Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
དྲུག་ཅུ་རྩ་བཞི་པ། ཡང་དག་པར་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲུག་ཅུ་རྩ་བཞི་པ། ཡང་དག་པར་བསྟན་པའི་ལེའུ། next

དྲུག་ཅུ་རྩ་བཞི་པ། ཡང་དག་པར་བསྟན་པའི་ལེའུ།


DKG031_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་དྲུག་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ནི་སེམས་ཅན་ཡང་མི་དམིགས་ལ། སེམས་ཅན་དུ་གདགས་པ་ཡང་མི་དམིགས་པར་སེམས་ཅན་རྣམས་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པས་དཀའ་བ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་མི་ལ་ལ་ཞིག་གིས་ནམ་མཁའ་རྟེན་མ་མཆིས་པ་ལ་ཡལ་ག་འགེལ་བ་བསྐྱེད་པར་འཚལ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་ཆེད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འཚལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་ཀྱི་ཆེད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་རྟོགས་ནས་ཀྱང་། སེམས་ཅན་ཐམས་ཅད་ཆགས་པ་ལས་ཡོངས་སུ་གྲོལ་བར་བྱེད་པ་དེ་དག་ནི་དཀའ་བ་བྱེད་པ་ཡིན་ནོ། །རབ་འབྱོར་དཔེར་ན་མི་ཞིག་ཡལ་ག་འགེལ་བ་བསྐྱེད་པར་འདོད་ལ། མི་དེས་ཡལ་ག་འགེལ་བ་དེའི་རྩ་བ་ཡང་མི་ཤེས། ཡལ་གའི་མདོ་དང་། ལོ་མ་དང་། མེ་ཏོག་ཀྱང་མི་ཤེས་བཞིན་དུ། དེས་ཡལ་ག་འགེལ་བ་དེའི་སྡོང་བུ་བསྐྱེད་དེ། བསྐྱེད་ནས་ཀྱང་དུས་དུས་སུ་སྲུང་ཞིང་ཆུས་བྲན་ཏེ། རིམ་གྱིས་སྡོང་བུ་དེའི་ཡལ་ག་ཡང་ཕུན་སུམ་ཚོགས་པར་གྱུར། ལོ་མ་ཡང་ཕུན་སུམ་ཚོགས་པར་གྱུར། མེ་ཏོག་ཀྱང་ཕུན་སུམ་


DKG031_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་གྱུར། འབྲས་བུ་ཡང་ཕུན་སུམ་ཚོགས་པར་གྱུར་ནས། དེ་སྡོང་བུ་དེའི་ལོ་མ་རྣམས་ལ་སྤྱོད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་དེ་ཡང་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའི་ལོ་མ་ལྟ་བུ་ལ་བརྟེན་ནས་སེམས་ཅན་རྣམས་ངན་སོང་གསུམ་པོ་དག་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་མེ་ཏོག་ལྟ་བུ་ལ་བརྟེན་ནས་སེམས་ཅན་རྣམས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ནས། འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། སེམས་ཅན་དེ་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་འགོད་པར་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ལ་འགོད་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ལ་འགོད་པར་བྱེད་དོ། །རང་བྱང་ཆུབ་ལ་འགོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བརྟེན་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། །གང་དག་དེ་ལ་ཡོན་འབུལ་བ་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་


DKG031_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་སེམས་ཅན་ཡང་མི་དམིགས་ཤིང་སེམས་ཅན་དུ་གདགས་པ་ཡང་མེད་ལ། སེམས་ཅན་དེ་དག་ཀྱང་བདག་ཏུ་འཛིན་པ་ལས་ཡོངས་སུ་གྲོལ་བར་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་གི་ཆེད་དུ་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་སེམས་ཅན་ནམ། སེམས་ཅན་དུ་གདགས་པ་ཅི་ཡང་འདི་ན་མི་དམིགས་སོ་ཞེས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ལགས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར། དུད་འགྲོའི་སྐྱེ་གནས་ཐམས་ཅད་རྒྱུན་ཆད་པར་འགྱུར། གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་འགྱུར། མི་ཁོམ་པ་ཐམས་ཅད་རྒྱུན་ཆད་པར་འགྱུར། དབུལ་པོ་ཐམས་ཅད་རྒྱུན་ཆད་པར་འགྱུར། དམན་པའི་འགྲོ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར། འདོད་པའི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར། གཟུགས་ཀྱི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར། གཟུགས་མེད་པའི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མ་ཞུགས་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཞིང་། རང་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་མི་འགྱུར། དགྲ་བཅོམ་པ་རྣམས་འཇིག་རྟེན་དུ་འབྱུང་བར་མི་འགྱུར། རྒྱུན་དུ་ཞུགས་པའི་


DKG031_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བར་དག་འཇིག་རྟེན་དུ་འབྱུང་བར་མི་འགྱུར། སེམས་ཅན་དམྱལ་བའི་བར་དག་རྒྱུན་ཆད་པར་མི་འགྱུར། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་བར་དག་རྒྱུན་ཆད་པར་མི་འགྱུར་བའི་ཕྱིར་རོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ལགས་པར་རིག་པར་བགྱིའོ་ཞེས་གང་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་གདགས་པའི་དེ་བཞིན་ཉིད་དེ་ཉིད་ཀྱིས་རང་སངས་རྒྱས་སུ་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་འཕགས་པ་ཐམས་ཅད་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་རྣམ་པར་ཤེས་པའི་བར་དུ་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་བར་དུ་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གདགས་པའི་ཕྱིར་རོ། །རབ་འབྱོར་ཅིའི་ཕྱིར། དེ་བཞིན་ཉིད་དེ་བཞིན་ཉིད་ཅེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་ཉིད་འདི་ལ་གནས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་ཉིད་ཅེས་བྱའོ། །རབ་འབྱོར་རྣམ་གྲངས་དེས་ན་དེ་བཞིན་ཉིད་ཚད་མར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པར་རིག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་པར་འགྱུར་ཞིང་། དབང་པོ་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་ཐོབ་པར་འགྱུར་རོ། །སེམས་ཅན་རྣམས་ཀྱི་ལས་བདག་གིར་བྱ་བ་ཡང་ཤེས་པར་འགྱུར་རོ། །སེམས་ཅན་རྣམས་ཀྱི་ལས་


DKG031_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིར་བྱ་བ་ཤེས་ན། སྨོན་ནས་ཤེས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྨོན་ནས་ཤེས་པ་ཡོངས་སུ་རྫོགས་ན་དུས་གསུམ་ཤེས་པ་རྣམ་པར་དག་པར་བྱེད་པར་འགྱུར་རོ། །དུས་གསུམ་ཤེས་པ་རྣམ་པར་སྦྱངས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །སེམས་ཅན་རྣམས་ཀྱི་དོན་བྱེད་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ན་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་རྣམས་ཐེག་པ་གསུམ་པོ་དག་ལ་འགོད་པར་འགྱུར་རོ། །སེམས་ཅན་རྣམས་ཐེག་པ་གསུམ་པོ་དག་ལ་བཀོད་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་ཟློ་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོན་ཏན་དང་། ཕན་ཡོན་ཐམས་ཅད་མཐོང་བས་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཞིང་། གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བའི་གནས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་གནས་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་


DKG031_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སྟོང་གི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ས་ལ་གནས་པར་གྱུར་ཏམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ན། ཅི་སེམས་ཅན་དེ་དག་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་དཔག་ཏུ་མ་མཆིས་ལགས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་སྟོང་གི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་འདི་གཉིས་ལ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་བྱ་བའི་དངོས་པོ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་བྱེ་བ་ཕྲག་འབུམ་གྱི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ཡིན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཉན་ཐོས་དང་། རང་སངས་རྒྱས་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་བསོད་ནམས་ཀྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོའོ། །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལྟ་ཞོག་གི །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་དེ་དག་གི་བསོད་


DKG031_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་གང་ཡིན་པ་དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་ཀྱི་བྱེ་བ་ཕྲག་འབུམ་གྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པ་རྣམས་ལྟ་ཞོག་གི །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་རིགས་ཀྱི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་གང་ཡིན་པ་དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་ཀྱི་བྱེ་བ་ཕྲག་འབུམ་གྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་བཞིན་དུ་སྦྱར་ཏེ། བརྒྱད་པའི་ས་དང་མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་དང་། རང་སངས་རྒྱས་ཀྱི་སའི་བར་དུ་ཞུགས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་གང་ཡིན་པ་དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་ཀྱི་བྱེ་བ་ཕྲག་འབུམ་གྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོའོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་གང་ཡིན་པ་དེ་ནི་བྱང་ཆུབ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་བྱེ་བ་ཕྲག་འབུམ་གྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོའོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་ལ་ཞུགས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསོད་ནམས་ཀྱི་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོ་ཞིང་རྒྱུ་དང་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །གསོལ་པ། བཅོམ་ལྡན་འདས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་ཞིག་ཡིད་ལ་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ། །གསོལ་པ། བཅོམ་ལྡན་


DKG031_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ནི་ཅི་ལྟ་བུ་ཞིག་ལགས། དམིགས་པ་ནི་ཅི་ཞིག་ལགས། དབང་བགྱིད་པ་ནི་གང་ལགས། རྣམ་པ་ནི་ཅི་ཞིག་ལགས། མཚན་ཉིད་ནི་གང་ལགས། བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པ། མཚན་ཉིད་མེད་པ། མཚན་མ་མེད་པ། ལྷུན་གྱིས་གྲུབ་པ། སྐྱེ་བ་མེད་པ། འབྱུང་བ་མེད་པའོ། །རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་ཅི་ཞིག་ལགས། དབང་བགྱིད་པ་ནི་གང་ལགས། རྣམ་པ་ནི་ཅི་ཞིག་ལགས། མཚན་ཉིད་ནི་གང་ལགས་ཞེས་ཟེར་བ་ལ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །དབང་བྱེད་པ་ནི་དྲན་པའོ། །རྣམ་པ་ནི་ཞི་བའོ། །མཚན་ཉིད་ནི་མཚན་ཉིད་མེད་པ་སྟེ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དེ་ཡིན་ནོ། །དབང་བྱེད་པ་ནི་དེ་ཡིན་ནོ། །རྣམ་པ་ནི་དེ་ཡིན་ནོ། །མཚན་ཉིད་ནི་དེ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་དངོས་པོ་མ་མཆིས་པ་ལགས་སམ། འོན་ཏེ་གཟུགས་ཀྱང་དངོས་པོ་མ་མཆིས་ཤིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས་སམ། དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས་སམ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་།


DKG031_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་ཆེན་པོ་དང་། མངོན་པར་ཤེས་པ་དང་པོ་དང་། མངོན་པར་ཤེས་པ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མེད་དོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དངོས་པོ་མེད་དོ། །འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་བར་དུ་ཡང་དངོས་པོ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་ནི་ངོ་བོ་ཉིད་མེད་དོ། །རབ་འབྱོར་གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མ་མཆིས་པ་ལགས། བཀའ་སྩལ་པ། རབ་འབྱོར་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དེ། གང་ལ་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་པ་དེ་དངོས་པོ་མེད་པའོ། །རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་ཡང་ཆོས་ཐམས་ཅད་ནི་སྟོང་པའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་ཡང་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཡང་དག་པའི་མཐའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་དེ་ལྟར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་གང་དང་ལྡན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བགྱིད་ལ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བགྱིད། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་


DKG031_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་དང་། བྱམས་པ་ནས་བཏང་སྙོམས་ཀྱི་བར་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་སྙོམས་པར་འཇུག་པ་དང་། ནང་སྟོང་པ་ཉིད་ནས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བགྱིད་ལ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ལ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་དེ་དང་། སེམས་ཅན་དེ་དག་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །བསམ་


DKG031_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་ལ། བྱང་ཆུབ་ཀྱི་ལམ་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་པོ་དག་ལ་སྤྱོད་པ་དེ་ཇི་སྲིད་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པར་མ་གྱུར་པ་དེ་སྲིད་དུ་བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་མི་བྱེད་དོ། །རབ་འབྱོར་འདི་དག་ནི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། དེ་བྱང་ཆུབ་ཀྱི་ལམ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་བག་ཆགས་དང་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་ནི་མི་སྐྱེ་བའི་སྤོང་བས་སྤོང་བར་འགྱུར་རོ། །དེས་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་རྣམ་པར་བལྟས་ནས་དངོས་པོ་མེད་པར་ཡང་མི་དམིགས་ན། དངོས་པོར་ལྟ་ཅི་སྨོས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་དངོས་པོ་ཡང་མི་དམིགས་ན། དངོས་པོ་མེད་པ་ལྟ་ཅི་སྨོས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་སྦྱིན་པར་བྱེད་དེ། དེ་སྦྱིན་པ་སྦྱིན་པ་ན། རྣམ་པར་མི་རྟོག་ཅིང་མཚན་མར་མི་བྱེད་དེ། དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་ཡིད་ལ་མི་བྱེད་དོ། །ལེན་པ་


DKG031_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཡང་རྣམ་པར་མི་རྟོག་ཅིང་མཚན་མར་མི་བྱེད་དེ། དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་ཡིད་ལ་མི་བྱེད་དོ། །སྦྱིན་པ་པོར་ཡང་རྣམ་པར་མི་རྟོག་ཅིང་མཚན་མར་མི་བྱེད་དེ། དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་ཡིད་ལ་མི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མི་དམིགས་ཤིང་མཚན་མར་མི་བྱེད་ལ། དམིགས་པར་མི་བྱེད་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་རྣམ་པར་མི་རྟོག་ཅིང་། མཚན་མར་མི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་ཡིད་ལ་མི་བྱེད་ཅིང་། རྣམ་པར་མི་རྟོག་ལ་ཡིད་ལ་མི་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དམིགས་པར་མི་བྱེད་ཅིང་། མཚན་མར་མི་བྱེད་དོ། །གང་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ཡང་དངོས་པོ་དང་དངོས་པོ་མེད་པའི་ཚུལ་གྱིས་ཡོངས་སུ་རྟོག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དངོས་པོ་མེད་པ་དེ་ཡང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས་མ་བྱས་ཤིང་། ཆོས་ཐམས་ཅད་ནི་འགྱུར་བ་མེད་པ་སྟེ། བྱེད་པ་པོ་དང་བྲལ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་རྣམས་ནི་ཆོས་རྣམས་དང་བྲལ་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་རྣམས་ཁོ་ན་ཆོས་རྣམས་དང་བྲལ་བ་ལགས་ན། བྲལ་བའི་ཆོས་ཀྱིས་བྲལ་བའི་ཆོས་དངོས་པོ་མཆིས་པའམ། དངོས་པོ་མ་མཆིས་པར་ཇི་ལྟར་འཚལ་བར་རུང་སྟེ། དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མཆིས་པའི་ཆོས་འཚལ་བར་མི་རུང་ལ། དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མ་མཆིས་པའི་ཆོས་འཚལ་བར་མི་རུང་། དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མ་མཆིས་པའི་ཆོས་འཚལ་བར་མི་རུང་ལ། དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་


DKG031_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པའི་ཆོས་འཚལ་བར་མི་རུང་ལགས་ན། དེ་ལྟར་མ་འཚལ་བའི་ཆོས་ཐམས་ཅད་ལ་དངོས་པོ་མཆིས་ཞེས་བགྱི་བའམ། དངོས་པོ་མ་མཆིས་ཞེས་བགྱི་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོན་པར་ལྟ་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིག་རྟེན་གྱི་ཀུན་རྫོབ་བཟུང་སྟེ། དངོས་པོ་ཡོད་པ་ཞེས་བྱ་བའམ། དངོས་པོ་མེད་པ་ཞེས་བྱ་བ་སྟོན་གྱི། དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལགས་ལ། དོན་དམ་པ་ཡང་གཞན་ཞིག་ལགས་སམ། བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་མ་ཡིན་ལ། དོན་དམ་པ་ཡང་གཞན་མ་ཡིན་ཏེ། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ལ། དེ་བཞིན་ཉིད་དེ་སེམས་ཅན་དེ་དག་གིས་མི་ཤེས་ཤིང་མ་མཐོང་བས། དེ་དག་གི་ཕྱིར་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་དངོས་པོ་ཡོད་པའམ། དངོས་པོ་མེད་པ་ཞེས་བྱ་བ་སྟོན་ཏོ། །རབ་འབྱོར་ཡང་སེམས་ཅན་འདི་དག་ནི་ཕུང་པོ་ལྔ་པོ་འདི་དག་ལ་དངོས་པོར་འདུ་ཤེས་ཤིང་དངོས་པོ་མེད་པར་མི་ཤེས་ཏེ། ཇི་ལྟར་བྱས་ན་དངོས་པོ་མེད་པ་རྟོགས་པར་འགྱུར་ཞིག་གུ་སྙམ་ནས། དེ་དག་གི་དོན་དུ་ཆོས་རྣམས་རབ་ཏུ་དབྱེ་བའི་ཕྱིར་དེ་ལྟར་སྟོན་པར་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཡང་དག་པར་བསྟན་པའི་ལེའུ་ཞེས་བྱ་སྟེ། དྲུག་ཅུ་རྩ་བཞི་པའོ།། །།


previousདྲུག་ཅུ་རྩ་བཞི་པ། ཡང་དག་པར་བསྟན་པའི་ལེའུ། next