Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སུམ་ཅུ་པ།


   
   
   
   
   
   
   
   
སུམ་ཅུ་རྩ་བདུན་པ། གནས་མེད་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསུམ་ཅུ་རྩ་བདུན་པ། གནས་མེད་པའི་ལེའུ། next

སུམ་ཅུ་རྩ་བདུན་པ། གནས་མེད་པའི་ལེའུ།


DKG030_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བགྱིད་པ་པོ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པར་བྱེད་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གལ་ཏེ་གཟུགས་ལ་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་མི་སྤྱོད་


DKG030_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་གཟུགས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེན། གང་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་གམ། བདག་མེད་པའམ། སྡུག་པའམ། མི་སྡུག་པར་འགྱུར་བ་དེ་ལྟ་བུའི་གཟུགས་མེད་ལ། གང་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་གམ། བདག་མེད་པའམ། སྡུག་པའམ། མི་སྡུག་པར་འགྱུར་བ་དེ་ལྟ་བུའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའང་མེད་ཅིང་། དེ་བཞིན་དུ་གང་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་གམ། བདག་མེད་པའམ། སྡུག་པའམ། མི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཀྱང་མེད་པའི་ཕྱིར་རོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གལ་ཏེ་གཟུགས་ཡོངས་སུ་རྫོགས་པའམ། ཡོངས་སུ་མ་རྫོགས་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་རྫོགས་པའམ། ཡོངས་སུ་མ་རྫོགས་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་


DKG030_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པའམ། ཡོངས་སུ་མ་རྫོགས་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡོངས་སུ་རྫོགས་པའམ། ཡོངས་སུ་མ་རྫོགས་པ་གང་ཡིན་པ་དེ། གཟུགས་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ལ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་རྫོགས་པའམ། ཡོངས་སུ་མ་རྫོགས་པ་གང་ཡིན་པ་དེ། རྣམ་པར་ཤེས་པ་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཞིང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པའམ། ཡོངས་སུ་མ་རྫོགས་པ་གང་ཡིན་པ་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་ཆགས་པ་དང་། ཆགས་པ་མ་མཆིས་པ་གང་ལགས་པ་དེ་དག་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ལེགས་པར་གསུངས་པ་ནི། ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆགས་པ་དང་། མ་ཆགས་པ་དག་ལེགས་པར་བཤད་དོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་ཆགས་པ་མེད་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆགས་པ་མེད་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །


DKG030_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཆགས་པ་མེད་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཆགས་པ་མེད་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་མེད་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་མེད་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་པ་མེད་པ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། གཟུགས་ཆགས་པ་མེད་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆགས་པ་མེད་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆགས་པ་མེད་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆགས་པ་མེད་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་དགུ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་ཆོས་བསྟན་པ་ཟབ་མོ་འདི་བཤད་ཀྱང་འཕེལ་བ་མ་མཆིས་ལ། མ་བཤད་ཀྱང་འགྲིབ་པ་མ་མཆིས་པ་དེ་ནི། ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། དེ་དེ་བཞིན་


DKG030_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བཤད་ཀྱང་འཕེལ་བ་མེད་ལ། མ་བཤད་ཀྱང་འགྲིབ་པ་མེད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྲིད་འཚོའི་བར་དུ་བཞུགས་ཤིང་ནམ་མཁའི་བསྔགས་པ་དང་། བསྔགས་པ་མ་ཡིན་པ་བརྗོད་པར་གྱུར་ཀྱང་ནམ་མཁའ་ལ་ནི། བསྔགས་བ་བརྗོད་ཀྱང་འཕེལ་བ་མེད་ལ། བསྔགས་པ་མ་ཡིན་པ་བརྗོད་ཀྱང་འགྲིབ་པ་མེད་དེ། ནམ་མཁའ་ནི། བསྔགས་ཀྱང་འཕེལ་བ་མེད་ལ། མ་བསྔགས་ཀྱང་འགྲིབ་པ་མེད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུ་ལ་ནི། བསྔགས་པ་བརྗོད་ཀྱང་འཕེལ་བ་མེད་ལ། བསྔགས་པ་མ་ཡིན་པ་བརྗོད་ཀྱང་འགྲིབ་པ་མེད་དེ། བསྔགས་པ་བརྗོད་ཀྱང་རྗེས་སུ་ཆགས་པ་མེད། བསྔགས་པ་མ་ཡིན་པ་བརྗོད་ཀྱང་ཁོང་ཁྲོ་བ་མེད་དོ། །རབ་འབྱོར། དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེའང་བཤད་ཀྱང་དེ་བཞིན་ལ། མ་བཤད་ཀྱང་དེ་བཞིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ན། ཞུམ་པར་ཡང་མི་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བགྱིད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་སླར་མི་ལྡོག་པ་དེ་དག་ནི། དཀའ་བ་བགྱིད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེ་ནི། ནམ་མཁའ་སྒོམ་པ་ལགས་ཏེ། ནམ་མཁའ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་མ་མཆིས། ནམ་མཁའ་ལ་ནི། གཟུགས་ཀྱང་མ་མཆིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའང་མ་མཆིས། ནམ་མཁའ་ལ་ནི་ནང་སྟོང་པ་ཉིད་ཀྱང་མ་


DKG030_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་མ་མཆིས། ནམ་མཁའ་ལ་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མ་མཆིས། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཀྱང་མ་མཆིས། ནམ་མཁའ་ལ་ནི། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དགྲ་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མ་མཆིས། ནམ་མཁའ་ལ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མ་མཆིས། དེ་བཞིན་དུ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱང་མ་མཆིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་འཚལ་བ་དེ་དག་ནི། ནམ་མཁའི་སླད་དུ་བརྩོན་པར་འཚལ་བ་དང་། འབད་པར་འཚལ་བ་དང་། རྩོལ་བར་འཚལ་བ་ལགས་སོ། །བཅོམ་ལྡན་འདས། གང་དག་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་འཚལ་བ་དེ་དག་ནི། ནམ་མཁའ་ཡོངས་སུ་གྲོལ་བར་འཚལ་བ་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་ནམ་མཁའ་ལྟ་བུའི་ཆོས་ཐམས་ཅད་ཀྱི་སླད་དུ་གོ་ཆ་འཚལ་བ་དེ་དག་ནི། གོ་ཆ་ཆེན་པོ་འཚལ་བ་ལགས་སོ། །བཅོམ་ལྡན་འདས། གང་དག་གིས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་ཆེན་པོ་འཚལ་བ་དེ་དག་ནི། ནམ་མཁའ་བར་སྣང་ལ་གདེག་པར་འཚལ་བ་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ལགས་ཏེ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་དེ་ལྟ་བུའི་གོ་ཆ་འཚལ་བདེ་དག་ལ་བདག་ཕྱག་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གལ་ཏེ་སྟོང་


DKG030_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པ་དག་གིས་འདི་ལྟ་སྟེ། དཔེར་བགྱི་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། མདའ་རྒྱུའི་ཚལ་ལམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གཏམས་པར་གྱུར་ཅིང་། དེ་བཞིན་གཤེགས་པ་དེ་དག་གིས་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཆོས་བཤད་པར་གྱུར་ནས་དེ་བཞིན་གཤེགས་པ་རེ་རེས་ཀྱང་སེམས་ཅན་ཚད་མ་མཆིས། གྲངས་མ་མཆིས་པ་དག་ཡོངས་སུ་སྨིན་པར་མཛད་ཀྱང་བཅོམ་ལྡན་འདས། སེམས་ཅན་གྱི་ཁམས་ལ་ནི། འགྲིབ་པའམ། འཕེལ་བར་མི་མངོན་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། སེམས་ཅན་མ་མཆིས་པ་དང་། སེམས་ཅན་དབེན་པའི་སླད་དུའོ། །བཅོམ་ལྡན་འདས། དེ་བཞིན་དུ་ཕྱོགས་བཅུ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེར་ཡང་དེ་བཞིན་གཤེགས་པ་དག་གིས་འདི་ལྟ་སྟེ། དཔེར་བགྱི་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། མདའ་རྒྱུའི་ཚལ་ལམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གཏམས་པར་གྱུར་ཅིང་བཞུགས་ལ། དེ་བཞིན་གཤེགས་པ་དེ་དག་གིས་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཆོས་བཤད་པར་གྱུར་ནས་དེ་བཞིན་གཤེགས་པ་རེ་རེས་ཀྱང་སེམས་ཅན་ཚད་མ་མཆིས། གྲངས་མ་མཆིས་པ་དག་ཡོངས་སུ་སྨིན་པར་མཛད་ཀྱང་། བཅོམ་ལྡན་འདས། སེམས་ཅན་གྱི་ཁམས་ལ་ནི། འགྲིབ་པའམ། འཕེལ་བར་མི་མངོན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། སེམས་ཅན་མ་མཆིས་པ་དང་། སེམས་ཅན་དབེན་པའི་སླད་དུ་སྟེ། བཅོམ་ལྡན་འདས། རྣམ་གྲངས་དེས་ན། བདག་གིས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི། ནམ་མཁའ་ཡོངས་སུ་གྲོལ་བར་འཚལ་བ་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་དགེ་སློང་ཞིག་འདི་སྙམ་དུ་སེམས་ཏེ། འདི་ལྟ་སྟེ། ཆོས་གང་ཡང་སྐྱེ་བའང་མེད། འགག་པའང་མེད་ལ། ཚུལ་ཁྲིམས་ཀྱི་ཕུང་པོའང་ཡོད། ཤེས་རབ་ཀྱི་ཕུང་


DKG030_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བའི་ཕུང་པོའང་ཡོད། རྒྱུན་དུ་ཞུགས་པའི་འབྲས་བུའང་ཡོད། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱང་ཡོད་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཡོད། དཀོན་མཆོག་གསུམ་པོ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་ཡོད། ཆོས་ཀྱི་འཁོར་ལོ་བསྐོར་བའང་ཡོད་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཕྱག་འཚལ་ལོ། །སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱེད་པ་དེ། གང་ལ་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱ་བར་སེམས་པ་དེ་ནི། ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་བདག་གིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་ཇི་ལྟ་བུ་ཞིག་བགྱི་ལགས། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ །ཁྱོད་ཀྱིས་གང་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མཐོང་ངམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར། གང་ལ་བསྲུང་པ་དང་། བསྐྱབ་པ་དང་། སྦ་བར་བྱ་བའི་ཆོས་དེ་ནི། ཁོ་བོས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ །གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ན། འདི་ཉིད་དེ་ལ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་འགྱུར་རོ། །ཇི་སྐད་བསྟན་པའི་ཤེས་


DKG030_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་ན། དེ་ལ་མི་དང་། མི་མ་ཡིན་པ་རྣམས་ཀྱིས་ཀྱང་གླགས་རྙེད་པར་མི་འགྱུར་རོ། །ཀཽ་ཤི་ཀ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་ཞིག་བསྲུང་པ་དང་། བསྐྱབ་པ་དང་། སྦ་བར་བྱ་བར་སེམས་པ་དེ་ནི། ནམ་མཁའ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་སེམས་པ་ཡིན་ནོ། །ཀཽ་ཤི་ཀ །འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། བྲག་ཅ་དང་། མིག་ཡོར་དག་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སྙམ་མམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར། དེ་ནི། མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ །དེ་བཞིན་དུ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བདག་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བར་སེམས་པ་དེའང་འདི་ལྟར་མི་འགྲུབ་པ་དང་། ངལ་བའི་སྐལ་བ་ཅན་དུ་འགྱུར་བར་ཟད་དོ། །ཀཽ་ཤི་ཀ །འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་སྤྲུལ་པ་དག་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སྙམ་མམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར། དེ་ནི། མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ །དེ་བཞིན་དུ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ལ་བསྲུང་པ་དང་། བསྐྱབ་པ་དང་། སྦ་བར་བྱ་བར་སེམས་པ་དེའང་འདི་ལྟར་མི་འགྲུབ་པ་དང་། ངལ་བའི་སྐལ་བ་ཅན་དུ་འགྱུར་བར་ཟད་དོ། །ཀཽ་ཤི་ཀ །འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སྙམ་མམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར། དེ་ནི། མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ །དེ་བཞིན་དུ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བདག་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བར་སེམས་པ་དེའང་འདི་ལྟར་མི་འགྲུབ་པ་དང་། ངལ་བའི་སྐལ་བ་ཅན་དུ་འགྱུར་བར་ཟད་


DKG030_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཇི་ཙམ་གྱིས་ན། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་པར་འགྱུར་ཞིང་། དེ་ལྟར་ཡོངས་སུ་ཤེས་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་ཅིང་། སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པ་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད། སྤྲུལ་པའི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ག་ལྟེ་གཟུགས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད། གཟུགས་ཀྱི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་ན། རྨི་ལམ་དུ་རློམ་སེམས་སུ་མི་བྱེད། རྨི་ལམ་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་ཅིང་། སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པ་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད། སྤྲུལ་པའི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པ་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པ་ལ་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པའི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་


DKG030_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་ན། རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་ཅིང་། སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པ་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད། སྤྲུལ་པའི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་པ་ཡིན་ནོ། །དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་འཁོར་དང་། གནས་གཙང་མའི་རིགས་ཀྱི་བར་གྱི་ལྷའི་བུ་གང་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ལྷའི་ཙནྡན་གྱི་ཕྱེ་མ་དག་ཐོགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་མངོན་པར་འཐོར་ཞིང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་དང་། ཚངས་པ་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་རྣམས་ཀྱིས་ཤར་ཕྱོགས་ན་སངས་རྒྱས་སྟོང་རྣམ་པ་འདི་དག་ཉིད་དང་། མིང་འདི་དག་ཉིད་ཀྱིས་ཆོས་སྟོན་ཅིང་། སངས་རྒྱས་ཀྱི་མཐུས་དགེ་སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཡོངས་སུ་ཞུ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་ཤ་སྟག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཞུ་བ་དག་བསམ་བར་གྱུར་ཏོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་ཀུན་ནའང་སངས་རྒྱས་སྟོང་སྟོང་རྣམ་པ་འདི་དག་ཉིད་དང་། མིང་འདི་དག་ཉིད་ཀྱིས་ཆོས་སྟོན་ཅིང་། སངས་རྒྱས་ཀྱི་མཐུས་དགེ་སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་གིས་ཤེས་རབ་ཀྱི་ཕ་རོལ་


DKG030_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་འདི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཡོངས་སུ་ཞུ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་ཤ་སྟག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཞུ་བ་དག་བསམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ས་ཕྱོགས་འདི་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པར་འགྱུར་རོ། །གང་དག་བསྐལ་པ་བཟང་པོ་འདི་ལ་འབྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ས་ཕྱོགས་འདི་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་གཟུགས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། གཟུགས་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། གཟུགས་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་བཅིངས་ཞེས་བྱ་བ་དང་། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བ་དང་། རྣམ་པར་ཤེས་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། རྣམ་པར་ཤེས་པ་བདག་


DKG030_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པར་ཤེས་པ་བཅིངས་ཞེས་བྱ་བ་དང་། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཅིངས་ཞེས་བྱ་བ་དང་། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་ཆོས་སྟོན་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གཟུགས་ཤིན་ཏུ་རྣམ་པར་དག་གོ །ཞེས་ཤིན་ཏུ་རྣམ་པར་དག་བའི་ཆོས་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ །ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་གོ །ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོངས་སུ་དག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གཟུགས་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་


DKG030_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། གཟུགས་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས། ཇི་ལྟར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གཟུགས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི། གཟུགས་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི། རྣམ་པར་ཤེས་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། ནམ་མཁའ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་མཁའ་ནི། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཡོངས་སུ་དག་པ་སྟེ། རབ་འབྱོར། ནམ་མཁའ་གོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། ནམ་མཁའ་གོས་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་མཁའ་གཟུང་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། ནམ་མཁའ་གཟུང་དུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་


DKG030_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་མཁའ་སྨྲ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། ནམ་མཁའ་སྨྲ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལྟ་སྟེ། དཔེར་ན། བྲག་ཅ་གཉིས་ཀྱི་སྒྲ་ཇི་ལྟ་བ་དེ་བཞིན་དུ་རབ་འབྱོར་ནམ་མཁའ་སྨྲ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་མཁའ་རབ་ཏུ་བརྗོད་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། ནམ་མཁའ་རབ་ཏུ་བརྗོད་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་མཁའ་ལ་ནི། རབ་ཏུ་བརྗོད་པ་གང་ཡང་མེད་དེ། དེ་ལྟར་ན། ནམ་མཁའ་རབ་ཏུ་བརྗོད་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། ནམ་མཁའ་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། ནམ་མཁའ་དམིགས་སུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་མཁའ་ལ་ནི། ཅིའང་དམིགས་སུ་མེད་དོ། །རབ་འབྱོར། དེ་ལྟར་ན་ནམ་མཁའ་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། གཟུགས་ཤིན་ཏུ་རྣམ་པར་དག་པ་དང་། དམིགས་སུ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དང་། དམིགས་སུ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་


DKG030_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་པར་དུ་ཤིན་ཏུ་རྣམ་པར་དག་པ་དང་། དམིགས་སུ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་ དག་པ་དང་། དམིགས་སུ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་དང་། དམིགས་སུ་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་བར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་ནི། མིག་གི་ནད་འབྱུང་བར་མི་འགྱུར་ལགས་སོ། །རྣ་བའི་ནད་དང་། སྣའི་ནད་དང་། ལྕེའི་ནད་དང་། ལུས་ཀྱི་ནད་འབྱུང་བར་མི་འགྱུར་ལགས་སོ། །ཡིད་ཀྱི་ནད་འབྱུང་བར་མི་འགྱུར་ལགས་སོ། །ཡན་ལག་མ་ཚང་བར་མི་འགྱུར་ལགས་སོ། །ལུས་ངལ་བར་མི་འགྱུར་ལགས་སོ། །


DKG030_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི། གཤིས་ངན་དུ་འགུམ་པར་མི་འགྱུར་ལགས་སོ། །དེའི་སླད་བཞིན་དུ་ཆོས་ཉན་པར་འཚལ་བའི་ལྷ་སྟོང་ཕྲག་མང་པོ་དག་ཀྱང་འབྲང་བར་འགྱུར་ལགས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་རྣམས་ཀྱང་སླད་བཞིན་དུ་འབྲང་བར་འགྱུར་ལགས་སོ། །གང་ན་དམ་པའི་ཆོས་སྨྲ་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྨྲ་བར་བགྱིད་པ་དེར་ལྷའི་ཚོགས་མང་པོ་དག་ཀྱང་འདུ་བར་འགྱུར་ལགས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྨྲ་བར་བགྱིད་པ་དེ་ནི། བསོད་ནམས་མང་དུ་བསྐྱེད་བར་འགྱུར་ཏེ། བསོད་ནམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་དག་བསྐྱེད་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དག་ལ་ལྷའི་འཁོར་གྱི་མདུན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བར་བྱེད་པ་དེ་ནི། བསོད་ནམས་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། བརྗོད་དུ་མེད་པ་དག་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། རིན་པོ་ཆེ་ཡིན་པའི་ཕྱིར་རོ། །རབ་འབྱོར། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་བརྟེན་ན། སེམས་ཅན་དམྱལ་བ་ལས་ཐར་བར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་ལས་ཐར་བར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་ལས་ཐར་པར་འགྱུར་རོ། །མི་དབུལ་པོ་ལས་ཐར་པར་འགྱུར་རོ། །རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར་བ་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར་རོ། །ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་སྐྱེད་པར་བྱེད་པའོ། །ལན་གཅིག་ཕྱིར་


DKG030_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྒྱ་ཆེར་བསྟན་ཏེ། དེ་ལ་བརྟེན་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཡོད་པ་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཡོད་པ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཡོད་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་པ་དང་། ཚངས་པའི་མདུན་ན་འདོན་རྣམས་ཡོད་པ་དང་། ཚངས་རིས་དང་། ཚངས་འཁོར་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། མི་ཆེ་བ་དང་། མི་གདུང་བ་དང་། འོག་མིན་གྱི་ལྷ་རྣམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅིའང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཡོད་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསམ་གཏན་བཞི་ཡོད་པ་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཡོད་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཡོད་པ་དང་། ནང་སྟོང་པ་ཉིད་ཡོད་པ་དང་།


DKG030_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོད་པ་དང་། སྟོབས་བཅུ་ཡོད་པ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་པའི་ཕྱིར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་དག་ལ་སོགས་པའི་ཆོས་རྣམས་རྒྱ་ཆེར་བསྟན་པས་ན། དེའི་ཕྱིར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི། རིན་པོ་ཆེ་ཞེས་བྱའོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི། སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཡོངས་སུ་བཟུང་བའམ། དོར་བའི་ཆོས་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། གང་དག་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཡོངས་སུ་བཟུང་བའམ། འདོར་བར་བྱ་བའི་ཆོས་དེ་དག་མེད་པའི་ཕྱིར་རོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་ནི། དགེ་བའམ། མི་དགེ་བའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། ཉོན་མོངས་པ་དང་བཅས་པའམ། ཉོན་མོངས་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ཡང་དམིགས་སུ་མེད་དོ། །རབ་འབྱོར། རྣམ་གྲངས་དེས་ཀྱང་ཕ་རོལ་ཏུ་ཕྱིན་པ་འདི་ནི། ནོར་བུ་རིན་པོ་ཆེ་ཡིན་ཏེ། རབ་འབྱོར། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ནི། ཆོས་གང་གིས་ཀྱང་མ་གོས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། གང་གིས་གོས་པར་འགྱུར་བའི་ཆོས་དེ། དམིགས་སུ་མེད་པའི་ཕྱིར་ཏེ། རབ་འབྱོར། དེས་ན། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ནི། གོས་པ་མེད་པ་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གལ་ཏེ་དེ་ལྟར་འདུ་ཤེས་པར་ཡང་མི་བྱེད། དེ་ལྟར་རྣམ་པར་རྟོག་པར་ཡང་མི་བྱེད། དེ་ལྟར་དམིགས་པར་ཡང་མི་བྱེད། དེ་ལྟར་སྤྲོས་པར་ཡང་མི་བྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་


DKG030_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྣམས་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སོང་ནས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། སྟོན་པར་བྱེད་པ་མ་ཡིན། འཛིན་པར་བྱེད་པ་མ་ཡིན། སྦྱིན་པར་བྱེད་པ་མ་ཡིན། སྐྱེད་པར་བྱེད་པ་མ་ཡིན། འགོག་པར་བྱེད་པ་མ་ཡིན། ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན། རྣམ་པར་བྱང་བར་བྱེད་པ་མ་ཡིན། འགྲིབ་པར་བྱེད་པ་མ་ཡིན། འཕེལ་བར་བྱེད་པ་མ་ཡིན། འདས་པའང་མ་ཡིན། མ་འེངས་པའང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་ནོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་བྱེད་པའང་མ་ཡིན། གནས་པར་བྱེད་པའང་མ་ཡིན། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་བྱེད་པའང་མ་ཡིན། གནས་པར་བྱེད་པའང་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། ནང་སྟོང་པ་ཉིད་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིང་སྟོང་པ་ཉིད་ཀྱི་བར་དུ་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། སྟོབས་བཅུ་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་


DKG030_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། རྒྱུན་དུ་ཞུགས་པའི་འབྲས་བུ་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་ཕའང་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན་ནོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། འདུས་བྱས་ཀྱི་ཁམས་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན་ནོ། །འདུས་མ་བྱས་ཀྱི་ཁམས་སྦྱིན་པར་བྱེད་པའང་མ་ཡིན། འདོར་བར་བྱེད་པའང་མ་ཡིན་ན། །དེ་ཅིའི་ཕྱིར་ཞེ་ན་།དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་འདི་ནི། གནས་པ་ཉིད་དེ། དེ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཤིང་མངོན་པར་ཐུགས་སུ་ཆུད་དེ། མངོན་པར་རྫོགས་པར་སངས་རྒྱས་ཤིང་མངོན་པར་ཐུགས་སུ་ཆུད་ནས་ཀྱང་གསུང་བ་དང་། རྣམ་པར་འགྲེལ་བ་དང་། རྣམ་པར་འབྱེད་པ་དང་། སྟོན་པར་མཛད་པའི་ཕྱིར་རོ། །དེ་ནས་ལྷའི་བུ་འབུམ་ཕྲག་རབ་ཏུ་མང་པོ་དག་སྟེང་གི་བར་སྣང་ལ་འཁོད་ནས་ཅ་ཅོ་དང་། ག་ཞ་འདོན་ཅིང་། ལྷའི་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མནྡཱ་ར་བ་དག་གིས་གཏོར་ནས་འདི་སྐད་དུ། ཨ་ལ་ལ་ཛམྦུའི་གླིང་དུ་ཆོས་ཀྱི་འཁོར་ལོ་ལན་གཉིས་བསྐོར་བ་འདི་མཐོང་ངོ་། །ཞེས་ཚིག་ཏུའང་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པ་ན། དེ་ལས་ལྷའི་བུ་སྟོང་ཕྲག་དུ་མ་དག་


DKG030_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ཡང་འཇུག་པར་བྱ་བའམ། ལྡོག་པར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་པས། རབ་འབྱོར། འདི་ནི། ཆོས་ཀྱི་འཁོར་ལོ་བསྐོར་བ་གཉིས་པའང་མ་ཡིན། གཅིག་པའང་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་གང་ཡང་འཇུག་པར་བགྱིའམ། ལྡོག་པར་བགྱི་བའི་སླད་དུ་ཉེ་བར་གནས་པ་མ་ལགས་པའི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །དེ་བཞིན་དུ་བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ནང་སྟོང་པ་ཉིད་ནི། ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ནི། ལམ་གྱིས་སྟོང་ངོ་། །སྟོབས་བཅུ་ནི། སྟོབས་བཅུས་སྟོང་ངོ་། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི། རྒྱུན་དུ་ཞུགས་པའི་འབྲས་བུས་སྟོང་ངོ་། །དེ་བཞིན་དུ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། འདི་ལྟ་སྟེ། དངོས་པོ་མ་


DKG030_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆེ་བ་ལགས་ཏེ། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའང་ཆོས་གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་ཤིང་། ཆོས་ཀྱི་འཁོར་ལོའང་བསྐོར་ལ་ཆོས་གང་ཡང་འཇུག་པར་བགྱིད་པའམ། ལྡོག་པར་བགྱིད་པའང་མ་མཆིས་ཏེ། ཆོས་གང་ཡང་ཡོངས་སུ་མཐོང་བའང་མ་མཆིས་ལ། ཆོས་གང་ཡང་ཡོངས་སུ་མ་མཐོང་བའང་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་།གང་འཇུག་པའམ། ལྡོག་པའི་ཆོས་དེ་དམིགས་སུ་མ་མཆིས་པའི་སླད་དུ་སྟེ། འདི་ལྟར། ཆོས་ཐམས་ཅད་གཏན་མངོན་པར་མ་གྲུབ་པ་ལགས་པས། སྟོང་པ་ཉིད་ནི། འཇུག་པར་བགྱིད་པའམ། ལྡོག་པར་བགྱིད་པ་མ་ལགས་ལ། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའང་འཇུག་པར་བགྱིད་པའམ། ལྡོག་པར་བགྱིད་པ་མ་ལགས་སོ། །དེ་ལྟར་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་། རབ་ཏུ་བསྟན་པ་དང་། བརྗོད་པ་དང་། གདགས་པ་དང་། འཇུག་པ་དང་། རྣམ་པར་འགྲེལ་བ་དང་། རྣམ་པར་འབྱེད་པ་དང་། སྨོས་པ་དང་། གསལ་བར་བགྱིད་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡོངས་སུ་དག་པ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེའང་སུས་ཀྱང་མ་བསྟན། སུས་ཀྱང་མ་བཟུང་ལགས་སོ། །གང་སུས་ཀྱང་མ་བསྟན། སུས་ཀྱང་མ་བཟུང་བ་དེ་ནི། སུས་ཀྱང་མངོན་སུམ་དུ་མ་བགྱིས་ལགས་སོ། །གང་སུས་ཀྱང་མ་བསྟན། སུས་ཀྱང་མ་བཟུང་། སུས་ཀྱང་མངོན་སུམ་དུ་མ་བགྱིས་པ་དེ་ལ་ནི། ཡོངས་སུ་མྱ་ངན་ལས་འདས་པ་སུའང་མ་མཆིས་ཏེ། ཆོས་བསྟན་པ་འདི་ལ་སུའང་སྦྱིན་གནས་སུ་འགྱུར་བའང་མ་མཆིས་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། གནས་མེད་པའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་བདུན་པའོ།། །།


previousསུམ་ཅུ་རྩ་བདུན་པ། གནས་མེད་པའི་ལེའུ། next