Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་དགུ་པ།


   
   
   
གསུམ་པ། ཉེ་བར་བརྟག་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུམ་པ། ཉེ་བར་བརྟག་པའི་ལེའུ། next

གསུམ་པ། ཉེ་བར་བརྟག་པའི་ལེའུ།


DKG029_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བྱང་ཆུབ་སེམས་དཔར་གྱུར་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྤྱོད་པའང་མ་ཡིན། མི་སྤྱོད་པའང་མ་ཡིན་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་བྱང་ཆུབ་སེམས་དཔའི་མིང་དེ་ནི་མིང་གི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་མིང་སྟོང་པ་ནི་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སྟོང་པ་ནི་མ་ཡིན། བྱང་ཆུབ་ཀྱང་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་བྱང་ཆུབ་སྟོང་པ་ནི་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ནི་མ་ཡིན། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་ནི་མ་ཡིན། ཚོར་བ་དང།


DKG029_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་མིང་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་མིང་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ནའང་བྱང་ཆུབ་སེམས་དཔའི་མིང་མེད་དེ། བྱང་ཆུབ་སེམས་དཔའི་མིང་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་བྱང་ཆུབ་སེམས་དཔའི་མིང་ཡིན་པ་དང། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ནའང་བྱང་ཆུབ་སེམས་དཔའ་མེད་དེ། བྱང་ཆུབ་སེམས་དཔའ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཡིན་པ་དང། བྱང་ཆུབ་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་བྱང་ཆུབ་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ནའང་བྱང་ཆུབ་མེད་དེ། བྱང་ཆུབ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་བྱང་ཆུབ་ཡིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ནའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་དང། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ནའང་གཟུགས་མེད་དེ། གཟུགས་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་གཟུགས་ཡིན་པ་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ནའང་རྣམ་པར་ཤེས་པ་མེད་དེ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དང། བྱང་ཆུབ་ཅེས་བྱ་བ་དང། ཤེས་


DKG029_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང། གཟུགས་ཞེས་བྱ་བ་དང། ཚོར་བ་ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་རྣམས་ཞེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད། འདི་ལྟ་སྟེ། སྟོང་པ་ཉིད་ཅེས་བྱ་བ་དེ་ནི་མིང་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པ་ལ་ནི་སྐྱེ་བ་མེད། འགག་པ་མེད། འགྲིབ་པ་མེད། འཕེལ་བ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་སྒྱུ་མ་ལྟ་བུ། ཚོར་བ་ནི་སྒྱུ་མ་ལྟ་བུ། འདུ་ཤེས་ནི་སྒྱུ་མ་ལྟ་བུ། འདུ་བྱེད་རྣམས་ནི་སྒྱུ་མ་ལྟ་བུ། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རོ། །སྒྱུ་མའང་མིང་ཙམ་དུ་ཟད་དེ། ཡུལ་ན་མི་གནས། ཕྱོགས་ན་མི་གནས་པས་སྒྱུ་མ་མཐོང་བ་ནི་ལོག་པར་གྱུར་པ་སྟེ། ཡོད་པ་མ་ཡིན་ཞིང་ངོ་བོ་ཉིད་དང་བྲལ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཆོས་གང་ལའང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གནས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འཕེལ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གང་ལ་བྱང་ཆུབ་ཅེས་བྱ་བའམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་བཅོས་མ་ཡིན་པའི་ཕྱིར། ཆོས་སོ་སོ་ཐ་དད་པ་དེ་དག་ནི་བཏགས་པ་སྟེ། ཡང་དག་པ་མ་ཡིན་པ། གློ་བུར་དུ་བཏགས་པའི་མིང་གིས་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ། །བྱང་ཆུབ་སེམས་དཔའ་


DKG029_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི། མིང་དེ་དག་ཐམས་ཅད་ངོ་བོ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་པར་ཞེན་པར་མི་འགྱུར་རོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟར་ཡོངས་སུ་རྟོག་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ། སངས་རྒྱས་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །ཞེས་ཡོངས་སུ་རྟོག་གོ །ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན། བདག་བདག་ཅེས་བརྗོད་ཀྱང་བདག་ཀྱང་མི་དམིགས་སེམས་ཅན་དང། སྲོག་དང། གང་ཟག་ཀྱང་མི་དམིགས་ཏེ། འདི་ལྟར་མིང་གིས་ཐ་སྙད་བཏགས་པར་ཟད་ཀྱི། མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་དེ་དག་ནི་རྣམ་པ་ཐམས་ཅད་དུ་དམིགས་སུ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའང། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིང་གང་གིས་ཐ་སྙད་འདོགས་པའི་མིང་དེའང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ནི། མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའི་ཤེས་རབ་མ་གཏོགས་པར་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་ཏོ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གིས་མངོན་པར་ཞེན་པར་འགྱུར་བ་དེའང་དེས་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། ཤཱ་རིའི་བུ།


DKG029_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན། ཛམྦུའི་གླིང་འདི་ཤཱ་རིའི་བུ་དང། མོའུ་འགལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཛམྦུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། མདའ་རྒྱུའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང། དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང། འབུམ་གྱི་ཆ་དང། གྲངས་དང། ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་ཉེ་བར་གནས་པའི་ཕྱིར་རོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཡོངས་སུ་བསྒོམས་པ་གང་ཡིན་པ་དེས་ཀྱང་ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ཟིལ་གྱིས་གནོན་ཏོ། །ཤཱ་རིའི་བུ། ཛམྦུའི་གླིང་འདི་ཤཱ་རིའི་བུ་དང། མོའུ་འགལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི །ཤཱ་རིའི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཤཱ་རིའི་བུ་དང། མཽ་དགལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང། དེ་དག་གི་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུའང་མི་བཟོད་དོ། །ཤཱ་རིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤཱ་རིའི་བུ་དང། མཽ་དགལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བ་ལྟའང་ཞོག་གི །ཤཱ་རིའི་བུ། གལ་ཏེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་


DKG029_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྙེད་དག་ཤཱ་རིའི་བུ་དང། མཽ་དགལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཅིང། དེ་བཞིན་དུ་ལྷོ་དང། ནུབ་དང། བྱང་དང། བྱང་ཤར་དང། ཤར་ལྷོ་དང། ལྷོ་ནུབ་དང། ནུབ་བྱང་དང། འོག་དང། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཤཱ་རིའི་བུ་དང། མཽ་དགལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང། དེ་དག་གི་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པ་གང་ཡིན་པ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུའང་མི་བཟོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཉན་ཐོས་རྒྱུན་དུ་ཞུགས་པ་རྣམས་དང། ལན་གཅིག་ཕྱིར་འོང་བ་རྣམས་དང། ཕྱིར་མི་འོང་བ་རྣམས་དང། དགྲ་བཅོམ་པ་རྣམས་ཀྱི་ཤེས་རབ་གང་ལགས་པ་དང། རང་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་གང་ལགས་པའི་ཤེས་རབ་དེ་དག་ཐམས་ཅད་ནི་ཐ་དད་པ་མ་ལགས་པ། དབེན་པ། མ་སྐྱེས་པ་ངོ་བོ་ཉིད་ཀྱིས་སྟོང་པ་ལགས་ཏེ། བཅོམ་ལྡན་འདས། ཐ་དད་པ་མ་ལགས་ཤིང། དབེན་ལ་མ་སྐྱེས་པ། རང་བཞིན་གྱིས་སྟོང་པ་ལ་ནི་ཐ་དད་དུ་དབྱེ་བའམ། ཁྱད་པར་མི་དམིགས་ལགས་ན། བཅོམ་ལྡན་འདས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་གདུགས་གཅིག་བསྒོམས་པ་གང་ལགས་པ་དེས་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ།


DKG029_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་བདག་གིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱས་ལ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླའོ། །ཞེས་ཉིན་གཅིག་བསྒོམས་པའི་ཤེས་རབ་གང་གི་དོན་དུ་ཉེ་བར་གནས་པ་ལྟར་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཉེ་བར་གནས་པ་ཡིན། སྙམ་མམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། འདི་ཇི་སྙམ་དུ་སེམས། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། སེམས་ཅན་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ། །སྙམ་དུ་སེམས་སྙམ་མམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉིན་གཅིག་བསྒོམས་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུའང་མི་བཟོད་དེ། ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་རིག་པར་བྱའོ། །ཤཱ་རིའི་བུ། འདི་ཇི་སྙམ་དུ་སེམས། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་


DKG029_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །སྙམ་དུ་སེམས་སྙམ་མམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཏེ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ། །སྙམ་དུ་སེམས་སོ། །ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན། སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་ནི་འདི་སྙམ་དུ་བདག་གི་འོད་ཀྱིས་ཛམྦུའི་གླིང་སྣང་བར་བྱ་ཞིང། བདག་གི་འོད་ཀྱིས་ཛམྦུའི་གླིང་ཁྱབ་པར་བྱའོ། །སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ། དེ་བཞིན་དུ་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱང་འདི་སྙམ་དུ་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དོ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་ཤར་བས་ནི་ཛམྦུའི་གླིང་ཐམས་ཅད་སྣང་བས་ཁྱབ་


DKG029_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ཅིང། ཛམྦུའི་གླིང་ཐམས་ཅད་སྣང་བས་གསལ་བར་བྱེད་དོ། །ཤཱ་རིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འབྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང། རང་སངས་རྒྱས་ཀྱིས་ལས་ཤིན་ཏུ་འདའ་ཞིང། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པ་དང། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་རྣམས་ལ་གནས་ཏེ། ཉན་ཐོས་དང། རང་སངས་རྒྱས་ཀྱིས་ལས་ཤིན་ཏུ་འདས་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་འཐོབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གང་ལ་གནས་ན། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་


DKG029_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་ཏོ། །ཤཱ་རིའི་བུ། སེམས་དང་པོ་བསྐྱེད་ཕྱིན་ཆད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནས། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྟག་པར་རྒྱུན་དུ་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་བའི་ཕྱིར་ཏེ། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང། ཡན་ལག་ལྔ་དང་ལྡན་པའི་ཚུལ་ཁྲིམས་དང། ཡན་ལག་བརྒྱད་དང་ལྡན་པའི་ཚུལ་ཁྲིམས་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། འཕགས་པའི་བདེན་པ་བཞི་དང། དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགེ་བའི་ཆོས་དེ་དག་འཇིག་རྟེན་དུ་བྱུང་བས། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་ན་ཡོད་པ་ཡིན། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོད་པ་ཡིན། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོད་པ་ཡིན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང། སུམ་ཅུ་རྩ་གསུམ་པ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དང། ཚངས་པའི་མདུན་ན་འདོན་དང། ཚངས་རིས་དང། ཚངས་འཁོར་དང། འོད་ཆུང་དང། ཚད་མེད་འོད་དང། འོད་གསལ་དང། དགེ་


DKG029_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་དང། ཚད་མེད་དགེ་དང། དགེ་རྒྱས་དང། འབྲས་བུ་ཆེ་དང། སེམས་ཅན་འདུ་ཤེས་མེད་པ་དང། གནས་གཙང་མ་གྱ་ནོམ་སྣང་དང། ཤིན་ཏུ་མཐོང་དང། མི་ཆེ་དང། མི་གདུང་དང། འོག་མིན་དང། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང། ཅིའང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་རྣམས་འཇིག་རྟེན་དུ་བྱུང་བ་ཡིན། ལན་གཅིག་ཕྱིར་འོང་བ་རྣམས་དང། ཕྱིར་མི་འོང་བ་རྣམས་དང། དགྲ་བཅོམ་པ་རྣམས་དང། རང་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་སྦྱོང་བར་བགྱིད་དམ། འོན་ཏེ་མི་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་གྲངས་ཀྱིས་སྦྱིན་པ་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པ་ནི་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་པོ་ཡིན་ཏེ། ཅི་ཞིག་གི་སྦྱིན་པ་པོ་ཡིན་ཞེ་ན། དགེ་བའི་ཆོས་རྣམས་ཀྱི་སྦྱིན་པ་པོ་ཡིན་ནོ། །དགེ་བའི་ཆོས་གང་དག་གི་སྦྱིན་པ་པོ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང། བསླབ་པའི་གཞི་ལྔ་དང། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་གི་སྦྱིན་པ་པོ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིས་ན། བརྩོན་ཞེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། འདི་ལ་བྱང་ཆུབ་


DKG029_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །དེ་བཞིན་དུ་ཚོར་བའི་སྟོང་པ་ཉིད་དང། འདུ་ཤེས་ཀྱི་སྟོང་པ་ཉིད་དང། འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་དང། རྣམ་པར་ཤེས་པའི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་གི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །གཟུགས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །དེ་བཞིན་དུ་སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྡུག་བསྔལ་གྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཀུན་འབྱུང་བ་དང། འགོག་པ་དང། ལམ་གྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མ་རིག་པའི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུ་བྱེད་དང། རྣམ་པར་ཤེས་པ་དང། མིང་དང། གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲེད་པ་དང། ལེན་པ་དང། སྲིད་པ་དང། སྐྱེ་བ་དང། རྒ་ཤིའི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རང་བཞིན་གྱིས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟོང་པ་ཉིད་བདུན་པོ་འདི་དག་གིས་བརྩོན་ན་བརྩོན་ཞེས་བྱའོ། །


DKG029_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་དེ་སྟོང་པ་ཉིད་བདུན་པོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རེ་ཞིག་བརྩོན་ཞེའམ། མི་བརྩོན་ཞེས་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་སྐྱེ་བའི་ཆོས་ཅན་ནམ། འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་སྐྱེ་བའི་ཆོས་ཅན་ནམ། འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང། གཟུགས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་བར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ནི་ཚོར་བ་དང་ལྷན་ཅིག་ཡང་དག་པར་འདུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་ཚོར་བ་ནི་འདུ་ཤེས་དང། འདུ་ཤེས་ནི་འདུ་བྱེད་རྣམས་དང། འདུ་བྱེད་རྣམས་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་ཡང་དག་པར་འདུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པ་ནི་འདུ་བྱེད་རྣམས་དང་ལྷན་ཅིག་ཡང་དག་པར་འདུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་བའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར། ཆོས་གང་ཡང་ཆོས་གང་དང་ཡང་ལྷན་ཅིག་ཡང་དག་པར་འདུ་བ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་སུ་ཡོད་པ་མ་ཡིན། ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཚོར་བར་བྱེད་པ་མ་ཡིན། འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཀུན་ཏུ་ཤེས་པར་བྱེད་པ་མ་ཡིན། འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་


DKG029_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དེ་མངོན་པར་འདུ་བྱེད་པ་མ་ཡིན། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་གཟུགས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། གཟུགས་ཀྱང་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་གཟུགས་ཡིན། དེ་བཞིན་དུ་ཚོར་བའང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། འདུ་ཤེས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། འདུ་བྱེད་རྣམས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པར་ཤེས་པའང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། སྟོང་པ་ཉིད་གང་ཡིན་པ་དེ་ནི་མི་སྐྱེ་མི་འགག་ཅིང། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་ལ། འགྲིབ་པ་མེད་ཅིང། འཕེལ་བ་མེད་པ་སྟེ། དེ་ནི་འདས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་པའི་ཕྱིར་རོ། །འདི་འདྲ་བ་གང་ཡིན་པ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་རྣམས་མེད་དོ། །རྣམ་པར་ཤེས་པ་མེད་དོ། །སའི་ཁམས་མེད་དོ། །ཆུའི་ཁམས་མེད་དོ། །མེའི་ཁམས་མེད་དོ། །རླུང་གི་ཁམས་མེད་དོ། །ནམ་མཁའི་ཁམས་མེད་དོ། །རྣམ་པར་ཤེས་པའི་ཁམས་མེད་དོ། །མིག་གི་སྐྱེ་མཆེད་མེད་དོ། །གཟུགས་ཀྱི་སྐྱེ་མཆེད་མེད་དོ། །རྣ་བའི་སྐྱེ་མཆེད་མེད་དོ། །སྒྲའི་སྐྱེ་མཆེད་མེད་དོ། །སྣའི་སྐྱེ་མཆེད་མེད་དོ། །དྲིའི་སྐྱེ་མཆེད་མེད་དོ། །ལྕེའི་སྐྱེ་མཆེད་མེད་དོ། །རོའི་སྐྱེ་མཆེད་མེད་དོ། །ལུས་ཀྱི་སྐྱེ་མཆེད་མེད་དོ། །རེག་བྱའི་སྐྱེ་མཆེད་མེད་དོ། །ཡིད་ཀྱི་སྐྱེ་མཆེད་མེད་དོ། །ཆོས་ཀྱི་སྐྱེ་མཆེད་མེད་དོ། །མིག་གི་ཁམས་མེད་དོ། །གཟུགས་ཀྱི་ཁམས་མེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་མེད་དོ། །རྣ་བའི་ཁམས་མེད་དོ། །སྒྲའི་ཁམས་མེད་དོ། །རྣ་བའི་


DKG029_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་ཁམས་མེད་དོ། །སྣའི་ཁམས་མེད་དོ། །དྲིའི་ཁམས་མེད་དོ། །སྣའི་རྣམ་པར་ཤེས་པའི་ཁམས་མེད་དོ། །ལྕེའི་ཁམས་མེད་དོ། །རོའི་ཁམས་མེད་དོ། །ལྕེའི་རྣམ་པར་ཤེས་པའི་ཁམས་མེད་དོ། །ལུས་ཀྱི་ཁམས་མེད་དོ། །རེག་བྱའི་ཁམས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །ཡིད་ཀྱི་ཁམས་མེད་དོ། །ཆོས་ཀྱི་ཁམས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །མ་རིག་པ་མེད་དོ། །མ་རིག་པ་འགག་པ་མེད་དོ། །འདུ་བྱེད་མེད་དོ། །འདུ་བྱེད་འགག་པ་མེད་དོ། །རྣམ་པར་ཤེས་པ་མེད་དོ། །རྣམ་པར་ཤེས་པ་འགག་པ་མེད་དོ། །མིང་དང་གཟུགས་མེད་དོ། །མིང་དང་གཟུགས་འགག་པ་མེད་དོ། །སྐྱེ་མཆེད་དྲུག་མེད་དོ། །སྐྱེ་མཆེད་དྲུག་འགག་པ་མེད་དོ། །རེག་པ་མེད་དོ། །རེག་པ་འགག་པ་མེད་དོ། །ཚོར་བ་མེད་དོ། །ཚོར་བ་འགག་པ་མེད་དོ། །སྲེད་པ་མེད་དོ། །སྲེད་པ་འགག་པ་མེད་དོ། །ལེན་པ་མེད་དོ། །ལེན་པ་འགག་པ་མེད་དོ། །སྲིད་པ་མེད་དོ། །སྲིད་པ་འགག་པ་མེད་དོ། །སྐྱེ་བ་མེད་དོ། །སྐྱེ་འགག་པ་མེད་དོ། །རྒ་ཤི་མེད་དོ། །རྒ་ཤི་འགག་པ་མེད་དོ། །སྡུག་བསྔལ་མེད་དོ། །ཀུན་འབྱུང་བ་མེད་དོ། །འགོག་པ་མེད་དོ། །ལམ་མེད་དོ། །ཐོབ་པ་མེད་དོ། །མངོན་པར་རྟོགས་པ་མེད་དོ། །རྒྱུན་དུ་ཞུགས་པ་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ། །ལན་གཅིག་ཕྱིར་འོང་བ་མེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ། །ཕྱིར་མི་འོང་བ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མེད་དོ། །དགྲ་བཅོམ་པ་ཉིད་མེད་དོ། །རང་སངས་རྒྱས་མེད་དོ། །རང་བྱང་ཆུབ་མེད་དོ། །དེ་ལ་ནི་སངས་རྒྱས་མེད་དོ། །བྱང་ཆུབ་མེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་གསུམ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གཟུགས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །


DKG029_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་བརྩོན་ཞེས་བྱ་པའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིག་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིག་གི་ཁམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་ཀྱི་ཁམས་དང། མིག་གི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་ཀྱི་བར་དང། ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དྲན་པ་ཉེ་བར་བཞག་པ་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་རྣམས་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བདེན་པ་བཞི་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། མངོན་པར་ཤེས་པ་ལྔ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བར་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཤཱ་རིའི་བུ། རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བརྩོན་པ་ནི་བརྩོན་ཞེས་བྱ་


DKG029_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བར་རིག་པར་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྟོང་པ་ཉིད་དང། སྟོང་པ་ཉིད་དུ་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །མཚན་མ་མེད་པ་དང། མཚན་མ་མེད་པར་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དེ། མཚན་མ་མེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །སྨོན་པ་མེད་པ་དང། སྨོན་པ་མེད་པར་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དེ། སྨོན་པ་མེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྟོང་པ་ཉིད་ནི་རྣལ་འབྱོར་ཡང་མ་ཡིན། རྣལ་འབྱོར་མ་ཡིན་པའང་མ་ཡིན་ཞིང། དེ་བཞིན་དུ་མཚན་མ་མེད་པ་དང། སྨོན་པ་མེད་པའང་རྣལ་འབྱོར་ཡང་མ་ཡིན། རྣལ་འབྱོར་མ་ཡིན་པའང་མ་ཡིན་པའི་ཕྱིར་ཏེ། ཤཱ་རིའི་བུ། དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ། དེ་ལྟར་འཇུག་པ་ན་གཟུགས་ལ་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དོ། །གཟུགས་དང་སྔོན་གྱི་མཐར་སྦྱོར་བར་མི་བྱེད་དེ། འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་དང་ཕྱི་མའི་མཐར་སྦྱོར་བར་མི་བྱེད་དེ། འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་དང་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་དེ། འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང་སྔོན་གྱི་མཐར་སྦྱོར་བར་མི་བྱེད་དེ། འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པ་དང་ཕྱི་མའི་མཐར་སྦྱོར་བར་མི་བྱེད་དེ། འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་


DKG029_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པ་དང། ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་དེ། འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར། སྔོན་གྱི་མཐའ་དང། ཕྱི་མའི་མཐར་སྦྱོར་བར་མི་བྱེད་དེ། ཕྱི་མའི་མཐའ་དང། སྔོན་གྱི་མཐར་སྦྱོར་བར་མི་བྱེད་དོ། །ད་ལྟར་བྱུང་བ་དང། སྔོན་གྱི་མཐའམ། ཕྱི་མའི་མཐར་སྦྱོར་བར་མི་བྱེད་དེ། སྔོན་གྱི་མཐའམ། ཕྱི་མའི་མཐའ་དང། ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་དོ། །ཤཱ་རིའི་བུ། དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་ལྟར་བརྩོན་པར་བྱེད་དེ། དེ་ལྟར་བརྩོན་པར་བྱེད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འདས་པར་སྦྱོར་བར་མི་བྱེད་དེ། འདས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་པ་དང་སྦྱོར་བར་ཇི་ལྟར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་འོངས་པར་སྦྱོར་བར་མི་བྱེད་དེ། མ་འོངས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་འོངས་པ་དང་སྦྱོར་བར་ཇི་ལྟར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་དེ། ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་དང་སྦྱོར་བར་ལྟ་ག་ལ་འགྱུར་ཏེ། ཤཱ་རིའི་བུ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང།


DKG029_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། རྣམ་པར་ཤེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་མིག་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། མིག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། ཡིད་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་རྣམས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། ཆོས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཤཱ་རིའི་བུ། དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དྲན་པ་ཉེ་བར་བཞག་པ་རྣམས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། དྲན་པ་ཉེ་བར་བཞག་པ་རྣམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་རྣམས་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། མངོན་


DKG029_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་ལྔ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཤཱ་རིའི་བུ། དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སངས་རྒྱས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སངས་རྒྱས་སུ་སྦྱོར་བར་མི་བྱེད་དེ། སངས་རྒྱས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ཏུ་སྦྱོར་བར་མི་བྱེད་དེ། བྱང་ཆུབ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཡིན། བྱང་ཆུབ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བྱང་ཆུབ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་འབྱུང་ངོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་འཇིག་གོ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་འཇིག་གོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདེ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང། འདུ་


DKG029_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་བདེ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་སྐྱེ་ཞེས་བྱ་བའམ། འགག་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བའམ། འགག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྙིང་པོ་ཅན་ཞེས་བྱ་བའམ། ཉམ་ཆུང་བ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་


DKG029_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྣམས་དང། རྣམ་པར་ཤེས་པ་སྙིང་པོ་ཅན་ཞེས་བྱ་བའམ། ཉམ་ཆུང་བ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་ཡོད་དོ་ཞེས་བྱ་བའམ། མེད་དོ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཡོད་དོ་ཞེས་བྱ་བའམ། མེད་དོ་ཞེས་བྱ་བར་མི་སྦྱོར་རོ། །གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བར་ཁས་མི་ལེན། མི་སྤྱོད་ཅེས་བྱ་བར་ཁས་མི་ལེན། སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཁས་མི་ལེན། སྤྱོད་པའང་མ་ཡིན། མི་སྤྱོད་པའང་མ་ཡིན་ཞེས་བྱ་བར་ཁས་མི་ལེན་ཏེ། ཤཱ་རིའི་བུ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱིར་མི་ལྡོག་པའི་སའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཆེད་དང། དེ་བཞིན་གཤེགས་པའི་སྟོབས་བཅུའི་ཆེད་དང། མི་འཇིགས་པ་བཞིའི་ཆེད་དང། སོ་སོ་ཡང་དག་པར་རིག་པ་བཞིའི་ཆེད་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ནང་སྟོང་པ་ཉིད་ཀྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང་ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་དོར་བ་མེད་པ་སྟོང་པ་ཉིད་དང། རང་བཞིན་གྱིས་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང།


DKG029_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་སྟོང་པ་ཉིད་དང། སྐྱེ་བ་མེད་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་ཉིད་དང། ཆོས་ཀྱི་དབྱིངས་དང། ཡང་དག་པའི་མཐའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་གང་ལའང་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། ཤཱ་རིའི་བུ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །དེ་ལྷའི་མིག་གི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ལྷའི་རྣ་བ་དང། ཕ་རོལ་གྱི་སེམས་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་དང། རྫུ་འཕྲུལ་གྱི་ཡུལ་གྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས་ཏེ། རྣམ་པ་ཐམས་ཅད་དུ་མངོན་པར་ཤེས་པ་ཐམས་ཅད་ལྟག་ལ་ཡོད། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་བདག་གིས་ལྷའི་མིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་འཁོད་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ཤེས་པར་བྱའོ། །ལྷའི་རྣ་བས་དེ་དག་གི་སྒྲ་ཐོས་པར་བྱའོ། །དེ་དག་གི་སེམས་རྣམས་ཀྱང་ཤེས་པར་བྱའོ། །དེ་དག་གི་སྔོན་གྱི་གནས་རྣམས་ཀྱང་རྗེས་སུ་དྲན་པར་བྱས་ལ། རྫུ་འཕྲུལ་གྱིས་སོང་སྟེ། ཆོས་བསྟན་པར་བྱའོ། །སྙམ་དུ་མི་སེམས་སོ། །དེ་བཞིན་དུ་ལྷོ་དང། ནུབ་དང། བྱང་དང། བྱང་ཤར་དང། ཤར་ལྷོ་དང། ལྷོ་ནུབ་དང། ནུབ་བྱང་དང། འོག་དང། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའ་ཀླུང་གི་


DKG029_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་མ་སྙེད་དག་ན་འཁོད་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང། སྐྱེ་བ་ལྷའི་མིག་གིས་ཤེས་པར་བྱའོ། །ལྷའི་རྣ་བས་དེ་དག་གི་སྒྲ་ཐོས་པར་བྱའོ། །དེ་དག་གི་སེམས་རྣམས་ཀྱང་ཤེས་པར་བྱའོ། །དེ་དག་གི་སྔོན་གྱི་གནས་རྣམས་ཀྱང་རྗེས་སུ་དྲན་པར་བྱས་ལ། རྫུ་འཕྲུལ་གྱིས་སོང་སྟེ་ཆོས་བསྟན་པར་བྱའོ། །སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ལ་ནི་བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་དོ། །འཇིག་རྟེན་པའི་ཉོན་མོངས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་གསལ་པར་འགྱུར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་དང། ལྷོ་དང། ནུབ་དང། བྱང་དང། བྱང་ཤར་དང། ཤར་ལྷོ་དང། ལྷོ་ནུབ་དང། ནུབ་བྱང་དང། འོག་དང། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་དུ་འོང་ངོ། །ཞེས་སྲུང་བ་མཛེད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང། སུམ་ཅུ་རྩ་གསུམ་པ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང། ཚངས་རིས་ཀྱི་ལྷ་རྣམས་དང། འོག་མིན་གྱི་བར་གྱི་ལྷ་གང་དག་འཁོད་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལ་ལ་ཞིག་བར་ཆད་བྱེད་པར་གྱུར་དུ་འོང་ངོ། །ཞེས་སྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་དུ་བྱ་བ་གང་ཅི་ཡོད་པ་དེ་དག་ཀྱང་ཚེ་འདི་ཉིད་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་


DKG029_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ཤཱ་རིའི་བུ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ནི་གཟུངས་ཀྱི་སྒོ་དང། ཏིང་ངེ་འཛིན་གྱི་སྒོ་དག་ཀྱང་ཚེགས་ཆུང་ངུས་མངོན་དུ་འགྱུར་རོ། །སྐྱེ་བའི་གནས་ཐམས་ཅད་དུའང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་གང་ཆོས་རྣམས་དང་འདུ་བའམ། འབྲེལ་བའམ། འཕྲད་པའམ། མི་འཕྲད་པར་འགྱུར་བའི་ཆོས་འགའ་ཞིག་ཡོད་དམ། སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་གང་འདུ་བའམ། འབྲེལ་བའམ། འཕྲད་པའམ། མི་འཕྲད་པར་འགྱུར་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་བདག་གིས་མྱུར་དུ་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་རྟོགས་པར་འགྱུར་རམ། མངོན་པར་རྫོགས་པར་རྟོགས་པར་མི་འགྱུར། སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་རྟོགས་པ་མེད་པའི་ཕྱིར་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་


DKG029_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ནི། ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་ཀྱི་དབྱིངས་དང་ཆོས་ཐ་དད་དུ་མི་བྱེད་དོ། །དེའང་འདི་སྙམ་དུ་ཆོས་ཀྱི་དབྱིངས་འདི་དེ་ལྟར་ཁོང་དུ་ཆུད་པར་འགྱུར་རམ། ཁོང་དུ་ཆུད་པར་མི་འགྱུར། སྙམ་དུ་མི་སེམས་ཏེ། འདི་ལྟར་ཆོས་གང་གིས་ཆོས་གང་ཁོང་དུ་ཆུད་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །འདི་ལྟར་དེ་ཆོས་ཀྱི་དབྱིངས་སྟོང་ཞེས་བྱ་བར་ཡང་མི་སྦྱོར། མི་སྟོང་ཞེས་བྱ་བར་ཡང་མི་སྦྱོར་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་གཟུགས་སུ་མི་སྦྱོར། དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་རྣམ་པར་ཤེས་པར་མི་སྦྱོར་རོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མིག་གི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་མིག་གི་ཁམས་སུ་མི་སྦྱོར། གཟུགས་ཀྱི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་གཟུགས་ཀྱི་ཁམས་སུ་མི་སྦྱོར། མིག་གི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་མིག་གི་རྣམ་པར་ཤེས་པའི་ཁམས་སུ་མི་སྦྱོར་རོ། །དེ་བཞིན་དུ་རྣ་བའི་ཁམས་དང། སྒྲའི་ཁམས་དང། རྣ་བའི་རྣམ་པར་ཤེས་པའི་ཁམས་དང། སྣའི་ཁམས་དང། དྲིའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་ཁམས་དང། རོའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང། ལུས་ཀྱི་ཁམས་དང། རེག་བྱའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཡིད་ཀྱི་ཁམས་སུ་མི་སྦྱོར། ཆོས་ཀྱི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཆོས་ཀྱི་ཁམས་སུ་མི་སྦྱོར།


DKG029_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་སྦྱོར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣལ་འབྱོར་དམ་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ལ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་།སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུ། རྣལ་འབྱོར་དུ་བྱ་བ་གང་དག་ཅིའང་རུང་སྟེ། དེ་དག་གི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི་མཆོག །ཅེས་བྱའོ། །ཐུ་བོ་ཞེས་བྱའོ། །ཕུལ་ཞེས་བྱའོ། །རབ་ཅེས་བྱའོ། །རབ་མཆོག །ཅེས་བྱའོ། །ལྟག་ན་མེད་པ། ཞེས་བྱའོ། །གྱ་ནོམ་པ། ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ནི་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣལ་འབྱོར་ཏེ། བླ་ན་མེད་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ། དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུང་བསྟན་པའམ། ལུང་བསྟན་པ་དང་ཉེ་བར་གྱུར་པར་གཟུང་བར་བྱའོ། །ཤཱ་རིའི་བུ། དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་དོན་ཀྱང་བྱེད་ལ། དེ་འདི་སྙམ་དུ་བདག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལུང་སྟོན་པ་མཛད་དོ། །བདག་ནི་ལུང་བསྟན་པ་ལ་ཉེ་བར་གྱུར་ཏོ། །བདག་གིས་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱའོ། །བདག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ། །བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཆོས་ཀྱི་དབྱིངས་ལ་མཚན་མར་མི་འཛིན་ཅིང། ཆོས་ཀྱི་


DKG029_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་མ་གཏོགས་པར་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའམ། གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་བསྟན་པར་བྱ་བའམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གཞན་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སེམས་ཅན་གྱི་འདུ་ཤེས་མི་འབྱུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་གཏན་སྐྱེ་བ་མེད་ཅིང་འགག་པ་མེད་དེ། ཆོས་རྣམས་ཀྱི་ཆོས་ཉིད་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ། །གང་ལ་སྐྱེ་བ་དང་འགག་པ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་ཇི་ལྟར་འགྱུར་ཏེ། ཤཱ་རིའི་བུ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་སྐྱེ་བ་མེད་པ་དང། འགག་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་སྟོང་པ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་དམིགས་སུ་མེད་པ་དང། སེམས་ཅན་དབེན་པ་དང། སེམས་ཅན་རང་བཞིན་མེད་པ་དང། སེམས་ཅན་ངོ་བོ་ཉིད་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཏེ། ཤཱ་རིའི་བུ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་ཡིན་ནོ། །ཤཱ་རིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣལ་འབྱོར་ཏེ། དེས་དེ་ལས་གཞན་པའི་རྣལ་འབྱོར་གང་ཡིན་པ་རྣམས་ཟིལ་གྱིས་མནན་ནས་གནས་སོ། །ཤཱ་རིའི་བུ། རྣལ་འབྱོར་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་སྒྲུབ་བོ། །མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མངོན་པར་སྒྲུབ་བོ། །ཤཱ་རིའི་བུ། རྣལ་འབྱོར་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེར་སྣའི་


DKG029_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མི་བསྐྱེད་དོ། །འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་དང། གནོད་སེམས་ཀྱི་སེམས་དང། ལེ་ལོའི་སེམས་དང། རྣམ་པར་གཡེང་བའི་སེམས་དང། འཆལ་པའི་ཤེས་རབ་ཀྱི་སེམས་མི་བསྐྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་གནས་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་ནི་གང་དུ་སྐྱེ་བར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་གནས་པ་དེ་ནི། སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིས་དག་ནས་ཤི་འཕོས་ཏེ་འདིར་སྐྱེས་པའམ། མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ། འདིར་སྐྱེས་པར་རིག་པར་བྱའོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ཏེ། འདིར་སྐྱེས་པ་དེ་ནི། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ལ་མྱུར་བར་རྣལ་འབྱོར་དུ་སྙོམས་པར་འཇུག་སྟེ། ཚེ་འདི་རྗེས་ནས་ཀྱང་ཆོས་ཟབ་མོ་འདི་མངོན་དུ་འགྱུར་ཞིང། ཕྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་གོ །སངས་རྒྱས་ཀྱི་ཞིང་གང་དང། གང་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དང་དེ་དག་ཏུའང་སྐྱེ་བར་འགྱུར་ཞིང། དེ་བཞིན་གཤེགས་པ་དེ་དག་མཉེས་པར་བྱེད་པར་ཡང་འགྱུར་རོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགའ་ལྡན་གྱི་ལྷའི་རིས་དག་ནས་ཤི་འཕོས་ཏེ། འདིར་སྐྱེས་པ་དེ་ནི་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་པ་མེད་པས་ན་གཟུངས་ཀྱི་སྒོ་དང། ཏིང་ངེ་འཛིན་གྱི་སྒོ་ཐམས་


DKG029_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་དེར་འདུས་ཤིང་ཉམས་པ་མེད་པ་ཡིན་ནོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ། མི་ཉིད་དང་སྐལ་བ་མཉམ་པར་སྐྱེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དབང་པོ་རྣམས་རྟུལ་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ལའང་མྱུར་དུ་སྙོམས་པར་མི་འཇུག་ཅིང། དེ་ལ་གཟུངས་ཀྱི་སྒོ་དང། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མངོན་དུ་མི་འགྱུར་རོ། །ཤཱ་རིའི་བུ། ཁྱོད་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་གནས་པ་དེ་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་བ་ལགས། ཞེས་ཟེར་བ་ནི། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་གནས་པ་དེ་ནི་སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་ཞིང། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཉེས་པར་བྱེད་པར་ཡང་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་གང་ལ་ལ་དག་བསམ་གཏན་བཞི་ལ་སྙོམས་པར་འཇུག་ཅིང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཀྱང། དེ་དག་བསམ་གཏན་ཐོབ་པས་ལྷ་ཚེ་རིང་པོའི་ནང་དུ་སྐྱེས་ནས། གལ་ཏེ་མིའི་ནང་དུ་སྐྱེ་བ་ཐོབ་པ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་ནའང་དེ་དག་དབང་པོ་རྣམས་རྟུལ་ཞིང་མི་རྣོ་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་རྣམས་ལ་སྙོམས་པར་འཇུག་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང། དེ་དག་ཐབས་ལ་མི་མཁས་པས། བསམ་གཏན་རྣམས་


DKG029_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ནས། དེ་དག་ཡང་འདོད་པའི་ཁམས་སུ་སྐྱེ་བའང་ཡོད་དེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་དབང་པོ་རྣམས་རྟུལ་བ་ཡིན་ཏེ། རྣོ་བ་མ་ཡིན་ནོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་དང། ཚད་མེད་པ་བཞི་ལའང་སྙོམས་པར་འཇུག །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། དྲན་པ་ཉེ་བར་བཞག་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་རྣམས་ལའང་སྙོམས་བར་འཇུག་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་ཐབས་ལ་མཁས་པས་བསམ་གཏན་གྱི་དབང་གིས་ཀྱང་མི་སྐྱེ། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེ་སྟེ། གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དང་དེར་སྐྱེ་ཞིང། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་མ་བྲལ་བས་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་དང། ཚང་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྐྱེད་ནས་དེ་དག་ཐབས་ལ་མཁས་པས་བསམ་གཏན་དང། ཏིང་ངེ་འཛིན་ཐམས་ཅད་ལས་ལོག་སྟེ། འདོད་པའི་ཁམས་རྣམས་སུ་སྐྱེ་ཞིང། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུའམ། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་རྣམས་སུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བ་དག་ཀྱང་ཡོད་དེ། དེའང་སྲིད་པ་འདོད་པའི་ཕྱིར་མ་ཡིན་གྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་ལའང་སྙོམས་པར་འཇུག །ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལའང་སྙོམས་པར་འཇུག་ལ། དེ་དག་ཐབས་ལ་མཁས་པས་བསམ་གཏན་དང། ཏིང་ངེ་


DKG029_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང། སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེ་སྟེ། དེ་དག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ། སུམ་ཅུ་རྩ་གསུམ་པ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་ཞིང། དེ་དག་ཏུ་གནས་ནས། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ཅིང། སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། ཐབས་ལ་མཁས་པས་བསམ་གཏན་བཞི་ལའང་སྙོམས་པར་འཇུག །ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལའང་སྙོམས་པར་འཇུག་ཅིང། དེ་དག་འདི་ནས་ཤི་འཕོས་ནས། ཚངས་པའི་འཇིག་རྟེན་དུ་སྐྱེ་སྟེ། དེ་དག་དེར་ཚངས་པའི་ཚངས་པ་ཆེན་པོར་གྱུར་ནས། དེ་དག་ཚངས་པའི་གནས་དེ་དག་ཏུ་གནས་ཏེ། སངས་རྒྱས་ཀྱི་ཞིང་གང་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བའི་དོན་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ཐབས་ལ་མཁས་པས། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལའང་སྙོམས་པར་འཇུག །དྲན་པ་ཉེ་བར་བཞག་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་རྣམས་ཀྱང་སྒོམ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་ལའང་སྙོམས་པར་འཇུག་ལ། དེ་དག་དེ་རྣམས་ཀྱི་དབང་གིས་ཀྱང་མི་སྐྱེ་ཞིང།


DKG029_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་རྣམས་མཉེས་པར་བྱས་ཏེ། དེར་ཚངས་པར་སྤྱོད་པ་སྤྱད་ནས། ཡང་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་དག་དེར་ཚེའི་ཡུན་ཇི་སྲིད་པར་གནས་ནས། དབང་པོ་མ་ཉམས་ལ། དྲན་པ་དང་ཤེས་བཞིན་དང་ལྡན་པར་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། འདིར་སྐྱེ་བ་བསྟན་ནས། སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་དག་འདོད་པའི་ཁམས་སུའང་མི་སྐྱེ། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་སུའང་མི་སྐྱེ་བར་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་དག་མངོན་པར་ཤེས་པ་དྲུག་པོ་དེ་དག་གིས་རྣམ་པར་རྩེ་ཞིང། སངས་རྒྱས་ཀྱི་ཞིང་གང་དག་ན་སངས་རྒྱས་ཀྱི་ཐེག་པ་མ་གཏོགས་པར་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པའི་སྒྲའང་མི་གྲག་པའི་སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་དག་མངོན་པར་ཤེས་པ་དྲུག་པོ་དེ་དག་གིས་རྣམ་པར་རྩེ་ཞིང། སངས་རྒྱས་ཀྱི་ཞིང་གང་དག་ན་སེམས་ཅན་རྣམས་ཀྱི་ཚེའི་ཚད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་དག་འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང། ཆོས་ཀྱི་སྒྲ་མི་གྲག་པ་དང། དགེ་འདུན་གྱི་སྒྲ་མི་གྲག་པའི་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང། དེ་དག་དེར་


DKG029_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྒྲ་སྒྲོག །ཆོས་ཀྱི་སྒྲ་སྒྲོག །དགེ་འདུན་གྱི་སྒྲ་སྒྲོག་ཅིང། དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པ་དག་ཀྱང་ཡོད་དེ། སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དང། ཆོས་ཀྱི་སྒྲ་དང། དགེ་འདུན་གྱི་སྒྲ་དེས་སེམས་རབ་ཏུ་དང་བར་གྱུར་ནས། དེ་དག་ནས་ཤི་འཕོས་ཏེ། གང་ན་སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་པ་དེ་དག་ཏུ་སྐྱེའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པར་གྱུར་ཅིང། དྲན་པ་ཉེ་བར་བཞག་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། འཕགས་པའི་ལམ་སྒོམ་ལ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་དག་འདོད་པའི་ཁམས་སུའང་མི་སྐྱེ། གཟུགས་ཀྱི་ཁམས་སུའང་མི་སྐྱེ། གཟུགས་མེད་པའི་ཁམས་སུའང་མི་སྐྱེ་ལ། དེ་དག་ཏུ་སེམས་ཅན་རྣམས་ཀྱི་དོན་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས། ཕྱིར་མི་ལྡོག་པའི་ས་ལ་གནས་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཚད་མེད། གྲངས་མེད་པ་རྣམས་ཀྱི་དོན་བྱས་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ཞིང། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང། དེ་དག་གི་དམ་པའི་ཆོས་བསྐལ་པའམ། བསྐལ་པ་ལས་ལྷག་པར་གནས་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཉིད་


DKG029_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་ཅིང། དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བསམ་གཏན་བཞི་ཐོབ་པ་དང། ཚད་མེད་པ་བཞི་ཐོབ་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པ་དང། བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རྣམ་པ་དུ་མར་རྣམ་པར་རྩེ་ཞིང། འདི་ལྟ་སྟེ། དེ་དག་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཅིའང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་


DKG029_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་པཧ་ཡིན་པ་ལ་དེ་ལྟར་སྤྱོད་པ་ཐབས་ལ་མཁས་པ་དང་ལྡན་པ་དག་བསམ་གཏན་དང། ཚད་མེད་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དེ་དག་ལ་ཐོད་རྒལ་དུ་སྙོམས་པར་འཇུག་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཉེ་བར་བཞག་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། འཕགས་པའི་ལམ་ཐོབ་ཅིང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་དག །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མི་བྱེད། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པ་ཉིད་དང། རང་བྱང་ཆུབ་ཐོབ་པར་མི་བྱེད་པར། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཐབས་ལ་མཁས་པས་སེམས་ཅན་གྱི་སེམས་ཀྱི་རྒྱུད་རྣམས་ལམ་ལ་ཞུགས་པར་བྱས་ཏེ། རྣམ་པར་སྦྱངས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པ་ཉིད་དང། རང་བྱང་ཆུབ་ཐོབ་པར་བྱེད་པ་དེ་དག་ཀྱང་ཡོད་དེ། ཤཱ་རིའི་བུ། ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱི་འབྲ་སྦུ་ཐོབ་པར་བྱེད་པའི་ཤེས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །ཞེས་བྱའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། དགའ་ལྡན་གྱི་གནས་ཡོངས་སུ་སྦྱོང་བར་བྱེད་པ་དག་ཀྱང་ཡོད་དེ། ཤཱ་རིའི་བུ། དེ་དག་ནི་བསྐལ་པ་བཟང་པོ་པའི་


DKG029_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་བཞི་ཐོབ་ཅིང། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་ཐོབ་པ་དེ་དག་ནི་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྤྱོད་ཀྱང། དེ་དག་བདེན་པ་བཞི་རྟོགས་པར་མི་བྱེད་པ་དག་ཀྱང་ཡོད་དེ། ཤཱ་རིའི་བུ། དེ་དག་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་སྟེ། དེ་དག་ཏུའང་སེམས་ཅན་རྣམས་བྱང་ཆུབ་ལ་ཡང་དག་པར་འཛུད་ཅིང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དག་ཀྱང་ཡོད་དེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐྱལ་པ་ཚད་མེད་གྲངས་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། སེམས་ཅན་རྣམས་ཀྱི་ཆེད་དུ་རྟག་ཏུ་བརྩོན་པ་དག་ལན་འགའ་ཡང་དོན་མེད་པ་དང་ལྡན་པའི་ཚིག་མི་སྨྲ་ཞིང། དོན་མེད་པ་དང་ལྡན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་མི་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། སེམས་ཅན་རྣམས་ཀྱི་ཆེད་དུ་རྟག་ཏུ་བརྩོན་པ་དག་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང། སེམས་ཅན་རྣམས་ཀྱི་ངན་སོང་གསུམ་གྱི་ལམ་གཅོད་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ནས། སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་ཅིང། འདི་ལྟར་ཟས་འདོད་པ་རྣམས་ལ་ནི་ཟས། སྒོམ་འདོད་པ་རྣམས་ནི་སྐོམ། མེ་ཏོག་དང། མེ་ཏོག་ཕྲེང་དང། སྤོས་དང། བྱུག་པ་དང། བདུག་སྤོས་དང།


DKG029_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མལ་སྟན་དང། རྒྱབ་རྟེན་དང། གོས་དང། རྒྱན་དང། འཚོ་བ་དང། ཁྱིམ་དང། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། གསེར་དང། དངུལ་དང། བྱུ་རུ་དང། འཚོ་བའི་ཡོ་བྱད་གང་ཡང་རུང་བ་དག་ཉེ་བར་སྒྲུབ་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ནས་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་སྡོམ་པ་ལ་འགོད་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ནས། སེམས་ཅན་རྣམས་ཁྲོ་བ་མེད་པ་དང། གནོད་སེམས་མེད་པ་ལ་འགོད་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ནས། སེམས་ཅན་རྣམས་དགེ་བའི་ཆོས་ལ་མངོན་པར་བརྩོན་པ་ལ་འགོད་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ནས། སེམས་ཅན་རྣམས་ཞི་གནས་རྩེ་གཅིག་ཏུ་བྱ་བ་དང། འདོད་པ་ལས་དབེན་པ་ལ་འགོད་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ནས། དེ་བཞིན་གཤེགས་པའི་སྐུ་ཅི་འདྲ་བ་དེ་འདྲ་བ་ཉིད་ཀྱི་ལུས་མངོན་པར་སྤྲུལ་ནས། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་དང། དུད་འགྲོའི་སྐྱེ་གནས་པ་རྣམས་དང། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ངན་འགྲོ་ཐམས་ཅད་ལས་ཡང་དག་པར་བཟླ་བའི་ཕྱིར། ཆོས་སྟོན་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བ་ཉིད་ཀྱི་ལུས་མངོན་པར་སྤྲུལ་ནས།


DKG029_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱེད་པ་དང། ཆོས་ཀྱང་ཉན་པ་དང། བྱང་ཆུབ་སེམས་དཔའི་དགེ་འདུན་དང། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཀྱང་མཐོང་བར་བྱེད་ཅིང། དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་ནས་དེ་བས་ཀྱང་རྒྱ་ཆེ་བ་དང། ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་སྒྲུབ་པར་བྱེད་པ་དག་ཀྱང་ཡོད་དོ། །དེ་བཞིན་དུ་ལྷོ་དང། ནུབ་དང། བྱང་དང། བྱང་ཤར་དང། ཤར་ལྷོ་དང། ལྷོ་ནུབ་དང། ནུབ་བྱང་དང། འོག་དང། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང། །སེམས་ཅན་རྣམས་ལ་ཆོས་སྟོན་པ་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱེད་པ་དང། ཆོས་ཉན་པ་དང། བྱང་ཆུབ་སེམས་དཔའི་དགེ་འདུན་དང། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་མཐོང་བར་བྱེད་ཅིང། དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མར་ཡོངས་སུ་བཟུང་ནས། དེ་བས་ཀྱང་རྒྱ་ཆེ་བ་དང། ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་སྒྲུབ་པར་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་བྱས་ཏེ། དབང་པོ་གསལ་ཞིང་ཡོངས་སུ་དག་པ་རྣམས་དང་ལྡན་པར་གྱུར་ནས། དེ་དག་ལུས་ཡོངས་སུ་དག་པ་དེ་དག་གིས་སྐྱེ་བོ་མང་པོ་དགའ་ཞིང་དད་པ་སྐྱེད་པར་བྱེད་དེ། དེ་དག་སྐྱེ་བོ་མང་པོའི་ཡིད་དུ་འོང་ཞིང་དགའ་བར་གྱུར་ནས། སེམས་ཅན་དེ་


DKG029_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་སེམས་རབ་ཏུ་དད་པར་གྱུར་པ་དེ་ཉིད་ཀྱི་དགེ་བའི་རྩ་བས་ཐེག་པ་གསུམ་པོ་དག་གིས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དེ། ཤཱ་རིའི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ལུས་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །ངག་ཡོངས་སུ་དག་པ་དང། ཡིད་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། དབང་པོ་གསལ་བ་དག་ཐོབ་པར་གྱུར་ནས་དེ་དག་དབང་པོ་གསལ་བ་དེ་དག་གིས་བདག་ལ་བསྟོད་པར་མི་བྱེད་ཅིང། གཞན་ལ་སྨོད་པར་མི་བྱེད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཕྱིར་མི་ལྡོག་པའི་ས་ཐོབ་ཀྱི་བར་དུ་ནམ་ཡང་དབུལ་པོར་མི་འགྱུར་ཞིང། ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད། ཕྱིར་མི་ལྡོག་པའི་ས་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་འགོད་ཅིང། སྦྱིན་པ་དང། སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དུ་མ་ཡོངས་སུ་བཟུང་ནས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་དུ་མ་བྱེད་དུ་འཇུག་ཅིང། དེ་ལ་གནས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མ་མཉེས་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོ་བྱད་ཐམས་ཅད་དང། མཆོད་པ་ཐམས་ཅད་ཀྱིས་


DKG029_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་མཆོད་པ་བྱེད་པ་དག་ཀྱང་ཡོད་དེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ནས། སེམས་ཅན་ལོག་པར་ལྟ་བུའི་མུན་པ་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་ཀྱིས་སྣང་བར་བྱེད་ཅིང། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དེ་དང་མི་འབྲལ་བར་བྱེད་པ་དག་ཀྱང་ཡོད་དེ། ཤཱ་རིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལ་འབྱུང་བ་ཡིན་ནོ། །ཤཱ་རིའི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཁ་ན་མ་ཐོ་བ་དང་བཅས་པའི་ལུས་དང། ངག་དང། ཡིད་ཀྱི་ལས་རྣམས་ཀྱི་གོ་མི་དབྱེའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་པ། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་དང། ངག་གི་ལས་ཁ་ན་མ་ཐོ་བ་དང་བཅས་པ་དང། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། འདི་སྙམ་དུ་འདི་ནི་ལུས་ཡིན་ཏེ། དེས་ལུས་ཀྱི་རྩོམ་པ་བྱེད། འདི་ནི་ངག་ཡིན་ཏེ། དེས་ངག་གི་རྩོམ་པ་བྱེད། འདི་ནི་ཡིད་ཡིན་ཏེ། དེས་ཡིད་ཀྱི་རྩོམ་པ་བྱེད་དོ། །སྙམ་དུ་སེམས་ན། ཤཱ་རིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང། ངག་དང། ཡིད་ཀྱི་ལས་རྩོམ་པ་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ལུས་མི་དམིགས། ངག་མི་དམིགས། ཡིད་མི་དམིགས་སོ། །


DKG029_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་གལ་ཏེ་ལུས་དམིགས་པ་དང། ངག་དམིགས་པ་དང། ཡིད་དམིགས་པ་ཡོད་པར་གྱུར་ན། དེ་དེའི་ཚེ་ལུས་དང་ངག་དང་ཡིད་དེས་སེར་སྣའི་སེམས་བསྐྱེད་པར་འགྱུར་ཞིང། འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་དང། གནོད་སེམས་ཀྱི་སེམས་དང། ལེ་ལོའི་སེམས་དང། རྣམ་པར་གཡེང་བའི་སེམས་དང། འཆལ་པའི་ཤེས་རབ་ཀྱི་སེམས་ཀྱང་བསྐྱེད་པར་འགྱུར་བ་ཞིག་ན། ཤཱ་རིའི་བུ། དེ་ལྟར་ན་རིག་པར་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ལུས་དང། ངག་དང། ཡིད་ཀྱི་གནས་ངན་ལེན་སྐྱེད་པ་དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་ལུས་ཀྱི་གནས་ངན་ལེན་སྦྱོང་བ་དང། ངག་གི་གནས་ངན་ལེན་སྦྱོང་བ་དང། ཡིད་ཀྱི་གནས་ངན་ལེན་སྦྱོང་བར་བྱེད་པའི་ཕྱིར་ཏེ། ཤཱ་རིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་སྦྱོང་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ལུས་མི་དམིགས་པ་དང། ངག་མི་དམིགས་པ་དང། ཡིད་མི་དམིགས་པ་སྟེ། ཤཱ་རིའི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དང། ངག་དང། ཡིད་ཀྱི་གནས་ངན་ལེན་སྦྱོང་བར་བྱེད་པ་ཡིན་ནོ། །ཤཱ་རིའི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་གནས་ཏེ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་མི་སྐྱེད་པར་དེ་རྟག་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་འཇོག་པར་བྱེད་ན། དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་སེམས་


DKG029_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོའི་ལུས་དང། ངག་དང། ཡིད་ཀྱི་གནས་ངན་ལེན་ཡོངས་སུ་དག་པ་ཡིན་ནོ། །ཞེས་ང་སྨྲའོ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ཀྱང་ཡོད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཀྱི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་ཀྱི་ལམ་གང་ལ་སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་མི་དམིགས། ངག་མི་དམིགས། ཡིད་མི་དམིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། ཉན་ཐོས་ཀྱི་ཐེག་པ་མི་དམིགས། རང་སངས་རྒྱས་ཀྱི་ཐེག་པ་མི་དམིགས། བྱང་ཆུབ་སེམས་དཔའི་ཐེག་པ་མི་དམིགས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་མི་དམིགས་ཤིང། འདི་ལྟ་སྟེ། ཆོས་ཐམས་ཅད་དམིགས་སུ་མེད་པ་འདི་ནི། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་འདི་ནས་འགྲོ་ཞིང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། སུས་ཀྱང་ཐུལ་བར་མི་ནུས་སོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་སྤྱོད་པ་དག་སུས་ཀྱང་མི་ཐུལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་


DKG029_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གཟུགས་ལ་རློམ་སེམས་སུ་མི་བྱེད་པ་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ལ་རློམ་སེམས་སུ་མི་བྱེད་པ་དང། སའི་ཁམས་ལ་རློམ་སེམས་སུ་མི་བྱེད་པ་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའི་ཁམས་དང། རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་སུ་མི་བྱེད་པ་དང། མིག་དང། གཟུགས་ལ་རློམ་སེམས་སུ་མི་བྱེད་པ་དང། རྣ་བ་དང། སྒྲ་དང། སྣ་དང། དྲི་དང། ལྕེ་དང། རོ་དང། ལུས་དང། རེག་བྱ་དང། ཡིད་དང། ཆོས་ལ་རློམ་སེམས་སུ་མི་བྱེད་པ་དང། མིག་གི་ཁམས་དང། གཟུགས་ཀྱི་ཁམས་དང། མིག་གི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་སུ་མི་བྱེད་པ་དང། དེ་བཞིན་དུ་རྣ་བའི་ཁམས་དང། སྒྲའི་ཁམས་དང། རྣ་བའི་རྣམ་པར་ཤེས་པའི་ཁམས་དང། སྣའི་ཁམས་དང། དྲིའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་ཁམས་དང། རོའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང་ལུས་ཀྱི་ཁམས་དང། རེག་བྱའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་སུ་མི་བྱེད་པ་དང། ཡིད་ཀྱི་ཁམས་ལ་རློམ་སེམས་སུ་མི་བྱེད་པ་དང། ཆོས་ཀྱི་ཁམས་ལ་རློམ་སེམས་སུ་མི་བྱེད་པ་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་སུ་མི་བྱེད་པ་དང། དྲན་པ་ཉེ་བར་བཞག་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་རྣམས་ལ་རློམ་སེམས་སུ་མི་བྱེད་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་སེམས་སུ་མི་བྱེད་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་སེམས་སུ་མི་བྱེད་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་རློམ་སེམས་སུ་མི་བྱེད་པ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རློམ་སེམས་སུ་མི་


DKG029_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རློམ་སེམས་སུ་མི་བྱེད་པ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པ་ཉིད་ལ་རློམ་སེམས་སུ་མི་བྱེད་པ་དང། རང་བྱང་ཆུབ་ལ་རློམ་སེམས་སུ་མི་བྱེད་པ་དང། བྱང་ཆུབ་སེམས་དཔའ་ལ་རློམ་སེམས་སུ་མི་བྱེད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རློམ་སེམས་སུ་མི་བྱེད་པ་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་བ་ནི་སུས་ཀྱང་མི་ཐུལ་བ་ཡིན་ནོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་ཅིང། ཡེ་ཤེས་དེ་དང་ལྡན་པས། ངན་སོང་རྣམས་ཀྱི་སྒོ་ཐམས་ཅད་གཅོད་པ་དང། དབུལ་ཞིང་རྒུད་པའི་མིར་མི་འགྱུར་བ་དང། ལུས་གང་གིས་ལྷ་དང་བཅས་པའི་འཇིག་རྟེན་ན་སྨད་པར་འགྱུར་བ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་མི་འགྱུར་བ་དག་ཀྱང་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལགས། བཅོམ་རྣམ་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་དང་ལྡན་པ་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་མཐོང་ངོ། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་མཐོང་ངོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པར་དག་པའང་མཐོང་ངོ། །དེ་བཞིན་དུ་ལྷོ་དང། ནུབ་དང། བྱང་དང། བྱང་ཤར་དང། ཤར་ལྷོ་དང། ལྷོ་ནུབ་དང། ནུབ་བྱང་དང། འོག་དང། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་


DKG029_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་མཐོང་ངོ། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་མཐོང་ངོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པར་དག་པའང་མཐོང་ངོ། །ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སངས་རྒྱས་ཀྱི་འདུ་ཤེས་མི་བསྐྱེད་དོ། །བྱང་ཆུབ་སེམས་དཔའི་འདུ་ཤེས་མི་བསྐྱེད་དོ། །ཉན་ཐོས་ཀྱི་འདུ་ཤེས་དང། རང་སངས་རྒྱས་ཀྱི་འདུ་ཤེས་དང། བདག་གི་འདུ་ཤེས་དང། གཞན་གྱི་འདུ་ཤེས་དང། སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་མི་བསྐྱེད་དོ། །ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། དེ་བཞིན་དུ་ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་སྤྱོད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་དག་ཀྱང་མི་དམིགས་སོ། །ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། དྲན་པ་ཉེ་བར་བཞག་པ་རྣམས་ཀྱང་བསྒོམ་ལ། དྲན་པ་ཉེ་བར་བཞག་པ་རྣམས་ཀྱང་མི་དམིགས་སོ། །ཡང་དག་པའི་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་ཡང་བསྒོམ་ལ། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་ཡང་མི་དམིགས་སོ། །སྟོབས་རྣམས་དང། མི་འཇིགས་པ་རྣམས་དང། སོ་སོ་ཡང་དག་པར་རིག་པ་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མི་དམིགས་སོ། །ཤཱ་རིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ཏེ། ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཀྱང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མིག་ལྔ་འཐོབ་པ་དང། ཡོངས་སུ་སྦྱོང་བ་དག་ཀྱང་ཡོད་


DKG029_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང། ལྷའི་མིག་དང། ཤེས་རབ་ཀྱི་མིག་དང། ཆོས་ཀྱི་མིག་དང། སངས་རྒྱས་ཀྱི་མིག་གོ །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །བྱང་ཆུབ་སེམས་དཔའི་ཤའི་མིག་གིས་དཔག་ཚད་ཉིས་བརྒྱ་མཐོང་བ་ཡོད་དོ། །བྱང་ཆུབ་སེམས་དཔའི་ཤའི་མིག་གིས་ཛམྦུའི་གླིང་མཐོང་བ་ཡོད་དོ། །བྱང་ཆུབ་སེམས་དཔའི་ཤའི་མིག་གིས་ཛམྦུའི་གླིང་གཉིས་མཐོང་བ་ཡོད་དོ། །བྱང་ཆུབ་སེམས་དཔའི་ཤའི་མིག་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །བྱང་ཆུབ་སེམས་དཔའི་ཤའི་མིག་གིས་སྟོང་གི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །བྱང་ཆུབ་སེམས་དཔའི་ཤའི་མིག་གིས་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །བྱང་ཆུབ་སེམས་དཔའི་ཤའི་མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དེ། ཤཱ་རིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་པའི་མདུན་ན་འདོན་དང། ཚངས་རིས་དང། ཚངས་འཁོར་དང། འོད་ཆུང་དང། ཚད་མེད་འོད་དང། འོད་གསལ་དང། དགེ་ཆུང་དང། ཚད་མེད་དགེ་དང། དགེ་རྒྱས་དང། སྤྲིན་མེད་དང། བསོད་ནམས་སྐྱེས་དང། འབྲས་བུ་ཆེ་


DKG029_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དང། སེམས་ཅན་འདུ་ཤེས་མེད་པ་དང། གནས་གཙང་མ་དང། མི་ཆེ་བ་དང། མི་གདུང་བ་དང། གྱ་ནོམ་སྣང་དང། ཤིན་ཏུ་མཐོང་དང། འོག་མིན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །གོང་མ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའི་ལྷའི་མིག་གང་ཡིན་པ་དེ་ནི་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །ལྷའི་མིག་ཡོངས་སུ་དག་པ་དེ་ཉིད་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་འཁོད་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ལྷོ་དང། ནུབ་དང། བྱང་དང། ཕྱོགས་མཚམས་དང། འོག་དང། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་འཁོད་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང། སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤཱ་རིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་དེ་དང་ལྡན་པ་ནི་འདུས་བྱས་སམ། འདུས་མ་བྱས་སམ། དགེ་བའམ། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། ཉོན་མོངས་པ་དང་བཅས་པའམ། ཉོན་མོངས་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའི་ཆོས་གང་ཡང་མི་ཤེས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མིག་དེ་དང་ལྡན་པ་ནི་ཆོས་གང་ཡང་མ་མཐོང་བའམ། མ་ཐོས་པའམ། མི་དྲན་པའམ། རྣམ་པར་མི་ཤེས་པར་གྱུར་པ་ཅིའང་མེད་དེ། ཤཱ་རིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་


DKG029_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་གིས་གང་ཟག་འདི་ནི་དད་པས་རྗེས་སུ་འབྲང་བའོ། །འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །འདི་ནི་སྟོང་པ་ཉིད་ལ་གནས་པ། འདི་ནི་མཚན་མ་མེད་པ་ལ་གནས་པ། འདི་ནི་སྨོན་པ་མེད་པ་ལ་གནས་པ་སྟེ། རྣམ་པར་ཐར་པའི་སྒོ་རྣམས་ཀྱིས་གང་ཟག་དེའི་དབང་པོ་ལྔ་པོ་དག་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ། །བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་བསྐྱེད་པར་འགྱུར་རོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་འཇིག་ཚོགས་ལ་ལྟ་བ་དང། ཐེ་ཚོམ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་གསུམ་སྤོང་བར་འགྱུར་ཏེ། གང་ཟག་དེ་ནི་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེས་སྒོམ་པའི་ལམ་ཐོབ་ནས་འདོད་པ་ལ་འདོད་ཆགས་དང། གནོད་སེམས་སྲབ་མོར་བྱེད་པར་འགྱུར་ཏེ། གང་ཟག་དེ་ནི་ལན་གཅིག་ཕྱིར་འོང་བ་ཞེས་བྱའོ། །དེས་ལམ་དེ་ཉིད་ཤས་ཆེར་བསྒོམས་པས་འདོད་པ་ལ་འདོད་ཆགས་དང། གནོད་སེམས་སྤོང་བར་འགྱུར་ཏེ། གང་ཟག་དེ་ནི་ཕྱིར་མི་འོང་བ་ཞེས་བྱའོ། །དེས་ལམ་དེ་ཉིད་ཤས་ཆེར་བསྒོམས་པས་གཟུགས་ལ་འདོད་ཆགས་དང། གཟུགས་མེད་པ་ལ་འདོད་ཆགས་དང། མ་རིག་པ་དང། ང་རྒྱལ་དང། རྒོད་པ་སྤོང་བར་འགྱུར་ཏེ། གང་ཟག་དེ་ནི་དགྲ་བཅོམ་པ་ཞེས་བྱའོ། །གང་ཟག་འདི་ནི་སྟོང་པ་ཉིད་ལ་གནས་པ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་དབང་པོ་ལྔ་པོ་དག་ཐོབ་པར་འགྱུར་ཞིང། བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ། །བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་བསྐྱེད་པར་འགྱུར་རོ། །ཞེས་བྱ་བ་ནས། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །གང་


DKG029_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་འདི་ནི་མཚན་མ་མེད་པ་ལ་གནས་པ་སྟེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པས་དབང་པོ་ལྔ་པོ་དག་ཐོབ་པར་འགྱུར། ཞེས་བྱ་བ་ནས། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །གང་ཟག་འདི་ནི་སྨོན་པ་མེད་པ་ལ་གནས་པ་སྟེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པས་དབང་པོ་ལྔ་པོ་དག་ཐོབ་པར་འགྱུར་རོ། །དེ་ནས་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་ཏེ། བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་ནས། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ། །ཞེས་བྱ་བ་ནས། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །ཞེས་བྱ་བའི་བར་དུ་ཤེས་ཏེ། ཤཱ་རིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔས་འདི་ལྟར་ཀུན་འབྱུང་བའི་ཆོས་གང་ཅི་ཡོད་པ་དེ་ཐམས་ཅད་འགོག་པའི་ཆོས་ཡིན་ནོ་ཞེས་བྱ་བར་རྟོགས་ནས། དད་པ་ལ་སོགས་པ་དབང་པོ་ལྔ་འཐོབ་པར་འགྱུར་ཏེ། ཤཱ་རིའི་བུ། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སེམས་དང་པོ་བསྐྱེད་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་ཅིང། དེ་དེ་ནས་དད་པའི་དབང་པོ་དང། བརྩོན་འགྲུས་ཀྱི་དབང་པོ་ཐོབ་ལ། དེ་ཐབས་ལ་མཁས་པ་དང་ཡང་ལྡན། དགེ་བའི་རྩ་བས་ཀྱང་བརྟན་པས། བསམ་བཞིན་དུ་ལུས་ཡོངས་སུ་འཛིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། འདི་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། འདི་ནི་སུམ་ཅུ་རྩ་གསུམ་བ་རྣམས་སུ། འདི་ནི་འཐབ་བྲལ་དུ། འདི་ནི་དགའ་ལྡན་དུ། འདི་ནི་འཕྲུལ་དགར། འདི་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་


DKG029_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་དེར་གནས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་ཡང་འགྱུར་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སེམས་ཅན་དེ་དག་ལ་ཉེ་བར་གནས་པར་ཡང་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་ཡང་འགྱུར་ཞིང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཉེས་པར་བྱེད་པར་འགྱུར། བསྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར་ལ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་ཡང་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཕྱིར་ལྡོག་པར་མི་འགྱུར་རོ། །ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཤཱ་རིའི་བུ། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་ལུང་མ་བསྟན་པའོ། །འདི་དག་ནི་ངེས་པའོ། །འདི་དག་ནི་མ་ངེས་པའོ། །འདི་དག་ནི་ལུང་བསྟན་པར་འགྱུར་བའོ། །འདི་དག་ནི་ལུང་བསྟན་པར་མི་འགྱུར་བའོ། །འདི་དག་ནི་ཕྱིར་མི་ལྡོག་པའོ། །འདི་དག་ནི་ཕྱིར་མི་ལྡོག་པ་མ་ཡིན་པའོ། །འདིའི་མངོན་པར་ཤེས་པ་རྣམས་ནི་ཡོངས་སུ་རྫོགས་སོ། །འདིའི་མངོན་པར་ཤེས་པ་རྣམས་ནི་ཡོངས་སུ་མ་རྫོགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད། བསྙེན་བཀུར་བྱེད། བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་དོ། །དེ་བཞིན་དུ་ལྷོ་དང། ནུབ་དང། བྱང་དང། བྱང་ཤར་དང། ཤར་ལྷོ་དང། ལྷོ་


DKG029_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་དང། ནུབ་བྱང་དང། འོག་དང། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད། བསྙེན་བཀུར་བྱེད། བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་དོ། །འདི་ནི་མངོན་པར་ཤེས་པ་རྣམས་འཐོབ་པར་འགྱུར་རོ། །འདི་ནི་མངོན་པར་ཤེས་པ་རྣམས་འཐོབ་པར་མི་འགྱུར་རོ། །འདི་ནི་བཟོད་པ་ཐོབ་པའོ། །འདི་ནི་བཟོད་པ་མ་ཐོབ་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་འགྱུར་རོ། །འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྨོན་ལམ་ཆེན་པོ་དང་ལྡན་པའོ། །འདི་ནི་སྨོན་ལམ་ཆེན་པོ་དང་མི་ལྡན་པའོ། །འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱས་སོ། །འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྔགས་པ་བརྗོད་པ་མཛད་དོ། །འདི་ལ་ནི་བསྔགས་པ་བརྗོད་པར་མི་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་གནས་པར་འགྱུར་རོ། །འདི་དག་ནི་ཉེ་བར་གནས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འདིའི་ཚེ་ནི་དཔག་ཏུ་ཡོད་པར་འགྱུར་རོ། །འདིའི་ཚེ་ནི་དཔག་ཏུ་མེད་པར་འགྱུར་རོ། །འདིའི་འོད་དང། དབྱངས་དང། དགེ་སློང་གི་དགེ་འདུན་ནི་དཔག་ཏུ་མེད་པར་འགྱུར་རོ། །འདི་ནི་དཔག་ཏུ་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་འགྱུར་རོ། །འདི་ནི་ལྡན་པར་མི་འགྱུར་རོ། །འདི་ནི་དཀའ་བ་སྤྱད་པ་སྤྱོད་པར་འགྱུར་རོ། །འདི་ནི་སྤྱོད་པར་མི་འགྱུར་རོ། །འདི་ནི་སྲིད་པ་ཐ་མ་པའོ། །འདི་ནི་སྲིད་པ་ཐ་མ་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་འགྱུར་རོ། །


DKG029_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་འདུག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་འབྱུང་བར་འགྱུར་རོ། །འདི་དག་ལ་ནི་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཤཱ་རིའི་བུ། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་མཇུག་ཐོགས་སུ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡིན། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་རྣམ་པར་ཐར་པ་སྒྲིབ་པ་མེད་པ་དང་ལྡན་པ་ཡིན་ནོ། །དེ་ནི་དེའི་མིག་ཡིན་ཏེ། མིག་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་རྣམ་པ་ཐམས་ཅད་དུ་མ་མཐོང་བའམ། མ་ཐོས་པའམ། མི་དྲན་པའམ། རྣམ་པར་མི་ཤེས་པ་ཅིའང་མེད་དེ། ཤཱ་རིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་ཡོངས་སུ་སྦྱོང་བར་འདོད་པ་དང། ཐོབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་དགེ་བའི་ཆོས་ཐམས་ཅད་དང། ཉན་ཐོས་ཀྱི་ཆོས་ཐམས་ཅད་དང། རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་འདུས་པའི་ཕྱིར་རོ། །ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་དགེ་བའི་ཆོས་ཐམས་ཅད་འདུས་སོ། །ཞེས་ཡང་དག་པར་སྨྲ་བས་སྨྲ་ན། ཡང་དག་


DKG029_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨྲ་བས་སྨྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་མིག་ལྔ་པོ་དེ་དག་སྐྱེད་པ་སྟེ། མིག་ལྔ་པོ་དེ་དག་ལ་བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་ཅིང། དེས་རྫུ་འཕྲུལ་བྱ་བ་རྣམ་པ་དུ་མ་མྱོང་བར་འགྱུར་ཏེ། དེ་སའང་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང། མང་པོར་གྱུར་ནས་ཀྱང་གཅིག་ཏུ་འགྱུར་བ་དང། སྣང་བར་འགྱུར་ཞིང། མི་སྣང་བར་འགྱུར་བའང་མྱོང་བར་བྱེད་དོ། །རྩིག་པ་ལའང་ཐད་ཀར་འགྲོའོ། །ར་བ་ལའང་ཐད་ཀར་འགྲོའོ། །རི་ལའང་ལུས་མི་ཐོགས་པར་ཐད་ཀར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལའང་སྐྱིལ་མོ་ཀྲུང་བཅས་ནས་འགྲོ་སྟེ། དཔེར་ན། འདབ་ཆགས་བྱ་བཞིན་ནོ། །ས་ལའང་སྟེང་དུ་འབྱུང་བ་དང། བྱིའུ་ཟུལ་བྱེད་དེ། དཔེར་ན། ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལའང་མི་ནུབ་པར་འགྲོ་སྟེ། དཔེར་ན། ས་ལ་བྱ་བ་བཞིན་ནོ། །དུ་བ་འཐུལ་བར་ཡང་བྱེད། འབར་བ་ཡང་བྱེད་དེ། དཔེར་ན། མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཟླ་བ་དང་ཉི་མ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་འདི་དག་ལའང་ལག་པས་ནོམ་ཞིང་ཀུན་ཏུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུའང་ལུས་ཀྱིས་དབང་སྒྱུར་རོ། །ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར། དེས་གང་གིས་རློམ་སེམས་སུ་འགྱུར་བའི་རྫུ་འཕྲུལ་དེའང་མི་དམིགས། གང་རློམ་སེམས་སུ་བྱེད་པ་དང། གང་གིས་རློམ་སེམས་སུ་བྱེད་པ་དེའང་མི་དམིགས་ཏེ། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་རྫུ་འཕྲུལ་དུ་སེམས་པའམ། རྫུ་འཕྲུལ་མངོན་པར་བསྒྲུབ་པའི་སེམས་པའང་མི་སྐྱེད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DKG029_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། རྫུ་འཕྲུལ་བྱ་བ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་བོ། །དེས་ལྷའི་རྣ་བ་རྣམ་པར་དག་པ་མིའི་ལས་འདས་པ། འདི་ལྟ་སྟེ། ལྷ་དང་མིའི་སྒྲ་རྣམས་ཐོས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་དེས་སྒྲ་དེ་མི་དམིགས་པས་བདག་གིས་སྒྲ་ཐོས་སོ། །སྙམ་དུ་ལྷའི་རྣ་བ་དེས་རློམ་སེམས་སུ་མི་བྱེད་དོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་ལྷའི་རྣ་བར་སེམས་པའང་མི་སྐྱེད་ཅིང་མི་དམིགས་སོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ལྷའི་རྣ་བ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་བོ། །དེས་སེམས་ཅན་གཞན་རྣམས་དང། གང་ཟག་གཞན་དག་གི་སེམས་ཀྱང་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ལའང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལའང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་དང། གཏི་མུག་དང་བཅས་པ་དང། གཏི་མུག་དང་བྲལ་བ་དང། སྲེད་པ་དང་བཅས་པ་དང། སྲེད་པ་དང་བྲལ་བ་དང། ལེན་པ་དང་བཅས་པ་དང། ལེན་པ་མེད་པ་དང། བསྡུས་པ་དང། རྣམ་པར་གཡེངས་པ་དང། ཆུང་ངུ་དང། ཆེན་པོར་གྱུར་པ་དང། མཉམ་པར་བཞག་པ་དང། མཉམ་པར་མ་བཞག་པ་དང། རྣམ་པར་གྲོལ་བ་དང། རྣམ་པར་མ་གྲོལ་བ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། ཉོན་མོངས་པ་དང་བཅས་པ་དང། ཉོན་མོངས་པ་མེད་པ་དང། བླ་ན་ཡོད་པའི་སེམས་ལའང་བླ་ན་ཡོད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ལའང་བླ་ན་མེད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ལྟར་སེམས་དེའང་སེམས་མ་ཡིན་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར་དེས་རློམ་སེམས་


DKG029_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་བྱེད་དོ། །དེས་གང་གིས་རློམ་སེམས་སུ་མི་བྱེད་པའི་སེམས་དེ་ཉིད་ཀྱང་མི་དམིགས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་བདག་གིས་ཤེས་སོ། །སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་སེམས་ལ་སེམས་པའང་མི་བསྐྱེད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་བོ། །དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་སྟེ། དེས་སེམས་གཅིག་གམ། སེམས་བརྒྱའི་བར་དུའང་རྗེས་སུ་དྲན་ནོ། །ཞག་གཅིག་དང། ཞག་བརྒྱའི་བར་དང། ཟླ་བ་གཅིག་དང། ཟླ་བ་བརྒྱའི་བར་དང། ལོ་གཅིག་དང། ལོ་བརྒྱའི་བར་དང། བསྐལ་པ་གཅིག་དང། བསྐལ་པ་བརྒྱའི་བར་དང། བསྐལ་པ་བརྒྱ་ཕྲག་དུ་མའམ། བསྐལ་པ་སྟོང་ཕྲག་དུ་མའམ། བསྐལ་པ་འབུམ་ཕྲག་དུ་མའམ། བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མའི་བར་དུ་རྗེས་སུ་དྲན་ཞིང། སྔོན་གྱི་མཐའི་མུར་ཐུག་པའི་བར་དུའང་རྗེས་སུ་དྲན་ཏེ། བདག་ནི་ག་གེ་མོ་ཞིག་ན་འདུག་འདུག་སྟེ། མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། འཚོ་བ་ནི་འདི་འདྲ་བ་ཞིག །ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག །ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར། དེ་ནས་ཤི་འཕོས་ནས་ནི་ག་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ། །ཞེས་དེ་ལྟར་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང། བཅས་པར་བདག་དང་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །འདི་ལྟར་ཤེས་པ་དེའང་ཤེས་པ་མ་ཡིན་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའི་ཤེས་པ་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། །དེས་གང་གིས་རློམ་སེམས་སུ་མི་བྱེད་པའི་


DKG029_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དེ་ཉིད་ཀྱང་མི་དམིགས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར། བདག་གིས་ཤེས་སོ། །སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་མ་གཏོགས་པར་རྗེས་སུ་དྲན་པའི་ཤེས་པར་སེམས་པའང་མི་བསྐྱེད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་བོ། །དེ་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་རྣམས་མཐོང་སྟེ། སེམས་ཅན་འཆི་འཕོ་བ་དང། སྐྱེ་བ་དང། ཁ་དོག་སྡུག་པ་དང། ཁ་དོག་མི་སྡུག་པ་དང། བཟང་པོ་དང། ངན་པ་དང། བདེ་འགྲོ་དང། ངན་འགྲོ་དང། ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་དག་རབ་ཏུ་ཤེས་སོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གི་ཉེས་པར་སྤྱོད་པ་དང། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་ཅན་ཡིན་ཏེ། ལོག་པར་ལྟ་བའི་ལས་ཀྱི་གཞི་དང་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གི་ལེགས་པར་སྤྱོད་པ་དང། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་བ་མི་འདེབས་པ་ཡང་དག་པའི་ལྟ་བ་ཅན་ཏེ། དེ་དག་ལུས་དང་ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པའི་གཞི་དང་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འཇིག་རྟེན་གྱི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དག་ན། འགྲོ་བ་དྲུག་གི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང། སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ལྟར་མིག་དེ་ནི་མིག་མ་ཡིན་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། །དེས་གང་གིས་རློམ་སེམས་སུ་བྱེད་པའི་མིག་དེ་


DKG029_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མི་དམིགས་ཏེ། དེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་བདག་གིས་ཤེས་སོ། །སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་མིག་ཏུ་སེམས་པའང་མི་བསྐྱེད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ལྷའི་མིག་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་བོ། །དེ་ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པའང་མངོན་པར་སྒྲུབ་ལ། ཉན་ཐོས་དང། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་མ་གཏོགས་པར་ཆོས་གཞན་གང་ལའང་སྨོན་པ་མེད་དོ། །དེ་མངོན་པར་ཤེས་པ་དེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་བག་ཆགས་དང། མཚམས་སྦྱོར་བ་དང། ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་དོ། །འདི་ལྟར་ཤེས་པ་དེ་ནི་ཤེས་པ་མ་ཡིན་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར། ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་བསྒྲུབ་པའི་དགེ་བ་དེས་རློམ་སེམས་སུ་མི་བྱེད་དོ། །དེ་ཤེས་པ་དེ་ཉིད་མི་དམིགས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་བདག་གིས་ཤེས་སོ། །སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་ཤེས་པ་དེ་ལ་སེམས་པའང་མི་བསྐྱེད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་བོ། །ཤཱ་རིའི་བུ། ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་འགྱུར། ཡོངས་སུ་དག་པར་འགྱུར་ཏེ། མངོན་པར་ཤེས་པ་རྣམས་ཡོངས་སུ་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DKG029_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ལྟུང་བ་མི་འབྱུང་བ་དང། ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འཁྲུག་པ་མེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ལུས་དང་སེམས་ཀྱི་བརྩོན་འགྲུས་མ་བཏང་བའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རྣམ་པར་གཡེང་བ་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཤེས་རབ་འཆལ་པའི་སེམས་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འགྲོ་བ་དང། འོང་བ་མེད་པ་དང། འཛིན་པ་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་


DKG029_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བར་བྱེད་དོ། །སྦྱིན་པ་ནི་ཡོངས་སུ་འཛིན་པ་ཡོད་པའི་ཕྱིར་གདགས་སོ། །ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་ཡོད་པའི་ཕྱིར་གདགས་སོ། །བཟོད་པ་ནི་འཁྲུག་པ་ཡོད་པའི་ཕྱིར་གདགས་སོ། །བརྩོན་འགྲུས་ནི་ལེ་ལོ་ཡོད་པའི་ཕྱིར་གདགས་སོ། །ཏིང་ངེ་འཛིན་ནི་མཉམ་པར་མ་བཞག་པ་ཡོད་པའི་ཕྱིར་གདགས་སོ། །ཤེས་རབ་ནི་འཆལ་པའི་ཤེས་རབ་ཡོད་པའི་ཕྱིར་གདགས་ཏེ། དེ་ནི་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །མ་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྦྱིན་པ་དང་སེར་སྣ་ཞེས་བྱ་བར་རློམ་སེམས་མེད་དོ། །ཚུལ་ཁྲིམས་དང་ཚུལ་ཁྲིམས་མ་ཡིན་པ་ཞེས་བྱ་བར་རློམ་སེམས་མེད་དོ། །བཟོད་པ་དང་འཁྲུག་པ་ཞེས་བྱ་བར་རློམ་སེམས་མེད་དོ། །བརྩོན་འགྲུས་དང་ལེ་ལོ་ཞེས་བྱ་བར་རློམ་སེམས་མེད་དོ། །མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་ཞེས་བྱ་བར་རློམ་སེམས་མེད་དོ། །ཤེས་རབ་དང་ཤེས་རབ་འཆལ་པ་ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་བསྟི་སྟང་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་བསྟི་སྟང་མ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་སྐྱེ་བ་མེད་པ་ནི་བདག་ལ་སྤྱོས་སོ་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། ཕྱག་བྱས་སོ་ཞེས་རློམ་སེམས་སུ་མི་བྱེད། བདག་ལ་བསྟི་སྟང་བྱས་སོ་ཞེས་རློམ་སེམས་སུ་མི་བྱེད། བདག་ལ་བསྟི་སྟང་མ་བྱས་སོ་ཞེས་རློམ་སེམས་སུ་མི་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རློམ་སེམས་ཐམས་ཅད་གཅོད་པའི་ཕྱིར་རོ། །ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཡོན་ཏན་གང་ཡིན་པ་དེ་དག་ནི་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ལ་མེད་དེ། དེ་ནི་ཡོན་ཏན་དེ་དག་ཡོངས་སུ་རྫོགས་པར་བྱེད་ཅིང། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་


DKG029_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་དོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་སྐྱེད་པར་བྱེད་དེ། དེས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་བསྐྱེད་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །དེས་ཆོས་ཐམས་ཅད་མཉམ་པ་ཉིད་ཐོབ་པས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་མཉམ་པ་ཉིད་ལ་འགོད་པར་བྱེད་དོ། །དེ་ཚེ་འདི་ཉིད་ལའང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྡུག་ཅིང་ཐུགས་སུ་བྱོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང། ཉན་ཐོས་ཐམས་ཅད་དང། རང་སངས་རྒྱས་ཐམས་ཅད་ལའང་སྡུག་ཅིང་ཡིད་དུ་འོང་བར་འགྱུར་རོ། །དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར། ནམ་ཡང་མིག་གིས་གཟུགས་ཡིད་དུ་མི་འོང་བ་རྣམས་མཐོང་བར་མི་འགྱུར་རོ། །རྣ་བས་སྒྲ་ཡིད་དུ་མི་འོང་བ་རྣམས་ཐོས་པར་མི་འགྱུར་རོ། །སྣས་དྲི་ཡིད་དུ་མི་འོང་བ་རྣམས་ཚོར་བར་མི་འགྱུར་རོ། །ལྕེས་རོ་ཡིད་དུ་མི་འོང་བ་རྣམས་མྱོང་བར་མི་འགྱུར་རོ། །ལུས་ཀྱིས་རེག་བྱ་ཡིད་དུ་མི་འོང་བ་རྣམས་རེག་པར་མི་འགྱུར་རོ། །ཡིད་ཀྱིས་ཆོས་ཡིད་དུ་མི་འོང་བ་རྣམས་ཤེས་པར་མི་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བཤད་པ་ན། དགེ་སློང་སུམ་བརྒྱས་གོས་ཅི་གྱོན་པ་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱང་བསྐྱེད་དོ། །དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་


DKG029_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། དགེ་སློང་སུམ་བརྒྱ་པོ་འདི་དག་ནི་འདི་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཏེ། དེ་དག་བསྐལ་པ་དྲུག་ཅུ་རྩ་གཅིག་ན་བསྐལ་པ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆེན་པོ་ཞེས་བྱ་བ་དག་ཏུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདོད་པ་ན་སྤྱོད་པའི་ལྷའི་བུ་དྲུག་ཁྲིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའང་མཉེས་པར་བྱེད་པར་འགྱུར་ཏེ། དེ་ཉིད་དུ་རབ་ཏུ་བྱུང་ནས། ཚངས་པར་སྤྱད་པ་སྤྱོད་པར་འགྱུར་ཞིང། དེ་བཞིན་གཤེགས་པ་བྱམས་པ་དེས་ཀྱང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་འཁོར་བཞི་པོ་དག་གིས་འདི་ནས་ཤར་ཕྱོགས་ན་སངས་རྒྱས་ཁྲི་བཞུགས་པ་ཉིད་དུ་མཐོང་ངོ། །ཕྱོགས་བཅུ་ཁོར་ཡུག་གི་བར་དུའང་སངས་རྒྱས་ཁྲི་ཁྲི་མཐོང་ངོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་དག་སྣང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་ནི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་མི་སྣང་ངོ། །དེ་ནས་འཁོར་དེ་ལས་སྲོག་ཆགས་ཁྲིས་བདག་ཅག་ཀྱང་ལས་འདི་ལྟ་བུ་བྱས་ཏེ། ལས་དེ་བྱས་པས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་


DKG029_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། སྲོག་ཆགས་ཁྲི་པོ་འདི་དག་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། སྲོག་ཆགས་ཁྲི་པོ་འདི་དག་ནི་འདི་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་ཏེ། ནམ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་འབྲལ་བར་མི་འགྱུར་ལ། ཕྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཉེ་བར་བརྟག་པའི་ལེའུ་སྟེ་གསུམ་པའོ།། །།


previousགསུམ་པ། ཉེ་བར་བརྟག་པའི་ལེའུ། next