Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
བདུན་པ་ཅུ་རྩ་དགུ་པ། དངོས་པོ་མེད་པའི་ངོ་བོ་ཉིད་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ་ཅུ་རྩ་དགུ་པ། དངོས་པོ་མེད་པའི་ངོ་བོ་ཉིད་བསྟན་པའི་ལེའུ། next

བདུན་པ་ཅུ་རྩ་དགུ་པ། དངོས་པོ་མེད་པའི་ངོ་བོ་ཉིད་བསྟན་པའི་ལེའུ།


DKG031_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་བྱང་ཆུབ་སེམས་དཔའི་ཆོས་ལགས་ན། བཅོམ་ལྡན་འདས་འོ་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་གང་ཡང་འདི་སྐད་དུ་གལ་ཏེ་ཆོས་དེ་དག་བྱང་ཆུབ་སེམས་དཔའི་ཆོས་ལགས་ན། འོ་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་གང་ལགས་ཞེས་ཟེར་བ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའི་ཆོས་དེ་དག་ཉིད་སངས་རྒྱས་ཀྱི་ཆོས་ཀྱང་ཡིན་ཏེ། གང་གི་ཚེ་ཆོས་དེ་དག་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཚེ། དེའི་བག་ཆགས་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་དག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ཀྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་ཁྱད་པར་དེ་ཡོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཞུགས་པ་ཡང་གཞན་ལ་འབྲས་བུ་ལ་གནས་པ་ཡང་གཞན་མོད་ཀྱི། འོན་ཀྱང་དེ་གཉིས་ཀ་ཡང་གང་ཟག་མཆོག་མ་ཡིན་པར་མི་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་


DKG031_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བར་ཆད་མེད་པའི་ལམ་ལ་གནས་པ་ཡིན་གྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཁྱད་པར་ནི་དེ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་འདི་ནི་སེམས་ཅན་དམྱལ་བའོ། །འདི་ནི་དུད་འགྲོའི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷའོ། །འདི་ནི་མིའོ། །འདི་ནི་རིགས་ཀྱི་སའོ། །འདི་ནི་བརྒྱད་པའོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལགས་སོ། །ཞེས་བགྱི་བའི་བྱེ་བྲག་དང་། ཐ་དད་དུ་བགྱི་བ་ཇི་ལྟར་དམིགས་པར་འགྱུར་ལགས། བཅོམ་ལྡན་འདས་ཇི་ལྟར་གང་ཟག་དེ་དག་དམིགས་སུ་མ་མཆིས་པ་དེ་བཞིན་དུ་ལས་ཀྱང་དམིགས་སུ་མ་མཆིས་ལ། ཇི་ལྟར་ལས་དམིགས་སུ་མ་མཆིས་པ་དེ་བཞིན་དུ། རྣམ་པར་སྨིན་པ་ཡང་དམིགས་སུ་མ་མཆིས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡང་དམིགས་སུ་མེད་དོ། །གང་དག་གིས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མི་ཤེས་པ་དེ་དག་ནི་ཉེས་པར་སྤྱོད་པའམ། ལེགས་པར་སྤྱོད་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའི་ལས་དག་མངོན་པར་འདུ་བྱེད་དོ། །དེ་དག་ཉེས་པར་སྤྱད་པའི་ལས་ཀྱིས་ནི་ངན་སོང་གསུམ་པོ་དག་ཏུ་


DKG031_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་ངོ་། །ལེགས་པར་སྤྱད་པའི་ལས་ཀྱིས་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེའོ། །དགེ་བའི་ལས་སྐྱོན་མེད་པས་ནི་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དག་ཏུ་སྐྱེའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སྤྱོད་ཅིང་། སྐྱོན་མེད་པའི་སྤྱོད་པས་བྱང་ཆུབ་སེམས་དཔའི་ཆོས་དེ་དག་སྐྱེད་པར་བྱེད་དོ། །དེ་དག་བསྐྱེད་ནས་ཀྱང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་གི་འཁོར་དང་ལྡན་པ་ལ་སྙོམས་པར་ཞུགས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དོན་བྱས་པ་དེས་ཀྱང་ཆུད་ཟ་བར་མི་འགྱུར་ཏེ། ཆུད་ཟ་བར་མི་འགྱུར་བས་ཕྱིན་ཅད་འགྲོ་བ་ལྔའི་འཁོར་བར་སྐྱེ་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་ལྔའི་འཁོར་བ་དམིགས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པས་ཆོས་ནག་པོའམ། དཀར་པོའམ། དཀར་གནག་གམ། དཀར་པོ་ཡང་མ་ལགས། ནག་པོ་ཡང་མ་ལགས་པ་དག་དམིགས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་མ་དམིགས་ལགས་ན། འོ་ན་ཇི་ལྟར་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་གདགས་པ་མཛད། ཇི་ལྟར་ལྷ་དང་མི་རྣམས་སུ་གདགས་པ་མཛད། ཇི་ལྟར་རྒྱུན་དུ་ཞུགས་པར་གདགས་པ་མཛད། ཇི་ལྟར་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་སུ་གདགས་པ་མཛད། ཇི་ལྟར་བྱང་ཆུབ་སེམས་དཔར་གདགས་པ་མཛད། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གདགས་པ་


DKG031_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལགས། བཀའ་སྩལ་པ། རབ་འབྱོར་ཅི་སེམས་ཅན་འདི་དག་གིས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་གལ་ཏེ་སེམས་ཅན་འདི་དག་གིས་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བར་ཤེས་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པར་མི་འགྱུར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པར་མ་གྱུར་ན་ནི། སེམས་ཅན་རྣམས་ཀྱང་ངན་སོང་གསུམ་པོ་དག་དང་འགྲོ་བ་ལྔའི་འཁོར་བའི་བར་ལས་ཐར་བར་མི་བྱེད་པ་ཞིག་ན། རབ་འབྱོར་འདི་ལྟར་སེམས་ཅན་འདི་དག་གིས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་མི་ཤེས་ལ། མི་ཤེས་པས་དེ་དག་ངན་སོང་གསུམ་པོ་དག་དང་། འགྲོ་བ་ལྔའི་བར་གྱི་འཁོར་བ་ལས་མ་ཐར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ཞེས་བྱ་བར་ཐོས་ནས། སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་གོ །ཆོས་འདི་དག་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟར་ཡོད་པ་མ་ཡིན་ན། སེམས་ཅན་འདི་དག་ནི་མེད་ཅིང་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་རང་གིས་བརྟགས་ཤིང་དམིགས་ནས། སེམས་ཅན་མེད་པ་ལ་སེམས་ཅན་དུ་འདུ་ཤེས་སོ། །གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་པ་ལ་རྣམ་པར་ཤེས་པར་འདུ་ཤེས་ཤིང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་བར་དག་མེད་ཅིང་། ཡོད་པ་མ་ཡིན་པ་ལ་རྣམ་པར་བརྟགས་པས་ཕྱིན་ཅི་ལོག་རྣམས་ཀྱིས་སེམས་བསླད་པར་གྱུར་པ་དག་ལུས་དང་། ངག་དང་། ཡིད་ཀྱི་ལས་མངོན་པར་འདུ་བྱེད་པས། དེ་དག་འགྲོ་བ་ལྔའི་འཁོར་བ་ལས་ཡོངས་སུ་མི་ཐར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དགེ་བའི་ཆོས་ཐམས་ཅད་


DKG031_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པར་བྱས་ནས་སྤྱོད་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ལ་སྤྱོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བ་ལས་ཐར་བར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བ་ལས་ཡོངས་སུ་ཐར་བར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་བ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་དག་སྟོན་ཏོ། །འཆད་དོ། །འགོད་དོ། །འཇོག་གོ །འཕགས་པའི་བདེན་པ་བཞི་པོ་དེར་ནི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་གང་ཇི་སྙེད་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་གིས་ནི་དཀོན་མཆོག་གསུམ་པོ་དག་ཀྱང་རྣམ་པར་འཇོག་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ །དཀོན་མཆོག་གསུམ་པོ་དེ་དག་བྱུང་བས་སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་སྡུག་བསྔལ་འཚལ་བས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སམ། འོན་ཏེ་སྡུག་བསྔལ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས། སྡུག་བསྔལ་ཀུན་འབྱུང་བ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སམ། འོན་ཏེ་སྡུག་བསྔལ་ཀུན་འབྱུང་བས་ཡོངས་སུ་མྱ་ངན་


DKG031_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདའ་བར་འགྱུར་ལགས། སྡུག་བསྔལ་འགོག་པ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སམ། འོན་ཏེ་སྡུག་བསྔལ་འགོག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སམ། འོན་ཏེ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སྡུག་བསྔལ་ཤེས་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལ། སྡུག་བསྔལ་གྱིས་ཀྱང་མ་ཡིན་ནོ། །སྡུག་བསྔལ་ཀུན་འབྱུང་བ་ཤེས་པས་ཀྱང་མ་ཡིན་ལ། སྡུག་བསྔལ་ཀུན་འབྱུང་བས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པ་ཤེས་པས་ཀྱང་མ་ཡིན་ལ། སྡུག་བསྔལ་འགོག་པས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཤེས་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱིས་ཀྱང་མ་ཡིན་ཏེ། རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་ང་སྨྲའི། སྡུག་བསྔལ་ཤེས་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལ། སྡུག་བསྔལ་གྱིས་ཀྱང་མ་ཡིན་ནོ། །སྡུག་བསྔལ་ཀུན་འབྱུང་བ་ཤེས་པས་ཀྱང་མ་ཡིན་ལ། སྡུག་བསྔལ་ཀུན་འབྱུང་བས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པ་ཤེས་པས་ཀྱང་མ་ཡིན་ལ། སྡུག་བསྔལ་འགོག་པས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཤེས་པས་ཀྱང་མ་ཡིན་ལ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱིས་ཀྱང་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་དག་གི་མཉམ་


DKG031_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་གང་ལ་སྡུག་བསྔལ་ཡང་མེད། སྡུག་བསྔལ་ཤེས་པ་ཡང་མེད་པ་དང་། གང་ལ་ཀུན་འབྱུང་བ་ཡང་མེད། ཀུན་འབྱུང་བ་ཤེས་པ་ཡང་མེད་པ་དང་། གང་ལ་འགོག་པ་ཡང་མེད། འགོག་པ་ཤེས་པ་ཡང་མེད་པ་དང་། གང་ལ་ལམ་ཡང་མེད། ལམ་ཤེས་པ་ཡང་མེད་པ་ཡིན་ནོ། །རབ་འབྱོར་ཡང་འཕགས་པའི་བདེན་པ་བཞི་པོ་དེ་དག་གི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཆོས་གནས་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་ཉིད་དུ་གནས་པ་ཡིན་ལ། འདི་ལྟར་ཆོས་ཀྱི་དབྱིངས་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། ཡོངས་སུ་མི་ཉམས་པའི་ཆོས་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཅི་ནས་ཀྱང་བདེན་པ་རྟོགས་པར་བྱ་བའི་དོན་དུ་བདེན་པ་རྟོགས་པར་བྱ་བ་ལ་སྤྱོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན། བདེན་པ་རྟོགས་པའི་དོན་དུ་སྤྱོད་པ་ལགས། ཇི་ལྟར་སྤྱད་ན་ནི་བདེན་པ་རྟོགས་པར་འགྱུར་ལགས། རྟོགས་ནས་ནི་ཇི་ལྟར་དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་ལགས། ཇི་ལྟར་བསྒྲུབས་ན་ཉན་ཐོས་ཀྱི་སར་མི་ལྟུང་ཞིང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་མཐའ་མི་མཐོང་བའི་ཆོས་དེ་མེད་དོ། །གང་གི་ཚེ་མ་མཐོང་བ་དེའི་ཚེ། ཆོས་གང་ཡང་མི་དམིགས་སོ། །མི་དམིགས་པས་ཆོས་ཐམས་ཅད་སྟོང་པར་མཐོང་སྟེ། གང་དག་བདེན་པར་རྟོགས་པའམ། གང་དག་


DKG031_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་མ་རྟོགས་པའི་ཆོས་དེ་དག་ཐམས་ཅད་ཀྱང་སྟོང་པར་མཐོང་ངོ་། །དེས་དེ་ལྟར་མཐོང་བས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཤིང་། རིགས་ཀྱི་ས་ལ་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་རིགས་ཀྱི་ས་ལ་གནས་ནས་རྩེ་མོར་ལྟུང་བ་གང་གིས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་རྩེ་མོར་ལྟུང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་རིགས་ཀྱི་ས་དེ་ལ་གནས་ནས་བསམ་གཏན་བཞི་སྐྱེད་པར་བྱེད་དོ། །ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྐྱེད་པར་བྱེད་དོ། །དེ་ཞི་གནས་ཀྱི་ས་དེ་ལ་གནས་ཤིང་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །འཕགས་པའི་བདེན་པ་བཞི་ཡང་རྟོགས་པར་བྱེད་དོ། །དེ་སྡུག་བསྔལ་ཡོངས་སུ་ཤེས་ཀྱང་སྡུག་བསྔལ་ལ་དམིགས་པའི་སེམས་མི་སྐྱེད་དོ། །ཀུན་འབྱུང་བ་སྤོང་བར་བྱེད་ཀྱང་ཀུན་འབྱུང་བ་ལ་དམིགས་པའི་སེམས་མི་སྐྱེད་དོ། །འགོག་པ་མངོན་སུམ་དུ་བྱེད་ཀྱང་འགོག་པ་མངོན་སུམ་དུ་བྱ་བ་ལ་དམིགས་པའི་སེམས་མི་སྐྱེད་དོ། །ལམ་སྒོམ་པར་བྱེད་ཀྱང་ལམ་ལ་དམིགས་པའི་སེམས་མི་སྐྱེད་དེ། གཞན་དུ་ན་བྱང་ཆུབ་ལ་གཞོལ་བའི་སེམས་ཀྱིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་བགྱི་བ་གང་ལགས། བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་མཐོང་བ་སྟེ། དེས་དེ་ལྟ་བུའི་ལྷག་མཐོང་དེས་ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་རྣམ་པར་ལྟ་ཡང་ངོ་བོ་ཉིད་གང་ལ་གནས་ནས། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ངོ་བོ་ཉིད་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། དངོས་པོ་མ་མཆིས་པ་ནི་བྱང་ཆུབ་ལགས་པར་འགྱུར་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་


DKG031_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏེ། རབ་འབྱོར་དངོས་པོ་མེད་པ་ནི་བྱང་ཆུབ་སྟེ། དེ་ནི་སངས་རྒྱས་ཀྱིས་མ་མཛད། རང་སངས་རྒྱས་ཀྱིས་མ་བྱས་། དགྲ་བཅོམ་པས་མ་བྱས། གང་དག་བྱང་ཆུབ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་མ་བྱས་ཏེ། གཞན་དུ་ན་སེམས་ཅན་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། དངོས་པོ་མེད་པའི་ངོ་བོ་ཉིད་བསྟན་པའི་ལེའུ་སྟེ། བདུན་ཅུ་རྩ་དགུ་པའོ།། །།


previousབདུན་པ་ཅུ་རྩ་དགུ་པ། དངོས་པོ་མེད་པའི་ངོ་བོ་ཉིད་བསྟན་པའི་ལེའུ། next