Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་གསུམ་པ། རྟོགས་པར་དཀའ་བ་ཞེས་བྱ་བའི་ལེའུ།
   
   
   
   
   
   


 
previousཉི་ཤུ་རྩ་གསུམ་པ། རྟོགས་པར་དཀའ་བ་ཞེས་བྱ་བའི་ལེའུ། next

ཉི་ཤུ་རྩ་གསུམ་པ། རྟོགས་པར་དཀའ་བ་ཞེས་བྱ་བའི་ལེའུ།


DKG029_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟ་བུ་དག་ཏུ་འདོད་པར་བྱ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག །བདག་ལ་ཆོས་ཉན་པ་ནི་སྒྱུ་མའི་སྐྱེས་བུ་ལྟ་བུར་འདོད་པར་བྱའོ། །བདག་ལ་ཆོས་ཉན་པ་ནི་སྤྲུལ་པ་ལྟ་བུར་འདོད་པར་བྱ་སྟེ། དེ་དག་ནི་ཅུང་ཟད་ཀྱང་ཉན་པ་མེད་ཅིང། ཀུན་ཆུབ་པར་བྱེད་པ་མེད་ལ། མངོན་སུམ་དུ་བྱེད་པ་མེད་དོ། །དེ་ནས་ལྷའི་བུ་དེ་དག་གིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར། ཅི་སེམས་ཅན་དེ་དག་ཀྱང་སྒྱུ་མ་ལྟ་བུ་ཡིན་ལ། ཆོས་ཉན་པ་དེ་དག་ཀྱང་སྒྱུ་མ་ལྟ་བུ་ཡིན་ནམ། སེམས་ཅན་དེ་དག་ཀྱང་སྤྲུལ་པ་ལྟ་བུ་ཡིན་ལ། ཆོས་ཉན་པ་དེ་དག་ཀྱང་སྤྲུལ་པ་ལྟ་བུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་དེ་དག་ཀྱང་སྒྱུ་མ་ལྟ་བུ་ཡིན་ལ། ཆོས་ཉན་པ་དེ་དག་ཀྱང་སྒྱུ་མ་ལྟ་བུ་ཡིན་ནོ། །སེམས་ཅན་དེ་དག་ཀྱང་སྤྲུལ་པ་ལྟ་བུ་ཡིན་ལ། ཆོས་ཉན་པ་དེ་དག་ཀྱང་སྤྲུལ་པ་ལྟ་བུ་ཡིན་ནོ། །ལྷའི་བུ་དག །སེམས་ཅན་རྣམས་ནི་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ཏེ། ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་


DKG029_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡིན་ནོ། །ལྷའི་བུ་དག །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །ལྷའི་བུ་དག །མིག་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །ལྷའི་བུ་དག །གཟུགས་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་རྣམས་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །ལྷའི་བུ་དག །མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་དང། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །སྤྱིན་པའི་ཕ་རོལ་ཏུ་ཕྱིན་པའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །དྲན་པ་ཉེ་བར་བཞག་པ་རྣམས་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་རྣམས་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། སྟོབས་བཅུ་དང། མི་འཇིགས་པ་རྣམས་དང། སོ་སོ་ཡང་དག་པར་རིག་པ་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་བ་རྣམས་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་


DKG029_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །རྒྱུན་དུ་ཞུགས་པའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ལན་གཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་ཉིད་དང། དགྲ་བཅོམ་པའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །རང་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །རང་སངས་རྒྱས་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །སངས་རྒྱས་ཉིད་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ། །དེ་ནས་ལྷའི་བུ་དེ་དག་གིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར། སངས་རྒྱས་ཉིད་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ན། ཅི་མྱ་ངན་ལས་འདས་པའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུའོ་ཞེས་སྨྲའམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག །ཁོ་བོ་ནི་མྱ་ངན་ལས་འདས་པའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུའོ་ཞེས་སྨྲ་སྟེ། ལྷའི་བུ་དག་གལ་ཏེ། མྱ་ངན་ལས་འདས་པ་བས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་འགའ་ཞིག་ཡོད་ནའང་དེའང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུའོ། །ཞེས་ཁོ་བོ་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག །འདི་ལྟར་རྨི་ལམ་གང་ཡིན་པ་དང། སྒྱུ་མ་གང་ཡིན་པ་དང། མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། ཚེ་དང་ལྡན་པ་མཽ་དགལ་གྱི་བུ་ཆེན་པོ་དང། ཚེ་དང་ལྡན་པ་གསུས་པོ་ཆེ་དང། ཚེ་དང་ལྡན་པ་ཀཱ་ཏྱའི་བུ་ཆེན་པོ་དང། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་ཕྲག་དུ་མ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་མཐོང་བར་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་ཕྲ་བ། འདི་ལྟར་གཞན་


DKG029_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ། འདི་ལྟར་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་མཁས་པ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་པ་དང། མཛངས་པས་རིག་པར་བྱ་བ་འདི་ལེན་པར་བྱེད་པར་འགྱུར་པ་སུ་དག་ཡོད། དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཉན་ཐོས་ཆེན་པོ་དེ་དག་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་མཐོང་བར་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་ཕྲ་བ། འདི་ལྟར་གཞན་མ་ཡིན་པ། འདི་ལྟར་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་མཁས་པ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་པ་དང་མཛངས་པས་རིག་པར་བྱ་བ་འདི་ལེན་པར་བྱེད་པར་འགྱུར་རོ། །བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པའམ། བརྣག་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པའམ། སངས་རྒྱས་བྱེ་བ་ཕྲག་མང་པོ་ལས་དགེ་བའི་རྩ་བ་བསྐྱེད་པའམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་མཐོང་བར་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་ཕྲ་བ། འདི་ལྟར་གཞན་མ་ཡིན་པ། འདི་ལྟར་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་མཁས་པ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་པ་དང། མཛངས་པས་རིག་པར་བྱ་བ་འདི་ལེན་པར་བྱེད་པར་འགྱུར་ཏེ། དེ་དག་ནི་གཟུགས་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྟོང་པ་ཉིད་རྣམ་པར་ཤེས་པའོ་ཞེས་བྱ་བར་རྣམ་པར་རྟོག་པར་


DKG029_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ། །གཟུགས་མཚན་མ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །མཚན་མ་མེད་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་མཚན་མ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །མཚན་མ་མེད་པ་རྣམ་པར་ཤེས་པའོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་སྨོན་པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྨོན་པ་མེད་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་སྐྱེ་བ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྐྱེ་བ་མེད་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་འགག་པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འགག་པ་མེད་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་ཞི་ཞེས་བྱ་བ་དང། མ་ཞི་ཞེས་བྱ་བ་དང། དབེན་ཞེས་བྱ་བ་དང། མི་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་སྨོན་པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྨོན་པ་མེད་པ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་སྐྱེ་བ་མེད་ཅེས་བྱ་བ་དང། འགག་པ་མེད་ཅེས་བྱ་བ་དང། ཞི་ཞེས་བྱ་བ་དང། དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་ཁམས་རྣམས་དང། སྐྱེ་མཆེད་རྣམས་དང། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང། ཕ་རོལ་ཏུ་ཕྱིན་པ་རྣམས་དང། ནང་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང། དྲན་པ་ཉེ་བར་བཞག་པ་རྣམས་དང། ཡང་དག་པར་སྤོང་བ་རྣམས་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་རྣམས་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་


DKG029_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཏིང་ངེ་འཛིན་ཐམས་ཅད་དང། གཟུངས་ཀྱི་སྒོ་ཐམས་ཅད་དང། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པ་ཉིད་དང། རང་སངས་རྒྱས་ཉིད་ཀྱང་དེ་བཞིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །མཚན་མ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་མེད་དོ་ཞེས་བྱ་བ་རྣམ་པར་རྟོག་བར་མི་འགྱུར་རོ། །སྨོན་པ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བ་མེད་ཅེས་བྱ་བ་དང། འགག་པ་མེད་ཅེས་བྱ་བ་དང། ཞི་ཞེས་བྱ་བ་དང། དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྟོང་པ་ཉིད་འདུས་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་མཚན་མ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །མཚན་མ་མེད་པ་འདུས་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་སྨོན་པ་མེད་དོ་ཞེས་བྱ་པར་རྣམ་པར་རྟོག་པར་མི་འགྱུར་རོ། །སྨོན་པ་མེད་པ་འདུས་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་འདུས་བྱས་ཀྱི་ཁམས་སྐྱེ་བ་མེད་ཅེས་བྱ་བ་དང། འགག་པ་མེད་ཅེས་བྱ་བ་དང། ཞི་ཞེས་བྱ་བ་དང། དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྟོང་པ་ཉིད་འདུས་མ་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་གྱི་ཁམས་མཚན་མ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་


DKG029_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །མཚན་མ་མེད་པ་འདུས་མ་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་སྨོན་པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྨོན་པ་མེད་པ་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་འདུས་མ་བྱས་ཀྱི་ཁམས་སྐྱེ་བ་མེད་ཅེས་བྱ་བ་དང། འགག་པ་མེད་ཅེས་བྱ་བ་དང། ཞི་ཞེས་བྱ་བ་དང། དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ལྷའི་བུ་དག །རྣམ་གྲངས་དེས་ན། ཤེ་སྲབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་པ་དང། མཛངས་པས་རིག་པར་བྱ་བའི་བར་འདི་ལ་ལེན་པར་བྱེད་པ་ནི་སུའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདིར་ཆོས་འགའ་ཡང་མ་བཤད། མ་བརྗོད། མ་བསྟན་པའི་ཕྱིར་ཏེ། ཇི་ལྟར་འདིར་ཆོས་འགའ་ཡང་མ་བཤད་མ་བརྗོད། མ་བསྟན་པ་དེ་ལྟར་ཇི་ལྟར་འདི་ལེན་པར་བྱེད་པའི་སེམས་ཅན་སུའང་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྒྱ་ཆེར་བསྟན་ཅིང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བའི་ཕྱིར་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་བཅུ་པ་བསྐྱེད་པའི་བར་དག་ཀྱང་བསྟན་ལ། བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དྲན་པ་ཉེ་བར་བཞག་པ་རྣམས་དང། ཡང་དག་པར་སྤོང་བ་རྣམས་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་རྣམས་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། སྟོབས་བཅུ་དང། མི་འཇིགས་


DKG029_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ཀྱང་བསྟན་ཅིང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བའི་ཕྱིར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་རྫུས་ཏེ་སྐྱེ་བར་འགྱུར་བ་དང། དེ་བཞིན་དུ་མངོན་པར་ཤེས་པ་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་ཞིང། དགེ་བའི་རྩ་བ་གང་དག་གིས་འདོད་ན། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཞིང། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྟི་སྟང་དུ་བྱ་བ་དང། བླ་མར་བྱ་བ་དང། བརྗོད་པར་བྱ་བ་དང། མཆོད་པར་བྱེད་པར་འགྱུར་བའི་དགེ་བའི་རྩ་བ་དེ་ལྟ་བུ་དག་འགྲུབ་པར་འགྱུར་བ་དང། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་བརྗེད་པར་མི་འགྱུར་བ་དང། རྣམ་པར་གཡེང་བ་མེད་ཅིང། མཉམ་པར་བཞག་པའི་ཚུལ་གྱིས་རྟག་ཏུ་མཉམ་པར་བཞག་པར་འགྱུར་བ་དང། ཐོགས་པ་མེད་པའི་སྤོབས་པ་དང། རྒྱུན་མི་ཆད་པའི་སྤོབས་པ་དང། མཉམ་པར་བཞག་པའི་སྤོབས་པ་དང། རིགས་པའི་སྤོབས་པ་དང། འབྲེལ་པའི་སྤོབས་པ་དང། དོན་དང་ལྡན་པའི་སྤོབས་པ་དང། འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་ཅན་དུ་འགྱུར་བ་དག་ཀྱང་བསྟན་པ་མ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའང་རྒྱ་ཆེར་བསྟན་ཏོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་


DKG029_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པ་ཅན་དུ་འགྱུར་བའི་བར་དག་ཀྱང་བསྟན་ཏེ། དེའང་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །ཅི་ཞིག་མི་དམིགས་པའི་ཚུལ་གྱིས་ཤེ་ན། བདག་མི་དམིགས་པའི་ཚུལ་དང། ཤེས་པ་པོ་དང། མཐོང་བ་པོའི་བར་དུ་མི་དམིགས་པའི་ཚུལ་དང། གཟུགས་མི་དམིགས་པའི་ཚུལ་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་དང། མིག་མི་དམིགས་པའི་ཚུལ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་མི་དམིགས་པའི་ཚུལ་དང། སའི་ཁམས་མི་དམིགས་པའི་ཚུལ་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའི་ཁམས་དང། རྣམ་པར་ཤེས་པའི་ཁམས་མི་དམིགས་པའི་ཚུལ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དང། ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་དང། དྲན་པ་ཉེ་བར་བཞག་པ་རྣམས་མི་དམིགས་པའི་ཚུལ་དང། ཡང་དག་པར་སྤོང་བ་རྣམས་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་རྣམས་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་པའི་ཚུལ་དང། སྟོབས་བཅུ་དང། མི་འཇིགས་པ་རྣམས་དང། སོ་སོ་ཡང་དག་པར་རིག་པ་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་དམིགས་པའི་ཚུལ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར། ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་དག་མི་དམིགས་པའི་ཚུལ་གྱིས་རྒྱ་ཆེར་བསྟན། ཅིའི་ཕྱིར་བྱང་


DKG029_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་ཅན་དུ་འགྱུར་བའི་བར་དག་ཀྱང་མི་དམིགས་པའི་ཚུལ་གྱིས་བསྟན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། ནང་སྟོང་པ་ཉིད་ཀྱི་ཕྱིར། ཐེག་པ་གསུམ་པོ་དག་མི་དམིགས་པའི་ཚུལ་གྱིས་རྒྱ་ཆེར་བསྟན་ཏོ། །ཕྱི་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། ཐེག་པ་གསུམ་པོ་དག་མི་དམིགས་པའི་ཚུལ་གྱིས་རྒྱ་ཆེར་བསྟན་ཏོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་ཅན་དུ་འགྱུར་བའི་བར་དག་ཀྱང་བསྟན་ཏོ། །ཕྱི་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་ཅན་དུ་འགྱུར་བའི་བར་དག་ཀྱང་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། རྟོགས་པར་དཀའ་བ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།


previousཉི་ཤུ་རྩ་གསུམ་པ། རྟོགས་པར་དཀའ་བ་ཞེས་བྱ་བའི་ལེའུ། next