Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱད་ཅུ་རྩ་གཅིག་པ། དོན་དམ་པའི་རྣལ་འབྱོར་གྱི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱད་ཅུ་རྩ་གཅིག་པ། དོན་དམ་པའི་རྣལ་འབྱོར་གྱི་ལེའུ། next

བརྒྱད་ཅུ་རྩ་གཅིག་པ། དོན་དམ་པའི་རྣལ་འབྱོར་གྱི་ལེའུ།


DKG031_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་དག་པ་མཐོང་བ་ལ། ཀུན་ནས་ཉོན་མོངས་པར་འགྱུར་བ་མ་མཆིས་ཤིང་། རྣམ་པར་བྱང་བར་འགྱུར་བ་མ་མཆིས་པ་བཞིན་དུ། ཡང་དག་པ་མ་མཐོང་བ་ལ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་མ་མཆིས་ཤིང་། རྣམ་པར་བྱང་བར་འགྱུར་བ་མ་མཆིས་ཏེ། བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་པས། དངོས་པོ་མ་མཆིས་པ་ལ་ཡང་ཀུན་ནས་ཉོན་མོངས་པ་མ་མཆིས་ཤིང་། རྣམ་པར་བྱང་བ་མ་མཆིས་ལ། བཅོམ་ལྡན་འདས་དངོས་པོ་ལ་ཡང་ཀུན་ནས་ཉོན་མོངས་པ་མ་མཆིས་ཤིང་། རྣམ་པར་བྱང་བ་མ་མཆིས་ཏེ། བཅོམ་ལྡན་འདས་ངོ་བོ་ཉིད་ལ་ཡང་ཀུན་ནས་ཉོན་མོངས་པ་མ་མཆིས་ཤིང་། རྣམ་པར་བྱང་བ་མ་མཆིས་ལ། བཅོམ་ལྡན་འདས་


DKG031_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་ཡང་ཀུན་ནས་ཉོན་མོངས་པ་མ་མཆིས་ཤིང་། རྣམ་པར་བྱང་བ་མ་མཆིས་ལགས་ན། འོ་ན་བཅོམ་ལྡན་འདས་ཀྱིས་རྣམ་པར་བྱང་བ་བཀའ་སྩལ་པ། དེ་ཅི་ལྟ་བུ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ངས་རྣམ་པར་བྱང་བར་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་དེ་བཞིན་དུ་གནས་པ་དེ་ནི་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཡིན་ཏེ་རབ་འབྱོར་དེ་ནི་རྣམ་པར་བྱང་བ་ཞེས་བྱའོ། །རབ་འབྱོར་དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བརྗོད་པར་ཟད་ཀྱི། བརྗོད་དུ་མེད་ཅིང་འཇིག་རྟེན་གྱི་ཐ་སྙད་དང་བྲལ་བ་སྟེ། ངག་དང་། སྒྲ་དང་། ཚིག་གི་ལམ་ཐམས་ཅད་ཀྱིས་བརྗོད་དུ་མེད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུ་ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་བར་གྱི་ཆོས་དངོས་པོ་མ་མཆིས་ཤིང་། རྫས་མ་མཆིས་པ་དག་ལ་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཡོངས་སུ་རྫོགས་པར་བགྱིའོ། །དེ་བཞིན་དུ་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་


DKG031_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིའོ། །བསམ་གཏན་བཞི་ལ་སྙོམས་པར་འཇུག་པར་བགྱིའོ། །ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བགྱིའོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བགྱིའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་བསྒོམ་པར་བགྱིའོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སྤོབས་པ་དང་། གཟུངས་ཀྱི་སྒོ་རྣམས་ཐོབ་པར་བགྱིའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་རྫོགས་པར་བགྱིའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དག་ཐོབ་པར་བགྱིའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དག་སྣང་བས་ཁྱབ་པར་བགྱིད་པའི་འོད་ཚད་མ་མཆིས་པ་དག་ཡོངས་སུ་རྫོགས་པར་བགྱིའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་བཙལ་བར་བགྱིས་ནས། དབྱངས་གཅིག་གིས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་འགྱུར་བའི་ཚངས་པའི་དབྱངས་ཡོངས་སུ་རྫོགས་པར་བགྱིའོ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་ཁྱོད་ཀྱིས་བརྗོད་པའི་ཆོས་དེ་དག་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུ་མ་ཡིན་སྙམའམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་བར་དག་


DKG031_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་བར་གྱི་ཆོས་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བགྱིད་ལགས། བཅོམ་ལྡན་འདས་སྒྱུ་མ་དང་། རྨི་ལམ་དང་སྤྲུལ་པའི་བར་དག་ནི་ཡང་དག་པ་མ་ལགས་ཏེ། བཅོམ་ལྡན་འདས་ཡང་དག་པ་མ་ལགས་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ལ་སྤྱད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དག་ལ་སྤྱད་པར་ཡང་རྔོ་མི་ཐོགས་ལ། དེ་བཞིན་དུ་ཡང་དག་པ་མ་ལགས་པས་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སྤྱད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་རྔོ་མི་ཐོགས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཡང་དག་པ་མ་ཡིན་པས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱད་པར་མི་ནུས་སོ། །ཡང་དག་པ་མ་ཡིན་པས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སྤྱད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྙམའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྙམའམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་བཅུ་བཞི་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་།


DKG031_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་དེ་དག་ཐམས་ཅད་ནི་མངོན་པར་འདུས་བྱས་པ་དང་། བསམས་པ་སྟེ། མངོན་པར་འདུས་བྱས་པ་དང་། བསམས་པའི་ཆོས་རྣམས་ཀྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་མི་ནུས་པའི་ཕྱིར་རོ། །རབ་འབྱོར་འོན་ཀྱང་ཆོས་དེ་དག་ཐམས་ཅད་ནི་ལམ་སྒྲུབ་པ་དང་ལམ་སྐྱེད་པར་བྱེད་པ་ཡིན་གྱི། འབྲས་བུ་འཐོབ་པར་བྱེད་པ་ནི་མ་ཡིན་ནོ། །ཆོས་དེ་དག་གི་སྐྱེ་བ་མེད་པ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་མཚན་ཉིད་མེད་པ་ཡང་དེ་ཡིན་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་གམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གམ། དགེ་བའི་ཆོས་གང་དང་གང་རྩོམ་ཡང་རུང་སྟེ། དེ་དག་ཐམས་ཅད་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཡོངས་སུ་རྫོགས་པར་མ་བྱས་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དགེ་


DKG031_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་གང་ཅི་རྩོམ་ཡང་རུང་སྟེ། དེ་དག་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་སོ། །སྤྲུལ་པ་ལྟ་བུའི་བར་དུ་རབ་ཏུ་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྨི་ལམ་ལྟ་བུར་རབ་ཏུ་ཤེས་སོ། །སྤྲུལ་པ་ལྟ་བུའི་བར་དུ་རབ་ཏུ་ཤེས་སོ། །སེམས་ཅན་དེ་དག་ཀྱང་རྨི་ལམ་ལྟ་བུ་ལ་སྤྱོད་དོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །སྤྲུལ་པ་ལྟ་བུའི་བར་དག་ལ་སྤྱོད་དོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སྒྱུ་མ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །སྤྲུལ་པ་ལྟ་བུའི་བར་གྱི་ཆོས་རྣམས་དངོས་པོ་མེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་དུ་མེད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ཡང་གཟུང་དུ་མེད་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་གཟུང་དུ་མེད་པ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་གཟུང་དུ་མེད་པར་རིག་པར་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་དང་། སྤྲུལ་པའི་བར་དག་ལྟ་བུར་གཟུང་དུ་མེད་ཅིང་དངོས་པོ་མེད་པ་སྟེ། སེམས་ཅན་ཐམས་ཅད་ཀྱིས་ཆོས་དེ་དག་མི་ཤེས་མ་མཐོང་བ་མ་གཏོགས་པར་གཟུང་དུ་མེད་པའི་ཆོས་ཀྱིས་གཟུང་དུ་མེད་པའི་ཆོས་ཐོབ་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པར་བྱེད་དེ། དེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པ་གང་ཅི་སྦྱིན་ཡང་རུང་། དེ་ཐམས་ཅད་སེམས་ཅན་རྣམས་ཀྱི་དོན་དུ་གཏོང་ངོ་། །ཚུལ་ཁྲིམས་གང་ཅི་སྲུང་བ་དང་། བཟོད་པ་གང་ཅི་སྒོམ་པ་དང་། བརྩོན་འགྲུས་གང་ཅི་རྩོམ་པ་དང་། ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་


DKG031_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཅི་སྒོམ་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་རྣམས་ཀྱི་དོན་དུ་སྒོམ་གྱི། བདག་གི་དོན་དུ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་འཇུག་སྟེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གང་དག་སེམས་ཅན་མེད་པ་ལ་སེམས་ཅན་དུ་འདུ་ཤེས་པར་གནས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གནས་པ་དང་། སྐྱེ་བ་པོ་དང་། ཤེད་བུ་དང་། ཤེད་ལས་སྐྱེས་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དག་ཀྱང་མེད་པ་ལ་མཐོང་བ་པོའི་འདུ་ཤེས་སུ་གནས་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཕྱིན་ཅི་ལོག་དག་ལས་རྣམ་པར་འགྲེལ་བར་བྱེད་དོ། །ཕྱིན་ཅི་ལོག་དག་ལས་རྣམ་པར་བཀྲོལ་ནས་ཀྱང་འཆི་བ་མེད་པའི་དབྱིངས་སུ་འགོད་པར་བྱེད་དོ། །དེར་བཀོད་ནས་ཀྱང་ཀུན་ཏུ་འབྱུང་བ་འདི་དག་མི་འབྱུང་མི་རྒྱུ་སྟེ། བདག་གི་འདུ་ཤེས་ཀུན་ཏུ་འབྱུང་བའམ། བྱེད་པ་པོའི་འདུ་ཤེས་ཀུན་ཏུ་འབྱུང་བའི་བར་དག་ཀུན་ཏུ་མི་འབྱུང་སྟེ། དེ་གཡོ་བ་དང་། འགུལ་བ་དང་། རློམ་སེམས་དང་། སྤྲོས་པ་དེ་དག་ཐམས་ཅད་བཏང་ནས། སྤྲོས་པ་མེད་པའི་སེམས་ཀྱིས་རྫོགས་པར་བྱས་ཏེ་མང་དུ་གནས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པ་དེས་བདག་ཀྱང་ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་ལ། སེམས་ཅན་ཐམས་ཅད་ཀྱང་མངོན་པར་ཞེན་པ་མེད་པ་ལ་རབ་ཏུ་འགོད་པར་བྱེད་དེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་


DKG031_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པ་དེ་ཇི་འཇིག་རྟེན་གྱི་ཐ་སྙད་དུ་མངོན་པར་རྫོགས་པར་སངས་རྒྱས་ལགས་སམ། འོན་ཏེ་དོན་དམ་པར་ལགས། བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པས་ཆོས་འདི་བསྟན་ཏོ། །དེ་བཞིན་གཤེགས་པས་ཆོས་འདི་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐ་སྙད་བཏགས་པ་སྟེ། དེ་ལ་ནི་ཆོས་འདིས་ཆོས་འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་གང་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདིས་ཆོས་འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་དེ་ནི་དམིགས་པ་སྟེ། གཉིས་ཀྱིས་ནི་འཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་བ་གང་ཡང་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་གཉིས་ཀྱིས་འཐོབ་པ་དང་། མངོན་པར་རྟོགས་པར་མི་འགྱུར་ལགས་ན། འོ་ན་ཇི་གཉིས་སུ་མ་མཆིས་པས་འཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་གཉིས་ཀྱིས་ཀྱང་མངོན་པར་རྟོགས་པར་མི་འགྱུར་ལ། གཉིས་སུ་མེད་པས་ཀྱང་མངོན་པར་རྟོགས་པར་མི་འགྱུར་ཏེ། གང་ལ་གཉིས་ཀྱང་མེད་ལ་གཉིས་མ་ཡིན་པ་ཡང་མེད་པ་དེ་ནི་འདིར་མངོན་པར་རྟོགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་མངོན་པར་རྟོགས་པའོ། །འདིས་ནི་མངོན་པར་རྟོགས་སོ་ཞེས་བྱ་བ་གང་ཡིན་པ་དེ་ནི་སྤྲོས་པའོ། །ཆོས་མཉམ་པ་ཉིད་ལ་ནི་སྤྲོས་པ་མེད་དེ། སྤྲོས་པ་མེད་པ་ནི་ཆོས་མཉམ་པ་ཉིད་ཡིན་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཆོས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རྣམས་ལ་ཆོས་ཀྱི་མཉམ་པ་ཉིད་ཅེས་བགྱི་བ་གང་ཞིག་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་གང་ལ་དངོས་པོ་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། ཡོངས་སུ་བརྗོད་པ་མེད་པ་དེ་ནི་འདིར་མཉམ་པ་ཉིད་ཡིན་ཏེ། ཆོས་མཉམ་པ་ཉིད་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །ཆོས་མཉམ་པ་ཉིད་མ་གཏོགས་པར་ཡང་ཆོས་གང་ཡང་དམིགས་སུ་མེད་དེ། ཆོས་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ལས་


DKG031_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་འདས་པ་ཡིན་ནོ། །ཆོས་མཉམ་པ་ཉིད་ནི་བྱིས་པའམ། འཕགས་པ་གང་གི་རྟེན་དང་གནས་ཀྱང་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ཆོས་མཉམ་པ་ཉིད་པོ་དེ་དེ་བཞིན་གཤེགས་པའི་ཡུལ་ཡང་མ་ལགས་སམ། བཀའ་སྩལ་པ། རབ་འབྱོར་ཆོས་མཉམ་པ་ཉིད་ནི་འཕགས་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ། རྒྱུན་དུ་ཞུགས་པ་རྣམས་སམ། ལན་ཅིག་ཕྱིར་འོང་བ་རྣམས་སམ། ཕྱིར་མི་འོང་བ་རྣམས་སམ། དགྲ་བཅོམ་པ་རྣམས་སམ། རང་སངས་རྒྱས་རྣམས་སམ། བྱང་ཆུབ་སེམས་དཔའ་རྣམས་སམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་ཡང་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་སྒྱུར་བ་མ་ལགས་སམ། བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་མཉམ་པ་ཉིད་ཀྱང་གཞན་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཞན་པ་ཞིག་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་སྒྱུར་བར་ཡང་འགྱུར་བ་ཞིག་ན། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དང་། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་དང་། རྒྱུན་དུ་ཞུགས་པ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དང་། དེ་བཞིན་དུ་སྦྱར་ཏེ། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པའི་མཉམ་པ་ཉིད་དང་། མཉམ་པ་ཉིད་ལ་ནི་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དང་། འཕགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་མཉམ་པ་ཉིད་གཅིག་པ་སྟེ། མཉམ་པ་ཉིད་གཅིག་པ་ལ་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་དེ་


DKG031_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་གོ་ཞེས་བྱ་བར་གཉིས་སུ་མེད་དེ། མཉམ་པ་ཉིད་ལ་ནི་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་གོ་ཞེས་བྱ་བའི་ཆོས་དེ་དག་ཐམས་ཅད་དམིགས་སུ་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་རང་སངས་རྒྱས་ཀྱི་བར་དག་གོ །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་གོ་ཞེས་བགྱི་བའི་ཆོས་དེ་དག་ཐམས་ཅད་དམིགས་སུ་མ་མཆིས་ལགས་ན། དེ་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། དད་པས་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡང་བྱེ་བྲག་མ་མཆིས་པར་འགྱུར་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་མཉམ་པ་ཉིད་ལ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བར་དག་ལ་བྱེ་བྲག་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་མཉམ་པ་ཉིད་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། དད་པས་རྗེས་སུ་འབྲང་བ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བར་དག་ལ་བྱེ་བྲག་མ་མཆིས་ལགས་ན། བཅོམ་ལྡན་འདས་འོ་ན་གང་ལས་དཀོན་མཆོག་གསུམ་པོ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་འཇིག་རྟེན་དུ་


DKG031_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ། ཆོས་དཀོན་མཆོག་ཀྱང་གཞན་ཞིང་། དགེ་འདུན་དཀོན་མཆོག་ཀྱང་གཞན་པ་ཞིག་ཡིན་ལ། ཆོས་མཉམ་པ་ཉིད་ཀྱང་གཞན་པ་ཞིག་ཡིན་སྙམ་འམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ། ཆོས་དཀོན་མཆོག་ཀྱང་གཞན་ཞིང་། དགེ་འདུན་དཀོན་མཆོག་ཀྱང་གཞན་ལ། ཆོས་མཉམ་པ་ཉིད་ཀྱང་གཞན་པ་མ་ལགས་ཀྱི། བཅོམ་ལྡན་འདས་སངས་རྒྱས་དཀོན་མཆོག་གང་ལགས་པ་དང་། ཆོས་དཀོན་མཆོག་གང་ལགས་པ་དང་། དགེ་འདུན་དཀོན་མཆོག་གང་ལགས་པ་དང་། ཆོས་མཉམ་པ་ཉིད་གང་ལགས་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས། གཟུགས་མ་མཆིས་པ། བསྟན་དུ་མ་མཆིས་པ། ཐོགས་པ་མ་མཆིས་པ་སྟེ། འདི་ལྟར་མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་པ་ལགས་ན། མཚན་ཉིད་མ་མཆིས་པའི་ཆོས་རྣམས་ལ། འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་གོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་པར་དགོད་པ་མཛད་པ་འདི་ཅི་ལས་བྱུང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་ལ། མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། ཆོས་རྣམས་རྣམ་པར་དགོད་པ་མ་མཛད་ན། སེམས་ཅན་དམྱལ་བ་ཡོད་པར་མངོན་ནམ་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་མི་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་དག་དང་། ཚངས་རིས་དང་། འདུ་ཤེས་མེད་འདུ་


DKG031_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་དག་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་དང་། ནང་སྟོང་པ་ཉིད་དང་དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོད་པར་མངོན་སྙམའམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་གང་ཆོས་མཉམ་པ་ཉིད་ལས་ཀྱང་མི་གཡོ་ལ། ཆོས་རྣམས་རྣམ་པར་དགོད་པ་ཡང་མཛད་པ་དེ་ནི་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཇི་ལྟར་དེ་བཞིན་གཤེགས་པ་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་དང་། རང་སངས་རྒྱས་ཀྱི་བར་དག་ཀྱང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་མཉམ་པ་ཉིད་ལས་མི་གཡོའོ། །ཆོས་མཉམ་པ་ཉིད་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་གང་ཡིན་པ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་ཡང་དག་པའི་མཐའ་ཡིན་ལ། དེ་ཉིད་དད་པས་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་།


DKG031_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་ཡང་དག་པའི་མཐའ་ཡིན་ཏེ། དེ་དག་ཐམས་ཅད་ནི་ཆོས་མཉམ་པ་ཉིད་ལས་མི་འདའ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ནི་དེ་ཉིད་ཡིན་ཏེ། དེ་དག་ལས་ཆོས་མཉམ་པ་ཉིད་ཅེས་བྱ་བ་གཞན་གང་ཡང་མེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ལགས་པ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་ལགས་ལ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་ལགས་ན། བཅོམ་ལྡན་འདས་འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ལགས་པ་དེ་དག་ནི་མཚན་ཉིད་ཐ་དད་པ་ལགས་ཏེ། གཟུགས་ཀྱི་ཆོས་ཉིད་ཀྱང་གཞན་ལ། ཚོར་བའི་ཡང་གཞན། འདུ་ཤེས་ཀྱི་ཡང་གཞན། འདུ་བྱེད་རྣམས་ཀྱི་ཡང་གཞན། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། མིག་གི་ཆོས་ཉིད་ཀྱང་གཞན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ཆོས་ཉིད་ཀྱང་གཞན། གཟུགས་ཀྱི་ཆོས་ཉིད་ཀྱང་གཞན། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། སའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། ཆུའི་ཁམས་ཀྱི་ཡང་གཞན། མེའི་ཁམས་ཀྱི་ཡང་གཞན། རླུང་གི་ཁམས་ཀྱི་ཡང་གཞན། ནམ་མཁའི་ཁམས་ཀྱི་ཡང་གཞན། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ལྟ་བར་གྱུར་པ་རྣམས་ཀྱི་ཡང་གཞན། བསམ་གཏན་


DKG031_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཡང་གཞན། ཚད་མེད་པ་རྣམས་ཀྱི་ཡང་གཞན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིའང་གཞན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིའང་གཞན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་གི་ཡང་གཞན། སྟོང་པ་ཉིད་ཀྱིའང་གཞན། མཚན་མ་མེད་པའི་ཡང་གཞན། སྨོན་པ་མེད་པའི་ཡང་གཞན། ནང་སྟོང་པ་ཉིད་ཀྱི་ཡང་གཞན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་གི་ཡང་གཞན། རྣམ་པར་ཐར་པ་རྣམས་ཀྱི་ཡང་གཞན། སྙོམས་པར་འཇུག་པ་རྣམས་ཀྱི་ཡང་གཞན། སྟོབས་རྣམས་ཀྱི་ཡང་གཞན། མི་འཇིགས་པ་རྣམས་ཀྱི་ཡང་གཞན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཡང་གཞན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་ཆོས་ཉིད་ཀྱང་གཞན། འདུས་བྱས་ཀྱི་ཁམས་ཀྱི་ཡང་གཞན། འདུས་མ་བྱས་ཀྱི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན་པ་ལགས་ན། བཅོམ་ལྡན་འདས་དེ་ལྟར་མཚན་ཉིད་ཐ་དད་པའི་ཆོས་རྣམས་ཀྱི་ཆོས་ཉིད་མཚན་ཉིད་གཅིག་པར་ཇི་ལྟར་འགྱུར་ལགས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་གནས་ནས། ཆོས་རྣམས་ཐ་དད་དུ་བགྱིས་པ་ལགས། ཆོས་རྣམས་ཐ་དད་དུ་མ་བགྱིས་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་རྔོ་མི་ཐོགས་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ས་ནས་སར་འཕར་ཞིང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པ་ལགས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་ཞུགས་ནས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདའ་བར་བགྱིད་པ་ལགས། ཤིན་ཏུ་འདས་ནས་ཀྱང་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་བ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཡོངས་སུ་རྫོགས་པར་བགྱིད་པ་ལགས། རྣམ་པར་རྩེ་ཞིང་སངས་རྒྱས་ཀྱི་ཞིང་ནས་


DKG031_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་དུ་མཆི་བ་ལགས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིད་ཅིང་། དེ་དག་ལས་དགེ་བའི་རྩ་བ་བསྐྲུན་པར་བགྱིད་པ་ལགས། དགེ་བའི་རྩ་བ་དེས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་གང་འདི་སྐད་དུ། གལ་ཏེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ལགས་པ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་ལགས་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་ལགས་ན། མཚན་ཉིད་ཐ་དད་པའི་ཆོས་རྣམས་ཀྱི་ཆོས་ཉིད་མཚན་ཉིད་གཅིག་པར་ཇི་ལྟར་རིགས་ཞེས་ཟེར་བ་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཡང་སྟོང་པ་ཉིད་མ་ཡིན་སྙམའམ། དེ་བཞིན་གཤེགས་པའི་བར་གྱི་ཆོས་ཉིད་གང་ཡིན་པ་དེ་ཡང་སྟོང་པ་ཉིད་མ་ཡིན་སྙམའམ། གསོལ་པ། བཅོམ་ལྡན་འདས་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འོ་ན་ཅི་སྟོང་པ་ཉིད་ལ་གང་གཟུགས་ཀྱི་མཚན་ཉིད་ཐ་དད་པའམ། རྣམ་པར་ཤེས་པའི་བར་གྱི་མཚན་ཉིད་ཐ་དད་པའམ། དེ་བཞིན་གཤེགས་པའི་བར་གྱི་མཚན་ཉིད་ཐ་དད་པའི་ཆོས་ཤིག་དམིགས་སུ་ཡོད་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་འདིས་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ཡང་སོ་སོའི་སྐྱེ་བོ་མེད་ལ་སོ་སོའི་སྐྱེ་བོ་ལས་གུད་ན་ཡང་དེ་མེད་དོ། །དེ་ལ་ཡང་དེ་བཞིན་གཤེགས་པའི་བར་དག་མེད་ལ། དེ་བཞིན་གཤེགས་པ་ལས་གུད་ན་ཡང་དེ་མེད་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ཆོས་ཉིད་དེ་འདུས་བགྱིས་ལགས་སམ། འོན་ཏེ་འདུས་མ་བགྱིས་པ་ལགས། བཀའ་སྩལ་པ། རབ་འབྱོར་དེ་ནི་འདུས་བྱས་ཀྱང་མ་ཡིན་ལ། འདུས་མ་བྱས་ཀྱང་མ་ཡིན་ཏེ། འདུས་བྱས་ལས་གུད་ན་ཡང་འདུས་མ་བྱས་དམིགས་སུ་མེད་ལ། འདུས་མ་བྱས་ལས་གུད་ན་ཡང་འདུས་བྱས་དམིགས་སུ་མེད་དེ། རབ་འབྱོར་དེ་ལྟ་བས་ན། འདུས་བྱས་ཀྱི་


DKG031_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཁམས་གང་ཡིན་པའི་ཆོས་དེ་གཉིས་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །དེ་དག་ཀྱང་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཐ་སྙད་ཀྱིས་བརྗོད་པར་ཟད་ཀྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ནི་ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་དམ། ཡིད་ཀྱི་འདུ་བྱེད་གང་ཡང་མེད་ལ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་ལས་གུད་ན་ཡང་དོན་དམ་པར་དམིགས་སུ་མེད་དེ། འདུ་བྱས་དང་། འདུས་མ་བྱས་ཀྱི་ཆོས་དེ་དག་མཉམ་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དོན་དམ་པ་ལས་ཀྱང་མི་གཡོ་ལ། བྱང་ཆུབ་སེམས་དཔའི་བྱ་བ་དག་ཀྱང་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། དོན་དམ་པའི་རྣལ་འབྱོར་གྱི་ལེའུ་ཞེས་བྱ་བ་སྟེ། བརྒྱད་ཅུ་རྩ་གཅིག་པའོ།། །།


previousབརྒྱད་ཅུ་རྩ་གཅིག་པ། དོན་དམ་པའི་རྣལ་འབྱོར་གྱི་ལེའུ། next