ལེའུ་ལྔ་བཅུ་དགུ་པ།


DKG028_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དངོས་པོའི་འདུ་ཤེས་ཅན་ལ། འཐུན་པའི་བཟོད་པ་ཡང་མ་མཆིས་པས། ཐོབ་པ་ལྟ་ག་ལ་མཆིས་ཏེ་མ་མཆིས། མངོན་པར་རྟོགས་པ་ལྟ་ཡང་ག་ལ་མཆིས་ཏེ་མ་མཆིས་ན་ཅི་ལགས། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་འདུ་ཤེས་ཅན་ལ། འཐུན་པའི་བཟོད་པའམ། དཀར་པོ་རྣམ་པར་མཐོང་བའི་སའམ། རིགས་ཀྱི་སའམ། བརྒྱད་པའི་སའམ། མཐོང་བའི་སའམ། བསྲབས་པའི་སའམ། འདོད་ཆགས་དང་བྲལ་བའི་སའམ། བྱས་པ་རྟོགས་པའི་སའམ། རང་སངས་རྒྱས་ཀྱི་སའམ། བྱང་ཆུབ་སེམས་དཔའི་སའམ། སངས་རྒྱས་ཀྱི་སའམ། ལམ་བསྒོམ་པ་གང་ལ་བརྟེན་ཅིང་། ཉོན་མོངས་པ་གང་གིས་བསྒྲིབས་པས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་ཆུད་པར་མི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་མི་སྤོངས་པའི་སྒྲིབ་པ། ཉན་ཐོས་དང་ལྡན་པའམ། རང་སངས་རྒྱས་དང་ལྡན་པའི་ཉོན་མོངས་པ་དེ་དག་སྤོང་བར་འགྱུར་བའི་ལམ་མཆིས་སམ། བཅོམ་ལྡན་འདས་གལ་ཏེ་ཆོས་སྐྱེ་བར་འགྱུར་བ་གང་ཡང་སྐྱེ་བ་མ་མཆིས་ན། ཇི་ལྟར་ཆོས་དེ་དག་མ་བསྐྱེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དངོས་པོ་མེད་པའི་འདུ་ཤེས་ཅན་ལ་འཐུན་པའི་བཟོད་པ་མེད་དོ། །མངོན་པར་རྟོགས་པའི་ས་མེད་དོ། །དཀར་པོ་རྣམ་པར་མཐོང་བའི་ས་མེད་དོ། །རིགས་ཀྱི་ས་མེད་དོ། །བརྒྱད་པའི་ས་མེད་དོ། །མཐོང་བའི་ས་མེད་དོ། །བསྲབས་པའི་ས་མེད་དོ། །འདོད་ཆགས་དང་བྲལ་བའི་ས་མེད་དོ། །བྱས་པ་རྟོགས་པའི་ས་མེད་དོ། །རང་སངས་རྒྱས་ཀྱི་ས་མེད་དོ། །བྱང་ཆུབ་སེམས་དཔའི་ས་མེད་དོ། །སངས་རྒྱས་ཀྱི་ས་མེད་དོ། །ལམ་བསྒོམ་པ་གང་ལ་བརྟེན་ཅིང་ཉོན་མོངས་པ་གང་གིས་བསྒྲིབས་པས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་པར་


DKG028_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཆུད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་མི་སྤོངས་པའི་སྒྲིབ་པ། ཉན་ཐོས་དང་ལྡན་པའམ། རང་སངས་རྒྱས་དང་ལྡན་པའི་ཉོན་མོངས་པ་དེ་དག་སྤོང་བར་འགྱུར་བའི་ལམ་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་མཆིས་པར་འདུ་ཤེས་པ་དང་དངོས་པོ་མ་མཆིས་པར་འདུ་ཤེས་པ་མཆིས་སམ། གཟུགས་སུ་འདུ་ཤེས་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པར་འདུ་ཤེས་པ་དང་། སྐྱེ་མཆེད་དང་ཁམས་སུ་འདུ་ཤེས་པ་དང་། འདོད་ཆགས་སུ་འདུ་ཤེས་པ་དང་། འདོད་ཆགས་སྤང་བར་འདུ་ཤེས་པ་དང་། ཞེ་སྡང་དུ་འདུ་ཤེས་པ་དང་། ཞེ་སྡང་སྤང་བར་འདུ་ཤེས་པ་དང་། གཏི་མུག་ཏུ་འདུ་ཤེས་པ་དང་། གཏི་མུག་སྤང་བར་འདུ་ཤེས་པ་དང་། མ་རིག་པར་འདུ་ཤེས་པ་དང་། མ་རིག་པ་སྤང་བར་འདུ་ཤེས་པ་དང་། འདུ་བྱེད་དུ་འདུ་ཤེས་པ་དང་། འདུ་བྱེད་སྤང་བར་འདུ་ཤེས་པ་དང་། རྣམ་པར་ཤེས་པར་འདུ་ཤེས་པ་དང་། རྣམ་པར་ཤེས་པ་སྤང་བར་འདུ་ཤེས་པ་དང་། མིང་དང་གཟུགས་སུ་འདུ་ཤེས་པ་དང་། མིང་དང་གཟུགས་སྤང་བར་འདུ་ཤེས་པ་དང་། སྐྱེ་མཆེད་དྲུག་དུ་འདུ་ཤེས་པ་དང་། སྐྱེ་མཆེད་དྲུག་སྤང་བར་འདུ་ཤེས་པ་དང་། རེག་པར་འདུ་ཤེས་པ་དང་། རེག་པ་སྤང་བར་འདུ་ཤེས་པ་དང་། ཚོར་བར་འདུ་ཤེས་པ་དང་། ཚོར་བ་སྤང་བར་འདུ་ཤེས་པ་དང་། སྲེད་པར་འདུ་ཤེས་པ་དང་། སྲེད་པ་སྤང་བར་འདུ་ཤེས་པ་དང་། ལེན་པར་འདུ་ཤེས་པ་དང་། ལེན་པ་སྤང་བར་འདུ་ཤེས་པ་དང་། སྲིད་པར་འདུ་ཤེས་པ་དང་། སྲིད་པ་སྤང་བར་འདུ་ཤེས་པ་དང་། སྐྱེ་བར་འདུ་ཤེས་པ་དང་། སྐྱེ་བ་སྤང་བར་འདུ་ཤེས་པ་དང་། རྒ་ཤིར་འདུ་ཤེས་པ་དང་། རྒ་ཤི་སྤང་བར་འདུ་ཤེས་པ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པར་འདུ་ཤེས་པ་དང་། མྱ་ངན་དང་སྨྲེ་སྔགས་འདོན་


DKG028_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤང་བར་འདུ་ཤེས་པ་དང་། སྡུག་བསྔལ་དུ་འདུ་ཤེས་པ་དང་། སྡུག་བསྔལ་ཀུན་ཤེས་པར་བྱ་བར་འདུ་ཤེས་པ་དང་། ཀུན་འབྱུང་བར་འདུ་ཤེས་པ་དང་། ཀུན་འབྱུང་བ་སྤང་བར་འདུ་ཤེས་པ་དང་། འགོག་པར་འདུ་ཤེས་པ་དང་། འགོག་པ་མངོན་དུ་བྱ་བར་འདུ་ཤེས་པ་དང་། ལམ་དུ་འདུ་ཤེས་པ་དང་། ལམ་བསྒོམ་པར་འདུ་ཤེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འདུ་ཤེས་པའམ། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་འདུ་ཤེས་པའི་བར་དུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ལ་ཡང་དངོས་པོ་ཡོད་པར་འདུ་ཤེས་པའམ། དངོས་པོ་མེད་པར་འདུ་ཤེས་པ་མེད་དོ། །གང་ལ་དངོས་པོ་ཡོད་པར་འདུ་ཤེས་པ་དང་། དངོས་པོ་མེད་པར་འདུ་ཤེས་པ་མེད་པ་དེ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཐུན་པའི་བཟོད་པའོ། །གང་ལ་དངོས་པོ་ཡོད་པར་འདུ་ཤེས་པ་དང་། དངོས་པོ་མེད་པར་འདུ་ཤེས་པ་མེད་པ་དེ་ཉིད་ནི་ལམ་བསྒོམ་པའོ། །གང་ལ་དངོས་པོ་ཡོད་པར་འདུ་ཤེས་པ་དང་། དངོས་པོ་མེད་པར་འདུ་ཤེས་མེད་པ་དེ་ཉིད་ནི་འབྲས་བུའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ནི་དངོས་པོ་མེད་པ་སྟེ། མངོན་པར་རྟོགས་པ་ཡང་དངོས་པོ་མེད་པའོ། །རབ་འབྱོར་དེ་ལྟར་རྣམ་གྲངས་དེས་ཀྱང་། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏེ། དེ་དག་མངོན་པར་རྫོགས་པར་སངས་རྒྱས་པས་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཡུལ་ལ་མངའ་བརྙེས་པར་གྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་


DKG028_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པའི་བར་ལ་ཉེ་བར་བསྒྲུབས་ཤིང་གནས་པར་གྱུར་ཏེ། འོན་ཀྱང་ངས་བསམ་གཏན་དེ་དག་དང་། བསམ་གཏན་གྱི་ཡན་ལག་དེ་དག་གི་མཚན་མ་བཟུང་སྟེ། བསམ་གཏན་དེ་དག་གིས་བསྙེམས་པར་མ་གྱུར། བསམ་གཏན་གྱི་རོ་མྱོང་བར་མ་གྱུར། བསམ་གཏན་དུ་དམིགས་པར་མ་གྱུར་ཏེ། དེ་ལྟར་ན་ངས་བསམ་གཏན་དེ་དག་རྣམ་པ་ཡོངས་སུ་དག་པ་ལ་མཉམ་པར་གཞག་གོ །དེ་ལྟར་ངས་བསམ་གཏན་དེ་དག་རྣམ་པར་སྨིན་པར་བྱས་ནས། ལྷའི་མིག་ཤེས་པ་རྣམ་པ་ཐ་དད་པ་མངོན་དུ་བྱ་བའི་ཕྱིར། སེམས་གཞོལ་བར་བྱ། ལྷའི་རྣ་བ་ཤེས་པ་མངོན་དུ་བྱ་བའི་ཕྱིར། སེམས་གཞོལ་བར་བྱ། ཕ་རོལ་གྱི་སེམས་ཤེས་པ་མངོན་དུ་བྱ་བའི་ཕྱིར། སེམས་གཞོལ་བར་བྱ། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་དུ་བྱ་བའི་ཕྱིར། སེམས་གཞོལ་བར་བྱ། ལྷའི་མིག་གི་ཤེས་པ་མངོན་དུ་བྱ་བའི་ཕྱིར། སེམས་གཞོལ་བར་བྱ། འོན་ཀྱང་ངས་མངོན་པར་ཤེས་པ་མངོན་དུ་བྱ་བ་དེ་དག་ལ་མཚན་མར་བཟུང་སྟེ། མངོན་པར་ཤེས་པ་དེ་དག་གིས་ཤེས་པར་མ་གྱུར། རོ་མྱོང་བར་མ་གྱུར། དམིགས་པར་མ་གྱུར་ཏེ། མངོན་པར་ཤེས་པ་ལྔ་པོ་དེ་དག་ནམ་མཁའ་ལྟ་བུར་ཡང་དག་པར་རྗེས་སུ་དྲན་པས་མཉམ་པར་གཞག་སྟེ། དེ་ལྟར་ངས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་


DKG028_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པར་འགྱུར་བའི་ལམ་མོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་གྱུར་ཏེ། དེ་ལྟར་ང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་གྱུར། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པར་གྱུར་ནས། སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་བསམ་གཏན་བཞི་བསྐྱེད་པར་གྱུར། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསྐྱེད་པར་གྱུར། སེམས་ཅན་རྣམས་ཀྱང་སེམས་ཅན་མ་མཆིས་པར་ཇི་ལྟར་ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འདོད་པ་རྣམས་དང་། སྡིག་ཏོ་མི་དགེ་བའི་ཆོས་རྣམས་ལ་དངོས་པོ་ཞིག་ཡོད་དེ། ངོ་བོ་ཉིད་ཡོད་པའམ། གཞན་གྱི་དངོས་པོ་ཞིག་ཡོད་ན་ནི། རབ་འབྱོར་ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདོད་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྡིག་ཏོ་མི་དགེ་བའི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་ནས། བསམ་གཏན་བཞི་ཉེ་བར་བསྒྲུབས་ཏེ་གནས་པར་ཡང་མི་འགྱུར་ཏེ། རབ་འབྱོར་འདི་ལྟར་འདོད་པ་རྣམས་དང་། སྡིག་ཏོ་མི་དགེ་བའི་ཆོས་རྣམས་ལ་དངོས་པོ་མེད་པ་ངོ་བོ་ཉིད་མེད་པ། གཞན་གྱིས་དངོས་པོ་མེད་པ་སྟེ། གཞན་དུ་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས། རབ་འབྱོར་དེའི་ཕྱིར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་


DKG028_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་པར་གྱུར་ཏོ། །བསམ་གཏན་བཞི་པའི་བར་ལ་ཉེ་བར་བསྒྲུབས་ཏེ་གནས་པར་གྱུར་ཏོ། །རབ་འབྱོར་གལ་ཏེ་མངོན་པར་ཤེས་པ་རྣམས་ལ་དངོས་པོ་ཞིག་ཡོད་དེ་ངོ་བོ་ཉིད་ཡོད་པའམ། གཞན་གྱི་དངོས་པོ་ཞིག་ཡོད་ན་ནི། རབ་འབྱོར་ངས་ཀྱང་མངོན་པར་ཤེས་པ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་ཏེ། རབ་འབྱོར་འདི་ལྟར་མངོན་པར་ཤེས་པ་རྣམས་ལ་དངོས་པོ་མེད་དེ། ངོ་བོ་ཉིད་མེད་པ། གཞན་གྱི་དངོས་པོ་མེད་པ་སྟེ། གཞན་དུ་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་པར་ཤེས་པ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཐུགས་སུ་ཆུད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན། བཅོམ་ལྡན་འདས་དེའི་སླད་དུ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་བ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་བ་མཆིས་པར་གྱུར།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དྲུག་ཅུ་བཞི་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་


DKG028_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོས་ཐོག་མར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བའི་དགྲ་བཅོམ་པ་དག་དང་། ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པ་དག་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་སངས་རྒྱས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། དགྲ་བཅོམ་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཕྱིར་མི་འོང་བ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། ལན་ཅིག་ཕྱིར་འོང་བ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། རྒྱུན་དུ་ཞུགས་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། འཕགས་པ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དང་། འདུ་བྱེད་རྣམས་ཀྱི་ངོ་བོ་ཉིད་ཆུང་ངུ་ན། སྐྲའི་རྩེ་མོའི་ཆ་ཤས་ཀྱི་གནས་ཙམ་ཡང་མེད་དོ་ཞེས་བྱ་བར་ཐོས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཇི་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་རུང་། གལ་ཏེ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་རུང་སྟེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཉིད་ཡིན་གྱིས། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ། སེམས་ཅན་དངོས་པོའི་འདུ་ཤེས་ཅན་ལ་སྤྱོད་པ་ཐམས་ཅད་དངོས་པོ་མེད་པ་ལ་རབ་ཏུ་དགོད་པར་བྱའོ་སྙམ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་


DKG028_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་སྟེ། མཐར་གྱིས་སྤྱོད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་ནན་ཏན་དུ་བྱ་བ་གང་ལ་བསླབས་ཤིང་། སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་ལྟ་བུའི་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་ནན་ཏན་དུ་བྱ་བ་རྩོམ་མོ། །དེ་ཐོག་མར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་དོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཕ་རོལ་ཀྱང་སྦྱིན་པ་ལ་རབ་ཏུ་འཇོག་གོ །སྦྱིན་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་། སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་སྦྱིན་པ་དེས་སྐྱིད་པ་ཆེན་པོའི་ཚོགས་ཐོབ་པར་གྱུར་ཏེ། སྐྱོན་དང་སེར་སྣ་མེད་པའི་སེམས་ཀྱིས་སྦྱིན་པ་བྱིན་པར་བྱ་བ་དང་། སྦྱིན་པ་ཡོངས་སུ་གཏོང་བར་བྱེད་དེ། ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ། བཞོན་པ་འདོད་པ་ལ་ནི་བཞོན་པ། གོས་འདོད་པ་ལ་ནི་གོས། སྤོས་འདོད་པ་ལ་ནི་སྤོས། ཕྲེང་བ་འདོད་པ་ལ་ནི་ཕྲེང་བ། བྱུག་པ་འདོད་པ་ལ་ནི་བྱུག་པ། མལ་ཆ་འདོད་པ་ལ་ནི་མལ་ཆ། གནས་འདོད་པ་ལ་ནི་གནས། མར་མེ་འདོད་པ་ལ་ནི་མར་མེ་གཏོང་བ་ནས། མིའི་ཡོ་བྱད་གང་ཅི་ཡང་རུང་བ་དག་ཀྱང་དེ་དག་ལ་གཏོང་བའི་བར་དུ་སྟེ། སྦྱིན་པ་དེ་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་དོ། །ལྷའི་ཆེ་བ་ཉིད་དང་། མིའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་ཚུལ་ཁྲིམས་དེ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དེ་ཉིད་ཀྱིས་


DKG028_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དེ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དེ་ཉིད་ཀྱིས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དེ་ཉིད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་ཚུལ་ཁྲིམས་དེས་ལྷའི་ཆེ་བ་ཉིད་དང་། མིའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །དེ་ནོར་མེད་པའི་སེམས་ཅན་རྣམས་ལ་ནོར་བྱིན་ཞིང་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །


DKG028_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱིས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ལོ། །བཟོད་པའི་ཕ་རོལ་དུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་


DKG028_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་བསྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །གཞན་བརྩོན་འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལས་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་།


DKG028_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱིས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་གཞོག་གོ །གཞན་ཡང་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་རབ་ཏུ་འགོད་དོ། །ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་རྗོད་དོ། །གཞན་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞག་པ་དེ་དག་གི་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་གནས་ཤིང་། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་


DKG028_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་དོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱིས་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒྲུབ་བོ། །བརྩོན་འགྲུས་རྩོམ་མོ། །བསམ་གཏན་ལ་མཉམ་པར་གཞོག་གོ། །ཤེས་རབ་


DKG028_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་མོ། །གཞན་ཡང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་རབ་ཏུ་གཞོག་གོ །སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ལེགས་པ་རྗོད་དོ། །གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་བརྩོམ་པ་དང་། བསམ་གཏན་ལ་མཉམ་པར་གཞོག་པ་དང་། ཤེས་རབ་བསྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་འཐུན་པས་དགའ་བར་སྤྱོད་དོ། །དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་དང་། ཐབས་མཁས་པས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱིས་མཐར་གྱིས་སྤྱོད་པ་རྩོམ་སྟེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་གྱིས་སྤྱད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་འཇུག་པ་ལ་སློབ་སྟེ། དེ་སེམས་དང་པོ་བསྐྱེད་པ་ཉིད་ཀྱི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་


DKG028_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་པར་བྱེད་དེ། དེ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་མོ། །ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་བསྒོམ་མོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་སུ་ཡིད་ལ་མི་བྱེད། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པར་ཡིད་ལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ལ་ངོ་བོ་ཉིད་མེད་དོ། །གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡིད་ལ་མི་བྱེད། སྐུ་གསེར་གྱི་ཁ་དོག་གིས་ཡིད་ལ་མི་བྱེད། འོད་འདོམ་གང་བས་ཡིད་ལ་མི་བྱེད། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡིད་ལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚུལ་ཁྲིམས་ཀྱི་ཕུང་པོར་ཡིད་ལ་མི་བྱེད། ཏིང་ངེ་འཛིན་གྱི་


DKG028_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོར་ཡིད་ལ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པའི་སྟོབས་བཅུས་ཡིད་ལ་མི་བྱེད། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡིད་ལ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟེན་ཅིང་འབྲེལ་པར་འབྱུང་བར་ཡིད་ལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དེ་ལྟར་ན་མཐར་གྱིས་སྤྱད་པ་དང་། མཐར་


DKG028_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསླབ་པ་དང་། མཐར་གྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། དེ་མཐར་གྱིས་སྤྱད་པ་ལ་སློབ་ཅིང་། མཐར་གྱིས་སློབ་པ་དང་། མཐར་གྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དེ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པའམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པའམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ཆོས་རྗེས་སུ་དྲན་པ་སྒོམ་ན། དགེ་བའི་


DKG028_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཡིད་ལ་མི་བྱེད། མི་དགེ་བའི་ཆོས་ཡིད་ལ་མི་བྱེད། འཇིག་རྟེན་པའི་ཆོས་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། ཟང་ཟིང་དང་བཅས་པའི་ཆོས་དང་། ཟང་ཟིང་མེད་པའི་ཆོས་དང་། འཕགས་པའི་ཆོས་དང་། འཕགས་པ་མ་ཡིན་པའི་ཆོས་དང་། ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་དང་། འདོད་པའི་ཁམས་སུ་གཏོགས་པའི་ཆོས་དང་། གཟུགས་ཀྱི་ཁམས་སུ་གཏོགས་པའི་ཆོས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པའི་ཆོས་དང་། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་ཡིད་ལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་ཆོས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྗེས་སུ་དྲན་པ་དེ་ལ་བསླབས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པའམ། དངོས་པོ་མེད་པའི་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པའམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་འདུན་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དགེ་འདུན་རྗེས་སུ་དྲན་པ་སྒོམ་སྟེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའི་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་དངོས་པོ་མེད་པའི་


DKG028_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མེད་དོ། །གང་ལ་ངོ་བོ་ཉིད་མེད་པ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི། དགེ་འདུན་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་འདུན་རྗེས་སུ་དྲན་པ་དེ་ལ་བསླབས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པའམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པའམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་ཞིང་། མ་རལ་བ་མ་ཞིག་པ་མ་འདྲེས་པ། སྐྱོན་མེད་པ། མ་ཉམས་པ། མཐུ་དང་ལྡན་པ། མཁས་པས་བསྔགས་པ། ཤིན་དུ་རྫོགས་པའི་ཏིང་ངེ་འཛིན་ཡོངས་སུ་གྲུབ་པའི་ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ། དེ་ཚུལ་ཁྲིམས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི། ཚུལ་ཁྲིམས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་རྗེས་སུ་དྲན་པ་དེ་ལ་བསླབས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་


DKG028_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པའམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པའམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཏོང་བ་རྗེས་སུ་དྲན་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཏོང་བ་རྗེས་སུ་དྲན་པ་སྒོམ་ཞིང་། གང་ཟང་ཟིང་གཏོང་བ་དང་། ཆོས་གཏོང་བ་ཡིད་ལ་མི་བྱེད་དེ། དེ་ཡན་ལག་དང་། ཉིང་ལག་ཀྱང་ཡོངས་སུ་གཏོང་ན། དངོས་པོ་གཞན་ལྟ་ཅི་ཞིག་སྨོས། དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་ཡང་། འདི་ལྟར་བདག་ནི་སྦྱིན་པ་ཡོངས་སུ་གཏོང་བའོ། །དངོས་པོ་འདི་གཏོང་བའོ། །འདི་ལ་གཏོང་བར་བྱའོ། །སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དངོས་པོ་མེད་པ་དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་གཏོང་བ་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་བ་རྗེས་སུ་དྲན་པ་ལ་བསླབས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པའམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དེ་ལ་དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པའམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་


DKG028_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷ་རྗེས་སུ་དྲན་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་རྗེས་སུ་དྲན་པ་སྒོམ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེས་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་པའི་ལྷ་དག་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའི་ཕྱིར་མི་འོང་བ་དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་དག་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མེད་པ་དྲན་པར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་ལྷ་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་རྗེས་སུ་དྲན་པ་དེ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པའམ། དངོས་པོ་མེད་པར་འདུ་ཤེས་པ་ཡང་མེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པའམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་གྱིས་སྤྱད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་འཇུག་པའི་ལམ་ཡོངས་སུ་རྫོགས་པར་བྱ་བར་འདོད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་


DKG028_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པར་བྱའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ལ་བསླབ་པར་བྱའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བསླབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་ པར་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་སློབ་པའི་མཐར་གྱིས་སྤྱོད་པ་ཡོད་པ་ཡིན། མཐར་གྱིས་བསླབ་པ་ཡོད་པ་ཡིན། མཐར་གྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་འཇུག་པའི་ལམ་ལ་སློབ་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་


DKG028_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡང་མེད་ན། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། སྐྱེ་མཆེད་རྣམས་སམ། ཁམས་རྣམས་སམ། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སམ། ཕ་རོལ་དུ་ཕྱིན་པ་རྣམས་སམ། སྟོང་པ་ཉིད་ཐམས་ཅད་དམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་པར་འགྱུར་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོད་པར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། འོ་ན་ནི་གཟུགས་ཀྱང་མ་མཆིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མ་མཆིས། སྐྱེ་མཆེད་རྣམས་དང་། ཁམས་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མ་མཆིས། རྟེན་ཅིང་འབྲེལ་པར་འབྱུང་བའི་


DKG028_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་རྣམས་ཀྱང་མ་མཆིས། ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་མ་མཆིས། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མ་མཆིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཡང་མ་མཆིས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་མ་མཆིས། ལམ་ཡང་མ་མཆིས། འབྲས་བུ་ཡང་མ་མཆིས། ཉོན་མོངས་པ་ཡང་མ་མཆིས། རྣམ་པར་བྱང་བ་ཡང་མ་མཆིས། འཐོབ་པ་ཡང་མ་མཆིས། མངོན་པར་རྟོགས་པ་ཡང་མ་མཆིས། ཆོས་ཐམས་ཅད་ཀྱང་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་ཡོད་པའམ་མེད་པ་ཞིག་དམིགས་སུ་ཡོད་སྙམའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་མཆིས་པའམ་མ་མཆིས་པ་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཅིའི་ཕྱིར་ཁྱོད་དེ་ལྟར་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། གཟུགས་ཀྱང་མེད། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མེད། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་མེད། ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་མེད། འཕགས་པའི་བདེན་པ་དང་། བསམ་གཏན་


DKG028_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཡང་མེད། སངས་རྒྱས་དང་ཆོས་དང་། དགེ་འདུན་ཡང་མེད། ལམ་ཡང་མེད། འབྲས་བུ་ཡང་མེད་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད། འཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད། ཆོས་ཐམས་ཅད་ཀྱང་མེད་དོ། ། ཞེས་བྱ་བར་སེམས་པར་གྱུར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་ཆོས་འདི་དག་ལ་ནེམ་ནུར་ཡང་མ་མཆིས། ཐེ་ཚོམ་ཡང་མ་མཆིས་ཏེ། འོན་ཀྱང་བཅོམ་ལྡན་འདས་མ་བྱུང་བའི་དུས་ན། དགེ་སློང་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་འདི་སྐད་དུ་གལ་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་སུ་ཞིག །ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་ཞེས་མཆི་ཞིང་། དེ་དག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མ་འཚལ་བས། ཚུལ་ཁྲིམས་ལོག་པར་འགྱུར། ལྟ་བ་ལོག་པར་འགྱུར། སྤྱོད་པ་ལོག་པར་འགྱུར། འཚོ་བ་ལོག་པར་འགྱུར་ཏེ། ཚུལ་ཁྲིམས་ལོག་པར་གྱུར་པ་དང་། ལྟ་བ་ལོག་པར་གྱུར་པ་དང་། སྤྱོད་པ་ལོག་པར་གྱུར་པ་དང་། འཚོ་བ་ལོག་པར་གྱུར་པ་དེ་དག་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་གསུམ་ལས་གཅིག་ཏུ་མཆི་བར་འགྱུར་ཏེ། བཅོམ་ལྡན་འདས་བདག་གིས་མ་བྱུང་བའི་འཇིགས་


DKG028_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་མཐོང་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་དེ་ཞུས་པ་ལགས་ཀྱི། བཅོམ་ལྡན་འདས་བདག་ནི་ཆོས་འདི་དག་ལ་ནེམ་ནུར་རམ། ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ལྔ་བཅུ་དགུ་པའོ།། །།