Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སུམ་ཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲུག་ཅུ་རྩ་གཉིས་པ། ཐོད་རྒལ་དུ་སྙོམས་པར་འཇུག་པའི་ལེའུ།
   


 
previousདྲུག་ཅུ་རྩ་གཉིས་པ། ཐོད་རྒལ་དུ་སྙོམས་པར་འཇུག་པའི་ལེའུ། next

དྲུག་ཅུ་རྩ་གཉིས་པ། ཐོད་རྒལ་དུ་སྙོམས་པར་འཇུག་པའི་ལེའུ།


DKG030_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ལུས་དང་། ངག་དང་། སེམས་ཀྱི་སྡོམ་པ་གང་ཡིན་པའི་སྡོམ་པ་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མཆོག་ཏུ་འཛིན་པར་མི་བྱེད་ཅིང་། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་སེམས་ཅན་རྣམས་ཀྱི་སྲོག་གཅོད་པར་མི་བྱེད་དོ། །མ་བྱིན་པར་ལེན་པར་མི་བྱེད་དོ། །འདོད་པ་ལ་ལོག་པར་གཡེམ་པར་མི་བྱེད་དོ། །རྫུན་གྱི་ཚིག་མི་སྨྲའོ། །


DKG030_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རྩུབ་པོ་མི་སྨྲའོ། །ཕྲ་མའི་ཚིག་མི་སྨྲའོ། །ཚིག་བཀྱལ་པ་མི་སྨྲའོ། །བརྣབ་སེམས་ཅན་དུ་མི་འགྱུར་རོ། །གནོད་སེམས་ཀྱི་སེམས་དང་ལྡན་པར་མི་འགྱུར་རོ། །ལོག་པར་ལྟ་བར་མི་འགྱུར་རོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ནས་སྦྱིན་པ་གང་སྦྱིན་ཡང་རུང་། ཟས་འདོད་པ་རྣམས་ལ་ནི། ཟས། སྐོམ་འདོད་པ་རྣམས་ལ་ནི། སྒོམ་། སྤོས་འདོད་པ་རྣམས་ལ་ནི། སྤོས། བཞོན་པ་འདོད་པ་རྣམས་ལ་ནི། བཞོན་པ། གོས་འདོད་པ་རྣམས་ལ་ནི། གོས། མེ་ཏོག་ཕྲེང་འདོད་པ་རྣམས་ལ་ནི། མེ་ཏོག་ཕྲེང་། བྱུག་པ་འདོད་པ་རྣམས་ལ་ནི། བྱུག་པ། མལ་འདོད་པ་རྣམས་ལ་ནི། མལ། སྟན་འདོད་པ་རྣམས་ལ་ནི། སྟན། མར་མེ་འདོད་པ་རྣམས་ལ་ནི། མར་མེ། ཡོ་བྱད་འདོད་པ་རྣམས་ལ་ནི། ཡོ་བྱད་དང་། མིའི་ཡོ་བྱད་གང་ཅིའང་རུང་བའི་བར་དག་སྦྱིན་པར་བྱེད་དོ། །སྤྱིན་པ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། ཡོངས་སུ་བསྔོ་བ་དེ་ལྟ་བུ་དེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བར་མི་བྱེད་དོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཡན་ལག་དང་། ཉིང་ལག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱིས་བཅད་་དེ་དོང་ན། དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་གཅིག་ཙམ་ཡང་རྣམ་པར་འཁྲུག་པར་མི་འགྱུར་ཞིང་། ཚིག་པ་ཟ་བར་མི་འགྱུར་ལ། གནོད་སེམས་འབྱུང་བར་མི་འགྱུར་གྱི། གཞན་དུ་ན་དེས་འདི་སྙམ་དུ་སེམས་ཏེ། འདི་ལྟར། སེམས་ཅན་ཐམས་ཅད་ཀྱིས་ཡན་ལག་དང་། ཉིད་ལག་བཅད་དེ་དོང་བ་ནི་བདག་


DKG030_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྙེད་པ་ལེགས་པར་རྙེད་དོ། །སྙམ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་བདག་གིས་འཁོར་བ་ལས་བསྒྲལ་ཏེ་བདུད་རྩིའི་དབྱིངས་སུ་དགོད་པར་བྱའོ། །ཞེས་ལུས་དང་སེམས་ཀྱི་བརྩོན་འགྲུས་མི་གཏོང་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་བསྒྲུབས་ནས་གནས་ཤིང་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་བསྒྲུབས་ནས་གནས་པར་བྱེད་དེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལའང་ལྷག་པར་མི་དམིགས་ལ། གཞན་དུ་ན་འདི་སྙམ་དུ་སེམས་ཏེ། བདག་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བར་བྱའོ། །སྙམ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ།


DKG030_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཆོས་ཐམས་ཅད་དེ་བཞིན་ཉིད་ལས་མི་འདའ་བ་མ་གཏོགས་པར་ཆོས་གང་ལའང་འདུས་བྱས་སུ་མི་མཐོང་། འདུས་མ་བྱས་སུ་མི་མཐོང་། དངོས་པོ་འདུས་བྱས་སུ་མི་མཐོང་། དངོས་པོ་མེད་པ་འདུས་མ་བྱས་སུ་མི་མཐོང་། མཚན་མ་འདུས་བྱས་སུ་མི་མཐོང་། མཚན་མ་མེད་པ་འདུས་མ་བྱས་སུ་མི་མཐོང་ངོ་། །ཆོས་གང་ལའང་ཡོད་པའམ་མེད་པར་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་། ཐབས་ལ་མཁས་པས་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་བར་མི་འགྱུར་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེམས་ཅན་ཐམས་ཅད་ཀྱིས་གཤེས་སམ། སྤྱོས་སམ། ཡན་ལག་དང་། ཉིང་ལག་རྣམས་བཅད་པར་འགྱུར་ན། དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི། སེམས་ཅན་འདི་དག་ལ་སྦྱིན་པ་སྦྱིན་པར་བྱའི། བདག་གིས་མི་སྦྱིན་པར་ནི་མི་བྱའོ། །སྙམ་སྟེ། དེ་སེམས་ཅན་དེ་དག་ལ་ཟས་འདོད་པ་རྣམས་ལ་ནི། ཟས་སྦྱིན་པར་བྱེད། སྐོམ་འདོད་པ་རྣམས་ལ་ནི། སྐོམ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། མིའི་ཡོ་བྱད་ཅིའང་རུང་བའི་བར་དུ་སྦྱིན་པར་བྱེད་ལ། དེས་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད་ལ། དེ་ནི། ཅི་ནས་སུ་ཞིག་ཡོངས་སུ་བསྔོ་བར་བྱེད་པའམ། ཅི་ཞིག་ཡོངས་སུ་བསྔོ་བར་


DKG030_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའམ། གང་དུ་ཡོངས་སུ་བསྔོ་བར་བྱེད་པར་འགྱུར་བའི་བློ་རྣམ་ལ་་གསུམ་དུ་མི་འཇུག་པར་ཡོངས་སུ་བསྔོ་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེམས་ཅན་འགའ་ཙམ་ཡང་སྲོག་དང་བྲལ་བར་མི་བྱེད་ཅིང་། མ་བྱིན་པར་མི་ལེན་ཏོ། །དེ་བཞིན་དུ་སྦྱར་ཏེ། ལོག་པར་ལྟ་བའི་བར་དུ་མི་འགྱུར་རོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལའང་དེའི་སེམས་མི་འཇུ་་གོ །དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ལ། དེ་གང་དུ་ཡོངས་སུ་བསྔོ་བར་བྱེད་པའི་བར་དུ་ཅི་ནས་བློ་རྣམ་པ་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བདག་དཔག་ཚད་གཅིག་ཏུ་སོང་ངམ། དཔག་ཚད་བརྒྱའམ། དཔག་ཚད་སྟོང་ངམ། འཇིག་རྟེན་གྱི་ཁམས་གཅིག་གམ། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་འབུམ་དུ་སོང་ལ། དེར་ཐ་ན་


DKG030_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གཅིག་ཙམ་ཡང་བསླབ་པའི་གཞི་དག་ལ་བསླབ་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ཉིད་ཀྱི་བར་དུ་དགོད་པར་བྱ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ། །ཞེས་བརྩོན་འགྲུས་ཡང་དག་པར་སྐྱེད་པར་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་་སྩལ་བ། རབ་འབྱོར། འདི་ལ་་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ནས་དེ་བཞིན་དུ་སྦྱར་ཏེ། བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་སོ། །སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་དང་ལྡན་པ་ཅི་དང་ཅི་བྱུང་བ་རྣམས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད་དེ། དེའི་ཚེ་འང་ཅི་ནས་བསམ་གཏན་རྣམས་དང་། བསམ་གཏན་གྱི་ཡན་ལག་རྣམས་མི་དམིགས་པ་དེ་ལྟར་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་


DKG030_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གནས་པ་དེའི་ཚེ་ཆོས་རྣམས་ལ་དབེན་པའི་རྣམ་པའམ། ཞི་བའི་རྣམ་པའམ། ཟད་པའི་རྣམ་པར་ཆོས་ཀྱི་རྗེས་སུ་ལྟ་བར་གནས་ལ། ཆོས་ཉིད་དེའང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་མངོན་སུམ་དུ་མི་བྱེད་དེ། དེར་འདུག་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ནས་ལངས་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ཏེ། ཅི་ནས་འཛིན་པའང་མེད། འདོར་བའང་མེད་པ་དེ་ལྟར་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བདག་གིས་ངེས་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་རྫོགས་པར་འཚང་རྒྱ་བར་བྱའི། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་བྱའོ། །སྙམ་ནས་ལུས་དང་། སེམས་ཀྱི་བརྩོན་པ་མི་གཏོང་སྟེ། སེམས་ཅན་རྣམས་ཀྱི་ཆེད་དུ་དཔག་ཚད་གཅིག་གམ། དཔག་ཚད་བརྒྱའམ། དཔག་ཚད་སྟོང་ངམ། འཇིག་རྟེན་གྱི་ཁམས་གཅིག་གམ། འཇིག་རྟེན་གྱི་ཁམས་བྱེ་བའམ། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་འབུམ་དུ་སོང་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཐ་ན་སེམས་ཅན་གཅིག་ཙམ་ཡང་བྱང་ཆུབ་ལ་འཇོག་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་མ་རྙེད་ནའང་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་ཉན་ཐོས་ཉིད་ལ་འཇོག་པར་བྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རང་སངས་རྒྱས་ཉིད་ལ་འཇོག་པར་བྱེད་དོ། །ཐ་ན་སེམས་ཅན་གཅིག་ཙམ་ཡང་དགེ་


DKG030_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། དེས་ཆོས་ཀྱི་སྦྱིན་པ་དེ་བྱིན་ནས་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་པར་བྱེད་དོ། །དེས་དགེ་བའི་རྩ་བ་དེ་དག་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བར་མི་བྱེད་ཀྱི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། དེ་་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བདག་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ལ། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་། སྲོག་གཅོད་པ་སྤོང་བའི་བསྔགས་པའང་བརྗོད་ལ། གཞན་གང་དག་སྲོག་གཅོད་པ་སྤོང་བ་དེ་དག་གི་བསྔགས་པའང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བདག་ཀྱང་ལོག་པར་ལྟ་བའི་བར་དུ་སྤོང་བར་བྱེད་ལ། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ཅིང་། ལོག་པར་ལྟ་བ་སྤོང་བའི་བསྔགས་པའང་བརྗོད་ལ། གཞན་གང་དག་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བསྔགས་པའང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་འདོད་པའི་ཁམས་དོན་དུ་མི་གཉེར། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དོན་དུ་མི་གཉེར། ཉན་ཐོས་ཀྱི་ས་དོན་དུ་མི་གཉེར། རང་སངས་རྒྱས་ཀྱི་ས་དོན་དུ་མི་གཉེར་གྱི། གཞན་དུ་ན། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་


DKG030_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་བསྔོ་བ་དང་། ཅི་ཞིག་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་མི་འབྱུང་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་གལ་ཏེ་མིར་གྱུར་པའམ། མི་མ་ཡིན་པར་གྱུར་པའི་བར་དག་གིས་སེམས་རྣམ་པར་འཁྲུགས་པར་བྱས་སམ། ཡན་ལག་དང་། ཉིང་ལག་དག་བཅད་ཅིང་ཁྱེར་ཏེ་དོང་ཡང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི། འདི་སྙམ་དུ། འདི་བདག་ལས་བཅད་པའམ། གཏུབས་པའམ། འཕྲོག་གོ །སྙམ་དུ་མི་སེམས་ཏེ། གཞན་དུ་ན་དེ་འདི་སྙམ་དུ། གང་དག་གི་དོན་དུ་བདག་གི་ལུས་ཡོངས་སུ་གྲུབ་པ་དེ་དག་ཉིད་འདིར་འོངས་ཏེ། བདག་གི་ཡན་ལག་དང་། ཉིང་ལག་དག་གཏུབས་ཤིང་ཁྱེར་ཏེ་དོང་བ་ནི། བདག་གིས་རྙེད་པ་ལེགས་པར་རྙེད་དོ། །སྙམ་དུ་སེམས་ཤིང་། དེས་ནི། ཆོས་ཉིད་ཀྱི་རང་བཞིན་ཡང་ལེགས་པར་ཡིད་ལ་བྱས་པ་ཡིན་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི་བའི་་གཞན་དུ་ན། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་


DKG030_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པའི་བར་དང་། བྱམས་པ་དང་། བཏང་སྙོམས་ཀྱི་བར་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་བསྒྲུབས་ཤིང་གནས་ཏེ། དེ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གི་རྣམ་པར་སྨིན་པ་ཡོངས་སུ་མི་འཛིན་གྱི། གཞན་དུ་ན། གང་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་དེ་དག་ཏུ་སྐྱེ་ཞིང་། དེས་སེམས་ཅན་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གིས་ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བ་དང་། དགེ་བའི་རྩ་བ་དག་བསྐྱེད་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དག་ཏུའང་འགྲོ་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ།


DKG030_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫས་དང་། དངོས་པོ་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྫས་དང་། དངོས་པོ་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་སྦྱར་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྫས་དང་། དངོས་པོ་དང་། མཚན་མར་ ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་ཆོས་ཐམས་ཅད་རྫས་སུ་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ནི། ཆོས་གང་ལའང་གནས་པར་མི་བྱེད་ཅིང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ཡིན་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་སྦྱར་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་། རྣམ་པར་གཡེང་བ་མེད་པའི་སེམས་ཀྱིས་སེམས་ཅན་དེ་དག་ལ་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་དག་ཀྱང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ལ། གཞན་དག་ཀྱང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་ཡང་དག་པར་འཛིན་དུ་འདུག་ཅིང་། ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའི་


DKG030_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པའང་བརྗོད་ལ། གཞན་གང་དག་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དག་སྦྱིན་པར་བྱེད་པ་དེ་དག་གི་བསྔགས་པའང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེད། ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པའི་སེམས་མི་སྐྱེད། རྣམ་པར་འཚེ་བ་དང་ལྡན་པའི་སེམས་མི་སྐྱེད་དེ། གཞན་དུ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་གནས་ཤིང་། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། །གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ།


DKG030_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་དབུ་བ་རྡོས་པ་ལྟ་བུར་སོ་སོར་རྟོག་གོ །ཚོར་བ་ལ་ཆུའི་ཆུ་བུར་ལྟ་བུར་སོ་སོར་རྟོག་གོ །འདུ་ཤེས་ལ་སྨིག་རྒྱུ་ལྟ་བུར་སོ་སོར་རྟོག་གོ །འདུ་བྱེད་རྣམས་ལ་ཆུ་ཤིང་ལྟ་བུར་སོ་སོར་རྟོག་གོ །རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་སྟེ། དེ་དེ་ལྟར་ཕུང་པོ་ལྔ་ལ་སོ་སོར་རྟོག་པ་ན། སྙིང་པོ་མེད་པའི་འདུ་ཤེས་ཉེ་བར་གནས་ཏེ། དེ་དེ་ལྟར་སོ་སོར་རྟོག་པ་ན་ཡན་ལག་དང་། ཉིང་ལག་དག་བཅད་ཀྱང་འདི་སྙམ་དུ། འདི་ལ་གཅོད་པར་བྱེད་པ་ནི། སུ་ཡིན། ཚོར་བ་ནི། སུའི་ཡིན། འདུ་ཤེས་ནི། སུའི་ཡིན། འདུ་བྱེད་རྣམས་ནི། སུའི་ཡིན། རྣམ་པར་ཤེས་པ་ནི། སུའི་ཡིན་སྙམ་དུ་སེམས་ཤིང་། དེ་དེ་ལྟར་སོ་སོར་རྟོག་པ་ན་ཁྲོ་བར་འགྱུར་བདག་བྱས་ཀྱང་འདི་སྙམ་དུ། གང་ལ་ཁྲོ་བ་དང་། སྤྱོ་བ་བྱས་པས་གནོད་སེམས་སྐྱེ་བའི་ཁྲོ་བ་དང་། གཤེ་བར་བྱེད་པ་འདི་ལ་སུ་ཞིག་ཡོད་སྙམ་དུ་སེམས་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་དང་། དེ་བཞིན་དུ་སྦྱར་ཏེ། བསམ་གཏན་བཞི་པའི་བར་དག་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་རྣམས་ལའང་མཚན་མར་མི་འཛིན་ཏེ། དེ་དེ་ལྟར་མཉམ་པར་བཞག་པའི་སེམས་ཀྱིས་རྫུ་འཕྲུལ་གྱི་བྱ་བ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་པ་དག་རྒྱ་ཆེར་སྦྱར་བར་བྱའོ། །ལྷའི་རྣ་བའི་ཁམས་ཀྱིས་ལྷ་དང་མི་རྣམས་ཀྱི་སྒྲ་དག་ཀྱང་ཐོས་སོ། །སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་དག་ཀྱང་སེམས་ཀྱིས་ཀུན་ཏུ་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པའི་སེམས་ཀྱི་བར་ལའང་བླ་ན་མེད་པའི་སེམས་སུ་


DKG030_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དག་ཀྱང་རྒྱ་ཆེར་སྦྱར་བར་བྱའོ། །ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པའི་བར་གྱིས་དེ་བཞིན་དུ་སྦྱར་ཏེ། སེམས་ཅན་རྣམས་ལས་ཇི་ལྟར་བསགས་པ་བཞིན་དུ་ཉེ་བར་འགྲོ་བའི་བར་དག་ཀྱང་མཐོང་ངོ་། །དེ་མངོན་པར་ཤེས་པ་ལྔ་པོ་དེ་དག་ལ་གནས་ནས་སངས་རྒྱས་བཅོམ་ལྡན་འདས་དག་ལ་བསྙེན་བཀུར་བྱ་བ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུའང་འགྲོ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། གཟུགས་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་སོ། །ཡང་དག་པར་སྤོང་བ་རྣམས་མི་དམིགས་སོ། །དེ་བཞིན་དུ་སྦྱར་


DKG030_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་སོ། །འདུས་བྱས་ཀྱི་ཁམས་མི་དམིགས་སོ། །འདུས་བྱས་ཀྱི་ཁམས་མི་དམིགས་སོ། །མི་དམིགས་པས་ན། མངོན་པར་འདུ་མི་བྱེད་དོ། །མངོན་པར་འདུ་མི་བྱེད་པས་ན། སྐྱེ་བར་མི་བྱེད། འགག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི། གནས་པ་ཉིད་དང་། ཆོས་གནས་པ་འདི་ནི། གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་ཀྱང་གནས་པ་ཉིད་ཡིན་པས། དེ་ལ་ནི། སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་དེ་ནི། རྣམ་པར་གཡེང་བ་མེད་པའི་སེམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་མ་བྲལ་བར་གནས་པ་ཡིན་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་ཐམས་ཅད་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྟོང་པར་ཡང་དག་པར་རྗེས་སུ་མཐོང་བ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཕྱི་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་དང་དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་དངོས་པོ་མེད་པའི་ངོ་བོ་


DKG030_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྟོང་པ་ཉིད་བཅུ་བཞི་པོ་དེ་དག་ལ་གནས་ནས་གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་ཤེས་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དུའང་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་། སྦྱིན་པ་དག་གཏོང་བར་བྱེད་དེ། ཟས་སམ། སྐོམ་མམ། གོས་སམ། བཞོན་པའམ། མལ་ཆའམ། སྟན་ནམ། མིའི་ཡོ་བྱད་གང་ཡང་རུང་བའི་བར་དག་སྦྱིན་པར་བྱེད་ཀྱང་། དེས་སྦྱིན་པ་དེའང་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ། གང་སྦྱིན་པར་བྱེད་པ་དང་། གང་ལ་སྦྱིན་པར་བྱ་བ་དེའང་སྟོང་པར་ཡང་དག་པར་མཐོང་སྟེ། དེ་ལ་སེར་སྣའི་སེམས་སམ། ཀུན་ཏུ་འཛིན་པའི་སེམས་དག་གི་གོ་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྣམ་པར་རྟོག་པ་དེ་དག་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་སེར་སྣའི་ཐུགས་སམ། ཀུན་ཏུ་འཛིན་པའི་ཐུགས་མི་འབྱུང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལའང་སེར་སྣའི་སེམས་སམ། ཀུན་ཏུ་འཛིན་པའི་སེམས་མེད་པས་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་


DKG030_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་ཡིན་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དག་གི་སྐབས་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར། དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའང་མི་དམིགས་ལ། གང་གིས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བར་བྱེད་པའི་སེམས་དེའང་མི་དམིགས་པའི་ཕྱིར་རོ། །དེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སྲོག་གཅོད་པ་སྤོང་བའི་ཕྱིར་སེམས་སྐྱེད་པར་བྱེད་དེ། བདག་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ལ། སྲོག་གཅོད་པ་སྤོང་བའི་བསྔགས་པའང་བརྗོད་ཅིང་། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ལ། གཞན་གང་དག་སྲོག་གཅོད་པ་སྤོང་བ་དེ་དག་གི་བསྔགས་པའང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །བདག་ཀྱང་ལོག་པར་ལྟ་བའི་བར་དུ་སྤང་བའི་ཕྱིར་སེམས་སྐྱེད་ཅིང་ལོག་པར་ལྟ་བ་སྤོང་བར་བྱེད་ལ། གཞན་དག་ཀྱང་ལོག་པར་ལྟ་བ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ཅིང་། ལོག་པར་ལྟ་བ་སྤོང་བའི་བསྔགས་པའང་བརྗོད་ལ། གཞན་གང་དག་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བསྔགས་པའང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དེ། ཚུལ་ཁྲིམས་དེས་ཉན་ཐོས་ཉིད་དམ། རང་སངས་རྒྱས་ཉིད་དམ། སངས་རྒྱས་ཉིད་དམ། ཆོས་གང་ལའང་ཆགས་པ་མེད་ན། གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་


DKG030_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་རྗེས་སུ་མཐུན་པའི་བཟོད་པ་སྐྱེ་ཞིང་། དེ་འདི་སྙམ་དུ། འདི་ལ་ཆོས་གང་ཡང་འབྱུང་བའམ། འགག་པའམ། སྐྱེ་བའམ། འཆི་བའམ། ཁྲོ་བའམ། སྤྱོ་བའམ། གཅད་པའམ། གཏུབ་པའམ། བརྡེག་པའམ། དགག་པར་བྱ་བ་མེད་དོ། །སྙམ་ནས་དེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་གལ་ཏེ་སེམས་ཅན་ཐམས་ཅད་དྲུང་དུ་ལྷགས་ནས་ཁྲོ་བར་བྱེད་དམ། སྤྱོ་བར་བྱེད་དམ། བོང་བའམ། དབྱུག་པའམ། མཚོན་ཆའམ། ལག་ཆ་དག་གིས་བརྡེག་གམ། གཅོད་དམ། འབིགས་པར་བྱེད་ཀྱང་དེ་ལ་འདི་སྙམ་དུ། ཀྱེ་མཆོས་རྣམས་ཀྱི་ཆོས་ཉིད་ལ་ནི། ཁྲོ་བའམ། སྤྱོ་བའམ། གཅད་པའམ། གཏུབ་པའམ། བརྡེག་པའི་ཆོས་གང་ཡང་དམིགས་སུ་མེད་དོ། །སྙམ་དུ་སེམས་ཏེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཐབས་ལ་མཁས་པ་དང་ལྡན་པས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ་ལུས་དང་སེམས་ཀྱི་བརྩོན་འགྲུས་བསྐྱེད་ནས་འཇིག་རྟེན་གྱི་ཁམས་སུའང་སོང་། འཇིག་རྟེན་གྱི་ཁམས་བརྒྱར་ཡང་སོང་། འཇིག་རྟེན་གྱི་ཁམས་འབུམ་ཕྲག་བྱེ་བ་སྙེད་དུའང་སོང་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་བྱེད་དོ། །དེ་བཞིན་


DKG030_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལའང་འགོད་པར་བྱེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལའང་འགོད་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལའང་འགོད་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། རང་བྱང་ཆུབ་ཀྱི་བར་ལའང་འགོད་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལའང་འགོད་པར་བྱེད་དེ། ཅི་ནས་ཀྱང་འདུས་བྱས་ཀྱི་ཁམས་ལའང་མི་འགོད། འདུས་མ་བྱས་ཀྱི་ཁམས་ལའང་མི་འགོད་པ་དེ་ལྟར་འགོད་པར་བྱེད་དེ། རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པ་ཉན་ཐོས་ཀྱི་ཏིང་ངེ་འཛིན་ཏམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏམ། ཏིང་ངེ་འཛིན་གཞན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་ཅིང་ལྡང་ངོ་། །ཏིང་ངེ་འཛིན་དེ་དག་ལ་གནས་ནས་རྣམ་པར་ཐར་པ་བརྒྱད་པོ་དག་ལ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་ལྡང་སྟེ། བརྒྱད་གང་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི། རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི། རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་གནས་པ་འདི་ནི། རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་


DKG030_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ། །སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་བཞི་པའོ། །རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ། །སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅིའང་མེད་དོ། །སྙམ་ནས་ཅིའང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅིའང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་། ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་བརྒྱད་པ་སྟེ། རྣམ་པར་ཐར་པ་བརྒྱད་པོ་དེ་དག་ལ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་ལྡང་ངོ་། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་ལའང་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་ལྡང་སྡེ། དགུ་གང་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་སྦྱར་ཏེ་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་བསྒྲུབས་ནས་གནས་པའི་བར་དག་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་ལ་ལུགས་དང་མཐུན་པ་དང་།


DKG030_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་ལྡང་ངོ་། །དེས་དེ་ལྟར་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་དབྱེ་བར་བྱས་ནས་སེངྒེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེངྒེ་རྣམ་པར་བསྒྱིངས་པ་གང་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་བར་དག་བསྒྲུབས་ཏེ་གནས་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས་བསམ་གཏན་དང་པོའི་བར་དག་བསྒྲུབས་ཏེ་གནས་པ་ཡིན་ནོ། །དེས་དེ་ལྟར་སེངྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དེ་རྣམ་པར་དབྱེ་བར་བྱས་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་གང་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། བསམ་གཏན་དང་པོ་ལས་ལངས་ནས་དེ་བཞིན་དུ་སྦྱར་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་


DKG030_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གསུམ་པ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་བཞི་པ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་ཅིའང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། ཅིའང་མེད་པའི་སྐྱེ་མཆེད་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་འབབ་པ་དང་། མཉམ་པར་


DKG030_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞག་པའི་སེམས་ལས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་མཉམ་པར་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་ཅིའང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། ཅིའང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་འབབ་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་འབབ་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་བཞི་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གསུམ་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དང་། བསམ་


DKG030_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་སྟེ། དེ་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་ལ་གནས་ནས་ཆོས་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །རབ་འབྱོར། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཐོད་རྒལ་དུ་སྙོམས་པར་འཇུག་པའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་གཉིས་པའོ།། །།


previousདྲུག་ཅུ་རྩ་གཉིས་པ། ཐོད་རྒལ་དུ་སྙོམས་པར་འཇུག་པའི་ལེའུ། next