Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སུམ་ཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཞི་བཅུ་རྩ་དགུ་པ། ཕྱིར་མི་ལྡོག་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་བཅུ་རྩ་དགུ་པ། ཕྱིར་མི་ལྡོག་པའི་ལེའུ། next

བཞི་བཅུ་རྩ་དགུ་པ། ཕྱིར་མི་ལྡོག་པའི་ལེའུ།


DKG030_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་ཅུ་རྩ་བདུན་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་ནི། གང་ལགས། རྟགས་ནི། གང་ལགས། མཚན་མ་ནི། གང་ལགས། བདག་གིས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི། ཕྱིར་མི་ལྡོག་པའོ། །ཞེས་བགྱི་བར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། འདི་ལ་སོ་སོའི་སྐྱེ་བོའི་ས་གང་ཡིན་པ་དང་། ཉན་ཐོས་ཀྱི་ས་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ས་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་ས་གང་ཡིན་པ་བཤད་པ་དེ་དག་ཐམས་ཅད་ནི། དེ་བཞིན་ཉིད་དེ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། གཉིས་སུ་མེད་དེ། གཉིས་སུ་དབྱེར་མེད་དོ། །དེ་བཞིན་ཉིད་དེའི། ཇི་ལྟ་བ་དེ་བཞིན་དུ་འཇུག་ཅིང་། དེ་ལྟར་རྣམ་པར་མི་རྟོག་ལ་རྣམ་པར་མི་རྟོག་པས་དེ་ལྟར་འཇུག་ཅིང་། དེ་ལྟར་ཞུགས་པ་ནི། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཐོས་ནས་དེ་ལས་འདས་ཏེ། དེ་བཞིན་ཉིད་ལས་དེ་དག་རེ་རེ་མ་ཡིན་པ་དང་། གཉིས་ཀ་མ་ཡིན་པར་ཐེ་ཚོམ་ཟ་བ་གང་ཡང་མེད་དོ། །དེ་ནི། བྱུང་རྒྱལ་དུ་སྨྲ་བ་ཅིའང་མེད་དེ། དོན་དང་ལྡན་པར་སྨྲའི། དོན་དང་མི་ལྡན་པར་སྨྲ་བ་མ་ཡིན། གཞན་གྱིས་བྱས་པ་དང་། མ་བྱས་པ་ལ་མི་ལྟ་ཞིང་ལེགས་པར་བརྗོད་པ་ཚོལ་བ་ཡིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། རྣམ་པ་གང་དག་དང་།


DKG030_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་གང་དག་དང་། མཚན་མ་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་ཐམས་ཅད་ནི། རྣམ་པ་མེད་པ་དང་། རྟགས་མེད་པ་དང་། མཚན་མ་མེད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། མཚན་མ་མ་མཆིས་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དག་ལས་སླར་མི་ལྡོག་པའི་སླད་དུ་ཕྱིར་མི་ལྡོག་པ་ཞེས་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་ལས་ཕྱིར་ལྡོག་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལས་ཕྱིར་ལྡོག་པ་དང་། ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དང་། བྱང་ཆུབ་ཀྱི་བར་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར། གང་ལ་བྱང་ཆུབ་སེམས་དཔའ་གནས་པར་འགྱུར་པའི་གཟུགས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། གང་ལ་བྱང་ཆུབ་སེམས་དཔའ་གནས་པར་འགྱུར་བའི་བྱང་ཆུབ་ཀྱི་བར་གྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་སྦྱོང་དང་། བྲམ་ཟེ་འདི་དག་ནི། ཤེས་པར་བྱ་བ་ཤེས་པའོ། །བལྟ་བར་བྱ་བ་མཐོང་བའོ། །ཡང་དག་པའི་ལྟ་བ་གདགས་པ་འདོགས་པའོ། །ཞེས་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་། བྲམ་


DKG030_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་གཞན་དག་གི་ངོར་མི་ལྟ་སྟེ། དེ་ནི། གནས་མེད་ཅིང་ཐེ་ཚོམ་མི་ཟའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་མི་འཛིན་ཏོ། །ལྟ་བ་ངན་པར་མི་ལྟུང་ངོ་། །དགེ་མཚན་དང་། བཀྲ་ཤིས་ཀྱིས་དགའ་བར་མི་འཛིན་ཏོ། །ལྷ་གཞན་དག་ལ་ཕྱག་མི་འཚལ་ཞིང་། མེ་ཏོག་གམ། མེ་ཏོག་ཕྲེང་ངམ། སྤོས་སམ། བྱུག་པའམ། ཕྱེ་མའམ། གོས་སམ། གདུགས་སམ། རྒྱལ་མཚན་ནམ། བ་དན་ངག་དེ་ལ་སྦྱིན་པར་བྱ་བར་མི་སེམས་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་དམྱལ་བར་མི་སྐྱེ། མི་ཁོམ་པ་བརྒྱད་ཀྱི་བར་རྣམས་སུ་མི་སྐྱེ། བུད་མེད་ཀྱི་དངོས་པོ་ཡོངས་སུ་མི་འཛིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་གནས་ཏེ། དེ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་ཤིང་། གཞན་ཡང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ་ཡིན། སྲོག་གཅོད་པ་སྤོང་བའི་བསྔགས་པ་བརྗོད་པ་ཡིན། གཞན་གང་དག་སྲོག་གཅོད་པ་སྤངས་པ་དེ་དག་གི་བསྔགས་པའང་བརྗོད་ཅིང་རྗེས་སུ་དགའ་བ་ཡིན་ནོ། །ལོག་པར་ལྟ་བའི་བར་དུའང་དེ་བཞིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྨི་ལམ་ནའང་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་སྤྱོད་ན། སད་པ་ན་ལྟ་ཅི་སྨོས་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གང་


DKG030_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ན། དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱིན་པ་སྦྱིན་པར་བྱེད་དོ། །ཤེས་རབ་སྒོམ་པའི་བར་དུའང་དེ་བཞིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གང་གི་ཚེ་མདོའི་སྡེའམ། དབྱངས་ཀྱིས་བསྙད་པའི་སྡེའམ། ལུང་བསྟན་པའི་སྡེའམ། རྟོགས་པ་བརྗོད་པའི་སྡེའམ། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དུ་ཆོས་གང་ཀུན་ཆུབ་པར་བྱེད་པའི་ཆོས་དེ་སྦྱིན་པ་སྦྱིན་པ་ན། འདི་སྙམ་དུ། ཆོས་ཀྱི་སྦྱིན་པ་འདིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག། སྙམ་དུ་བསམ་ནས། དེ་ཆོས་ཀྱི་སྦྱིན་པ་དེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཟབ་མོ་རྣམས་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་ལ་ཐེ་ཚོམ་མི་ཟའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཟབ་མོ་རྣམས་ལ་སོམ་ཉི་མི་འཆལ་ཞིང་ཡིད་གཉིས་མ་མཆིས་ལ་ཐེ་ཚོམ་མི་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གང་ལ་དེ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་བར་འགྱུར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་


DKG030_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལུས་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན། ངག་གི་ལས་དང་། ཡིད་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྟག་ཏུ་རྒྱུན་མི་འཆད་པར་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྒྲིབ་པ་ལྔ་པོ་འདི་ལྟ་སྟེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་དང་ལྷན་ཅིག་མི་གནས་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི། བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འགྲོའམ། ལྡོག་ཀྱང་རུང་སྟེ། འཁྲུལ་པའི་སེམས་ཀྱིས་མི་འགྲོ། འཁྲུལ་པའི་སེམས་ཀྱིས་མི་ལྡོག་གི། འགྲོའམ་ལྡོག་ནའང་དྲན་པ་ཉེ་བར་བཞག་ཅིང་འགྲོ། དྲན་པ་ཉེ་བར་བཞག་ཅིང་ལྡོག་སྟེ། དྲན་བཞིན་དུ་འགྲོ། དྲན་བཞིན་དུ་ལྡོག་།དྲན་བཞིན་དུ་འཆག་།དྲན་བཞིན་དུ་སྡོད། དྲན་བཞིན་དུ་འདུག་།དྲན་བཞིན་དུ་ཉལ་ཏེ། གྱ་ཚོམ་དུ་རྐང་པ་ས་ལས་མི་འདེགས། གྱ་ཚོམ་དུ་རྐང་པ་ས་ལ་མི་འཇོག་གི། དྲན་བཞིན་དུ་རྐང་པ་འདེགས། དྲན་བཞིན་


DKG030_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྐང་པ་འཇོག་ཅིང་། དེ་སའི་ཕྱོགས་མཐོང་བཞིན་དུ་འགྲོ་སྟེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ས་སྤྱོད་པ་ནི། སྨད་དུ་མེད་པ་ཡིན། རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གཙང་སྦྲ་སྤྱོད་པ་དང་ལྡན་ཏེ། གཙང་ཞིང་དྲི་ང་བ་མེད་ལ་རྡུལ་དང་དྲི་མ་དང་བྲལ་ཞིང་ནད་ཉུང་བ་ཡིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་མིར་གྱུར་པ་རྣམས་ཀྱི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་གང་དག་ཡོད་ཅིང་ལུས་དེ་ཉིད་ལ་ཟ་བ་དེ་དག་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ལ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་ནི། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་པོ་དེ་དག་མེད་དེ། རབ་འབྱོར། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རབ་ཏུ་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཡོངས་སུ་དག་པ་ཡོངས་སུ་འཛིན། དག་དང་། སེམས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་


DKG030_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རབ་ཏུ་འཕེལ་བ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་གི་ལུས་དང་། ངག་དང་། སེམས་མི་དྲང་བ་དང་། ལུས་དང་། ངག་དང་། སེམས་ཀྱི་གྱ་གྱུ་ཡོངས་སུ་བྱང་བར་བྱེད་དེ། དེ་ལྟ་དེ་ལྟར་ལུས་ཀྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་སྤྱོད། ངག་གིས་ལེགས་པར་སྤྱད་པ་རྣམ་པ་བཞི་སྤྱོད། ཡིད་ཀྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་སྤྱོད་དེ། རབ་འབྱོར། འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལུས་ཡོངས་སུ་དག་པ་དང་། ངག་དང་། སེམས་ཡོངས་སུ་དག་པ་ཡིན་ནོ། །དེ་ལུས་ཡོངས་སུ་དག་པ་དང་། ངག་དང་། སེམས་ཡོངས་སུ་དག་པ་དེས་ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདའ་ཡང་། ཡང་དག་པའི་མཐའ་མངོན་སུམ་དུའང་མི་བྱེད་དེ། རབ་འབྱོར། འདིའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་ཡིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྙེད་པ་དང་། བཀུར་སྟི་ལ་གདུ་བ་མ་ཡིན། ཟས་ལ་གདུ་བ་མ་ཡིན་ཞིང་། ཆོས་གོས་གསུམ་པའི་བར་དུ་ལྷུར་ལེན་པའང་མ་ཡིན་ཞིང་། དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱང་ཡང་དག་པར་བླངས་ནས་གནས་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེར་སྣའི་སེམས་མི་སྐྱེད། འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་མི་སྐྱེད། འཁྲུག་པའི་སེམས་མི་སྐྱེད། ལེ་ལོའི་སེམས་མི་སྐྱེད། མཉམ་པར་མ་བཞག་པའི་སེམས་མི་སྐྱེད། འཆལ་བའི་ཤེས་རབ་ཀྱི་སེམས་མི་སྐྱེད། ཕྲག་དོག་གི་སེམས་མི་སྐྱེད་དེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་


DKG030_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བློ་བརྟན་པ་ཡིན། བློ་ཟབ་པ་ཡིན། གུས་པར་གཞན་ལ་ཆོས་ཉན་པ་ཡིན། གཞན་ལས་ཆོས་གང་ཅི་ཐོས་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱོར་བར་བྱེད་པ་ཡིན། འཇིག་རྟེན་པའི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཆོས་ཉིད་དང་སྦྱོར་བར་བྱེད་ཅིང་། ཆོས་གང་ཡང་ཆོས་ཀྱི་དབྱིངས་དང་མི་འབྱོར་བའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་གི་།དེ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྱོར་པར་ཡང་དག་པར་རྗེས་སུ་མཐོང་སྟེ། རབ་འབྱོར། དེ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མདུན་དུ་བདུད་སྡིག་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མངོན་པར་སྤྲུལ་ནས་སེམས་ཅན་དམྱལ་བ་ཆེན་པོ་རེ་རེར་ཡང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་བྱང་ཆུབ་སེམས་དཔའ་འབུམ་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་མང་པོ་བསྲེག་ཅིང་བཙོ་བ་དང་། སྡུག་བསྔལ་མི་བཟད་པ། དྲག་པ། རྩུབ་པ་དག་མྱོང་བར་མངོན་པར་སྤྲུལ་ནས་དེ་ལ་འདི་སྐད་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི། ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པས་ལུང་བསྟན་པ་ཤ་སྟག་སྟེ། འདི་དག་སེམས་ཅན་དམྱལ་བ་འདིར་སྐྱེས་སོ། །ཁྱོད་ཀྱང་དེ་བཞིན་གཤེགས་པས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ནི། སེམས་ཅན་དམྱལ་བར་ལུང་བསྟན་པ་ཡིན་གྱི། ཁྱོད་ཀྱིས་ད་དུང་ཡང་བྱང་ཆུབ་ཀྱི་སེམས་འདི་ཐོང་ཞིག་།དེ་ལྟར་ན། ཁྱོད་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་ཏེ། དེས་ན། ཁྱོད་མཐོ་རིས་སུ་འགྲོ་བར་འགྱུར་རོ། །ཞེས་ཟེར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་མ་འཁྲུགས་ཤིང་ཐེ་ཚོམ་མི་ཟ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་


DKG030_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ལྡོག་པའི་ཁམས་ལ་ངེས་པར་གནས་པ་ཡིན་ནོ། །རབ་འབྱོར། འདི་ནི། གནས་མ་ཡིན་ཞིང་གོ་སྐབས་མེད་པ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བ་པའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་ནི། གནས་མེད་དོ། །རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་ཀྱིས་འོངས་ཏེ་འདི་སྐད་དུ། གང་ཁྱོད་ཀྱིས་སྔོན་འདི་ལྟར་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར། བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་བྱ་བ་ཐོས་པར་གྱུར་པ་དེ་དག་སླར་བཤགས་པར་གྱིས་ཤིག་།ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དམ་པའི་ཆོས་གནས་པའི་བར་དེའི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱས་པ་དེ་དག་ཀྱང་སོ་སོར་ཤོགས་ཤིག་།ཐོང་ཞིག་།གལ་ཏེ་ཁྱོད་དགེ་བའི་རྩ་བ་དེ་དག་སོ་སོར་འཆགས་ཤིང་གཏོང་བ་ལྟ་ན། ཁྱོད་ཀྱིས་གང་ཐོས་པ་དེ་ནི། སངས་རྒྱས་ཀྱི་བཀའ་མ་ཡིན་གྱི། དེ་ནི། སྙན་དངགས་མཁན་གྱིས་རང་བཟོར་སྦྱར་བ་སྟེ། ངས་ཁྱོད་ལ་སངས་རྒྱས་ཀྱི་བཀའ་དེ་དང་། དེ་བཞིན་གཤེགས་པས་གསུངས་པ་དེ་བརྗོད་པར་བྱའོ། །ཞེས་ཟེར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁྲུག་ཅིང་ནེ་མ་ནུར་བྱེད་དམ། ཐེ་ཚོམ་ཟ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་མ་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མི་ལྡོག་


DKG030_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་ལ་ངེས་པར་གནས་པ་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུག་ཅིང་ནེམ་ནུར་མི་བྱེད། ཐེ་ཚོམ་མི་ཟ་ལ། ཆོས་ཉིད་ལ་རྟོན་ཅིང་མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་ལ་རྟོན་ཏེ་གཞན་ལ་ཡིད་ཆེས་པས་མི་འགྲོ་ཞིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་གཞན་གྱི་དྲིང་མི་འཇོག་།བྱང་ཆུབ་ཀྱི་བར་ལ་གཞན་གྱི་དྲིང་མི་འཇོག་ཅིང་། འདི་ལྟ་སྟེ། དཔེར་ན། དགྲ་བཅོམ་པ་ཟག་པ་ཟད་པ། གཞན་ལ་ཡིད་མི་ཆེས་པས་མི་འགྲོ་ཞིང་ཆོས་ཉིད་མངོན་སུམ་དུ་གྱུར་པས། བདུད་སྡིག་ཅན་གྱིས་མི་འཕྲོག་པ་དེ་བཞིན་དུ། རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་མི་རྫི་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ལྡོག་ན། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཕྱིར་མི་ལྡོག་པའི་ཁམས་ལ་ངེས་པར་གནས་ཤིང་གཞན་གྱི་དྲིང་མི་འཇོག་པ་ཡིན་ཏེ། དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པས་ཀྱང་མི་འགྲོ་ན། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བདུད་སྡིག་ཅན་ལྟ་ལ་ཅི་སྨོས། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་གཞན་དག་ལ་ཡིད་ཆེས་པས་འགྲོ་བ་ལྟ་ཅི་སྨོས་ཏེ། དེ་ནི། གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེས་གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། གཟུགས་ཀྱི་དེ་བཞིན་ཉིད་དམ། རྣམ་པར་ཤེས་པའི་བར་གྱི་དེ་བཞིན་ཉིད་དམ། དེ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་དགེ་སློང་


DKG030_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆ་བྱད་ཀྱིས་འོངས་ཏེ་འདི་སྐད་དུ། འདི་ནི། འཁོར་བའི་སྤྱོད་པ་ཡིན་ཏེ། འདི་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་པ་མ་ཡིན་གྱི། འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་།ཅེས་སྟོན་ཅིང་། བདུད་སྡིག་ཅན་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལམ་ལྟར་བཅོས་པ་གང་འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་རྣམ་པ་དག་གིས་ལམ་ལྟར་བཅོས་པ་སྟོན་ཏེ། ཡང་ན་རུས་གོང་དུ་འདུ་ཤེས་པར་སྟོན། ཡང་ན་བསམ་གཏན་དང་པོ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཉེ་བར་སྟོན་ཅིང་། ཚེ་དང་ལྡན་པ། ལམ་གང་དང་། ནན་ཏན་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་དུ་འཐོབ་པར་འགྱུར་བའི་ལམ་ནི། འདི་ཡིན། ནན་ཏན་ནི། འདི་ཡིན་གྱི། ཚེ་དང་ལྡན་པ། ཁྱོད་ཀྱིས་ལམ་འདི་དང་། ནན་ཏན་འདིས་འདི་ཉིད་དུ་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་དང་། ཕྱིན་ཆད་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དེ་དག་མྱོང་བར་མི་འགྱུར་རོ། །ཀྱེ་མ། འདི་ཉིད་དུ་ཁྱོད་ཀྱིས་ལུས་འདི་མངོན་པར་གྲུབ་པར་མ་གྱུར་ན། ཁྱོད་ཀྱིས་ལུས་གཞན་ཡང་ཇི་ལྟར་ཡོངས་སུ་གཟུང་བར་སེམས་ཞེས་ཟེར་ཡང་། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་མི་འཁྲུག་མི་གཡོ་ཞིང་གོང་དུའང་འདི་སྙམ་དུ་སེམས་ཏེ། བདག་ལ་ལམ་ལྟར་བཅོས་པ་སྟོན་པ་ནི། དགེ་སློང་འདི་བདག་ལ་གཅེས་སྤྲས་བྱེད་པ་ཡིན་ཏེ། ལམ་ལྟར་བཅོས་པ་གང་ཡིན་པ་དེས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བར་ཡང་མི་འགྱུར། དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་མངོན་སུམ་དུ་བྱ་བར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱ་བར་ཡང་མི་འགྱུར་རོ། །སྙམ་སྟེ། དེ་ལས་ཀྱང་གོང་དུ་གང་བདག་ལ་ཆགས་པ་རྣམས་སྟོན་པ་འདི་ནི། བདག་ལ་གཅེས་སྤྲས་བྱེད་པ་ཡིན་གྱི། བདག་གིས་ཆགས་པ་དེ་དག་མངོན་དུ་རྫོགས་པར་ཁོང་དུ་ཆུད་པར་བྱས་ལ་ཐེག་པ་གསུམ་པོ་ཀུན་ལ་བསླབ་པར་བྱའོ། །ཞེས་དགའ་བ་སྐྱེས་ཏེ། བདུད་སྡིག་ཅན་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགའ་བར་གྱུར་པར་ཤེས་ནས་དེ་ལ་འདི་སྐད་དུ། རིགས་ཀྱི་བུ།


DKG030_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལན་་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གི་དྲུང་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམས་པ་དང་། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལ་བསྙེན་བཀུར་བྱས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། དེ་བཞིན་དུ་སྙིང་རྗེ་ཆེན་པོའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་དག་གིས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཇི་ལྟར་གནས་པར་བགྱི་ཞེས་བྱང་ཆུབ་སེམས་དཔའི་ཐེག་པ་འདི་ཉིད་ཀྱི་དོན་དུ་ཡོངས་སུ་ཞུས་ཤིང་ཡོངས་སུ་དྲིས་པ་རྣམས་ལྟ་བར་འདོད་དམ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་བཤད་པ་ལ་དེ་བཞིན་དུ་གནས་ཏེ། དེ་བཞིན་དུ་སྤྱད། དེ་བཞིན་དུ་བརྩོན་པར་བྱས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལྟར་གདམས་པ་དང་། དེ་ལྟར་རྗེས་སུ་བསྟན་པ་དང་། དེ་ལྟར་གནས་པ་དང་། དེ་ལྟར་སློབ་སློབ་པ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ན། ཁྱོད་ལྟས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ག་ལ་འགྱུར་ཞེས་བརྗོད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་དབྲལ་བ་བྱས་ཀྱང་། གལ་ཏེ་དེའི་སེམས་གཞན་དུ་མ་གྱུར་ལ་མི་སྐྲག་།མི་དང་ཞིང་དང་བར་མ་གྱུར་ལ།


DKG030_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུའང་གང་ཆགས་པ་གང་དག་གིས་རྒྱུན་དུ་ཞུགས་པའི་འབྲས་བུའང་འཐོབ་པར་མི་འགྱུར། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུའང་ཐོབ་པར་མི་འགྱུར་བའི་ཆགས་པ་རྣམས་བདག་ལ་སྟོན་པའི་དགེ་སློང་འདི་ནི། བདག་ལ་གཅེས་སྤྲས་བྱེད་པ་ཡིན་ནོ། །ཞེས་དགའ་བ་བསྐྱེད་པས། བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་སེམས་ཞུམ་པ་མེད་པར་རིག་ནས་ས་ཕྱོགས་དེ་ཉིད་དུ་དགེ་སློང་རབ་ཏུ་མང་པོ་མངོན་པར་སྤྲུལ་ནས་འདི་དག་ཐམས་ཅད་ནི། དགྲ་བཅོམ་པ་ཟག་པ་ཟད་པ་སྟེ། འདི་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ལས་དགྲ་བཅོམ་པ་ཉིད་ལ་གནས་པར་གྱུར་ན། ཁྱོད་ལྟས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ག་ལ་འགྱུར་ཞེས་ཟེར་ཡང་གལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ། ཀྱེ་མ། འདི་ནི། བདུད་སྡིག་ཅན་ཡིན་ཏེ། ལམ་ལྟར་བཅོས་པ་སྟོན་ཏོ། །སྙམ་དུ་སེམས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ལ། གོང་དུའང་དེ་འདི་སྙམ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་སྒོམ་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའི་གནས་མེད་དོ། །གོ་སྐབས་མ་ཡིན་ཞིང་། དེ་ནི། གནས་མེད་དོ། །སྙམ་དུ་སེམས་ན། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་སྙམ་དུ། གལ་ཏེ་དེ་བཞིན་གཤེགས་པས་ཇི་སྐད་བསྟན་པ་དེ་བཞིན་དུ་བསླབ་ལ། སྤྱོད་པ་དེ་དག་དང་མ་བྲལ་ཞིང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་


DKG030_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གིས་གནས་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཡོངས་སུ་མི་ཉམས་སོ། །སྙམ་དུ་སེམས་ན། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ། འདི་སྙམ་དུ། གང་བདུད་ཀྱི་ལས་རྣམས་ཁོང་དུ་ཆུད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །སྙམ་དུ་སེམས་ན། རབ་འབྱོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལས་སླར་ལྡོག་པའི་སླད་དུ་དེས་ན་ཕྱིར་མི་ལྡོག་པ་ཞེས་བགྱི་བར་འཚལ་བར་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི། གཟུགས་ཀྱི་འདུ་ཤེས་ལས་ལོག་གོ །ཚོར་བའི་འདུ་ཤེས་ལས་ལོག་གོ །འདུ་ཤེས་ཀྱི་འདུ་ཤེས་ལས་ལོག་གོ །འདུ་བྱེད་ཀྱི་འདུ་ཤེས་ལས་ལོག་གོ །རྣམ་པར་ཤེས་པའི་འདུ་ཤེས་ལས་ལོག་གོ །ཁམས་ཀྱི་འདུ་ཤེས་དང་། སྐྱེ་མཆེད་ཀྱི་འདུ་ཤེས་དང་། འདོད་ཆགས་ཀྱི་འདུ་ཤེས་དང་། ཞེ་སྡང་གི་འདུ་ཤེས་དང་། གཏི་མུག་གི་འདུ་ཤེས་དང་། ལྟ་བའི་འདུ་ཤེས་དང་། ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་དང་། སྟོང་པ་ཉིད་ཀྱི་འདུ་ཤེས་དང་། དྲན་པ་ཉེ་བར་གཞག་པའི་འདུ་ཤེས་དང་། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བར་གྱི་འདུ་ཤེས་ལས་ལོག་གོ །སངས་རྒྱས་ཀྱི་བར་གྱི་འདུ་ཤེས་ལས་ལོག་གོ །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས། བྱང་ཆུབ་སེམས་དཔའི་སྐྱོན་


DKG030_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལ་འཇུག་སྟེ། དེས་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པས་མངོན་པར་འདུ་མི་བྱེད་དོ། །མངོན་པར་འདུ་མི་བྱེད་པས་མི་སྐྱེད་དེ། དེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། རབ་འབྱོར་།རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཕྱིར་མི་ལྡོག་པའི་ལེའུ་ཞེས་བྱ་སྟེ། བཞི་བཅུ་རྩ་དགུ་པའོ།། །།


previousབཞི་བཅུ་རྩ་དགུ་པ། ཕྱིར་མི་ལྡོག་པའི་ལེའུ། next