Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱད་ཅུ་རྩ་བདུན་པ། ཡོངས་སུ་གཏད་པའི་ལེའུ།
   
   
   
   
   
   
   
   
   


 
previousབརྒྱད་ཅུ་རྩ་བདུན་པ། ཡོངས་སུ་གཏད་པའི་ལེའུ།next

བརྒྱད་ཅུ་རྩ་བདུན་པ། ཡོངས་སུ་གཏད་པའི་ལེའུ།


DKG031_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་དྲུག་ཅུ་ཐོབ་མ་ཐག་ཏུ་ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཕྱོགས་མཚམས་དང་། འོག་དང་། སྟེང་གི་ཕྱོགས་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་གྱིས་བལྟས་ཏེ་ཚུལ་འདི་ལྟ་བུ་ཉིད་དང་། མིང་འདི་ཉིད་དང་། ཡི་གེ་འདི་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་མཐོང་ངོ་། །འདི་ལྟ་སྟེ་དཔེར་ན་ད་ལྟར་ང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཆོས་སྟོན་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་གྱིས་བལྟས་ཏེ་ཚུལ་འདི་ཉིད་དང་། མིང་འདི་ཉིད་དང་། ཡི་གེ་འདི་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་བཞིན་ནོ། །དེ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་དང་ཐོས་པ་རྒྱ་མཚོ་ལྟ་བུ་དང་ལྡན་པར་གྱུར་ཏེ། གར་སྐྱེས་པ་ཐམས་ཅད་དུ་ཡང་སངས་རྒྱས་དང་མི་འབྲལ་བར་གྱུར་ཏོ། །སྐྱེ་བ་ཐམས་ཅད་དུ་ཡང་གང་དང་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་སུམ་དུ་འགྱུར་བ་དེ་དང་དེ་དག་ཏུ་སྐྱེས་ཏེ། ཐ་ན་རྨི་ལམ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་ངག་དང་མི་འབྲལ་བར་གྱུར་ཏོ། །དེས་མི་ཁོམ་པ་ཐམས་ཅད་ནི་སྤངས་དལ་བ་ཕུན་སུམ་ཚོགས་པ་ནི་བསྒྲུབས་སོ། །རབ་འབྱོར་རྣམ་གྲངས་འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་འདོད་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་


DKG031_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་ཡོངས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག ། ཆོངས་ཤིག ། ལྷོགས་ཤིག ། ཀུན་ཆུབ་པར་གྱིས་ཤིག ། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། གདོན་པར་བྱ། ལུང་ནོད་པར་བྱ། བསྟན་པར་བྱ། ཁ་ཏོན་ཏུ་བྱ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དག་དང་། མཆོད་པ་རྣམ་པ་མང་པོས་བཀུར་སྟི་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ། རྗེད་པར་བྱ་གསོལ་བར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་གདམས་ངག་གོ །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ཁྱོད་ཀྱི་སྟོན་པ་ཡིན་ནམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གི་སྟོན་པ་ལགས་སོ། །བདེ་བར་གཤེགས་པ་བདག་གི་སྟོན་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱི་སྟོན་པ་དེ་བཞིན་གཤེགས་པ་ལ་ཀུན་དགའ་བོ་ཁྱོད་ཀྱིས་ལུས་ཀྱི་ལས་བྱམས་པ་ཡིད་དུ་འོང་བ་དང་། ངག་གི་ལས་བྱམས་པ་ཡིད་དུ་འོང་བ་དང་། ཡིད་ཀྱི་ལས་བྱམས་པ་ཡིད་དུ་འོང་བས་རིམ་གྲོ་བྱས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་ད་ལྟར་ང་བཞུགས་ཏེ་འཚོ་ཞིང་གཞེས་པའི་སྐུ་འདི་ལ་ཁྱོད་ཀྱིས་ཕངས་པ་དང་། དད་པ་དང་གུས་པར་བྱས་པ་དེ་བཞིན་དུ་ང་འདས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་བྱོས་ཤིག །ཀུན་དགའ་བོ་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནུབ་པར་མི་འགྱུར་ཞིང་ཅི་ནས་ཁྱོད་སྐྱེས་བུ་ཐ་མར་མི་འགྱུར་བར་ཁྱོད་ལ་ལན་གཉིས་ལན་


DKG031_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་ཡོངས་སུ་གཏད་དོ། །རྗེས་སུ་ཡོངས་སུ་གཏད་དོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་ན་ཇི་སྲིད་དུ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་བཞུགས་པར་རིག་པར་བྱའོ། །ཀུན་དགའ་བོ་དེ་སྲིད་དུ་དེ་བཞིན་གཤེགས་པ་ཆོས་སྟོན་པར་རིག་པར་བྱའོ། །ཀུན་དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་། ལུང་ནོད་པ་དང་སྟོན་པ་དང་ ཁ་ཏོན་དུ་བྱེད་པ་དང་ཡི་གེར་འདྲི་བ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དང་། ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང་། མཆོད་པ་རྣམ་པ་མང་པོ་དག་གིས། བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། རྗེད་པར་བྱེད། གསོལ་བར་བྱེད་པའི་སེམས་ཅན་དེ་དག་ནི་སངས་རྒྱས་མཐོང་བ་དང་མ་བྲལ་བ་དང་། དམ་པའི་ཆོས་ཉན་པ་དང་མ་བྲལ་བ་དང་། དགེ་འདུན་ལ་རིམ་གྲོ་བྱེད་པ་དང་མ་བྲལ་བར་རིག་པར་བྱའོ། །ཀུན་དགའ་བོ་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་དྲུང་ན་སྤྱོད་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་སྟེ། བརྒྱད་ཅུ་རྩ་བདུན་པའོ།། །།


previousབརྒྱད་ཅུ་རྩ་བདུན་པ། ཡོངས་སུ་གཏད་པའི་ལེའུ།next