Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་དྲུག་ཅུ་གཉིས་པ།
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་དྲུག་ཅུ་གཉིས་པ། next

ལེའུ་དྲུག་ཅུ་གཉིས་པ།


DKG028_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དངོས་པོ་མ་མཆིས་པ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པ་རྣམས་ལ། འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བགྱི་བར་ཇི་ལྟར་རྣམ་པར་དགོད་པར་འགྱུར། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུ། མིག་ཡོར་ལྟ་བུ། སྒྱུ་མ་ལྟ་བུ། སྨིག་རྒྱུ་ལྟ་བུ། སྤྲུལ་པ་ལྟ་བུ། དངོས་པོ་མ་མཆིས་པ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པ་རྣམས་ལ། འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་


DKG028_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བགྱི་བར་ཇི་ལྟར་རྣམ་པར་དགོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་ནི་རྨི་ལམ་ཡང་དམིགས་ལ། རྨི་ལམ་མཐོང་བ་ཡང་དམིགས་སོ། །སྒྲ་བརྙན་ཡང་དམིགས་ལ། སྒྲ་བརྙན་ཉན་པ་ཡང་དམིགས་སོ། །མིག་ཡོར་ཡང་དམིགས་ལ། མིག་ཡོར་མཐོང་བ་ཡང་དམིགས་སོ། །སྒྱུ་མ་ཡང་དམིགས་ལ། སྒྱུ་མ་མཐོང་བ་ཡང་དམིགས་སོ། །སྨིག་རྒྱུ་ཡང་དམིགས་ལ། སྨིག་རྒྱུ་མཐོང་བ་ཡང་དམིགས་སོ། །སྤྲུལ་པ་ཡང་དམིགས་ལ། སྤྲུལ་པ་མཐོང་བ་ཡང་དམིགས་སོ། །དེས་རྨི་ལམ་ཡང་དམིགས། རྨི་ལམ་མཐོང་བ་ཡང་དམིགས། སྤྲུལ་པའི་བར་ཡང་དམིགས། སྤྲུལ་པ་མཐོང་བ་ཡང་དམིགས་ནས། ལུས་དང་ངག་དང་། ཡིད་ཀྱིས་དགེ་བའི་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ལུས་དང་ངག་དང་། ཡིད་ཀྱིས་མི་དགེ་བའི་འདུས་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ལུས་དང་ངག་དང་ཡིད་ཀྱིས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་།


DKG028_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། སྟོང་པ་ཉིད་གཉིས་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཁམས་གསུམ་འདི་ནི་སྟོང་པ་སྟེ། འདི་ལ་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། སྐྱེ་མཆེད་རྣམས་སམ། ཁམས་རྣམས་མེད་དོ། །འདི་ནི་རྨི་ལམ། འདི་ནི་སྒྲ་བརྙན། འདི་ནི་མིག་ཡོར། འདི་ནི་སྒྱུ་མ། འདི་ནི་སྨིག་རྒྱུ། འདི་ནི་སྤྲུལ་པ་སྟེ། འདི་ལ་ཕུང་པོ་རྣམས་སམ། སྐྱེ་མཆེད་རྣམས་སམ། ཁམས་རྣམས་མེད་དོ། །འདི་ལ་རྨི་ལམ་མེད་དོ། །རྨི་ལམ་མཐོང་བ་མེད་དོ། །སྒྲ་བརྙན་མེད་དོ། །སྒྲ་བརྙན་ཉན་པ་མེད་དོ། །མིག་ཡོར་མེད་དོ། །མིག་ཡོར་མཐོང་བ་མེད་དོ། །སྒྱུ་མ་མེད་དོ། །སྒྱུ་མ་བྱེད་པ་མེད་དོ། །སྨིག་རྒྱུ་མེད་དོ། །སྨིག་རྒྱུ་མཐོང་བ་མེད་དོ། །སྤྲུལ་པ་མེད་དོ། །སྤྲུལ་པ་བྱེད་པ་མེད་དོ། །ཆོས་འདི་དག་ཐམས་ཅད་ནི་དངོས་པོ་མེད་པ། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། འོན་ཀྱང་ཁྱེད་ནི་ཕུང་པོ་མེད་པ་ལ་ཕུང་པོར་འདུ་ཤེས་པ། སྐྱེ་མཆེད་མེད་པ་ལ་སྐྱེ་མཆེད་དུ་འདུ་ཤེས་པ། ཁམས་མེད་པ་ལ་ཁམས་སུ་འདུ་ཤེས་པ་དག་སྟེ། ཆོས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་ལོག་ལས་སྐྱེས་པ། ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་བཟུང་བ་ཡིན་ན། ཁྱེད་རྣམས་ཅིའི་ཕྱིར་ཆོས་ཐམས་ཅད་དངོས་པོ་མེད་པ་ལ། དངོས་པོའི་འདུ་ཤེས་སུ་བྱེད་ཅེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་སེར་སྣ་ཅན་དག་སེར་སྣ་ལས་རྣམ་པར་བཟློག་ནས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྦྱོར་ཏེ། སྦྱིན་པ་ཡོངས་སུ་བཏང་བ་དེ་ཡང་དེ་དག་ལ་ལོངས་སྤྱོད་ཆེན་པོའི་རྒྱུར་འགྱུར་རོ། །དེས་དེ་དག་དེ་ལས་བསྐྱོད་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྦྱོར་ཏེ། ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་ཡང་དེ་དག་ལ་མཐོ་རིས་སུ་སྐྱེ་བའི་རྒྱུར་འགྱུར་རོ། །དེས་དེ་དག་དེ་ལས་བསྐྱོད་ནས། ཏིང་ངེ་འཛིན་ལ་སྦྱོར་ཏེ། ཏིང་ངེ་འཛིན་དེ་ཡང་དེ་དག་ལ་ཚངས་པའི་འཇིག་རྟེན་དུ་སྐྱེ་བའི་རྒྱུར་འགྱུར་


DKG028_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེས་དེ་དག་དེ་ལས་བསྐྱོད་ནས་བསམ་གཏན་དང་པོ་ལ་སྦྱོར་ཏེ། བསམ་གཏན་དང་པོ་ལས་བསམ་གཏན་གཉིས་པ། བསམ་གཏན་གཉིས་པ་ལས་བསམ་གཏན་གསུམ་པ་བསམ་གཏན་གསུམ་པ་ལས་བསམ་གཏན་བཞི་པ། བསམ་གཏན་བཞི་པ་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྦྱོར་རོ། །དེས་སྦྱིན་པ་དང་། སྦྱིན་པའི་འབྲས་བུ་དམའ་བ་དེ་ལས་རྣམས་གྲངས་དུ་མས་བསྐྱོད་དེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་དབུགས་འབྱིན་ཏོ། །གཞོག་གོ །རབ་ཏུ་འགོད་དོ། །དེས་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་དེ་ལས་རྣམ་གྲངས་དུ་མས་བསྐྱོད་དེ་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་གཞོག་གོ །དེས་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་འབྲས་བུ་དེ་ལས་རྣམ་གྲངས་དུ་མས་བསྐྱོད་དེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་གཞོག་གོ། ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་


DKG028_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་དག་པར་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ །རབ་ཏུ་འགོད་དོ། ། དེ་ཟག་པ་མེད་པའི་ཆོས་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། དེ་དག་གིས་གང་རྒྱུན་དུ་ཞུགས་པའི་འབྲས་བུ་དོན་དུ་གཉེར་བ་དེ་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་དོ། །གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དོན་དུ་གཉེར་བ་དེ་དག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། །གང་ཕྱིར་མི་འོང་བའི་འབྲས་བུ་དོན་དུ་གཉེར་བ་དེ་དག་ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། །གང་དགྲ་བཅོམ་པ་ཉིད་དོན་དུ་གཉེར་བ་དེ་དག་དགྲ་བཅོམ་པ་ཉིད་ལ་རབ་ཏུ་འགོད་དོ། །གང་རང་བྱང་ཆུབ་དོན་དུ་གཉེར་བ་དེ་དག་རང་བྱང་ཆུབ་ལ་རབ་ཏུ་འགོད་དོ། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དེ་དག་ལ་བྱང་ཆུབ་ཀྱི་ལམ་རྗོད་ཅིང་སྟོན་ཏོ། །ཡང་དག་པར་སྐུལ་ལོ། །ཡང་དག་པར་གཟེང་བསྟོད་དོ། །ཡང་དག་པར་དགའ་བར་བྱེད་དོ། །འདུལ་ལོ། །གཞོག་གོ །རབ་ཏུ་འགོད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། དངོས་པོ་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་རྣམ་པར་དགོད་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དང་། ཆོས་ཐམས་ཅད་མཐའ་ལས་འདས་


DKG028_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མ་མཆིས་པ་སྟོང་པ་ཉིད་ལ་འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་མེད་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བགྱི་བར་རྣམ་པར་དགོད་པར་བགྱིད་པ་ནི། ངོ་མཚར་དེ་རྨད་དུ་བྱུང་བའི་ཆོས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཆོས་ཐམས་ཅད་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཁ་ན་མ་ཐོ་བ་མེད་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་


DKG028_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བྱ་བར་རྣམ་པར་དགོད་པར་བྱེད་པ་དེ་ནི་ངོ་མཚར་ཏེ་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ངོ་མཚར་རྨད་ཀྱི་ཆོས་དེ་ཤེས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སླར་ཕན་གདགས་པར་བྱ་བ་སླ་བ་མ་ཡིན་ཏེ། ཁྱེད་ཅག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་ཟིལ་གྱིས་མནོན་པར་མི་ནུས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མ་མཆིས་པའི་ངོ་མཚར་རྨད་ཀྱི་ཆོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་མཆིས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེའི་ཕྱིར་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་གྱིས་ཤིག་དང་བཤད་པར་བྱའོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་སྨིན་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས། རྣམ་པར་སྨིན་པ་ལས་བྱུང་བའི་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་ཤིང་། ཕྱོགས་དང་ཕྱོགས་འཚམས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་ཞིང་། སེམས་ཅན་གང་


DKG028_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱིན་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། སྦྱིན་པས་ཕན་འདོགས་སོ། །སེམས་ཅན་གང་ལ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་ཤེས་རབ་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། བསམ་གཏན་བཞི་པས་ཕན་འདོགས་སོ། །སེམས་ཅན་གང་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པས་ཕན་འདོགས་སོ། །སེམས་ཅན་གང་ལ་བྱམས་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། བྱམས་པས་ཕན་འདོགས་སོ། །སེམས་ཅན་གང་ལ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། བཏང་སྙོམས་ཀྱིས་ཕན་འདོགས་སོ། །སེམས་ཅན་གང་ལ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱིས་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་


DKG028_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། སྙིང་རྗེ་ཆེན་པོས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། སྙིང་རྗེ་ཆེན་པོས་ཕན་འདོགས་སོ། །གང་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཕན་འདོགས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པས་སེམས་ཅན་རྣམས་ལ་ཕན་འདོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཟས་འདོད་པ་རྣམས་ལ་ཟས། སྐོམ་འདོད་པ་རྣམས་ལ་སྐོམ། བཞོན་པ་འདོད་པ་རྣམས་ལ་བཞོན་པ། ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ། སྤོས་འདོད་པ་རྣམས་ལ་སྤོས། བྱུག་པ་འདོད་པ་རྣམས་ལ་བྱུག་པ། གོས་འདོད་པ་རྣམས་ལ་གོས། མལ་ཆ་འདོད་པ་རྣམས་ལ་མལ་ཆ། གནས་འདོད་པ་རྣམས་ལ་གནས་དང་མིའི་ཡོ་བྱད་གང་ཡང་རུང་བའི་བར་དུ་ཡོངས་སུ་གཏོང་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འབུལ་ཞིང་ཡོངས་སུ་གཏོང་བ་དང་། ཇི་ལྟར་རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཡོངས་སུ་གཏོང་བ་དེ་བཞིན་དུ་མིར་གྱུར་པ་རྣམས་དང་། དེ་བཞིན་དུ་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་ཡང་ཐ་དད་དུ་བྱ་བ་མེད་པའི་འདུ་ཤེས་ཉེ་བར་གཞག་ཅིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་


DKG028_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐ་དད་དུ་བྱ་བ་མེད་པ་སྟེ། དེས་ཐ་དད་དུ་བྱ་བ་མེད་པའི་སྦྱིན་པ་བྱིན་པས། ཐ་དད་དུ་བྱ་བ་མེད་པའི་ཆོས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་གལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྦྱིན་པའི་གནས་མ་བྱིན་པ་མཐོང་ནས། འདི་སྙམ་དུ་བདག་གི་སྦྱིན་གནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་མ་ཡིན་ནོ། །སྙམ་ན། བྱང་ཆུབ་སེམས་དཔའི་ཆོས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ནས། འདི་ལྟར་བདག་གིས་སེམས་ཅན་འདི་དག་ལ་ནི། སྦྱིན་པས་ཕན་གདགས་པར་བྱའོ། །འདི་དག་ལ་ནི་སྦྱིན་པས་ཕན་གདགས་པར་མི་བྱའོ། །ཞེས་བྱ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ། ཡང་དག་པར་ཞུགས་པ་མ་ཡིན་ཏེ། དེ་དག་སྦྱིན་པས་ཕན་བཏགས་ནས། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བར་འགྱུར་ཏེ། སྦྱིན་པ་དེ་ཉིད་ཀྱིས་ཕན་བཏགས་པ་དེ་དག །ཐེག་པ་གསུམ་གྱིས་རིམ་གྱིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས། གསད་པར་གསོལ་བ་བཏབ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྦྱིན་ནོ་སྙམ་འམ། མི་སྦྱིན་ནོ་སྙམ་པའི་སེམས་གཞན་བསྐྱེད་པར་མི་བྱའི། འཁྲུག་པ་མེད་པའི་སེམས་ཀྱིས། སྐྱེ་བོའི་ཚོགས་དེ་དག་ལ་སྦྱིན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་


DKG028_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་དོན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ། ཡང་དག་པར་ཞུགས་པའི་ཕྱིར། གལ་ཏེ་རྣམ་པར་རྟོག་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། སློབ་པ་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི། འཇིག་རྟེན་གྱིས་སྨད་པར་འགྱུར་ཏེ། དེ་ལ་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་མགོན་གྱིས་ཤིག །ཅེའམ། གནས་དང་། སྐྱབས་དང་། དཔུང་གཉེན་གྱིས་ཤིག །ཅེས་སུས་གསོལ་བ་གདབ་ཅེས་སྨད་པར་འགྱུར་རོ། །རབ་འབྱོར་གཞན་ཡང་། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དྲུང་དུ་མིར་གྱུར་པའམ། མི་མ་ཡིན་པར་གྱུར་པ་དག་འོངས་ཞེས། བདག་ནི་སློངས་མོ་བའོ། །ཞེས་ཡན་ལག་དང་། ཉིང་ལག་གཅད་པར་གསོལ་བ་བཏབ་ན། དེའི་ཚེ་དེས་སྦྱིན་ནམ། མི་སྦྱིན་སྙམ་པའི་སེམས་གཉིས་སུ་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སེམས་ཅན་རྣམས་ཀྱི་དོན་དུ་ཆེད་དུ་བསམས་ཏེ། ལུས་འདིས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ། །ཞེས་ལུས་ཡོངས་སུ་བཟུང་བས་ན། དེ་འདི་སྙམ་དུ་བདག་གིས་སེམས་ཅན་འདི་དག་གི་དོན་དུ། ལུས་ཡོངས་སུ་བཟུང་བཟུང་བས་དེ་དག་བསླང་མི་དགོས་པར་ཁྱེར་ཞིང་དེང་ཤིག །ཅེས་སེམས་བསྐྱེད་པར་བྱ་སྟེ། རབ་འབྱོར་དེ་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སློངས་མོ་


DKG028_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཐོང་ན། འདི་སྙམ་དུ་ཆོས་འདི་དག་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་ན། འདི་ལ་སུ་ཞིག་ནི་སྦྱིན་པ་ཡོངས་སུ་གཏོང་། སུ་ལ་ནི་སྦྱིན་པར་བྱ། ཅི་ཞིག་སྦྱིན་པར་བྱ། ཞེས་སེམས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་འདི་དག་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ལ་ནི་གང་ལ་ཡང་ཡོངས་སུ་གཏོང་བའམ། གང་ལས་ཀྱང་ཕྲོགས་པ་མེད་དོ། །རབ་འབྱོར་དེ་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འདི་ལྟ་སྟེ། ནང་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ། །དེ་སྟོང་པ་ཉིད་ལ་གནས་ཤིང་སྦྱིན་པ་གཏོང་ན། དེའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྟག་ཏུ་རྒྱུན་མི་འཆད་པར་ཡོངས་སུ་རྫོགས་པར་འགྱུར་ཏེ། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེས། ཕྱི་ནང་གི་ཆོས་ལ་བཅད་ཅིང་གཏུབས་ཀྱང་། བདག་ལ་སུ་ཡང་གཏུབ་པའམ། གཅོད་སྙམ་པའི་སེམས་མི་འབྱུང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་


DKG028_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སེམས་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས། རྣམ་པར་ལངས་ནས་ལྷ་དང་མི་དག་དང་། སྐལ་བ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་དོང་ཞིང་། སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཞི་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཆོ་འཕྲུལ་གསུམ་པོ་དེ་དག་གིས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་ཀྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ཞི་བར་བྱས་ཏེ། ཡོངས་སུ་བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཆོས་སྟོན་ཏེ། དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་མོས་པར་བྱས་ཤིང་། སེམས་ཅན་དམྱལ་བ་


DKG028_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ནས་རྣམ་པར་ལངས་ནས། ལྷ་དང་མི་དག་དང་སྐལ་བ་མཉམ་པར་སྐྱེས་ཤིང་། རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་། །རབ་འབྱོར་ངས་འདི་ཉིད་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མི་འགྱུར་བར་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་མི་བྱོན་པས་མ་ཡིན་གྱི། ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པར་ཤིན་ཏུ་དང་བས་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་དེ་ཡང་འཛིན་ཅིང་། བཟུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མི་གསོན་ཏོ། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་། ལྷོ་ནུབ་དང་ནུབ་བྱང་དང་འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་རྣམས་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགྱེས་པར་མི་འགྱུར་བར་མ་ཡིན་གྱི། དགྱེས་པར་འགྱུར་བ་དང་། ཐུགས་སུ་མི་བྱོན་པས་མ་ཡིན་གྱི་ཐུགས་སུ་བྱོན་པ་དང་། མ་གུས་པས་མ་ཡིན་གྱི། གུས་པས་


DKG028_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དང་བར་བསྙེན་བཀུར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་ཡང་འཛིན་ཅིང་བཟུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་འཆང་ཞིང་ནམ་དུ་ཡང་ཆུད་མི་གཟོན་ཏོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དྲུག་ཅུ་བདུན་པ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས། འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཡན་ལག་དང་། ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་བྱམས་པ་ཐོབ་པ་དེས། བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས་ལྷ་དང་མིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ་ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་


DKG028_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཡོངས་སུ་གཏོང་བ་བྱེད་ཅིང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡན་ལག་དང་། ཉིང་ལག་བཅད་ཅིང་གཏུབས་ཏེ། ཕྱོགས་བཅུར་རྣམ་པར་འཐོར་བ་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཤ་ཟོས་ནས། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པ་འཐོབ་པ་དང་། དེ་དག་བྱམས་པ་ཐོབ་པ་དེས། བྱོལ་སོང་གི་སྐྱེ་གནས་ནས་རྣམ་པར་ལྡང་ཞིང་། རྣམ་པར་ལངས་ནས། ལྷ་དང་མིའི་ནང་དུ་སྐྱེ་བ་དང་། དེ་དག་ཏུ་སྐྱེས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང་། དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་ཏེ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དང་། དེ་དག་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་རིམ་གྱིས་མྱ་ངན་ལས་ཡོངས་སུ་འདའ་བ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་


DKG028_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སེམས་བསྐྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་དེ་ལྟར་ཕན་པ་མང་པོ་བྱེད་པའོ། །རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི། ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་འཇིག་རྟེན་དང་། མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡི་དགས་ཀྱི་ཡུལ་པ་རྣམས་ཀྱི་ཡི་དགས་ཀྱི་ཡུལ་དེ་དག་ན། སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རབ་ཏུ་འཇིལ་ཞིང་སེར་སྣ་སྤང་བའི་ཕྱིར་ཆོས་སྟོན་པ་དང་། དེ་དག་ན་སེམས་ཅན་ཡི་དགས་ཀྱི་ཡུལ་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་སེམས་བསྐྱེད་ཅིང་། ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལྡང་བ་དང་། དེ་དག་ཡི་དགས་ཀྱི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་ལྷའི་


DKG028_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དང་། མིའི་འཇིག་རྟེན་དུ་སྐྱེས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས། ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ། གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་། དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག །འདུ་བྱེད་ཐམས་ཅད་ནི་མི་རྟག་པ། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མེད་པ། འདུ་བྱེད་ཐམས་ཅད་ནི་མི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་མི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་ པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། ལྷོ་དང་ནུབ་དང་བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན།


DKG028_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ལྷའི་བུ་དེ་དག་གིས་ཆོས་དེ་ཐོས་ནས། ཐེག་པ་གསུམ་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་སྟེ། རབ་འབྱོར་དེ་ལ་ལྷའི་བུ་གང་འདོད་པའི་ཡོན་ཏན་ལྔས་ཤས་ཆེར་མྱོས་པ་དེ་དག་ལ། གཞལ་མེད་ཁང་དེ་དག་འབར་བར་སྣང་བར་བྱས་ཤིང་དེ་དག་སྐྱོ་བར་གྱུར་པར་ཤེས་ནས། འདི་སྐད་དུ་གྲོགས་པོ་དག །འདུ་བྱེད་ཐམས་ཅད་ནི་མི་རྟག་པ། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བ། འདུ་བྱེད་ཐམས་ཅད་ནི་བདག་མེད་པ། འདུ་བྱེད་ཐམས་ཅད་ནི་མི་བརྟན་པ། འདུ་བྱེད་ཐམས་ཅད་ནི་ཡིད་བརྟན་དུ་མི་རུང་བ། འདུ་བྱེད་ཐམས་ཅད་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། འདུ་བྱེད་རྣམས་ལ་ལྟ་སུ་ཞིག་ཡིད་ཕེབས་པར་གནས་ཞེས་ཆོས་སྟོན་ཏོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་། ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་སྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་སྐྱེད། ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ།


DKG028_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་དང་ནུབ་དང་བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་ལྷོ་ནུབ་དང་། ནུབ་བྱང་དང་འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། སེམས་ཅན་གང་དག་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་ཅི་ཞིག་ལྟ་བ་སྐྱེད། ཆོས་ཐམས་ཅད་གསོག་དང་། གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་སྐྱེད་ཅེས། ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་ཚིག་སྙན་པ་དང་། དོན་སྤྱད་པ་དང་དོན་འཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་དང་ནུབ་དང་བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན་སྦྱིན་པ་


DKG028_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིག་སྙན་པ་དང་དོན་སྤྱད་པ་དང་དོན་འཐུན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཉིས་ཀྱིས་སེམས་ཅན་རྣམས་སྡུད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ་ཟང་ཟིང་གི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གསེར་རམ་དངུལ་ལམ་ནོར་བུའམ་མུ་ཏིག་གམ་བཻ་ཌཱུརྱ་འམ་དུང་ངམ་མན་ཤེལ་ལམ་བྱི་རུའམ་ས་ལེ་སྦྲམ་འམ་ཟས་སམ་སྐོམ་འམ་གདུགས་སམ་གོས་སམ་སྤོས་སམ་ཕྲེང་བའམ་བྱུག་པའམ་མལ་ཆའམ་སྟན་ནམ་འཚོ་བའམ་བུད་མེད་དམ་སྐྱེས་པའམ་རྟའམ་གླང་པོ་ཆེའམ་བདག་པོ་ཡོངས་སུ་གཏོང་ན་འདི་སྐད་དུ་ཀྱེ་སེམས་ཅན་དག་ཚུར་ཤེག་བདག་ཉིད་ཀྱི་དང་འདྲ་བར་བསླང་མི་དགོས་པར་ཁྱེར་ཅིག །ལོང་ལ་དེང་ཤིག་ཅེས་བརྗོད་དེ། སྦྱིན་པ་དེས་སྦྱིན་པ་བྱིན་ནས། སངས་རྒྱས་ལ་སྐྱབས་སུ་གཏོང་ངོ་། །ཆོས་ལ་སྐྱབས་སུ་གཏོང་ངོ་། །དགེ་འདུན་ལ་སྐྱབས་སུ་གཏོང་ངོ་། །ལ་ལ་ནི་བསླབ་པའི་གནས་ལྔ་འཛིན་དུ་འཛུད་དོ། །ལ་ལ་ནི་ཡན་ལག་བརྒྱད་དང་ལྡན་པའི་ཉེ་བར་གནས་པ་ལ་ཉེ་བར་གནས་པར་བྱེད་དོ། །ལ་ལ་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་འགོད་དོ། །ལ་ལ་ནི་བསམ་གཏན་དང་པོ་ལ། ལ་ལ་ནི་བསམ་གཏན་གཉིས་པ་ལ། ལ་ལ་ནི་བསམ་གཏན་གསུམ་པ་ལ། ལ་ལ་ནི་བསམ་གཏན་བཞི་པ་ལ་འགོད་དོ། །ལ་ལ་ནི་བྱམས་པ་ལ། ལ་ལ་ནི་སྙིང་རྗེ་ལ། ལ་ལ་ནི་དགའ་བ་ལ། ལ་ལ་ནི་བཏང་སྙོམས་ལ་འགོད་དོ། །ལ་ལ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། ལ་ལ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ། ལ་ལ་ནི་ཅུང་


DKG028_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མེད་པའི་སྐྱེ་མཆེད་ལ། ལ་ལ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི་སངས་རྒྱས་རྗེས་སུ་དྲན་པ་ལ། ལ་ལ་ནི་ཆོས་རྗེས་སུ་དྲན་པ་ལ། ལ་ལ་ནི་དགེ་འདུན་རྗེས་སུ་དྲན་པ་ལ། ལ་ལ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པ་ལ། ལ་ལ་ནི་གཏོང་བ་རྗེས་སུ་དྲན་པ་ལ། ལ་ལ་ནི་ལྷ་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ལུས་ལ་མི་གཙང་བ་ལ་སོགས་པའི་འདུ་ཤེས་སུ་སོ་སོར་བརྟག་པ་ལ། ལ་ལ་ནི་རྣམ་པར་དག་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ། ལ་ལ་ནི་ཡང་དག་པར་སྤོང་བ་བཞི་ལ། ལ་ལ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ། ལ་ལ་ནི་དབང་པོ་ལྔ་ལ། ལ་ལ་ནི་སྟོབས་ལྔ་ལ། ལ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ། ལ་ལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ། ལ་ལ་ནི་རྣམ་པར་ཐར་པ་བརྒྱད་ལ། ལ་ལ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ། ལ་ལ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ། ལ་ལ་ནི་མི་འཇིགས་པ་བཞི་ལ། ལ་ལ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་བྱམས་པ་ཆེན་པོ་ལ། ལ་ལ་ནི་སྙིང་རྗེ་ཆེན་པོ་ལ། ལ་ལ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་གྲུབ་པར་བྱ་བ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ། ལ་ལ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ། ལ་ལ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ། ལ་ལ་ནི་དགྲ་བཅོམ་པ་ཉིད་ལ། ལ་ལ་ནི་རང་བྱང་ཆུབ་ལ་ཡང་དག་པར་སྐུལ་ལོ། །ལ་


DKG028_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་བྱང་ཆུབ་ལ། ལ་ལ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ། ལ་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་སྐུལ་ལོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་ཟང་ཟིང་གི་སྦྱིན་པ་ཡོངས་སུ་གཏོང་ཞིང་། ཐབས་མཁས་པས་བླ་ན་མེད་པའི་བདེ་བ་དང་ལྡན་པར་འགོད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་གཉིས་པོ་འདི་དག་ནི་ཆོས་ཀྱི་སྦྱིན་པ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །རབ་འབྱོར་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་གང་ཞེ་ན། འཇིག་རྟེན་པའི་ཆོས་རྣམས་བརྗོད་པ་དང་། བཤད་པ་དང་། མ་ནོར་བར་བསྟན་པ་སྟེ། འདི་ལྟར་མི་གཙང་བའི་རྣམ་པ་དང་། བསམ་གཏན་བཞི་དང་། ཚངས་པའི་རྣམ་པར་སྤྱོད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། གཞན་ཡང་འཇིག་རྟེན་པའི་ཆོས་བྱིས་པ་སོ་སོའི་སྐྱེ་བོ་དག་དང་ཐུན་མོང་དུ་གྱུར་པ་རྣམས་ཏེ། རབ་འབྱོར་དེ་ནི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་འཇིག་རྟེན་གྱི་ཆོས་ཀྱི་སྦྱིན་པ་དེ་བཏང་ནས། རྣམ་གྲངས་དུ་མས་འཇིག་རྟེན་གྱི་ཆོས་མ་ནོར་བར་བླངས་པ་དེ་ལ་སྐྱོད་དོ། །དེ་ལས་བསྐྱོད་ནས་ཐབས་མཁས་པས། འཕགས་པའི་ཆོས་རྣམས་དང་། འཕགས་པའི་ཆོས་ཀྱི་འབྲས་བུ་དག་ལ་རབ་ཏུ་འགོད་དོ། །དེ་ལ་འཕགས་པའི་ཆོས་རྣམས་ནི་གང་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི་གང་ཞེ་ན། འཕགས་པའི་ཆོས་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་


DKG028_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པའི་སྒོ་གསུམ་མོ། །འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པའོ། །ཕྱིར་མི་འོང་བའི་འབྲས་བུ་ཤེས་པའོ། །དགྲ་བཅོམ་པ་ཉིད་ཤེས་པའོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཤེས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤེས་པའོ། །ནང་སྟོང་པ་ཉིད་ཤེས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤེས་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཤེས་པའོ། །འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཤེས་པའོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཤེས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཤེས་པའོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཤེས་པའོ། ། གཞན་ཡང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་


DKG028_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཆོས་རྣམས་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཤེས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མ་གཏོགས་པར་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་གང་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་ལ་བྱེ་བྲག་ཏུ་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བྱེ་བྲག་ཡོད་དོ། །གསོལ་པ། བྱེ་བྲག་ཅི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ནི་ཡེ་ཤེས་བརྙེས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་གནས་ཤིང་ཆོས་ཐམས་ཅད་ལ་མུན་པ་མེད་པ་ཐོབ་པ་ལ། བྱང་ཆུབ་སེམས་དཔའི་སེམས་ཀྱང་གཞན་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་


DKG028_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གཞན་ཞེས་བྱ་བ་མེད་དོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་སྟེ། དེ་ལ་བརྟེན་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་འབྱུང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་ལ་སྦྱོར་ཞིང་། ཐབས་མཁས་པས་འཕགས་པའི་ཆོས་འཇིག་རྟེན་ལས་འདས་པའི་སྦྱིན་པ་ལ་བཀོད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཉོན་མོངས་པ་མེད་པ་དང་། སྨོན་གནས་ཤེས་པ་དང་། མངོན་པར་ཤེས་པ་དྲུག་དང་། ཤིན་དུ་ཡོངས་སུ་དག་པ་བཞི་དང་། དབང་བཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བསྲུང་བ་མེད་པ་གསུམ་དང་། དགོངས་པ་ཉེ་བར་གཞག་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཀྱི་སྒྲིབ་པ་སྤངས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་


DKG028_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ཏེ། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །རབ་འབྱོར་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ནང་གི་ལུས་དང་། ཕྱིའི་ལུས་དང་། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན། ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་། རྣམ་པར་སྤྱོད་དོ། །ལུས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་། རྣམ་པར་སྤྱོད་དོ། །ལུས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་ཀུན་འབྱུང་བ་དང་། ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་མི་གནས་པར་རྣམ་པར་སྤྱོད་ཅིང་འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མེད་དོ། །ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ཕྱི་ནང་གི་ཚོར་བ་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་། ཕྱི་ནང་གི་སེམས་དང་། ནང་གི་ཆོས་དང་། ཕྱིའི་ཆོས་དང་། ཕྱི་ནང་གི་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན། ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་མི་གནས་པར་རྣམ་པར་སྤྱོད་ཅིང་འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མེད་དོ། །རབ་འབྱོར་ཡང་དག་པར་སྤོང་བ་བཞི་གང་ཞེ་ན། སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་མོས་པ་སྐྱེད་པ་དང་། བསྐྱེད་པ་རྣམས་སྤོང་བའི་ཕྱིར་རྩོལ་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་མོས་པ་སྐྱེད་ཅིང་བརྩོན་འགྲུས་རྩོམ་པ་དང་། སྐྱེས་པ་རྣམས་འཕེལ་ཞིང་ཤིན་དུ་རྒྱས་པར་བྱ་བ་དང་། བསྒོམ་


DKG028_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མོས་པ་བསྐྱེད་པའོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་དང་བརྩོན་འགྲུས་དང་དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །རབ་འབྱོར་དབང་པོ་ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དེ་དག་ནི་དབང་པོ་ལྔ་ཞེས་བྱའོ། །རབ་འབྱོར་སྟོབས་ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། དེ་དག་ནི་སྟོབས་ལྔ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱའོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་


DKG028_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། སྟོང་པའི་རྣམ་པ་དང་། དབེན་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཞི་བའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས། ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ། གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་དག་ནི་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། འདི་ལ་ལ་ལ་འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་པར་རྟོག་


DKG028_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རྣམ་པར་དཔྱོད་པ་དེ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད་སྡུག་བསྔལ་བ་ཡང་མེད་པའི་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་


DKG028_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ་འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱའོ། །དེ་ལ་མཐའ་དག་གི་སྐྱེ་མཆེད་བཅུ་གང་ཞེ་ན། མཐའ་དག་ས་དང་མཐའ་དག་ཆུ་དང་མཐའ་དག་མེ་དང་མཐའ་དག་རླུང་དང་། མཐའ་དག་སྔོན་པོ་དང་མཐའ་དག་སེར་པོ་དང་མཐའ་དག་དམར་པོ་དང་། མཐའ་དག་དཀར་པོ་དང་། མཐའ་དག་རྣམ་པར་ཤེས་པ་དང་། མཐའ་དག་ནམ་མཁའ་སྟེ། དེ་དག་ནི་མཐའ་དག་གི་སྐྱེ་མཆེད་བཅུ་ཞེས་བྱའོ། །དེ་ལ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། ནང་གཟུགས་སུ་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་ཕྲ་མོ་དང་། ཁ་དོག་སྡུག་གུ་དང་། ཁ་དོག་མི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་སུ་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རགས་པ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་མཐོང་ཡང་། གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་ཕྲ་མོ་དང་། ཁ་དོག་སྡུག་གུ་དང་། ཁ་དོག་མི་སྡུག་པ་མཐོང་ཡང་། གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེསཟིལ་གྱིས་མནན་ཏེ་མཐོང་ཞིང་། འདུ་ཤེས་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་རགས་པ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་མཐོང་ཡང་། གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས་ཟིལ་གྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་


DKG028_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པའི་སྐྱེ་མཆེད་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ་སྔོན་པོར་སྣང་བ། མདོག་སྔོན་པོ་འདི་ལྟ་སྟེ་དཔེར་ན་མེ་ཏོག་ཨོ་མ་ཀ་ལྟ་བུའམ། ཡུལ་བཱ་རཱ་ཎ་སཱིར་བྱས་པའི་གོས་ལྟར་སྔོ་བ། ཁ་དོག་སྔོ་བ་སྔོ་བར་སྣང་བ། མདོག་སྔོ་བར་མཐོང་ཡང་། གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང་དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོར་སྣང་བ། མདོག་སེར་པོ་འདི་ལྟ་སྟེ་དཔེར་ན། ཤིང་ཀར་ཤི་ཀ་རའི་མེ་ཏོག་ལྟ་བུའམ། ཡུལ་བཱ་རཱ་ཎ་སཱིར་བྱས་པའི་གོས་ལྟར་སེར་བ། ཁ་དོག་སེར་བ། སེར་བར་སྣང་བ། མདོག་སེར་བར་མཐོང་ཡང་། གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོར་སྣང་བ། མདོག་དམར་པོ་འདི་ལྟ་སྟེ། དཔེར་ན་བན་དུ་ཛི་བ་ཀའི་མེ་ཏོག་ལྟ་བུ་འམ། ཡུལ་བཱ་རཱ་ཎ་སཱིར་བྱས་པའི་གོས་ལྟར་དམར་བ། ཁ་དོག་དམར་བ། དམར་བར་སྣང་བ་མདོག་དམར་བར་མཐོང་ཡང་། གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོར་སྣང་བ། མདོག་དཀར་པོ། འདི་ལྟ་སྟེ་དཔེར་ན། སྐར་མ་པ་བ་སངས་ཀྱི་འོད་ལྟ་བུའམ། ཡུལ་བཱ་རཱ་ཎ་སཱིར་བྱས་པའི་གོས་ལྟར་དཀར་བ། ཁ་དོག་དཀར་བ། དཀར་བར་སྣང་བ།


DKG028_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་བར་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ། །དེ་ལ་ཉོན་མོངས་པ་མེད་པ་གང་ཞེ་ན། བསམ་གཏན་ལ་གནས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྤྱོད་པ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་ཉོན་མོངས་པ་མི་སྐྱེ་བའི་མཐུ་ཡོད་པ། ཏིང་ངེ་འཛིན་གང་གིས་འགྲུབ་པ་དེ་ནི་ཉོན་མོངས་པ་མེད་པ་ཞེས་བྱའོ། །སྨོན་ལམ་གྱི་ཤེས་པ་གང་ཞེ་ན། བསམ་གཏན་ལ་གནས་ཏེ། འདི་ཤེས་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་གསུམ་གྱི་ཤེས་པའམ། ཤེས་པ་གང་དང་གང་འདོད་པར་གྱུར་པ་དེ་ལ་ཡིད་ཀྱིས་སྨོན་པ་བྱེད་དེ། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས། དེའི་སྨོན་ལམ་དེ་ཡོངས་སུ་གྲུབ་པར་གྱུར་ཅིང་། ཤེས་བྱ་དེ་ཡང་ཤེས་པ་དེ་ནི། སྨོན་ལམ་གྱི་ཤེས་པ་ཞེས་བྱའོ། །དེ་ལ་མངོན་པར་ཤེས་པ་དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་སྟེ། དྲུག་པོ་དེ་དག་གོ །དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན། ལུས་ཡོངས་སུ་དག་པ་དང་། དམིགས་པ་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ཡེ་ཤེས་ཡོངས་སུ་དག་པ་སྟེ། བཞི་པོ་དེ་དག་གོ །དེ་ལ་དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་


DKG028_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། བཅུ་པོ་དེ་དག་གོ །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པའི་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་མཁྱེན་ཏོ། །གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ལས་ཡོངས་སུ་བླངས་པའི་རྣམ་པར་སྨིན་པ་གནས་ཀྱི་རྣམ་པ་དང་། རྒྱུའི་རྣམ་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཁམས་སྣ་ཚོགས་ཅན་དང་། ཁམས་དུ་མ་ཅན་གྱི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དང་། གང་ཟག་གཞན་གྱི་དབང་པོ་རབ་དང་ཐ་མ་ཤེས་པར་བྱ་བ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཀུན་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དགོངས་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དགོངས་པ་ནས། ཚེ་རབས་བརྒྱ་དང་། ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ཡང་རྗེས་སུ་དགོངས་སོ། །བསྐལ་པ་གཅིག་ཀྱང་རྗེས་སུ་དགོངས་པ་ནས། བསྐལ་པ་བརྒྱའི་བར་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དག་ཀྱང་རྗེས་སུ་དགོངས་


DKG028_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བདག་ནི་འདི་ལྟ་བུ་ཞིག་ན་འདུག་འདུག་གོ །མིང་ནི་འདི་ཞེས་བྱ་བར་གྱུར་ཏོ། །རིགས་ནི་འདི་ཞེས་བྱ་བར་གྱུར་ཏོ། །རུས་ནི་འདི་ཞེས་བྱ་བར་གྱུར་ཏོ། །ཟས་ནི་འདི་ཟ་ཟའོ། །ཡུན་ནི་འདི་སྲིད་ཅིག་ཏུ་གནས་གནས་སོ། །ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར་ཏེ། བདག་དེ་ནས་ཤི་འཕོས་ནས། ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ཀྱང་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ། རྣམ་པ་དང་བཅས། ས་མལ་དང་བཅས། གཏན་ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དགོངས་སོ། །ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དག་ཀྱང་གཟིགས་སོ། །ཁ་དོག་སྡུག་པ་དང་མི་སྡུག་པ་དང་། བཟང་བ་དང་། ངན་པ་དང་། བདེ་འགྲོ་ན་འཁོད་པ་དང་། ངན་སོང་ན་འཁོད་པ་དང་། ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འདོང་བའི་སེམས་ཅན་རྣམས་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱི་ངན་དུ་སྤྱོད་པ་དང་ལྡན་པ། ངག་གི་ངན་དུ་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དག་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས། ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེའོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གི་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་འཕགས་པ་ལ་སྐུར་པ་མི་འདེབས་པ། ཡང་དག་པའི་ལྟ་བ་དག་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷའི་ནང་དུ་སྐྱེའོ། །ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། །ཟག་པ་རྣམས་ཟད་པའི་ཕྱིར། སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་དང་ཟག་པ་མེད་པའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་


DKG028_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོབས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན། བདག་གིས་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན། འདི་ལ་ཆོས་འདིས་མངོན་པར་སངས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བས། བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་བདུད་དམ་ཚངས་པའམ་གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ། བདག་གིས་རབ་ཏུ་བསྐོར་བར་བྱའོ། །བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ། །ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ་ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མ་ནུས་པ་


DKG028_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་ལ་བསྟེན་ན་བར་ཆད་ཀྱི་ཆོས་སུ་མི་འགྱུར་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་ལ་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པས་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་བདུད་དམ་ཚངས་པའམ། གཞན་སུས་ཀྱང་རུང་སྟེ་ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་ཡང་དག་པར་བསྐོར་བར་བྱའོ། །གང་ཡང་བདག་གིས་ལམ་འཕགས་པའི་འབྱུང་བ་རྟོགས་པར་འགྱུར་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་བསྟན་པ་དེ་དག་ལ་ནན་ཏན་བྱས་ན། སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་མི་འབྱུང་ངོ་ཞེས་དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པས་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་


DKG028_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་སྟེ། བཞི་པོ་དེ་དག་ནི་མི་འཇིགས་པའོ། །དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དེ་དག་ཀྱང་གང་ཞེ་ན། དོན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། ངེས་པའི་ཚིགས་ལ་དམིགས་པ་དང་། སྤོབས་པ་ལ་དམིགས་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་བསྲུང་བ་མེད་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བས། ལ་ལས་ཤེས་སུ་འོང་ངོ་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། འདི་ནི་བསྲུང་བ་མེད་པ་དང་པོའོ། །དེ་བཞིན་གཤེགས་པ་ནི་གསུང་གི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་གསུང་གི་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བས། ལ་ལས་ཤེས་སུ་འོང་ངོ་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། འདི་ནི་བསྲུང་བ་མེད་པ་གཉིས་པའོ། །དེ་བཞིན་གཤེགས་པ་ནི་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་ཐུགས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བས། ལ་ལས་ཤེས་སུ་འོང་ངོ་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། འདི་ནི་བསྲུང་བ་མེད་པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཚེ། ལ་ལ་རྣ་བ་བཏུད་དེ་རིམ་གྲོར་ཉན་ཅིང་། བཀའ་མཉན་པའི་སེམས་ཉེ་བར་གཞོག་པ་དང་། ཆོས་


DKG028_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉེར་བའི་ཆོས་ལ་ནན་ཏན་ཏུ་བྱེད་ན་ཡང་། དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར། ཡིད་བདེ་བར་མི་འགྱུར། ཐུགས་ཡེང་ཡེང་པོར་ཡང་མི་འགྱུར་ཏེ། འདི་ནི་དགོངས་པ་ཉེ་བར་གཞག་པ་དང་པོའོ། །ལ་ལ་རྣ་བ་བཏུད་ཏེ་རིམ་གྲོར་ཉན་ཅིང་བཀའ་མཉན་པའི་སེམས་ཉེ་བར་གཞོག་པ་མེད་པ་དང་། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་མི་བྱེད་ན། དེས་དེ་བཞིན་གཤེགས་པའི་ཐུགས་ཁྲོ་བར་མི་འགྱུར། མི་བཟོད་པར་མི་འགྱུར་ཐུགས་མི་ཆེས་པར་མི་འགྱུར་ཏེ། འདི་ནི་དགོངས་པ་ཉེ་བར་གཞག་པ་གཉིས་པའོ། །ལ་ལ་རྣ་བ་བཏུད་དེ་རིམ་གྲོར་ཉན་ཅིང་བཀའ་མཉན་པའི་སེམས་ཉེ་བར་གཞོག་ལ། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད། ལ་ལ་རྣ་བ་བཏུད་དེ་རིམ་གྲོར་མི་ཉན་ཅིང་། བཀའ་ཉན་པའི་སེམས་ཉེ་བར་གཞོག་པ་མེད་དེ། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་མི་བྱེད་ཀྱང་། དེས་དེ་བཞིན་གཤེགས་པ་དགྱེས་པའམ། ཐུགས་ཁྲོ་བ་གཉིས་སུ་མི་འགྱུར་ཏེ། ཐམས་ཅད་དུ་དགོངས་པ་དང་། ལྡན་ཞིང་མཁྱེན་པར་བཏང་སྙོམས་སུ་རྣམ་པར་སྤྱོད་པ་འདི་ནི་དགོངས་པ་ཉེ་བར་གཞག་པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་ཉམས་པ་མེད་པའི་ཆོས་ཉིད་གང་ཞེ་ན། གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་ཡོད་པའི་ཆོས་སྟོན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་དུས་ལས་མི་འདའ་བ་སྟེ། དེ་ནི་ཉམས་པ་མེད་པའི་ཆོས་ཉིད་ཅེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་བག་ཆགས་ཀྱི་སྒྲིབ་པ་རབ་ཏུ་སྤངས་པ་གང་ཞེ་ན། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཉོན་མོངས་པ་སྤངས་ཀྱང་། ལུས་ཀྱི་འགྱུར་བ་ཡོད་ཀྱི། དེ་བཞིན་གཤེགས་པ་ལ་ནི་དེ་ལྟ་བུ་ཡང་མི་མངའ་སྟེ། དེ་ནི་དེ་བཞིན་གཤེགས་པའི་བག་ཆགས་ཀྱི་སྒྲིབ་པ་རབ་ཏུ་སྤངས་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་གང་ཞེ་ན། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་གང་དང་ལྡན་པས། འཇིག་རྟེན་གྱི་བརྡ་ཉེ་བར་


DKG028_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ། དགེ་བའི་རྩ་བ་གཟིགས་པའི་ཕྱིར། དུས་ཐམས་ཅད་དུ་འཇིག་རྟེན་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྟོག་པ་མཛད་ཅེས་བྱ་སྟེ། དངོས་སུ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བ་ལ་གཟིགས་པ་རྟག་པར་འབྱུང་སྟེ། དེ་ནི་ཐུགས་རྗེ་ཆེན་པོ་ཞེས་བྱའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །དགོངས་པ་ཉམས་པ་མི་མངའོ། །འདུ་ཤེས་སྣ་ཚོགས་མི་མངའོ། །ཐུགས་མཉམ་པར་མ་བཞག་པ་མི་མངའོ། །མ་བརྟགས་པའི་བཏང་སྙོམས་མི་མངའོ། །མོས་པ་ཡོངས་སུ་ཉམས་པ་མི་མངའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ། །དགོངས་པ་ཡོངས་སུ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའོ། །ཤེས་རབ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ །མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ །ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། གང་ལ་དམིགས་པ་མེད་པ། དྲན་པས་དབང་བསྒྱུར་བ། ཞི་བའི་རྣམ་པ་


DKG028_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་མཚན་ཉིད་མེད་པའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དྲུག་ཅུ་བརྒྱད་པ། དེ་ལ་དེ་བཞིན་གཤེགས་པའི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བར་འབྲེལ་པ་དང་། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་དུ་མཐོ་བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལེགས་པར་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་དང་། རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། ཕྱག་བརླ་དྲང་པོར་སླེབས་པ་དང་། གསང་བའི་གནས་སྦུབས་སུ་ནུབ་པ་དང་། གསེར་གྱི་ཁ་དོག་དང་། མདོག་ཤིན་ཏུ་འཇམ་པ་དང་། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་དང་། ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་དང་། ཤིང་ནྱ་གྲོ་ད་ལྟར་ཆུ་ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་དང་། ལྗགས་ཤིན་དུ་ཡངས་པ་དང་། ཚངས་པའི་དབྱངས་དང་། སེང་གེའི་འགྲམ་པ་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་ཤིན་ཏུ་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་དང་། སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འདི་ལྟ་སྟེ། རུས་པའམ་བ་སོ་ལ་གཟུགས་བརྐོས་པ་དང་འདྲ་བ་མངའ་བས། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་ཞབས་ཞུམ་པ་མེད་པས་ཞབས་


DKG028_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གནས་པའོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་བས། ཕྱག་དང་ཞབས་དྲ་བར་འབྲེལ་པའོ། །ཤིང་བལ་གྱི་སྒོ་ང་ལྟར་ཤིན་དུ་འཇམ་ཞིང་གཞོན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པའོ། །ཕྱག་དང་ཞབས་དང་མགུར་གྱི་ལྷུན་ཤིན་དུ་མཐོ་བས་བདུན་ཤིན་དུ་མཐོ་བའོ། །ཕྱག་དང་ཞབས་ཀྱི་སོར་མོ་རིང་བས་སོར་མོ་རིང་བའོ། །རྟིང་པ་རིང་པས་རྟིང་པ་ཡངས་པའོ། །སྐུ་ལག་པ་བདུན་དུ་འཕགས་ལ་དྲང་བས་སྐུ་ཆེ་ཞིང་དྲང་བའོ། །པུས་མོའི་ལྷ་ང་དང་ལོང་བུ་མཛེས་པར་ནུབ་པས་ཞབས་ལེགས་པར་མཐོ་བའོ། །སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་པས་ཡན་ལག་གི་སྤུ་གྱེན་དུ་འཁྱིལ་པའོ། །རི་དགས་ཨེ་ནེ་ཡའི་བྱིན་པ་དང་། སྨིག་མ་དང་། ལྡུམ་བུ་ངར་བ་ལྟར་དྲང་ཞིང་མཉམས་ལ། རིམ་གྱིས་གཞོལ་བར་གྲུབ་ཅིང་། བྱིན་པ་ཟླུམ་པས་རི་དགས་ཨེ་ནེ་ཡའི་བྱིན་པ་ལྟ་བུའོ། །བརླ་དྲང་པོར་བཞག་སྟེ་མ་བཏུད་ཀྱང་ཕྱག་གི་མཐིལ་གཉིས་ཀྱིས་པུས་མོའི་ལྷ་ང་ལ་རེག་པས་ཕྱག་བརླ་དྲང་པོར་སླེབས་པའོ། །གླང་པོ་དང་རྟ་ཅང་ཤེས་ལྟར་གསང་བའི་གནས་ཤིན་དུ་མཛེས་པར་སྦུབས་སུ་ནུབ་པས། གསང་བའི་གནས་སྦུབས་སུ་ནུབ་པའོ། །ཤིན་དུ་སྦྱངས་པའི་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པས་གསེར་གྱི་ཁ་དོག་གོ །གསེར་དང་དངུལ་ཤིན་དུ་སྦྱངས་པ་ལྟར་འཇམ་ཞིང་སྙོམས་པའི་མདོག་ཏུ་འདུག་ལ་སྐུ་ལ་རྡུལ་གྱིས་མི་གོས་པས་མདོག་ཤིན་དུ་འཇམ་པའོ། །ཤིན་དུ་རྣམ་པར་ཕྱེ་བའི་སྤུ་རེ་རེར་སྐྱེས་ཤིང་གཉིས་སུ་མེད་པས། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པའོ། །མེ་ཏོག་ཀུན་ད་དང་། ཟླ་བ་དང་། འོ་མ་དང་། བ་མོའི་མདོག་ལྟར་འདུག་ལ། ཉི་མ་དང་ཟླ་བ་བརྒྱ་ལས་ཀྱང་འཕགས་པར་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་ཤིན་དུ་བརྒྱན་པས་ཞལ་མཛོད་སྤུས་བརྒྱན་པའོ། །རོ་སྟོད་ཆེ་བས་སེང་གེའི་རོ་སྟོད་དོ། །མགུར་དང་རྒྱུད་ལེགས་པར་


DKG028_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཅིང་། ལྷུན་ཟླུམ་པས་ཕྲག་པའི་ལྷུན་མཛེས་པར་གྲུབ་པའོ། །གསེར་གྱི་གཏན་པ་ཤིན་དུ་ཕྱིས་པ་ལྟར་ཕྲག་སོ་ལེགས་པར་གྲུབ་པས་ཕྲག་སོ་ཤིན་དུ་རྒྱས་པའོ། ། རླུང་དང་མཁྲིས་པ་དང་། བད་ཀན་གྱིས་མ་ཉམས་ཤིང་། རྣམ་པར་ཤེས་པ་འདྲ་བ་མེད་པས་རོ་བྲོ་བའི་མཆོག་གོ །སྐུ་ཆུ་ཞེང་འདོམ་དུ་མཉམ་པས་ཤིང་ནྱ་གྲོ་ད་ལྟར་ཆུ་ཞེང་གབ་པའོ། །སྤྱི་གཙུག་ཟླུམ་ཞིང་ལེགས་ལ་གཡས་ཕྱོགས་སུ་འཁྱིལ་པ་དང་ལྡན་པས་དབུ་མཉམ་ཞིང་ལེགས་པར་གྲུབ་ལ་མཛེས་པ་མངའ་བས་དབུ་སྤྱི་གཙུག་དང་ལྡན་པའོ། །མེ་ཏོག་ཨུད་པ་ལ་དམར་པོའི་འདབ་མའི་ཁ་དོག་ལྟར་འདུག་ཅིང་ཤིན་དུ་ཡངས་པས་ལྗགས་ཤིན་དུ་ཡངས་ཤིང་སྲབ་པའོ། །ཚངས་པ་དང་བྱ་ཀ་ལ་པིང་ཀ་ལྟ་བུའི་གསུང་མངའ་བས་ཚངས་པའི་དབྱངས་སོ། །འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་མཛེས་པར་སྐྱེས་ཏེ། ཡིད་དུ་འོང་བས་སེང་གེའི་འགྲམ་པ་ལྟ་བུའོ། །མེ་ཏོག་ཀུན་ད་དང་དུང་གི་བཅག་འཕྲོ་ལྟར་ཤིན་དུ་དཀར་བའི་ཚེམས་མངའ་བས་ཚེམས་ཤིན་དུ་དཀར་བའོ། །ཚེམས་ལ་མཐོ་དམན་མེད་པས་ཚེམས་མཉམ་པའོ། །ཚེམས་ལ་མཚམས་མ་དོད་པས་ཚེམས་ཐགས་བཟང་བའོ། །བླ་འོག་གྱེ་གུ་མེད་པས་ཚེམས་མཉམ་ཞིང་བཞི་བཅུ་ཚང་བའོ། །དཀར་གནག་གི་ཆ་མ་འདྲེས་ལ་ཤིན་དུ་རྣམ་པར་དག་ཅིང་མདོག་དམར་པོས་མ་ཡོག་པས་སྤྱན་དཀར་ནག་འབྱེས་པའོ། །རྫི་མ་བླ་འོག་ཤིན་དུ་ལེགས་པར་གནས་ལ་མ་འཛིང་བས་བའི་རྫི་མ་ལྟ་བུའོ། ། དེ་ལ་བླ་མ་ལ་བསུ་བསྐྱལ་དང་ཆོས་ཉན་པ་ལ་སྡོད་པ་དང་། གཙུག་ལག་ཁང་དང་། མཆོད་རྟེན་ལ་སོགས་པ་ལ་བསྟི་སྟང་བྱས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་སྟེ། དེ་ནི་འཁོར་ཤིན་དུ་མང་བའི་སྔ་ལྟས་སོ། །ཡི་དམ་ལ་བརྟན་པས་ཞབས་ཤིན་དུ་གནས་པ་སྟེ། དེ་ནི་མི་གཡོ་ཞིང་ཤིན་དུ་བརྟན་པའི་སྔ་ལྟས་སོ། ། སྦྱིན་པ་དང་ངག་སྙན་པ་དང་། དོན་སྤྱོད་


DKG028_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དོན་འཐུན་པའི་བསྡུ་བ་རྣམ་བཞི་གོམས་པར་བྱས་པས། ཕྱག་དང་ཞབས་དྲ་བས་འབྲེལ་བ་སྟེ། དེ་ནི་མྱུར་དུ་འདུ་བའི་སྔ་ལྟས་སོ། །བཟའ་བ་དང་། བཅའ་བ་དང་། བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་བྱིན་པས། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་དུ་མཐོ་བ་སྟེ། དེ་གཉིས་ནི་བཟའ་བ་དང་། བཅའ་བ་དང་། བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་འཐོབ་པའི་སྔ་ལྟས་སོ། །བཅིངས་པ་བཀྲོལ་བ་དང་སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྤངས་པས་སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་སྟེ། དེ་ནི་སྐུ་ཚེ་རིང་བའི་སྔ་ལྟས་སོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང་། བཟུང་བ་མངོན་པར་སྤེལ་ཅིང་འགྲིབ་པར་མ་བྱས་པས། ཞབས་ཀྱི་གོང་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་པ་སྟེ། དེ་ནི་མི་ཉམས་པའི་ཆོས་དང་ལྡན་པའི་སྔ་ལྟས་སོ། །རིག་པ་དང་བཟོའི་གནས་རིམ་གྲོར་བྱས་ཤིང་། གཞན་བྱིན་པ་དང་། བདག་གིས་བླངས་པས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ། །བདོག་ཅིང་ཡོད་པའི་ནོར་ལ་བསླངས་ན་མི་འགོང་པར་གཏོང་ཞིང་། མེད་ཅེས་མ་བྱས་པས་ཕྱག་བརླ་དྲང་པོར་སླེབས་པ་སྟེ། དེ་ནི་ཡོ་བྱད་ལ་མངའ་བ་དང་དུལ་བའི་སྔ་ལྟས་སོ། །འགྲོགས་པ་དང་མཛའ་བཤེས་དང་། གཉེན་བམ་ཕྱེ་བ་དང་། བྱེ་བར་གྱུར་པའི་སེམས་ཅན་རྣམས་ཚངས་པའི་སྤྱོད་པ་ལ་ཡང་དག་པར་བསྐུལ་བ་དང་། གསང་བའི་ཚིག་ཡོངས་སུ་བསྲུངས་པས། གསང་བའི་གནས་སྦུབས་སུ་ནུབ་པ་སྟེ། དེ་ནི་བུ་མང་བའི་སྔ་ལྟས་སོ། །སྟན་དང་གོས་དང་ཁང་པ་དང་གཞལ་མེད་ཁང་དང་། གནས་བཟང་པོ་བྱིན་པས་གསེར་གྱི་ཁ་དོག་དང་མདོག་ཤིན་དུ་འཇམ་པ་སྟེ། དེ་གཉིས་ནི་གདན་དང་། ན་བཟའ་དང་། ཁང་པ་དང་། གཞལ་མེད་ཁང་དང་། གནས་བཟང་པོ་འཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་དཔོན་དང་།


DKG028_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མ་དང་། ཕུ་ནུ་ལ་སོགས་པ་བླ་མ་རྣམས་ལ་ཚུལ་དང་འདྲ་བར་རིམ་གྲོ་བྱས་པ་དང་། བཙུན་པར་བྱས་པ་དང་། བཅོལ་བ་རྣལ་མ་གཟན་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པ་དང་། ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ནི་མཉམ་པ་མེད་པའི་སྔ་ལྟས་སོ། །མི་སྙན་པར་མི་ཟེར་ཞིང་མི་སྨོད་ལ། སྙན་པར་སྨྲ་ཞིང་ལེགས་པར་བཤད་པ་འཐུན་པར་འཛིན་པས། སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་སྟེ། དེ་ནི་ཐུབ་པ་མེད་པའི་སྔ་ལྟས་སོ། །ནད་པ་རྣམས་ལ་རྩི་དང་རིམ་གྲོ་དང་སྨན་པ་དང་། ཉམས་སུ་ཕན་པའི་ཟས་བྱིན་པ་དང་། རིམ་གྲོ་བྱས་པས་ཕྲག་སོ་ཤིན་དུ་རྒྱས་པ་དང་། རོ་བྲོ་བའི་མཆོག་སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་། འཁོར་དང་། བཏུང་བ་དང་རྫིང་བུ་དང་། རྒལ་དཀའ་བའི་ཟམ་པ་དང་། ཁ་ཟས་དང་ཕྲེང་བའི་གནས་དང་། སྟེགས་དང་། གཙུག་ལག་ཁང་བྱ་བ་ལ་སོགས་པ་གཞན་མོས་པར་བྱ་བ་སྔོན་དུ་གཏོང་ཞིང་། བདག་གིས་གཞན་ལ་བྱིན་པས། ཤིང་ནྱ་གྲོ་ད་ལྟར་ཆུ་ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་པོར་ཚིག་སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བར་སྨྲས་པས། ལྗགས་ཤིན་དུ་ཡངས་ཤིང་སྲབ་པ་དང་། ཚངས་པའི་དབྱངས་ཏེ། དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་མངའ་བའི་སྔ་ལྟས་སོ། །གསུང་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་ཤིང་། རྣམ་པར་ཤེས་པར་འགྱུར་བ་དང་། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང་། གཏང་མི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའོ། །ཡུན་རིང་པོ་ནས་ཚིག་ཀྱལ་པ་སྤངས་ཤིང་། དུས་སུ་སྨྲ་སྨྲ་བས་སེང་གེའི་འགྲམ་པ་ལྟ་བུ་སྟེ། དེ་ནི་ཚིག་ཀུན་གྱིས་མཉན་པའི་སྔ་ལྟས་སོ། །རིམ་གྲོར་བྱ་བ་དང་། བརྙས་པ་མེད་པ་གཉིས་ཀྱིས་འཚོ་བ་ཡོངས་སུ་དག་པས། ཚེམས་ཤིན་


DKG028_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དཀར་བ་དང་མཉམ་པ་སྟེ། དེ་ནི་འཁོར་སྔ་ནས་བསགས་པའི་སྔ་ལྟས་སོ། །ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མེད་པའི་ཚིག་སྨྲ་སྨྲ་བས། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་སྟེ། དེ་ནི་འཁོར་དབྱེར་མི་ཕྱེད་པའི་སྔ་ལྟས་སོ། །པང་གིས་འཁྱུད་པ་བཞིན་དུ་ཉེས་པར་བསམ་པ་མེད་ལ་མ་ཆགས་མི་སྡང་བ་དང་། རྨོངས་པ་མེད་པའི་མིག་གིས་ལྟ་ལྟ་བས་སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ། །རབ་འབྱོར་དེ་དག་ནི་དེ་བཞིན་གཤེགས་པའི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ། །དེ་ལ་དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཉེན་བཤེས་བྱམས་པ་དང་འདྲ་བར་སེམས་ཅན་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བ་སྟེ། སེན་མོའི་མདོག་སྣུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རིགས་དང་རྒྱུད་མཐོན་པོར་བྱུང་བ་སྟེ། སེན་མོ་མཐོ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་ཁ་ན་མ་ཐོ་བ་མི་མངའ་བ་སྟེ། སོར་མོ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་ཤིན་དུ་ཚོགས་པ་སྟེ། སོར་མོ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་རིམ་གྱིས་གྲུབ་པ་སྟེ། སོར་མོ་རིམ་གྱིས་གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་དང་གསུང་དང་། སྐུའི་ཕྲིན་ལས་དང་། འཚོ་བ་ཤིན་ཏུ་དབེན་པ་སྟེ། རྩ་མི་མངོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཉོན་མོངས་པའི་མདུད་པ་འགྲོལ་བ་སྟེ། རྩ་ལ་མདུད་པ་མེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་དབེན་པའི་ཆོས་མངའ་བ་སྟེ། ལོང་བུ་མི་མངོན་པ་ཡིན། སངས་


DKG028_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་ཐམས་ཅད་ལས་སྒྲོལ་བ་སྟེ། ཞབས་མི་མཉམ་པ་མེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིའི་སེང་གེ་སྟེ། སེང་གེའི་འགྲོས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིའི་གླང་པོ་སྟེ། གླང་པོའི་འགྲོས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་བཞུད་པ་སྟེ། ངང་བའི་སྟབས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིའི་ཁྱུ་མཆོག་སྟེ། ཁྱུ་མཆོག་གི་སྟབས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཐུན་པའི་ལམ་མངའ་བ་སྟེ། གཡས་ཕྱོགས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བལྟ་ན་མཛེས་པ་སྟེ། མཛེས་པར་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཐུགས་ཡོན་པོ་མི་མངའ་བ་སྟེ། མི་ཡོ་བར་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་རྣམ་པར་དག་པའི་ཡོན་ཏན་སྟོན་པ་སྟེ། སྐུ་ཤིན་ཏུ་ལེགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྡིག་པའི་ཆོས་རྣམས་ཤིན་དུ་སྦྱངས་པ་སྟེ། སྐུ་ཤིན་དུ་སྦྱངས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་རིམ་གྱིས་སྟོན་པ་སྟེ། སྐུ་རིམ་གྱིས་གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་དང་། གསུང་དང་། ཐུགས་གཙང་མ་དང་ལྡན་པ་སྟེ། སྐུ་ཤིན་དུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་ཐུགས་འཇམ་པ་དང་ལྡན་པ་སྟེ། སྐུ་ཤིན་དུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཐུགས་མངའ་བ་སྟེ། སྐུ་ཤིན་དུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་དང་འདུལ་བ་ཤིན་དུ་རྫོགས་པ་སྟེ། དཔེ་བྱད་ཤིན་དུ་རྫོགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་


DKG028_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པ་སྟེ། སྐུ་ཆེ་ཞིང་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་མངའ་བ་སྟེ། སྐུ་ལེགས་པར་མཉམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཆོག་ཏུ་འཇམ་པའི་ཆོས་སྟོན་པ་སྟེ། སྐུ་ཤིན་དུ་གཞོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བ་སྟེ། སྐུ་ཞུམ་པ་མེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་དགེ་བའི་རྩ་བ་ཐམས་ཅད་བྱང་བ་སྟེ། སྐུ་ཤིན་དུ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང་ཟད་པ་སྟེ། སྐུ་ཤིན་དུ་མཁྲེགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་དང་ཉིང་ལག་ལེགས་པར་སྟོན་པ་སྟེ། ཡན་ལག་དང་ཉིང་ལག་སྤ་བར་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་ཤིན་དུ་དག་པ་སྟེ། སྣང་བ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་དང་ལྡན་པའི་སློབ་མ་མངའ་བ་སྟེ། ཕྱལ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཁོར་བའི་ཉེས་པ་ཐམས་ཅད་ཤིན་དུ་སྦྱངས་པ་སྟེ། ཕྱལ་ཤིན་དུ་འཕྱང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ང་རྒྱལ་གྱི་དེའུ་བཅོམ་པ་སྟེ། ཕྱལ་མ་ཞོམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཟད་པ་རྣམ་པར་བཟློག་པ་སྟེ། ཕྱལ་ཕྱམ་མེར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཟབ་མོ་ཤིན་དུ་ཐུགས་སུ་ཆུད་པ་སྟེ། ལྟེ་བ་ཟབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཐུན་པར་འཛིན་པའི་སློབ་མ་མངའ་བ་སྟེ། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བ་སྟེ། ཀུན་ནས་མཛེས་པ་ཡིན།


DKG028_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་ཤིན་དུ་གཙང་མ་དང་ལྡན་པ་སྟེ། ཀུན་སྤྱོད་པ་ཤིན་དུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ནག་པོ་བསྟན་པ་དང་བྲལ་བའི་ཆོས་དང་འདུལ་བ་མངའ་བ་སྟེ། སྐུ་ལ་སྨེ་བ་མེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིང་བལ་ལྟར་རབ་ཏུ་ཡང་བ་རབ་ཏུ་འཐོབ་པའི་ཆོས་སྟོན་པ་སྟེ། ཕྱག་ཤིང་བལ་ལྟར་ཤིན་དུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་གི་སྐྱེ་བོ་དང་སྐྱེ་བོ་ཕལ་ལ་བྱམས་པས་དགེ་སྦྱོང་ཆེན་པོ་བརྙེས་པ་སྟེ། ཕྱག་གི་རི་མོ་སྣུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་དུ་ཟབ་ཅིང་བརྟན་པར་བཞུགས་པ་སྟེ། ཕྱག་གི་རི་མོ་ཟབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཟོད་པའི་ཆོས་ཡངས་པ་སྟོན་པ་སྟེ། ཕྱག་གི་རི་མོ་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསླབ་པའི་གནས་ཧ་ཅང་ཡང་མི་རིང་བར་འཆའ་བ་སྟེ། ཞལ་ཧ་ཅང་ཡང་མི་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟུགས་བརྙན་འཇིག་རྟེན་དུ་བཀྱེ་བ་སྟེ། ཞལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པ་སྔོན་དུ་བཏང་ཞིང་འདུལ་བ་སྟེ། ལྗགས་ཤིན་དུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པ་སྟེ། ལྗགས་ཤིན་དུ་སྲབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱིས་པའི་སྐྱེ་བོ་འདོད་ཆགས་པ་རྣམས་ཀྱི་ཆོས་དང་འདུལ་བ་གཏིང་དཔག་པར་དཀའ་བ་སྟེ། ལྗགས་ཤིན་དུ་དམར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གླང་པོའི་སྒྲ་དང་། འབྲུག་གི་སྒྲ་ལྟ་བུས་བསྙེངས་པ་མི་མངའ་བ་སྟེ། གླང་པོའི་ང་རོ་དང་། འབྲུག་གི་དབྱངས་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བར་སྨྲ་བའི་སློབ་མ་མངའ་བ་སྟེ། སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བའི་གསུང་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྲིད་པ་ཀུན་དུ་སྦྱོར་བ་ལས་འདས་པ་སྟེ།


DKG028_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཚེམས་མཆེ་བ་ཤིན་དུ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱེ་བོ་རྣོ་བ་རྣམས་འདུལ་བ་སྟེ། ཚེམས་མཆེ་བ་རྣོ་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་དང་འདུལ་བ་ཤིན་དུ་དཀར་བ་སྟེ། ཚེམས་མཆེ་བ་ཤིན་དུ་དཀར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སའི་ཕྱོགས་མཉམ་པ་ལ་བཞུགས་པ་སྟེ། མཆེ་བ་མཉམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རིམ་གྱིས་མངོན་པར་རྟོགས་པའི་ཆོས་སྟོན་པ་སྟེ། ཚེམས་མཆེ་བ་རིམ་གྱིས་གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པ་སྟེ། ལས་ལེགས་པར་མཐོ་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུལ་བའི་སྐྱེ་བོ་གཙང་མ་མངའ་བ་སྟེ། ཤངས་ཤིན་དུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་ཆོས་ཕུལ་དུ་ཡངས་པ་མངའ་བ་སྟེ། སྤྱན་རིང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་ཤིན་དུ་རྣམ་པར་དག་པ་སྟེ། སྤྱན་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་གྱི་ཚོགས་ཤིན་དུ་བསགས་པ་སྟེ། རྫི་མ་སྟུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ལྷ་དང་ལྷ་མ་ཡིན་དང་སྐྱེས་བུ་དང་། ན་ཆུང་མཆོག་གི་མིག་དཀར་ནག་འབྱེས་ཤིང་པད་མོའི་འདབ་མ་ལྟར་འདུག་པ་རྣམས་ཀྱིས་མངོན་པར་དགའ་བར་བྱ་བ་སྟེ། སྤྱན་དཀར་ནག་འབྱེས་ཤིང་པད་མོའི་འདབ་མ་ལྟར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཡངས་པ་གཟིགས་པ་སྟེ། སྨིན་མ་རིང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པར་འདུལ་བ་ལ་མཁས་པ་སྟེ། སྨིན་མ་འཇམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱོན་ཐམས་ཅད་མཁྱེན་པ་སྟེ། སྨིན་མའི་སྤུ་མཉམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བའི་


DKG028_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྣུམ་གྱིས། སེམས་ཅན་སྣུམ་པར་གྱུར་པའི་སྐྱེ་བོ་འདུལ་བ་སྟེ། སྨིན་མ་སྣུམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་མཆོག་ཏུ་ཡངས་ཤིང་དོན་དང་ལྡན་པ་མངའ་བ་སྟེ། སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་རྒྱུད་ལས་རྣམ་པར་རྒྱལ་བ་སྟེ། སྙན་མཉམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་བསམ་པ་མ་ཉམས་པ་འདུལ་བ་སྟེ། སྙན་གྱི་དབང་པོ་མ་ཉམས་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་བྱང་བ་སྟེ། ཞལ་དཔྲལ་བ་ལེགས་པར་གྲུབ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕས་ཀྱི་རྒོལ་བ་ཤིན་དུ་འདུལ་བ་སྟེ། ཞལ་དཔྲལ་བ་ཡངས་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྨོན་ལམ་དམ་པ་ཤིན་དུ་རྫོགས་པ་སྟེ། དབུ་ཤིན་དུ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡུལ་གྱི་བུང་བ་རྣམ་པར་བཟློག་པ་སྟེ། དབུ་སྐྲ་བུང་བ་ལྟར་གནག་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་བ་དང་བསྒོམས་པས་སྤང་བའི་བག་ལ་ཉལ་བ་ཟད་པར་བྱས་པ་སྟེ་དབུ་སྐྲ་སྟུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་འཇམ་པས་བསྟན་པའི་སྙིང་པོ་ཐུགས་སུ་ཆུད་པ་སྟེ། དབུ་སྐྲ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པ་སྟེ། དབུ་སྐྲ་མ་འཛིངས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བརླང་བའི་གསུང་དང་ཡོངས་སུ་བྲལ་བ་སྟེ། དབུ་སྐྲ་མི་རྩུབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་འཐུན་པར་བསྒྲུབས་པ་སྟེ། དབུ་སྐྲ་དྲི་ཞིམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་དགའ་བ་འཁྱིལ་པས་བརྒྱན་པ་ཡིན། རབ་འབྱོར་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་


DKG028_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །རབ་འབྱོར་དེ་ལྟར་དེ་ལྟ་བུའི་ཆོས་ཀྱི་རྣམ་པ་དེ་དག་གཞན་ལ་བཤད་པ་དང་བསྟན་པ་དང་། ཡང་དག་པར་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པས་སྡུད་པ་ཡིན་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་དང་། རྨད་དུ་བྱུང་བའི་ཆོས་སོ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སྙན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་སྡུད་པ་ཡིན་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་བྱ་བས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གིས་དོན་བྱ་བས་སེམས་ཅན་རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་དེ། རབ་འབྱོར་དེ་ལྟར་ན་


DKG028_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་བྱ་བས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་འཐུན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གི་དོན་འཐུན་པས་སེམས་ཅན་རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དོན་འཐུན་པས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་འདི་སྐད་འདོམས་ཤིང་འདི་སྐད་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་ཚུར་ཤེག །ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་ལ་མཁས་པར་གྱིས་ཤིག །ཡི་གེ་གཉིས་ནས་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་གིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག །ཡི་གེ་གཉིས་ཀྱིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག །ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་གྱིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག །ཡི་གེ་གཅིག་ཏུ་ཡི་གེ་བཞི་བཅུ་རྩ་གཉིས་འདུས་པར་སྒོམས་ཤིག །ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་སྒོམས་ཤིག །ཅེས་ཆོས་སྟོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་ཡི་གེ་གཅིག་ལ་མཁས་པ་ཡིན། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པ་ཡིན། ཡི་གེ་གཅིག་གི་ནང་དུ་ཡི་གེ་བཞི་བཅུ་རྩ་གཉིས་འདུས་པར་བསྒོམ་པ་ལ་མཁས་པ་ཡིན།


DKG028_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་བསྒོམ་པ་ལ་མཁས་པ་ཡིན་ཏེ། དེ་དེ་ལྟར་ཡི་གེ་མངོན་པར་བསྒྲུབ་པ་མཁས་པར་བྱ་བ་ལ་གོམས་ཤིང་ཡི་གེ་མེད་པ་མངོན་པར་བསྒྲུབ་པ་ལ་མཁས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ལ་མཁས་པ་དང་། ཡི་གེ་ལ་མཁས་པ་ཡིན་ཏེ། ཆོས་ལ་མཁས་པ་དང་། ཡི་གེ་ལ་མཁས་པས། ཡི་གེ་མང་པོས་ཡི་གེ་མེད་པའི་ཆོས་སྟོན་ཀྱང་། རབ་འབྱོར་ཆོས་དེ་ཡི་གེའི་རྣམ་པ་དང་བྲལ་བ་ཡང་མ་ཡིན་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་ཏེ། གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཉེ་བར་བཟུང་སྟེ། སེམས་ཅན་ཡང་ཤིན་དུ་མི་དམིགས། ཆོས་ཀྱང་མི་དམིགས། ཆོས་ཀྱི་དངོས་པོ་ཡང་མི་དམིགས་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་སྤྱོད་པ་དང་། སྟོང་པ་ཉིད་བཅུ་བཞི་ལ་སྤྱོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་གྱིས་


DKG028_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སྤྱོད་ཅིང་། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དྲུག་ལ་གནས་ནས། སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར། དེ་ལ་ནི་སེམས་ཅན་མི་དམིགས་ཏེ། སེམས་ཅན་དུ་གདགས་པ་ཡང་མི་དམིགས་སོ། །སེམས་ཅན་མི་དམིགས་པས། གཟུགས་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་མ་མཆིས་སོ། །སེམས་ཅན་མི་དམིགས་པས། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དམིགས་སུ་མ་མཆིས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་དམིགས་སུ་མ་མཆིས་སོ། །སེམས་ཅན་དམིགས་སུ་མ་མཆིས་པ་ལ་ནི་སེམས་ཅན་མ་མཆིས་སོ། །གཟུགས་མ་མཆིས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མ་མཆིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་མ་མཆིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་མཆིས་སོ། །མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མ་མཆིས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཉིད་ཀྱང་མི་དམིགས་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་དམིགས་པར་


DKG028_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །རབ་འབྱོར་དེ་ལྟར་སེམས་ཅན་མི་དམིགས་པས་ནང་སྟོང་པ་ཉིད་དུ་རིག་པར་བྱའོ། །ཕྱི་སྟོང་པ་ཉིད་དུ་རིག་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་དུ་རིག་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རིག་པར་བྱའོ། །ཕུང་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཁམས་སྟོང་པ་ཉིད་དུ་རིག་པར་བྱའོ། །སྐྱེ་མཆེད་སྟོང་པ་ཉིད་དུ་རིག་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །བདེན་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །བདག་སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་སྟོང་པ་ཉིད་དུ་རིག་པར་བྱའོ། །སྲོག་དང་འགྲོ་བ་དང་གསོ་བ་དང་སྐྱེས་བུ་དང་། གང་ཟག་དང་ཤེད་ཅན་དང་ཤེད་བདག་དང་བྱེད་པ་པོ་དང་བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་པ་ཉིད་དུ་རིག་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་།


DKG028_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་སྟོང་པ་ཉིད་དུ་རིག་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཞིང་སྟོང་པ་ཉིད་དུ་རིག་པར་བྱའོ། །སངས་རྒྱས་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་སྟོང་པར་མཐོང་ནས། ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཇི་ལྟར་སྟོང་པ་ཉིད་དེ་དག་ལ་ཡང་མི་འཇུག་པ་དེ་ལྟར་སྟོན་ཏོ། །དེས་དེ་ལྟར་མཐོང་ནས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཤེས་ཏེ། ཆོས་གང་ཡང་འཁྲུག་པར་མི་བྱེད། གཉིས་སུ་མི་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་སྟོན་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི། སྤྲུལ་པ་བྱེ་བ་ཕྲག་དུ་མ་སྤྲུལ་ཅིང་སེམས་ཅན་ལ་ལ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྦྱོར། ལ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ལ་ལ་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ལ་ལ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ལ་ལ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྦྱོར། ལ་ལ་བསམ་གཏན་བཞི་དང་། ལ་ལ་ཚད་མེད་པ་བཞི་དང་། ལ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྦྱོར། ལ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྦྱོར། ལ་ལ་འཕགས་པའི་བདེན་པ་བཞི་དང་། ལ་ལ་རྣམ་པར་ཐར་པ་བརྒྱད་དང་། ལ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ལ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ལ་ལ་མངོན་པར་ཤེས་པ་ལྔ་ལ་སྦྱོར། ལ་ལ་ཏིང་ངེ་འཛིན་ཐམས་ཅད་དང་། ལ་ལ་གཟུངས་ཀྱི་སྒོ་ཐམས་ཅད་ལ་སྦྱོར། ལ་ལ་དེ་


DKG028_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་སྟོབས་བཅུ་དང་། ལ་ལ་མི་འཇིགས་པ་བཞི་དང་། ལ་ལ་སོ་སོ་ཡང་དག་པར་རིག་པ་བཞི་དང་། ལ་ལ་བྱམས་པ་ཆེན་པོ་དང་། ལ་ལ་སྙིང་རྗེ་ཆེན་པོ་དང་། ལ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྦྱོར། ལ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར། ལ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལ་ལ་ཕྱིར་མི་འོང་བའི་འབྲས་བུ་དང་། ལ་ལ་དགྲ་བཅོམ་པ་ཉིད་དང་། ལ་ལ་རང་བྱང་ཆུབ་ལ་སྦྱོར། ལ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྦྱོར་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྤྲུལ་པ་དེས་ཆོས་ལ་ལ་ཞིག་ཐ་དད་དུ་ཕྱེ་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་དག་ཕྱིན་ཅི་ལོག་རྣམས་ལས་ཡོངས་སུ་བཀྲོལ་ནས། མ་བཅིངས་མ་གྲོལ་བའི་ཚུལ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་འགོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་མ་བཅིངས་མ་གྲོལ་བ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་བཅིངས་མ་གྲོལ་བ་སྟེ། གཟུགས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ནི་ཤིན་དུ་རྣམ་པར་དག་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ནི་ཤིན་དུ་རྣམ་པར་དག་པའོ། །


DKG028_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་ཤིན་དུ་རྣམ་པར་དག་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་སེམས་ཅན་དུ་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་མི་དམིགས་པ་ལ། དེ་མི་དམིགས་པའི་ཚུལ་གྱིས་གནས་ཏེ། གཟུགས་སྟོང་པ་ཉིད་མི་གནས་པའི་ཚུལ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་མི་གནས་པའི་ཚུལ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་གནས་ཏེ། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་ནི་གང་ཡང་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་གནས་པར་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་མི་དམིགས་ཏེ། དངོས་པོ་མེད་པ་ལ་དངོས་པོ་མེད་པ་མི་གནས་སོ། །རང་བཞིན་ལ་རང་བཞིན་མི་གནས་སོ། །གཞན་གྱི་དངོས་པོ་ལ་གཞན་གྱི་དངོས་པོ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ཐམས་ཅད་དམིགས་སུ་མེད་དེ། གང་དམིགས་སུ་མེད་པ་དེ་ནི་གང་ལ་ཡང་མི་གནས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་སྟོང་པ་ཉིད་ཐམས་ཅད་ཀྱིས་རབ་ཏུ་འབྱེད་དེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། འཕགས་པ་ཐམས་ཅད་ཀྱི་སྐྱོན་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། རང་སངས་རྒྱས་དེ་དག་དང་། ཉན་ཐོས་དེ་


DKG028_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ཀྱང་ཆོས་ཉིད་དེའི་རྗེས་སུ་རྟོགས་ཏེ། ཆོས་ཉིད་དེའི་རྗེས་སུ་རྟོགས་ནས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ནི་འདའ་བ་མེད་དོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ནི་འདའ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་གང་འདའ་བར་འགྱུར་བའི་རང་བཞིན་མེད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཀྱི་དབྱིངས་ལ་ཡང་འདའ་བ་མ་མཆིས། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལ་ཡང་འདའ་བ་མ་མཆིས་ན། ཅི་ལགས། འོ་ན་གཟུགས་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་


DKG028_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ལགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ལགས་ན། འོ་ན་ཇི་ལྟར་ཆོས་རྣམས་ཀྱི་འབྲས་བུ་རྣམ་པར་དགོད་ཅིང་། ནག་པོའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ནག་པོ་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན། དཀར་པོའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་དཀར་པོ་ནི་ལྷ་དང་མི། དཀར་ནག་གི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་དཀར་ནག་ནི་བདེ་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བ། མི་གནག་ཅིང་དཀར་པའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་མི་གནག་ཅིང་དཀར་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་བགྱི་བར་རྣམ་པར་དགོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ཏེ། འབྲས་བུ་རྣམ་པར་དགོད་པར་བསྟན་གྱི་དོན་དམ་པའི་བདེན་པས་ནི་འབྲས་བུ་རྣམ་པར་དགོད་པ་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ནི་རྣམ་པར་བརྟག་ཏུ་མེད་པ། བརྗོད་དུ་མེད་པ་ཐ་སྙད་མེད་པ་སྟེ། འདི་ལྟར་མིང་བདེན་པ་དང་། གཟུགས་བདེན་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་སྟེ། འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་


DKG028_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་མེད་པ་སྟོང་པ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ཉེ་བར་བཟུང་སྟེ། འབྲས་བུ་རྣམ་པར་དགོད་པ་ལགས་ཀྱི། དོན་དམ་པའི་བདེན་པ་མ་ལགས་ན། བྱིས་པ་སོ་སོའི་སྐྱེ་བོ་དེ་ཐམས་ཅད་ཀྱང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀུན་རྫོབ་ཀྱི་བདེན་པའམ། དོན་དམ་པའི་བདེན་པ་ཤེས་སམ། གལ་ཏེ་ཤེས་ན་ནི་དེ་དག་ཀྱང་། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་དགོད་པར་འགྱུར་ན། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ། ལམ་ཡང་མེད། ལམ་རྣམ་པར་དགོད་པ་ཡང་མེད། ལམ་བསྒོམ་པ་ཡང་མེད་པར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་འབྲས་བུ་རྣམ་པར་དགོད་པ་ལྟ་ག་ལས་འོང་། རབ་འབྱོར་འཕགས་པའི་གང་ཟག་རྣམས་ལ་ནི་ལམ་ཡང་ཡོད། ལམ་བསྒོམ་པ་ཡང་ཡོད་པས་ན། དེའི་ཕྱིར་འཕགས་པའི་གང་ཟག་དེ་དག་ལ་འབྲས་བུ་རྣམ་པར་དགོད་པ་ཡོད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ལམ་བསྒོམས་པས་འབྲས་བུ་འཐོབ་པའམ། འབྲས་བུ་ཐོབ་པར་བགྱི་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ལམ་བསྒོམས་པས་འབྲས་བུ་འཐོབ་པའམ། འབྲས་བུ་ཐོབ་པར་བྱ་བ་མེད་དོ། །རབ་འབྱོར་ལམ་མ་བསྒོམས་པར་ཡང་འབྲས་བུ་འཐོབ་པ་མེད་དེ། ལམ་གྱིས་འབྲས་བུ་ཐོབ་པར་བྱ་བ་ཡང་མེད་དོ། །ལམ་ལ་མ་གནས་པར་ཡང་འབྲས་བུ་འཐོབ་པར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་


DKG028_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ཀྱི་འབྲས་བུ་རྣམ་པར་འགོད་པ་བྱེད་དེ། འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་རིས་སུ་བཅད་ཅིང་འབྲས་བུ་རྣམ་པར་དགོད་པར་མི་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་རིས་སུ་བཅད་ཅིང་འབྲས་བུ་རྣམ་པར་དགོད་པ་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་འདི་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་པས། རྒྱུན་དུ་ཞུགས་པའི་འབྲས་བུའོ། །འདོད་པའི་འདོད་ཆགས་དང་། གནོད་སེམས་བསྲབས་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འོག་མའི་ཆ་ཅན་གྱིས་ཀུན་དུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བའི་འབྲས་བུའོ། །བླ་མའི་ཆ་ཅན་གྱིས་ཀུན་དུ་སྦྱོར་བ་ལྔ་སྤངས་པས་དགྲ་བཅོམ་པ་ཉིད་དོ། །གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་པས་རང་བྱང་ཆུབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས། ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་གསུངས་ན། བཅོམ་ལྡན་འདས་རིས་སུ་བཅད་ཅིང་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་འབྲས་བུ་རྣམ་པར་གཞག་པ་མ་མཆིས་ན། གསུངས་པའི་དོན་དེ་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ་ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ་རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདུས་བྱས་སམ། འོན་ཏེ་འདུས་མ་བྱས་པ་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ནི་འདུས་མ་བགྱིས་པའོ། །བདེ་བར་གཤེགས་པ་དེ་ནི་འདུས་མ་བགྱིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་འདུས་མ་བྱས་ཀྱི་ཆོས་ལ་རིས་སུ་བཅད་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་


DKG028_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་ཏུ་ཆུད་པར་གྱུར་ན། དེའི་ཚེ་འདུས་བྱས་ཤེས་སམ། འདུས་མ་བྱས་ཤེས་ཆོས་གང་ལ་ཡང་རིས་སུ་གཅོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཉེ་བར་བཟུང་སྟེ། སེམས་ཅན་རྣམས་ལ་རིས་སུ་བཅད་པས་ཆོས་མི་སྟོན་ཏོ། །དེ་བདག་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའམ། བཟོད་པའི་ཕ་རོལ་དུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའམ། བསམ་གཏན་དང་པོའམ། བསམ་གཏན་གཉིས་པའམ། བསམ་གཏན་གསུམ་པའམ། བསམ་གཏན་བཞི་པའམ། བྱམས་པའམ་སྙིང་རྗེ་འམ་དགའ་བའམ་བཏང་སྙོམས་སམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། ལམ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་


DKG028_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རམ། ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་དོ། །དེ་མངོན་པར་ཞེན་པ་མེད་པས་གང་ལ་ཡང་ཆགས་པ་མེད་དོ། །འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་སྦྱིན་པ་ཡོངས་སུ་གཏང་ཡང་། སྦྱིན་པའི་འབྲས་བུ་ལ་ཆགས་པ་མེད། སྦྱིན་པའི་འབྲས་བུ་ཉམས་སུ་མྱོང་བ་མེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་སྒོམ་ཡང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་འབྲས་བུ་ལ་ཆགས་པ་མེད། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་མེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་སྒོམ་མོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཕ་རོལ་དུ་ཕྱིན་པ་དྲུག་དང་། ཆོས་ཐམས་ཅད་ལ་སྤྱོད་པ། ཆོས་གང་ལ་ཡང་གནས་པ་འམ། ཆགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་


DKG028_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དེས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཤིན་དུ་ཁོང་དུ་ཆུད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། མཚན་དང་དཔེ་བྱད་བཟང་པོ་མངོན་པར་སྒྲུབ་པ་དང་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་སྟེ། དྲུག་ཅུ་གཉིས་པའོ།། །།


previousལེའུ་དྲུག་ཅུ་གཉིས་པ། next