Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སུམ་ཅུ་པ།


   
   
   
   
   
   
   
   
   
   
   
བཞི་བཅུ་པ། བདུད་ཀྱི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་བཅུ་པ། བདུད་ཀྱི་ལེའུ། next

བཞི་བཅུ་པ། བདུད་ཀྱི་ལེའུ།


DKG030_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་ཅུ་རྩ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པར་འགྱུར་བ་དེ་དག་གི་ཡོན་ཏན་ནི། བཅོམ་ལྡན་འདས་ཀྱིས་ཡོངས་སུ་བརྗོད་པ་དེ་དག་ལགས་ན། བཅོམ་ལྡན་འདས། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ་བར་ཆད་དུ་འགྱུར་བ་ཇི་ལྟ་བུ་དག་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་ན། དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་བ་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG030_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚེགས་ཆེན་པོས་ཡོངས་སུ་རྫོགས་པར་བྱེད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚེགས་ཆེན་པོས་ཡོངས་སུ་རྫོགས་པར་བྱེད་ན། རབ་འབྱོར། རྣམ་གྲངས་དེས་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་བར་འགྱུར་བས། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་སྤོབས་པ་ཧ་ཅང་མྱུར་བར་སྐྱེ་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་སྤོབས་པ་ཧ་ཅང་མྱུར་བར་སྐྱེ་བ་དེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྤོབས་པ་ཧ་ཅང་མྱུར་བར་སྐྱེ་ན། རབ་འབྱོར། རྣམ་གྲངས་དེས་ན། སྤོབས་པ་ཧ་ཅང་མྱུར་བར་སྐྱེ་བ་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་གླལ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འབྲི་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར།


DKG030_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རྒོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འབྲི་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕན་ཚུན་ཅོ་འདྲི་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འབྲི་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་སེམས་རྣམ་པར་གཡེང་ཞིང་ཡི་གེར་འབྲི་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕན་ཚུན་སེམས་མཐུན་པར་བྱེད་ཅིང་ཡི་གེར་འབྲི་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ། བདག་གིས་འདི་ལ་ཉམས་མ་རྙེད་དོ། །སྙམ་ནས་སྟན་ལས་ལངས་ཏེ་འགྲོ་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་གླལ་ཞིང་སྟན་ལས་ལངས་ཏེ་འགྲོ་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་གླལ་ཞིང་ཁ་ཏོན་བྱེད་དམ། འཛིན་ཏམ། སྟོན་ཏམ། གླལ་ཞིང་ཡིད་ལ་བྱེད་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕན་ཚུན་རྒོད་ཅིང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། ཕན་ཚུན་རྒོད་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕན་ཚུན་ཅོ་འདྲི་ཆུབ་པར་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར། དེའང་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་སེམས་རྣམ་


DKG030_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཡེང་ཞིང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། སྟོན་པར་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕན་ཚུན་སེམས་མཐུན་པར་བྱེད་ཅིང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། སྟོན་པར་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། འདི་ལ་ཉམས་མ་རྙེད་དོ། །སྙམ་ནས་སྟན་ལས་ལངས་ཏེ་འགྲོ་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་བཀའ་སྩལ་ན། བཅོམ་ལྡན་འདས། ཅིའི་སླད་དུ་འདི་ལ་ཉམས་མ་རྙེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ་དང་། སྔོན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ་དང་། རབ་འབྱོར། འདི་ལྟར། སྔོན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པས། རབ་འབྱོར། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ན་ཉམས་མ་རྙེད་པར་སྟན་ལས་ལངས་ཏེ་འགྲོ་བར་འགྱུར་རོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འདི་སྙམ་དུ། བདག་ཅག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལུང་མ་བསྟན་ཏོ། །སྙམ་ནས་དེ་དག་སེམས་མ་དད་ཅིང་སྟན་ལས་ལངས་ཏེ་འགྲོ་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DKG030_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལུང་མ་བསྟན་པ་དག་སྟན་ལས་ལངས་ཏེ་མཆི་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱོན་མེད་པར་མ་ཞུགས་པ་རྣམས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བདག་གིས་མིང་མ་སྨོས་སོ། །སྙམ་ནས་དད་པ་མི་འཐོབ་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མིང་ཡོངས་སུ་བརྗོད་པ་མ་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བཞིན་གཤེགས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་རྣམས་ཀྱི་མིང་ཡོངས་སུ་བརྗོད་པ་མི་མཛད་དེ། དེ་དག་ནི། བདག་གི་མིང་དང་། བདག་གང་དུ་སྐྱེས་པའི་གྲོང་ངམ་། གྲོང་ཁྱེར་རམ། གྲོང་རྡལ་ཡང་འདི་ལས་མ་སྨོས་སོ། །སྙམ་ནས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་བྱའོ། །སྙམ་དུ་མི་སེམས་ཤིང་། དེ་འཁོར་དེ་ནས་འགྲོ་བར་བྱ་བར་སེམས་སོ། །དེ་ཇི་ལྟ་ཇི་ལྟར་འགྲོ་བར་བྱ་བར་སེམས་ཤིང་། འགྲོ་བའི་སེམས་བསྐྱེད་པ་ཇི་སྙེད་བྱུང་བར་གྱུར་པ་དེ་སྙེད་ཀྱི་བསྐལ་པ་ཡོངས་སུ་འཛིན་པར་འགྱུར་རོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ནས་དེས་མདོ་སྡེ་གཞན་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་མ་ཡིན་པ་དེ་ལ་རྣལ་འབྱོར་དུ་བྱ་བ་དང་། དེ་དག་ཀུན་ཆུབ་པར་བྱའོ། །སྙམ་དུ་སེམས་ཏེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་གི་རྩ་བ་སྤངས་ཏེ་ཡལ་ག་དང་། འདབ་མ་དང་། ལོ་མ་དག་ལ་དམིགས་པར་བྱ་བར་སེམས་པས། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱིད་པ་མ་ལགས་


DKG030_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ཀུན་ཆུབ་པར་བགྱི་བར་སེམས་པའི་མདོ་སྡེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་དག་ཉན་ཐོས་ཀྱི་ཐེག་པ་པ་དང་ལྡན་པའི་མདོ་སྡེ་རྣམས་ཏེ། གང་ལ་གནས་ན། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་བ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་བ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་སོ། །རབ་འབྱོར། དེ་དག་ནི། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་རྣམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འཐོབ་པར་མི་འགྱུར་བ་དེ་དག་ཀུན་ཆུབ་པར་བྱ་བར་སེམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་རྣམས་ནི། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་ངེས་པར་འབྱུང་བར་འགྱུར་ལ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནའང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སློབ་པའི་ཕྱིར་རོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཁྱི་ཞིག་གིས་ཇོ་བོའི་དྲུང་ནས་ཟན་གོང་བོར་ལ། ལས་མི་ལས་ཟན་ཁམ་གཅིག་གླང་བར་སེམས་པ་དེ་བཞིན་དུ། རབ་འབྱོར། མ་འོངས་པའི་དུས་ན་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་ནས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ཀུན་ཆུབ་པར་བྱ་བར་སེམས་པ་དག་འབྱུང་སྟེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་།


DKG030_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་ནས་རྙེད་པ་དང་། བཀུར་སྟིའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ཀུན་ཆུབ་པར་བྱ་བར་སེམས་པ་དག་འབྱུང་སྟེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གླང་པོ་ཆེ་འདོད་པར་གྱུར་ལ། དེས་གླང་པོ་ཆེ་རྙེད་ནས་ཡང་གླང་པོ་ཆེའི་རྗེས་བཙལ་བར་སེམས་ན། རབ་འབྱོར། འདི་ཇི་སྙམ་དུ་སེམས། མི་དེ་མཁས་པའི་རང་བཞིན་ཅན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་ནས་མདོ་སྡེ་གང་དག་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པ་དེ་དག་ཀུན་ཆུབ་པར་བྱ་བར་སེམས་པ་དེ་དག་ཀྱང་དེ་བཞིན་དུ་རིག་པར་བྱ་སྟེ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་འདི་ལྟ་སྟེ། དཔེར་ན། མི་ཞིག་རྒྱ་མཚོ་ཆེན་པོ་ལྟ་འདོད་པར་གྱུར་ལ། དེས་རྒྱ་མཚོ་ཆེན་པོ་མཐོང་ནས་བ་ལང་གི་རྨིག་རྗེས་ཀྱི་ཆུ་བཙལ་བར་སེམས་ཤིང་། དེས་པ་ལང་གི་རྨིག་རྗེས་ཀྱི་ཆུ་མཐོང་ནས་འདི་སྙམ་དུ། རྒྱ་མཚོ་ཆེན་པོའི་ཚད་ཀྱང་འདི་ཙམ་ཞིག་ཡིན་ནམ་སྙམ་དུ་སེམས་ན། རབ་འབྱོར། འདི་ཇི་སྙམ་དུ་སེམས། མི་དེ་མཁས་པའི་རང་བཞིན་ཅན་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་སམ། རྙེད་ནས་དེ་སྤངས་ཏེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་གཟུང་བར་སེམས་པ་དེ་དག་ཀྱང་དེ་ལྟར་རིག་པར་བྱ་སྟེ། རབ་འབྱོར། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་


DKG030_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཤིང་མཁན་ནམ། ཤིང་མཁན་གྱི་སློབ་མ་མཁས་པ་ཞིག་ཁང་བཟང་རྣམ་པར་རྒྱལ་བྱེད་ཀྱི་ཚད་ཙམ་གྱི་ཁང་བཟང་ཞིག་རྩིག་འདོད་པར་གྱུར་ན། དེས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དག་ལས་ཚད་བླང་བར་སེམས་ན། རབ་འབྱོར། འདི་ཇི་སྙམ་དུ་སེམས། ཁང་བཟང་རྣམ་པར་རྒྱལ་བྱེད་ལ་དཔྱད་ནས་རྣམ་པར་རྒྱལ་བྱེད་དང་མཉམ་པའི་ཁང་བཟང་རྩིག་པར་འདོད་ལ། ཉི་མ་དང་ཟླ་བའི་གཞལ་མེད་ཁང་གི་དཀྱིལ་འཁོར་དག་ལས་ཚད་ལེན་པའི་མི་དེ་མཁས་པའི་རང་བཞིན་ཅན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་མ་འོངས་པའི་དུས་ན་འབྱུང་བའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་སམ། རྙེད་ནས་དེ་སྤངས་ཤིང་བོར་ཏེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་སེམས་ན། རབ་འབྱོར། འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་མཁས་པའི་རང་བཞིན་ཅན་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་འདོད་པར་གྱུར་ལ། དེས་མཁར་གྱི་རྒྱལ་པོ་མཐོང་ནས་འདི་སྙམ་དུ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁ་དོག་དང་། དབྱིབས་ཀྱང་མཁར་གྱི་རྒྱལ་པོ་འདི་ཅི་འདྲ་བ་དེ་ལྟ་བུ་ཞིག་ཡིན་ནོ། །སྙམ་ནས་དེས་མཁར་གྱི་རྒྱལ་པོའི་ཁ་དོག་དང་། དབྱིབས་དང་། ཆ་ལུགས་དང་། མཚན་མ་དང་། རྟགས་དག་བཟུང་ནས་འདི་སྐད་དུ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁ་དོག་དང་། དབྱིབས་དང་། ཆ་ལུགས་དང་། མཚན་མ་དང་། རྟགས་ཀྱི་ཁྱད་པར་དག་ཀྱང་


DKG030_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲའོ་ཞེས་ཟེར་ན། རབ་འབྱོར། འདི་ཇི་སྙམ་དུ་སེམས། མི་དེ་མཁས་པའི་རང་བཞིན་ཅན་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བཞིན་དུ་མ་འོངས་པའི་དུས་ན་འབྱུང་བའི་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་ཁ་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་སམ། རྙེད་ནས་དེ་བོར་ཞིང་སྤངས་ཏེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་ཞིང་ཀུན་ཆུབ་པར་བྱའོ། །སྙམ་དུ་སེམས་ན། རབ་འབྱོར། འདི་ཇི་སྙམ་དུ་སེམས། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་མཁས་པའི་རང་བཞིན་ཅན་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་ན། དེ་དག་རྣམ་པར་གཡེང་ཞིང་འབྲི་བར་འགྱུར་པ་སྤོབས་པ་མང་དུ་འབྱུང་སྟེ། འདི་ལྟ་སྟེ། གཟུགས་ལ་སྤོབས་པ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་སྤོབས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤོབས་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོབས་པ་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་སྤོབས་པ་དང་། ལུང་ནོད་པ་དང་། ཁ་ཏོན་བྱ་བ་ལ་སྤོབས་པ་དང་། ཞལ་ཏ་བྱ་བ་ལ་སྤོབས་པ་དང་། དྲན་པ་ཉེ་བར་གཞག་པ་ལ་སྤོབས་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ལ་སྤོབས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་སྤོབས་པ་


DKG030_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ནང་སྟོང་པ་ཉིད་ལ་སྤོབས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤོབས་པ་དང་། སྟོབས་ལ་སྤོབས་པ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སྤོབས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་སྤོབས་པ་དག་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྤོབས་པ་མེད་པ་ཡིན་ལ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བསམ་གྱིས་མི་ཁྱབ་པ་དང་། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྐྱེ་བ་མེད་ཅིང་འགག་པ་མེད་པ་དང་། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དང་། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་གཡེང་བ་མེད་པ་དང་། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བརྗོད་དུ་མེད་པ་དང་། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྨྲར་མེད་པ་དང་། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རབ་ཏུ་བརྗོད་དུ་མེད་པ་དང་། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དམིགས་སུ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི། ཆོས་དེ་དག་ཐམས་ཅད་ཡོད་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་ན་ཆོས་དེ་དག་ལ་རྣམ་པར་གཡེང་བར་བྱེད་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་བྲི་བར་རྔོ་ཐོགས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི། མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རང་བཞིན་མེད་པ་ཡིན་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་


DKG030_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་ནི། རང་བཞིན་མེད་པ་ཡིན་ཞིང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་རང་བཞིན་མེད་པ་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་མེད་པ་ཡིན་ཏེ། གང་ལ་རང་བཞིན་མེད་པ་དེ་ནི། དངོས་པོ་མེད་པ་ཡིན་ལ། གང་ལ་དངོས་པོ་མེད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། དངོས་པོ་མེད་པས་དངོས་པོ་མེད་པ་བྲི་བར་མི་ནུས་པའི་ཕྱིར་རོ། །རབ་འབྱོར། གལ་ཏེ་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ཟབ་མོ་འདི་དངོས་པོ་མེད་ཅེས་བྱ་བར་འདུ་ཤེས་ན། རབ་འབྱོར། དེའང་དེ་དག་གིས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེ་འབྲུ་དག་གིས་ཡི་གེར་བྲིས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བདག་གིས་བྲིས་སོ། །སྙམ་དུ་སེམས་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡི་གེ་རྣམས་སུ་མངོན་པར་ཞེན་པ་ལགས་པས། བཅོམ་ལྡན་འདས། དེའང་དེ་དག་གིས་བདུད་ཀྱི་ལས་སུ་རིག་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡི་གེ་མ་མཆིས་པ་ལགས་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡི་གེ་མ་མཆིས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་ཡི་གེ་མ་མཆིས་པ་དང་། བཅོམ་ལྡན་འདས། གཟུགས་ཀྱང་ཡི་གེ་མ་མཆིས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའང་ཡི་གེ་མ་མཆིས་པ་དང་། བཅོམ་ལྡན་འདས། ཁམས་རྣམས་ཀྱང་ཡི་གེ་མ་མཆིས་པ་དང་། སྐྱེ་མཆེད་རྣམས་ཀྱང་ཡི་གེ་མ་མཆིས་པ་དང་། རྣམ་པར་ཐར་པ་རྣམས་ཀྱང་ཡི་གེ་མ་


DKG030_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་ཡི་གེ་མ་མཆིས་པ་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཡི་གེ་མ་མཆིས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡི་གེ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། གལ་ཏེ་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡི་གེ་མ་མཆིས་པ་ལགས་སོ། །སྙམ་དུ་མངོན་པར་ཞེན་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཡི་གེ་མ་མཆིས་པ་ལགས་སོ། །སྙམ་དུ་མངོན་པར་ཞེན་པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཡི་གེ་མ་མཆིས་པ་ལགས་སོ། །སྙམ་དུ་མངོན་པར་ཞེན་པ་དང་། བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡི་གེ་མ་མཆིས་པ་ལགས་སོ། །སྙམ་དུ་མངོན་པར་ཞེན་ན། བཅོམ་ལྡན་འདས། དེའང་བདུད་ཀྱི་ལས་སུ་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེའང་བདུད་ཀྱི་ལས་སུ་རིག་པར་བྱ་བ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་ན། ལྗོངས་ཀྱི་རྣམ་པར་རྟོག་པ་ཀུན་ཏུ་འབྱུང་བར་འགྱུར་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་ན། གྲོང་ཡིད་ལ་བྱེད་


DKG030_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གྲོང་ཁྱེར་ཡིད་ལ་བྱེད་པ་དང་། རྒྱལ་པོའི་ཕོ་བྲང་ཡིད་ལ་བྱེད་པ་དང་། ཡུལ་ཡིད་ལ་བྱེད་པ་དང་། བླ་མ་དང་། མཁན་པོ་ཡིད་ལ་བྱེད་པ་དང་། ཕ་མ་དང་། ཕུ་ནུ་དང་། སྲིང་མོ་དང་། ཉེ་དུ་དང་། སྣང་གི་གཉེན་མཚམས་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་། རྐུན་པོ་ཡིད་ལ་བྱེད་པ་དང་། གདོལ་པ་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་། འཇིག་རྟེན་དང་ལྡན་པ་དང་། སྨད་འཚོང་མ་དང་ལྡན་པའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་འདི་དག་དང་། ཡིད་ལ་བྱེད་པ་གཞན་དག་འབྱུང་བར་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན། བདུད་སྡིག་ཅན་བར་ཆད་དང་རྣམ་པར་གཡེང་བ་དག་ཉེ་བར་སྒྲུབ་པར་འགྱུར་བས་ན། རབ་འབྱོར། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བའི་ཚེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དག་དང་། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་དག་འབྱུང་བར་འགྱུར་ཞིང་། བྱང་ཆུབ་སེམས་དཔའ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་དེའི་རོ་མྱང་བར་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བར་བྱེད། ལུང་ནོད་པར་བྱེད། ཁ་ཏོན་དུ་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ་བདུད་སྡིག་ཅན་མདོ་སྡེ་ཟབ་མོ་དག་ཉེ་བར་སྒྲུབ་པར་བྱེད་ན། དེ་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དག་གིས་བདུད་ཀྱིས་ཉེ་བར་བསྒྲུབས་པའི་མདོ་སྡེ་ཟབ་མོ་དེ་དག་ལ་དགའ་བ་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། མདོ་སྡེ་དེ་དག་ནི། རྣམ་པ་ཐམས་ཅད་མཁྱེན་པ་


DKG030_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་སྤོང་བར་འགྱུར་ཏེ། དེ་ལ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཐབས་མཁས་པའང་རྒྱ་ཆེར་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལས་ཀྱང་ཐབས་ལ་མཁས་པ་དག་རྒྱ་ཆེར་བཙལ་བར་བྱའོ། །རབ་འབྱོར། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་ནས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ལས་ཐབས་ལ་མཁས་པ་བཙལ་བར་སེམས་ན། རབ་འབྱོར། དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བདུད་ཀྱི་ལེའུ་ཞེས་བྱ་སྟེ། བཞི་བཅུ་པའོ།། །།


previousབཞི་བཅུ་པ། བདུད་ཀྱི་ལེའུ། next