་དེ་དག་གཟུགས་བརྙན་སྟོན་པ་བྱེད་པའོ། །བརྒྱ་བྱིན་གྱིས་གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་


DKG027_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོན་པར་བྱེད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་སྟོན་ཏེ། དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་ཏེ། འདི་ལྟར་གཟུགས་མི་རྟག་གོ་ཞེས་བྱ་བར་སྟོན། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མི་རྟག་གོ་ཞེས་བྱ་བར་སྟོན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་གཟུགས་མི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་སྡུག་བསྔལ་ཞེས་བྱ་བ་དང་བདག་མེད་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བ་དང་བདག་མེད་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་གཟུགས་མི་རྟག་གོ་ཞེས་བྱ་བར་རྟོག་པ་དང་གཟུགས་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མི་རྟག་གོ་ཞེས་བྱ་བ་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །མྱིག་མི་རྟག་གོ་ཞེས་བྱ་བར་སྟོན། མྱིག་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་མི་རྟག་གོ་ཞེས་བྱ་བར་སྟོན། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། གཟུགས་མི་རྟག་གོ་ཞེས་བྱ་བར་སྟོན། གཟུགས་སྡུག་བསྔལ་


DKG027_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་མི་རྟག་གོ་ཞེས་བྱ་བར་སྟོན། སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། མིག་གི་རྣམ་པར་ཤེས་པ་མི་རྟག་གོ་ཞེས་བྱ་བར་སྟོན། མིག་གི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། རྣ་བའི་རྣམ་པར་ཤེས་པ་དང་སྣའི་རྣམ་པར་ཤེས་པ་དང་ལྕེའི་རྣམ་པར་ཤེས་པ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་མི་རྟག་གོ་ཞེས་བྱ་བར་སྟོན། རྣ་བའི་རྣམ་པར་ཤེས་པ་དང་སྣའི་རྣམ་པར་ཤེས་པ་དང་ལྕེའི་རྣམ་པར་ཤེས་པ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། མིག་གི་འདུས་ཏེ་རེག་པ་མི་རྟག་གོ་ཞེས་བྱ་བར་སྟོན། མིག་གི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་ལྕེའི་འདུས་ཏེ་རེག་པ་དང་ལུས་ཀྱི་འདུས་ཏེ་རེག་པ་དང་ཡིད་ཀྱི་འདུས་ཏེ་རེག་པ་མི་རྟག་གོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པ་དང་སྣའི་འདུས་ཏེ་རེག་པ་དང་ལྕེའི་འདུས་ཏེ་རེག་པ་དང་ལུས་ཀྱི་འདུས་ཏེ་རེག་པ་དང་ཡིད་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་གོ་ཞེས་བྱ་བར་སྟོན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་


DKG027_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་གོ་ཞེས་བྱ་བར་སྟོན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། སའི་ཁམས་མི་རྟག་གོ་ཞེས་བྱ་བར་སྟོན། སའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མི་རྟག་གོ་ཞེས་བྱ་བར་སྟོན། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། མ་རིག་པ་མི་རྟག་གོ་ཞེས་བྱ་བར་སྟོན། མ་རིག་པ་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་མི་རྟག་གོ་ཞེས་བྱ་བར་སྟོན། འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་དང་། སྐྱེ་བ་དང་རྒ་ཤི་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མི་རྟག་གོ་ཞེས་བྱ་བར་སྟོན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མི་རྟག་གོ་ཞེས་བྱ་བར་སྟོན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྡུག་


DKG027_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། ནང་སྟོང་པ་ཉིད་མི་རྟག་གོ་ཞེས་བྱ་བར་སྟོན། ནང་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་རྟག་གོ་ཞེས་བྱ་བར་སྟོན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་གོ་ཞེས་བྱ་བར་སྟོན། དྲན་པ་ཉེ་བར་གཞག་པ་རྣམས་མི་རྟག་གོ་ཞེས་བྱ་བར་སྟོན། དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། ཡང་དག་པར་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་རྟག་གོ་ཞེས་བྱ་བར་སྟོན། ཡང་དག་པར་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མི་རྟག་གོ་ཞེས་བྱ་བར་སྟོན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བ་དང་བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་རྟག་གོ་ཞེས་བྱ་བར་སྟོན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་མི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ་ཞེས་བརྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་གཟུགས་མི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །གཟུགས་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་རྣམ་པར་རྟོག་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བ་དང་།


DKG027_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། བདག་མེད་དོ་ཞེས་བྱ་བར་རྟོག་པ་དང་། མི་སྡུག་གོ་ཞེས་བྱ་བར་རྟོག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་ཏེ། ཀཽ་ཤི་ཀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གཟུགས་བརྙན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོན་ན་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམས་ཤིག །ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་དང་། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པར་འགྱུར་རོ། །ས་བཅུ་པའི་བར་ལ་གནས་པར་འགྱུར་རོ། །ཚུར་རིགས་ཀྱི་བུ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྒོམས་ཤིག །ཁྱོད་ཀྱིས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བསྒོམས་དང་། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པར་འགྱུར་རོ། །ས་བཅུ་པའི་བར་ལ་གནས་པར་འགྱུར་རོ་ཞེས། དེ་ཡང་མཚན་མའི་ཚུལ་དང་། དམིགས་པའི་ཚུལ་གྱིས་སྟོན་ཏེ། དེ་དུས་ཀྱི་འདུ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པར་འགྱུར་ཏེ། ཀཽ་ཤི་ཀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམས་ཤིག།རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན། ཉན་ཐོས་ཀྱི་ས་ལས་འདའ་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་རོ་ཞེས་སྟོན་ཏེ།ཀཽ་ཤི་ཀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་


DKG027_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ན་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འགྱུར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཁྱོད་ཀྱིས་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལ་གནས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ། རིམ་གྲོ་དང་བཀུར་སྟི་དང་སྟི་སྟང་དང་མཆོད་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ་ཞེས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག །བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་སྟོན་ན་འདི་སྐད་སྟོན་ཏེ། རིགས་ཀྱི་བུ་དག་སུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཛིན་པ་དང་། འཆང་བ་དང་ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པར་འགྱུར་རོ་ཞེས་ཟེར་ཏེ། དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་འདི་ལྟར་སྟོན་ཏོ། །ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི། དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྗེས་སུ་དགའ་བར་གྱིས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་


DKG027_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྔོས་ཤིག་ཅེས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་དེ་ལྟར་སྟོན་ཅིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་སྟོན་ཏོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྟོན་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་མི་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམས་ཤིག །གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། གཟུགས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་གཟུགས་རྟག་ཅེས་བྱའམ། གཟུགས་མི་རྟག་ཅེས་བྱ་བ་མི་དམིགས་སོ། །དེ་ལ་གཟུགས་ཉིད་ཀྱང་མེད་ན་རྟག་པའམ་མི་རྟག་པ་ལྟ་ག་ལ་ཡོད་ཅེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །ཀཽ།་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམས་ཤིག །ཚོར་བ་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག །འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་སྟེ། རྣམ་པར་ཤེས་


DKG027_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཡིན་པ་དེ་ལ་ནི། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བ་མི་དམིགས་སོ། །དེ་ལ་རྣམ་པར་ཤེས་པ་ཉིད་ཀྱང་མེད་ན། རྟག་པའམ་མི་རྟག་པ་ལྟ་ག་ལ་ཡོད་ཅེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམས་ཤིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རང་བཞིན་གྱིས་སྟོང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཡིན་པ་དེ་ལ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བ་མི་དམིགས་སོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད་ན། རྟག་པའམ་མི་རྟག་པ་ལྟ་ག་ལ་ཡོད་ཅེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམས་ཤིག །ཆོས་གང་ལས་ཀྱང་ཡོངས་སུ་འདའ་བར་མ་བྱེད་ཅིག །ཆོས་གང་ལ་ཡང་གནས་གནས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་


DKG027_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཆོས་གང་ལས་འདའ་བར་བྱ་བའམ། གང་ལ་གནས་པར་བྱ་བའི་ཆོས་དེ་ལྟ་བུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པའི་ཆོས་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་བླང་བར་བྱ་བའམ། དོར་བར་བྱ་བའམ། བསྐྱེད་པར་བྱ་བའམ། དགག་པར་བྱ་བའི་ཆོས་གང་ཡང་མེད་དོ་ཞེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་བསྟན་པར་བྱ་སྟེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གི་བསོད་ནམས་ཀྱི་ཕུང་པོ་ནི་ཆེས་མང་དུ་འཕེལ་གྱི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དག་གི་ནི་མ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་


DKG027_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས། རྒྱུན་ཏུ་ཞུགས་པ་རྣམས་ཡོད་པར་འགྱུར་རོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ལྟ་ཡང་ཞོག །གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྟ་ཡང་ཞོག །སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན་ལྟ་ཡང་ཞོག །སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ལྟ་ཡང་ཞོག།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་ལྟ་ཡང་ཞོག་གི། ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་རྒྱུན་ཏུ་ཞུགས་པ་རྣམས་ཡོད་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ལན་ཅིག་ཕྱིར་འོང་


DKG027_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འབྲས་བུ་ལ་བཀོད། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག །ལྷོགས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་ན། ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་རྣམས་ཡོད་པར་འགྱུར་རོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་བཀོད་པ་ལྟ་ཡང་ཞོག །གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྟ་ཡང་ཞོག །སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན་ལྟ་ཡང་ཞོག །། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ལྟ་ཡང་ཞོག །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་བཀོད་པ་ལྟ་ཡང་ཞོག་གི། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུའམ་


DKG027_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག།ལྷོགས་ཤིག།ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག།ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག་ཅེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་རྣམས་ཡོད་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག།རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་


DKG027_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག།ཆོངས་ཤིག།ལྷོགས་ཤིག།ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག།ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག།རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཇི་ལྟར་བསྟན་པ་ལ་ནན་ཏན་བྱེད་པ་དེའི་ཚེ། རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་བས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་དག་ཀྱང་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་པ་ལྟ་ཡང་ཞོག །གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྟ་ཡང་ཞོག །སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན་ལྟ་ཡང་ཞོག །སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ལྟ་ཡང་ཞོག །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་པ་ལྟ་ཡང་ཞོག་གི། ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་


DKG027_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག།ལྷོགས་ཤིག།ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག།ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག།རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཇི་ལྟར་བསྟན་པ་ལ་ནན་ཏན་བྱེད་པ་དེའི་ཚེ། རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་བས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་བས་ཀྱང་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་


DKG027_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཕྱིར་མི་ལྡོག་པའི་ས་ལ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག།ཀུན་ཆུབ་པར་གྱིས་ཤིག།ཆོངས་ཤིག།ལྷོགས་ཤིག།ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག།ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག།རིགས་ཀྱི་བུ་ཁྱོད་གང་གི་ཚེ། ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པ་དེའི་ཚེ། རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་གྱུར་པ་དེའི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་བས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་བས་ཀྱང་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པའི་སའོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་ལྟ་ཡང་ཞོག །གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་


DKG027_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་སེམས་ཅན་ལྟ་ཡང་ཞོག །སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན་ལྟ་ཡང་ཞོག།སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ལྟ་ཡང་ཞོག།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་ལྟ་ཡང་ཞོག་གི། ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཕྱིར་མི་ལྡོག་པའི་ས་ལ་བཀོད་ན།ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག།ཀུན་ཆུབ་པར་གྱིས་ཤིག།ཆོངས་ཤིག།ལྷོགས་ཤིག།ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག།ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག།རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པ་དེའི་ཚེ། རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་གྱུར་པ་དེའི་ཚེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་


DKG027_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕྱིར་མི་ལྡོག་པའི་སའོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ། དེ་དག་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་།འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག།ཀུན་ཆུབ་པར་གྱིས་ཤིག།ཆོངས་ཤིག།ལྷོགས་ཤིག།ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག།ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག།རིགས་ཀྱི་བུ་ཁྱོད་གང་གི་ཚེ། ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པ་དེའི་ཚེ། རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་གྱུར་པ་དེའི་ཚེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ལྟ་ཡང་ཞོག།གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྟ་ཡང་ཞོག།སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན་ལྟ་ཡང་ཞོག།སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ལྟ་ཡང་ཞོག །སྟོང་


DKG027_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ལྟ་ཡང་ཞོག །ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ། དེ་དག་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་།ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཆོངས་ཤིག།ལྷོགས་ཤིག།ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག།ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག།རིགས་ཀྱི་བུ་ཁྱོད་གང་གི་ཚེ་ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པ་དེའི་ཚེ། རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པར་གྱུར་པ་དེའི་ཚེ། ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་གྱུར་པ་དེའི་ཚེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་བས། དེའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་


DKG027_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ལ་ལ་ཞིག་འདི་སྐད་དུ། བདག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ཟེར་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། དེ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་རྒྱ་ཆེར་བརྗོད་དེ་བསྟན་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་པ་ལྟ་ཡང་ཞོག།གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྟ་ཡང་ཞོག།སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན་ལྟ་ཡང་ཞོག།སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ལྟ་ཡང་ཞོག།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་པ་ལྟ་ཡང་ཞོག་གི། ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་བས། དེའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ཞིག་འདི་སྐད་དུ། བདག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ཟེར་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། དེ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་རྒྱ་ཆེར་བརྗོད་དེ་བསྟན་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ངེས་པ་སྟེ། རྫོགས་པའི་བྱང་ཆུབ་དུ་གཞོལ་ཞིང་བླ་ན་མེད་པ་


DKG027_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་བས་ན། དེ་དག་ལ་ནི་དེ་ཙམ་དུ་ཆོས་བསྟན་ཀྱང་མི་དགོས་ཀྱི། འདི་ནི་འཁོར་བ་ནས་འབྱུང་བར་འདོད་ལ། སྙིང་རྗེ་ཆེན་པོས་མནར་བའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །ནང་སྟོང་པ་ཉིད་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །གོས་


DKG027_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་སྙོམས་དང་མལ་ཆ་དང་ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་ཀྱིས་ཀྱང་རྗེས་སུ་གཟུང་བར་བགྱི་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཆོས་ཀྱིས་བསྡུ་བ་དང་། ཟང་ཟིང་གིས་བསྡུ་བས་རྗེས་སུ་འཛིན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ནི་ཆེས་མང་དུ་འཕེལ་གྱི། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྔ་མ་དག་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་ཡོང་ཡང་དེ་ལྟར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལགས་པ་དེ་ནི་ཕ་རོལ་དུ་ཕྱིན་པ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །སྟོང་པ་ཉིད་ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་། འཕགས་པའི་བདེན་པ་རྣམས་དང་བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་རྣམ་པར་ཐར་པའི་སྒོ་གསུམ་དང་མངོན་པར་ཤེས་པ་རྣམས་དང་ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཀཽ་ཤི་ཀ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོས་པ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པ་དང་ཡོངས་སུ་སྐྱོང་བ་ལེགས་སོ། ལེགས་སོ། །ཀཽ་ཤི་ཀ་ཁྱོད་ཀྱིས་དེ་བཞིན་དུ་བྱའོ། །འཕགས་པ་ཉན་ཐོས་གང་སེམས་ཅན་རྣམས་ལ་ཕན་འདོགས་པར་འདོད་པ་དེས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པ་བསྐྱེད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཟང་ཟིང་དང་། ཆོས་ཀྱིས་ཕན་གདགས་པས་ཕན་གདགས་ཤིང་ཡོངས་སུ་བསྐྱང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བཅོམ་ལྡན་འདས་ཀྱི་ཉན་ཐོས་


DKG027_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགེ་འདུན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་འབྱུང་ངོ་། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་བསྐྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ལ་སློབ་པ་མ་ཡིན། ནང་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་འཕགས་པའི་བདེན་པ་རྣམས་དང་བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་མངོན་པར་ཤེས་པ་རྣམས་དང་ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང་དེ་བཞིན་གཤེགས་པའི་སྟོབས་རྣམས་དང་མི་འཇིགས་པ་རྣམས་དང་སོ་སོ་ཡང་དག་པར་རིག་པ་རྣམས་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སློབ་པ་མ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ན། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱང་ཡོད་པར་མི་འགྱུར་རོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ལ་ཡང་སློབ་ལ། སྟོང་པ་ཉིད་ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་འཕགས་པའི་བདེན་པ་རྣམས་དང་བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་རྣམ་པར་ཐར་པའི་སྒོ་གསུམ་དང་མངོན་པར་ཤེས་པ་རྣམས་དང་ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང་དེ་བཞིན་གཤེགས་པའི་སྟོབས་རྣམས་དང་མི་འཇིགས་པ་རྣམས་དང་སོ་སོ་ཡང་དག་པར་རིག་པ་རྣམས་དང་སངས་རྒྱས་ཀྱི་ཆོས་མ་


DKG027_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་བཅྭོ་བརྒྱད་ལ་ཡང་སློབ་པས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་དམྱལ་བ་རྣམས་རྒྱུན་ཆད་པར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་རྒྱུན་ཆད་པར་འགྱུར་རོ། །ལྷ་མ་ཡིན་གྱི་རིས་ཀྱང་ཡོངས་སུ་འགྲིབ་པར་འགྱུར་རོ། །ལྷའི་རིས་ཀྱང་མངོན་པར་འཕེལ་བར་འགྱུར་རོ། །རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་རིས་དང་ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་ཚངས་ཆེན་དང་སྣང་བ་དང་ཆུང་སྣང་དང་ཚད་མེད་སྣང་བ་དང་ཀུན་སྣང་དང་བ་དང་དགེ་བ་དང་ཆུང་དགེ་དང་ཚད་མེད་དགེ་བ་དང་དགེ་རྒྱས་དང་ཆེ་བ་དང་ཆུང་ཆེ་དང་ཚད་མེད་ཆེ་བ་དང་འབྲས་བུ་ཆེ་བ་དང་མི་ཆེ་བ་དང་མི་གདུང་བ་དང་ཤིན་དུ་མཐོང་བ་དང་གྱ་ནོམ་སྣང་བ་དང་འོག་མིན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ཅུང་ཟད་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་


DKG027_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐེག་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། བརྒྱ་བྱིན་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།


previousལེའུ་ཉི་ཤུ་གསུམ་པ། next