Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱད་ཅུ་རྩ་གཉིས་པ། ཆོས་ཉིད་འགྱུར་བ་མེད་པ་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱད་ཅུ་རྩ་གཉིས་པ། ཆོས་ཉིད་འགྱུར་བ་མེད་པ་བསྟན་པའི་ལེའུ། next

བརྒྱད་ཅུ་རྩ་གཉིས་པ། ཆོས་ཉིད་འགྱུར་བ་མེད་པ་བསྟན་པའི་ལེའུ།


DKG031_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རང་བཞིན་གྱིས་སྟོང་པ་ལགས་ན། དེའི་སླད་དུ་ཆོས་གང་ཡང་ཅི་ཡང་མི་བགྱིད་ན། ཅི་ཡང་མ་བགྱིད་ཅིང་ཆུང་ཟད་ཀྱང་མ་མཆིས་པའི་ཆོས་རྣམས་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དོན་དམ་པ་ལས་ཀྱང་མི་གཡོ་ལ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་འཐུན་པ་དང་། དོན་སྤྱོད་པ་དག་གིས་སེམས་ཅན་རྣམས་ཀྱི་དོན་ཀྱང་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། རབ་འབྱོར་སྟོང་པ་ཉིད་ནི་བྱ་བ་དང་བྱ་བ་མ་ཡིན་པ་ཅི་ཡང་མི་བྱེད་ཅིང་ཆུང་ཟད་ཀྱང་མེད་དོ། །རབ་འབྱོར་གལ་ཏེ་སེམས་ཅན་འདི་དག་བདག་ཉིད་ཀྱིས་སྟོང་པ་ཉིད་ཤེས་པར་གྱུར་ན་ནི། འདི་ལྟར་དེ་བཞིན་གཤེགས་པ་སྟོང་པ་ཉིད་ལས་ཀྱང་མི་གཡོ་ལ། སེམས་ཅན་རྣམས་ཀྱང་བདག་ཏུ་འདུ་ཤེས་པ་དང་བྲལ་


DKG031_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་ཅིང་ཕྲལ་ནས་ཀྱང་སྟོང་པ་ཉིད་ཀྱིས་འཁོར་བ་ལས་ཐར་བར་མཛད་པ་དང་། དེ་བཞིན་དུ་སེམས་ཅན་དུ་འདུ་ཤེས་པ་དང་། བྱེད་པ་པོར་འདུ་ཤེས་པའི་བར་དང་། གཟུགས་སུ་འདུ་ཤེས་པ་དང་། རྣམ་པར་ཤེས་པར་འདུ་ཤེས་པའི་བར་དང་། མིག་ཏུ་འདུ་ཤེས་པ་དང་། ཡིད་དུ་འདུ་ཤེས་པའི་བར་དང་། སའི་ཁམས་སུ་འདུ་ཤེས་པ་དང་། རྣམ་པར་ཤེས་པའི་ཁམས་སུ་འདུ་ཤེས་པའི་བར་དང་། འདུས་བྱས་ཀྱི་ཁམས་སུ་འདུ་ཤེས་པ་དང་བྲལ་བར་མཛད་ཅིང་ཕྲལ་ནས་ཀྱང་འདུས་མ་བྱས་ཀྱི་དབྱིངས་སྟོང་པ་དེ་ལ་འགོད་པར་མཛད་པ་འདི་དེ་བཞིན་གཤེགས་པའི་ཁྱུ་མཆོག་ཏུ་གྱུར་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ཞིག་གིས་སྟོང་པ་ལགས། བཀའ་སྩལ་པ། རབ་འབྱོར་དེ་ལ་འདུ་ཤེས་པ་གང་ཡིན་པ་དེས་སྟོང་ངོ་། །རབ་འབྱོར་སྤྲུལ་པ་ཞིག་གིས་སྤྲུལ་པ་གཞན་སྤྲུལ་ན། ཅི་དེ་ལ་གང་སྟོང་པ་ཉིད་མ་ཡིན་པའི་དངོས་པོ་འགའ་ཞིག་ཡོད་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྤྲུལ་པ་ལ་ནི་གང་སྟོང་པ་ཉིད་མ་ལགས་པའི་དངོས་པོ་འགའ་ཡང་མ་མཆིས་ཏེ། སྟོང་པ་ཉིད་གང་ལགས་པ་དང་། སྤྲུལ་པ་གང་ལགས་པའི་ཆོས་དེ་གཉིས་ནི་ལྡན་པ་ཡང་མ་ལགས་མི་ལྡན་པ་ཡང་མ་ལགས་ཏེ། ཆོས་དེ་གཉིས་ནི་སྟོང་པ་ཉིད་ཀྱིས་སྟོང་པ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། འདི་ནི་སྤྲུལ་པའོ། །འདི་ནི་སྟོང་པ་ཉིད་དོ་ཞེས་རྣམ་པར་སྤྲུལ་པ་ཞིག་ཡོད་སྙམའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སྟོང་པ་ཉིད་ལ་ནི་འདི་ནི་སྤྲུལ་པའོ། །འདི་ནི་སྟོང་པ་ཉིད་དོ་ཞེས་བགྱི་བའི་ཆོས་དེ་གཉིས་སུ་མ་མཆིས་པའི་སླད་དུའོ། །བཀའ་སྩལ་པ། རབ་འབྱོར་གང་སྤྲུལ་པ་མ་ཡིན་པའི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་ནི་གང་ཡང་མེད་དེ། སྤྲུལ་པ་གང་ཡིན་པ་དེ་ཡང་སྟོང་པ་ཉིད་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་པའི་ཆོས་དེ་དག་སྤྲུལ་པ་ལགས་ན། འཇིག་རྟེན་ལས་འདས་པའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་།


DKG031_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་ཀྱང་སྤྲུལ་པ་ལགས་སམ། དེ་དག་གི་འབྲས་བུ་གང་ལགས་པ་དང་། གང་གིས་དེ་དག་གི་གང་ཟག་ཏུ་མངོན་པ་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ལགས་པའི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་སྤྲུལ་པ་སྟེ། དེ་ལ་ལ་ལ་ནི་ཉན་ཐོས་ཀྱིས་སྤྲུལ་པའོ། །ལ་ལ་ནི་རང་སངས་རྒྱས་ཀྱིས་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔས་སྤྲུལ་པའོ། །ལ་ལ་ནི་དེ་བཞིན་གཤེགས་པས་སྤྲུལ་པའོ། །ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ། །ལ་ལ་ནི་ཆོས་ཀྱིས་སྤྲུལ་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་སྤྲུལ་པ་ལྟ་བུ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གང་འདི་སྤོང་བ་ཞེས་བགྱི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་ས་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། བཀའ་སྩལ་པ། རབ་འབྱོར་བསྐྱེད་པའམ། བཀག་པའི་ཆོས་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་མ་སྤྲུལ་པའི་ཆོས་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དེ་ནི་མ་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་དེ་གང་ལགས། བཀའ་སྩལ་པ།


DKG031_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་དེ་ནི་མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་སྟེ། ཆོས་དེ་དག་ནི་མ་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སྟོང་པ་ཉིད་ལས་ཀྱང་མི་གཡོ་ལ། གཉིས་ཀྱིས་ཀྱང་མི་གོས་ཏེ། གང་སྟོང་པ་ཉིད་མ་ཡིན་པའི་ཆོས་གང་ཡང་མེད་དོ་ཞེས་བཀའ་སྩལ་པ་ལྟར་ན། བཅོམ་ལྡན་འདས་མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་ཡང་སྤྲུལ་པ་ལགས་པར་འགྱུར་རོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། དེ་དག་ནི་ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་མཛད་དེ། ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་དང་པོ་པའི་གང་ཟག་གིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཡོངས་སུ་འཚལ་བར་བགྱིད་ན། ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་ཅི་སྔོན་དངོས་པོ་ཡོད་པར་གྱུར་ལ། ཕྱིས་དེ་དངོས་པོ་མེད་པར་འགྱུར་བ་ཡོད་དམ། རབ་འབྱོར་འདི་ལ་དངོས་པོ་ཡང་མེད་དངོས་པོ་མེད་པ་ཡང་མེད། རང་གི་དངོས་པོ་ཡང་མེད། གཞན་གྱི་དངོས་པོ་ཡང་མེད་ན། དེ་ལ་གང་ཡང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་ག་ལ་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཆོས་ཉིད་འགྱུར་བ་མེད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བརྒྱད་ཅུ་རྩ་གཉིས་པའོ།། །།


previousབརྒྱད་ཅུ་རྩ་གཉིས་པ། ཆོས་ཉིད་འགྱུར་བ་མེད་པ་བསྟན་པའི་ལེའུ། next