Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་བཞི་པ། དང་པོ་འཇུག་པའི་ལེའུ།
   
   
   
   
   
   
   
   
   


 
previousཉི་ཤུ་བཞི་པ། དང་པོ་འཇུག་པའི་ལེའུ། next

ཉི་ཤུ་བཞི་པ། དང་པོ་འཇུག་པའི་ལེའུ།


DKG032_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་བས་གང་ལ་གནས་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་ལ་གནས་པར་བྱ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་བསྐྱེད་པར་བྱའོ། །སྙམ་པའི་སེམས་ཉེ་བར་བཞག་ནས། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་གཏམ་འདྲེ་བར་བྱ། ཕེབས་པར་སྨྲ་བར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ང་རྒྱལ་བསྐྱུང་བར་བྱའོ། །སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་སྙན་ཅིང་འཇམ་པའི་ཚིག་གིས་གཏམ་འདྲེ་བར་བྱ། ཕེབས་པར་སྨྲ་བར་བྱའོ། །སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་རྣམ་པར་ཐོ་འཚམ་པ་མེད་པའི་སེམས་བསྐྱེད་པར་བྱའོ། ། སེམས་ཅན་ཐམས་ཅད་ལ་ཕ་མ་དང་། མིང་སྲིང་གི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཛའ་བཤེས་དང་། ནེའུ་ཟླ་དང་། ཉེ་དུའི་སེམས་བསྐྱེད་པར་བྱའོ། ། སེམས་ཅན་ཐམས་ཅད་ལ་ཕ་མ་དང་། མིང་སྲིང་དང་། མཛའ་བཤེས་དང་། ནེའུ་ཟླ་དང་། ཉེ་དུའི་སེམས་ཀྱིས་གཏམ་འདྲེ་བར་བྱ། ཕེབས་པར་སྨྲ་བར་བྱའོ། །དེས་ཀྱང་སྲོག་གཅོད་པ་སྤང་བར་བྱ། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཉིད་ཀྱི་ལམ་ཡང་དག་པར་འཛིན་དུ་གཞུག་པར་བྱ། རྟག་ཏུ་སྲོག་གཅོད་པ་སྤོང་བ་ཉིད་ཀྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྲོག་གཅོད་པ་སྤོང་


DKG032_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། བདག་གིས་ཀྱང་ལོག་པར་ལྟ་བའི་བར་དུ་སྤང་བར་བྱ། གཞན་དག་ཀྱང་ལོག་པར་ལྟ་བ་སྤོང་བ་ཉིད་ཀྱིས་ལམ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ལོག་པར་ལྟ་བ་སྤོང་བ་ཉིད་ཀྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བསྔགས་པ་བརྗོད་པར་བྱ། རྗེས་སུ་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་ཆོས་དེ་དག་ལ་དེ་ལྟར་གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །དེ་བཞིན་དུ་བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པར་བྱ་ཞིང་། བསམ་གཏན་བཞི་པའི་བར་ལ་སྙོམས་པར་འཇུག་པར་བྱའོ། །གཞན་དག་ཀྱང་བསམ་གཏན་བཞི་པའི་བར་ཡང་དག་པར་འཛིན་དུ་གཞུག་པར་བྱ་ཞིང་། བསམ་གཏན་བཞི་པའི་བར་གྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་བསམ་གཏན་བཞི་པའི་བར་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འདོད་པས། ཆོས་དེ་དག་ལ་དེ་ལྟར་གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པའི་སེམས་ལ་སྙོམས་པར་འཇུག་པར་བྱ་བ་ནས། གཞན་གང་དག་བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་བདག་ཀྱང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་སེམས་ལ་སྙོམས་པར་འཇུག་པར་བྱ་ཞིང་། གཞན་གང་དག་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་སེམས་ཀྱི་ཏིང་ངེ་འཛིན་གྱི་བར་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་


DKG032_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱ་ཞིང་། གཞན་གང་དག་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་བརྗོད་པར་བྱ་ཞིང་། གཞན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་སྦྱར་བ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གིས་ཀྱང་ནང་སྟོང་པ་ཉིད་བསྒོམ་པར་བྱ། གཞན་དག་ཀྱང་ནང་སྟོང་པ་ཉིད་སྒོམ་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ནང་སྟོང་པ་ཉིད་སྒོམ་པའི་བསྔགས་པ་ཡང་བརྗོད་པར་བྱ། གཞན་གང་དག་ནང་སྟོང་པ་ཉིད་སྒོམ་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ། གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་ཡང་དག་པར་འཛིན་དུ་འཇུག་པར་བྱ། དྲན་པ་ཉེ་བར་གཞག་པ་སྒོམ་པའི་བསྔགས་པ་ཡང་བརྗོད་པར་བྱ། གཞན་གང་དག་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། ། དེ་བཞིན་དུ་སྦྱར་ཏེ། བདག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བསྒོམ་པར་བྱ། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་


DKG032_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒོམ་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དག་ཡང་དག་པར་འཛིན་དུ་གཞུག་པར་བྱ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དེ་དག་གི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་གི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་ཀྱང་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་ཡང་དག་པར་འཛིན་དུ་གཞུག་པར་བྱ། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་གི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡང་དག་པར་འཛིན་དུ་གཞུག་པར་བྱ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་བསྔགས་པ་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་ཀྱང་རྟེན་ཅིང་འབྲེལ་པར་


DKG032_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཡན་ལག་བཅུ་གཉིས་པ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པ་ལ་ཉེ་བར་བརྟག་པར་བྱའོ། །གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པ་ལ་ཉེ་བར་རྟོག་པའི་བསྔགས་པ་བརྗོད་པར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། གཞན་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པ་དག་ལ་ཉེ་བར་རྟོག་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས། ཆོས་འདི་དག་ལ་དེ་ལྟར་བསྒོམ་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གིས་ཀྱང་སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་བྱ། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་སྤང་བར་བྱ། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་སུམ་དུ་བྱ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་བསྒོམ་པར་བྱའོ། །གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་བ་སྤང་བར་བྱ་བ་དང་། འགོག་པ་མངོན་སུམ་དུ་བྱ་བ་དང་། ལམ་སྒོམ་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། འཕགས་པའི་བདེན་པ་བཞིའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པ་དང་། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་སྤོང་བ་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་སུམ་དུ་བྱེད་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་སྒོམ་པར་བྱེད་པ་དེ་དག་གི་བསྔགས་པ་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་སྟེ། ཡང་དག་པའི་མཐའ་ནི་མངོན་སུམ་དུ་མི་བྱའོ། །


DKG032_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཤེས་པ་སྐྱེད་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །ཇི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུའི་སྐབས་སུ་སྦྱར་བ་དེ་བཞིན་དུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་ལ་ཡང་སྦྱར་བར་བྱའོ། །བདག་གིས་ཀྱང་རང་བྱང་ཆུབ་མངོན་སུམ་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་སྟེ། ཡང་དག་པའི་མཐའ་ནི་མངོན་སུམ་དུ་མི་བྱའོ། །གཞན་ཡང་རང་བྱང་ཆུབ་མངོན་སུམ་དུ་བྱ་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། རང་བྱང་ཆུབ་མངོན་སུམ་དུ་བྱ་བའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་རང་བྱང་ཆུབ་མངོན་སུམ་དུ་བྱ་བའི་ཤེས་པ་སྐྱེད་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་དག་པར་འཛིན་དུ་གཞུག་པར་བྱ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་བསྔགས་པ་ཡང་བརྗོད་པར་བྱ། གཞན་གང་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས། ཆོས་འདི་དག་ལ་དེ་ལྟར་གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་ཞིང་། གཞན་གང་དག་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་བར་དུ་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་སངས་རྒྱས་ཀྱི་ཞིང་རྣམས་


DKG032_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པར་བྱ་ཞིང་། གཞན་གང་དག་སངས་རྒྱས་ཀྱི་ཞིང་རྣམས་ཡོངས་སུ་དག་པར་བྱེད་པའི་བར་དུ་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པར་བྱ་ཞིང་། གཞན་གང་དག་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་སྐྱེད་པའི་བར་དུ་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་ཞིང་། གཞན་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། ། བདག་གིས་ཀྱང་བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤང་བར་བྱ། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བའི་བསྔགས་པ་ཡང་བརྗོད་པར་བྱ། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་ཆོས་འདི་དག་ལ་དེ་ལྟར་གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་ཉི་ཤུ་བཞི་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གིས་ཀྱང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་གཟུང་བར་བྱ། གཞན་ཡང་ཚེ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ཚེ་ཕུན་སུམ་ཚོགས་པའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །


DKG032_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། གཞན་གང་དག་ཆོས་ཀྱི་འཁོར་ལོ་བསྐོར་བའམ། བསྐོར་བར་འགྱུར་བའི་བར་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས། ཆོས་འདི་དག་ལ་དེ་ལྟར་གནས་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་ཞིང་། དེ་ལྟར་ཐབས་ལ་མཁས་པ་ལ་གནས་པར་བྱའོ། ། དེ་ལྟར་སློབ་པ་དང་། དེ་ལྟར་གནས་པ་དེའི་གཟུགས་སྒྲིབ་པ་མེད་པར་འགྱུར། ཚོར་བ་སྒྲིབ་པ་མེད་པ་དང་། འདུ་ཤེས་སྒྲིབ་པ་མེད་པ་དང་། འདུ་བྱེད་རྣམས་སྒྲིབ་པ་མེད་པ་དང་། རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། ། དེ་བཞིན་དུ་སྦྱར་ཏེ། དམ་པའི་ཆོས་གནས་པའི་བར་དུ་སྒྲིབ་པ་མེད་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སྔོན་གྱི་མཐའ་ཉིད་ནས་གཟུགས་ཡོངས་སུ་མ་བཟུང་བ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་བ་ནས། དེ་བཞིན་དུ་སྦྱར་ཏེ། སྔོན་གྱི་མཐའ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་བཟུང་བའི་ཕྱིར་རོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་པ་དེ་ནི་གཟུགས་མ་ཡིན། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཟུང་དུ་མེད་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གནས་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG032_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བཀྲེས་པ་དང་། སྐོམ་པ་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་མི་བདོག་པའི་སེམས་ཅན་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་གི་སེར་སྣ་ལས་བྱུང་བའི་སྐྱོན་འདི་འདྲ་བ་འདི་དག་མི་འབྱུང་ཞིང་མེད་ལ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཅི་འདྲ་བ་དེ་འདྲ་བར་འགྱུར་བར་བདག་གིས་ཀྱང་འབད་པར་བྱ་སྟེ། ཅི་ནས་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་གི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་དག་དེ་ལྟ་བུར་འགྱུར་བ་དེ་ལྟར་དེ་སྲིད་དུ། བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སྲོག་གཅོད་པ་ནས། ལོག་པར་ལྟ་བའི་བར་རྣམས་དང་། ཚེ་ཐུང་བ་རྣམས་དང་། གནོད་པ་མང་བ་དག་དང་། མདོག་ངན་པ་དག་དང་། མཐུ་ཆུང་བ་དག་དང་། ལོངས་སྤྱོད་ཆུང་བ་དག་དང་། རིགས་ངན་དུ་སྐྱེས་པ་དག་དང་། ཡན་ལག་དང་ཉིང་ལག་མ་ཚང་བ་དག་དང་། སྐྱེ་བོ་ཁོང་དགེ་བས་སྨད་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་སེམས་ཅན་དེ་དག་གི་འཆལ་པའི་ཚུལ་ཁྲིམས་ལས་བྱུང་བའི་སྐྱོན་འདི་འདྲ་བ་འདི་དག་མི་འབྱུང་ཞིང་མེད་པར་འགྱུར་བ་དེའི་བར་དུ་བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་


DKG032_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་དག་དང་། ལན་མང་དུ་ཁྲོས་པ་དག་དང་། འཁྲུག་པའི་སེམས་དང་ལྡན་པ་དག་དང་། བོང་བ་དང་། དབྱུག་པ་དང་། མཚོན་ཆས་བསྣུན་པས་ཕན་ཚུན་གནོད་སེམས་བྱེད་པ་དག་དང་། སྲོག་དང་འབྲལ་བར་བྱེད་པའི་སེམས་ཅན་དག་མཐོང་ན་འདི་སྙམ་དུ། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་གནོད་སེམས་ལས་བྱུང་བའི་སྐྱོན་འདི་ལྟ་བུ་འདི་དག་མི་འབྱུང་ཞིང་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱང་དཔེར་ན་འོད་གསལ་གྱི་ལྷ་རྣམས་ལྟར་རྟག་ཏུ་ཕ་མ་དང་། མིང་སྲིང་ལྟ་བུའི་སེམས་སུ་བྱམས་པའི་སེམས་དང་ལྡན་པར་འགྱུར་བ་དེ་སྲིད་དུ་བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། མྱུར་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ལེ་ལོ་ཅན་དག་དང་། མཐོ་རིས་དང་། བྱང་གྲོལ་ལ་རྒྱབ་ཀྱིས་ཕྱོགས་པ་དག་དང་། ཐེག་པ་གསུམ་ལས་ལྷུང་བའི་སེམས་ཅན་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་ལེ་ལོ་ལས་བྱུང་བའི་སྐྱོན་འདི་ལྟ་བུ་འདི་དག་མི་འབྱུང་ཞིང་མེད་ལ། སེམས་ཅན་ཐམས་ཅད་ཀྱང་དགེ་བ་དག་ལ་བརྟེན་ཅིང་། ངེས་པར་ལེགས་པའི་


DKG032_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བརྩོན་འགྲུས་བརྩམས་ནས། ཐེག་པ་གསུམ་པོ་གང་ཡང་རུང་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་སྲིད་དུ་བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སྒྲིབ་པ་ལྔས་བསྒྲིབས་པ་དག་དང་། བསམ་གཏན་བཞི་དང་བྲལ་བ་དག་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་བྲལ་བའི་སེམས་ཅན་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་སྒྲིབ་པ་ལྔའི་སྐྱོན་འདི་ལྟ་བུ་འདི་དག་མི་འབྱུང་ཞིང་མེད་ལ། སེམས་ཅན་ཐམས་ཅད་ཀྱང་རྣམ་པར་ཐར་པ་བརྒྱད་ལ། བསམ་གཏན་པར་འགྱུར་བ་དེ་སྲིད་དུ་བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་ཤེས་རབ་འཆལ་པ་དག་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་དང་བྲལ་བ་དག་དང་། སྡིག་པའི་ལས་ཀུན་ཏུ་སྤྱོད་པ་དག་དང་། བྱ་བ་མ་ཡིན་པ་སྨྲ་བ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་གཏི་མུག་ལས་བྱུང་བའི་སྐྱོན་འདི་ལྟ་བུ་འདི་དག་


DKG032_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་ཞིང་མེད་ལ། སེམས་ཅན་ཐམས་ཅད་ཀྱང་རིག་པ་གསུམ་དང་ལྡན་པར་འགྱུར་བ་དེ་སྲིད་དུ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མྱུར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། ཚོགས་གསུམ་པོ་འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་ལ་གནས་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་ཚོགས་གཅིག་པོ་འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་སུ་འགྱུར་ཞིང་། ཚོགས་གཞན་གཉིས་པོ་འདི་ལྟ་སྟེ། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་ཀྱི་སྒྲ་ཡང་གྲག་པར་མི་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ངན་སོང་གསུམ་པོ་དག་གི་སྒྲ་ཡང་མི་གྲག་ན།


DKG032_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། ས་འདི་སྡོང་དུམ་དང་། ཚེར་མ་དང་། ངམ་གྲོག་དང་། གཡང་ས་དང་། གཏོར་ཁུང་ནས་འབབ་པ་དང་། ཕྱི་ས་ཁུང་གང་དག་ཡོད་པ་དེ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་དེ་དག་གི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་འབྱུང་ཞིང་། སངས་རྒྱས་ཀྱི་ཞིང་དེ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ལག་མཐིལ་ལྟར་མཉམ་པར་གྱུར་པ། ཤིང་ལྗོན་པ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། འབྲས་བུ་སྣ་ཚོགས་དང་ལྡན་པ། བྱ་མང་པོ་སྣ་ཚོགས་པ་དག་གདངས་སྙན་པ་སྒྲོགས་པ་དང་། ཆུ་ཀླུང་དང་། ཁྲོན་པ་དང་། འབབ་ཆུ་དང་། མཚེའུ་དང་། ལྟེང་ཀ་དང་། རྫིང་བུ་སྣ་ཚོགས་ཕུན་སུམ་ཚོགས་པ་ཅན་དུ་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། ས་


DKG032_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ས་ལས་བྱས་ཤིང་རྡོ་དང་། བྱེ་མས་ཀུན་ཏུ་ཁེབས་ལ་རྡུལ་དང་། གསེག་མ་དང་། གྲམ་པ་དང་། རྡོ་བས་གང་བ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ས་ཆེན་པོ་དེ་བཻ་དཱུརྱ་སྔོན་པོ་ལས་བྱས་པ་དང་། གསེར་གྱི་བྱེ་མའི་གཅལ་བཀྲམ་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་ཡོངས་སུ་འཛིན་པ་ལ་གནས་ཤིང་། དེའི་རྒྱུ་ལས་བྱུང་བ་སྡིག་པའི་ལས་ལྔ་བྱས་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་ཡོངས་སུ་འཛིན་པ་འདི་ལྟ་སྟེ། གཟུགས་ཡོངས་སུ་འཛིན་པ་ནས། རྣམ་པར་ཤེས་པའི་བར་དུ་ཡོངས་སུ་འཛིན་པའི་མིང་ཡང་གྲག་པར་མི་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། རིགས་བཞི་པོ་འདི་ལྟ་སྟེ། རྒྱལ་རིགས་དང་།


DKG032_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་རིགས་བཞི་པོ་དག་གི་སྒྲ་ཡང་གྲག་པར་མི་འགྱུར་ཞིང་། གཞན་དུ་ན་མི་ཞེས་བྱ་བ་འབའ་ཞིག་གི་གྲངས་སུ་འགྲོ་བར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་ཁ་དོག་ཐ་དད་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་ཁ་དོག་ཐ་དད་པ་ཉིད་མེད་ཅིང་། གཞན་དུ་ན་གསེར་གྱི་མདོག་ཅན་དག་དང་། བལྟ་ན་སྡུག་ཅིང་གཟུགས་བཟང་ཞིང་མཛེས་ཏེ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། བདག་པོ་མཐོང་ན་འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་


DKG032_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་མ་གཏོགས་པར་སེམས་ཅན་དེ་དག་གི་བདག་པོ་ཟླ་མེད་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་འགྲོ་བ་ཐ་དད་པ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་འགྲོ་བ་ཐ་དད་པ་འདི་ལྟ་སྟེ། སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷའི་འཇིག་རྟེན་ནམ། མིའི་འཇིག་རྟེན་མེད་པར་འགྱུར་ཞིང་། གཞན་དུ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་དྲན་པ་ཉེ་བར་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ལས་གཅིག་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་སྐྱེ་གནས་བཞི་པོ་འདི་ལྟ་སྟེ། སྒོ་ང་


DKG032_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེ་བ་དང་། མངལ་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་སྐྱེ་གནས་གསུམ་པོ་འདི་ལྟ་སྟེ། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་དང་། མངལ་ནས་སྐྱེ་བའི་སྐྱེ་གནས་དང་། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་དག་མེད་ཅིང་། སེམས་ཅན་ཐམས་ཅད་སྐྱེ་གནས་གཞན་དུ་རྫུས་ཏེ་སྐྱེ་བ་འབའ་ཞིག་ཏུ་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་མངོན་པར་ཤེས་པ་ལྔ་དང་བྲལ་བ་དག་དང་། དམན་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་བཤང་


DKG032_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཅི་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་དེ་དག་གི་བཤང་གཅི་དག་ཡེ་མེད་ཅིང་། སེམས་ཅན་ཐམས་ཅད་ཀྱང་དཔེར་ན་འོད་གསལ་གྱི་ལྷ་རྣམས་ལྟར་དགའ་བའི་ཟས་དང་ལྡན་པར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་འོད་དང་བྲལ་བ་རྣམས་མཐོང་ན། འདི་སྙམ་དུ་ཉེ་བར་བརྟག་པར་བྱ་ཞེས་བྱ་བ་ནས། རང་ལས་འོད་འབྱུང་བར་འགྱུར་བ་ཞེས་བྱ་བའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་ཟླ་བ་དང་། ཟླ་བ་ཕྱེད་པ་དང་། དུས་དང་། ལོ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་དེ་དག་གི་ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་དང་། ལོ་རྣམས་ཀྱི་སྒྲ་ཡང་གྲག་པར་མི་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་


DKG032_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ཚེ་ཕུན་སུམ་ཚོགས་པ་དང་བྲལ་བ་དག་མཐོང་ན། འདི་སྙམ་དུ་ཉེ་བར་བརྟག་པར་བྱ། ཞེས་བྱ་བ་ནས། ཚེ་དཔག་ཏུ་མེད་པར་འགྱུར་བ་ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་མཚན་དང་བྲལ་བ་དག་མཐོང་ན། འདི་སྙམ་དུ་ཉེ་བར་བརྟག་པར་བྱ་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་གྱུར་པ་ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་དགེ་བའི་རྩ་བ་དང་བྲལ་བ་དག་མཐོང་ན། འདི་སྙམ་དུ་ཉེ་བར་བརྟག་པར་བྱ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་ཞིང་། དགེ་བའི་རྩ་བ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱེད་པར་འགྱུར་བ་ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ནད་ཀྱིས་བཏབ་པ་རྣམས་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་དེ་དག་གི་ནད་བཞི་པོ་འདི་ལྟ་སྟེ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དག་མི་འབྱུང་ཞིང་། གཞན་ཡང་ཉོན་མོངས་པའི་ནད་གསུམ་པོ་འདི་ལྟ་སྟེ། འདོད་ཆགས་དང་།


DKG032_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་དང་། གཏི་མུག་རྣམས་མི་འབྱུང་བར་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པའི་སྒྲ་ཡང་གྲག་པར་མི་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ལྷག་པའི་ང་རྒྱལ་ཅན་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དེ་དག་གི་ང་རྒྱལ་གྱི་སྒྲ་ཡང་གྲག་པར་མི་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG032_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་ཚེ་དཔག་ཏུ་ཡོད་པ་དང་། འོད་ཆུང་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་ཡོད་པ་དག་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་དེ་དག་གི་ཚེ་དཔག་ཏུ་མེད་པ་དང་། འོད་དཔག་ཏུ་མེད་པར་འགྱུར་བ་དང་། ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པར་འགྱུར་བ་དེ་སྲིད་དུ་བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སངས་རྒྱས་ཀྱི་ཞིང་དཔག་ཏུ་ཡོད་པ་མཐོང་ན། འདི་སྙམ་དུ་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་སྙེད་དུ་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་བ་དེ་སྲིད་དུ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། མྱུར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། འདི་སྙམ་དུ་ཀྱེ་མ་འཁོར་བ་འདི་ནི་ཡུན་རིང་བའོ། །ཀྱེ་མ་འཇིག་རྟེན་གྱི་ཁམས་འདི་ནི་ཡུན་རིང་བའོ་སྙམ་དུ་ཉེ་བར་བརྟག་པར་བྱ་ཞིང་། ཡང་འདི་སྙམ་དུ་ཀྱེ་མ་


DKG032_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་འདི་ནི་ནམ་མཁའ་ལྟ་བུར་མུ་མེད་པའོ། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་ནམ་མཁའ་ལྟར་མུ་མེད་པ་ཡིན་མོད་ཀྱི། འདི་ལ་ཆོས་ཀྱི་བརྡས་སེམས་ཅན་ཞེའམ། འཁོར་བ་ཞེ་འམ། རྣམ་པར་ཐར་པ་ཞེས་ཐ་སྙད་དུ་འདོགས་པ་མ་གཏོགས་པར་སེམས་ཅན་འགའ་ཡང་འཁོར་བ་མེད་ཅིང་། མྱ་ངན་ལས་འདས་པ་མེད་ལ། སེམས་ཅན་འགའ་ཡང་ཡོངས་སུ་གྲོལ་བ་མེད་དོ་སྙམ་དུ་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། མྱུར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དཀོན་མཆོག་གསུམ་པོ་འདི་ལྟ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་ལ་དབུལ་བ་དག་ཕུལ་ཞིང་། དེ་ལས་གཞན་པའི་སེམས་ཅན་དག་ལ་ཡང་སྦྱིན་པ་དག་བྱིན་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ཀྱང་གང་ཞིག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བྱེད་ན། འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་སྟེ། ཐེག་པ་འདིས་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྗེས་སུ་འགྲོ་བའི་ཕྱིར་རོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་རྒྱུན་དུ་ཞུགས་པ་དག་


DKG032_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོན་འབུལ་བར་བྱེད་ཅིང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ལ་ཡོན་དག་དབུལ་ན། ཅི་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ཀྱང་གང་ཞིག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བྱེད་ན། འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཤིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་དག་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་། བཟོད་པ་སྒྲུབ། བརྩོན་འགྲུས་རྩོམ། བསམ་གཏན་དག་ལ་སྙོམས་པར་འཇུག །ཤེས་རབ་སྒོམ་ན། ཅི་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། ། བཙུན་པ་བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ཀྱང་གང་ཞིག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉི་མ་འགའ་ཙམ་ཡང་རྣལ་འབྱོར་དུ་བྱེད་ཅིང་། སྦྱིན་པ་དག་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་། བཟོད་པ་སྒྲུབ། བརྩོན་འགྲུས་རྩོམ། བསམ་གཏན་དག་ལ་སྙོམས་པར་འཇུག །ཤེས་རབ་སྒོམ་ན། འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་ནི་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་འདི་ཇི་སྙམ་དུ་


DKG032_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ན། ཅི་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ཀྱང་གང་ཞིག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གནས་ཏེ། ཉི་མ་གཅིག་ཙམ་ཆོས་ཀྱི་སྦྱིན་པ་བྱིན་ན། འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བྲལ་བ་ཡིན་ལ། གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ། ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་རྣལ་འབྱོར་དུ་བྱེད་ན། ཅི་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ཀྱང་གང་ཞིག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


DKG032_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟབ་མོ་འདི་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ནས། རྣམ་པར་ཐར་པའི་སྒོ་གསུམ་གྱི་བར་ལ་རྣལ་འབྱོར་དུ་བྱེད་ན། འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ལྡོག་པ་དེ་ནི་གནས་མེད་པའི་ཕྱིར་རོ། །གནས་ཡིན་ཞིང་སྐབས་ཡོད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ལྡོག་པ་དེ་ནི་གནས་ཡོད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ། ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་བྱིན་ནས། སོ་སོར་བརྟགས་པ་དང་ལྡན་པ་མ་ཡིན་པའི་ཡིད་ལ་བྱེད་པ་དག་གིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། དེ་ཅི་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ཀྱང་གང་ཞིག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གནས་ཏེ། ཉི་མ་གཅིག་ཙམ་ཡང་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་བྱིན་ན། སོ་སོར་བརྟགས་པ་དང་ལྡན་པའི་ཡིད་ལ་བྱེད་པས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་འདི་ནི་ཡོངས་སུ་བསྔོ་བ་ཡིན་ཏེ། རབ་འབྱོར་གང་ཤེས་རབ་


DKG032_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྔོ་བ་དང་བྲལ་བ་དེ་ནི་ཡོངས་སུ་བསྔོ་བ་མ་ཡིན་པར་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་རྣམས་ཀྱི་སྔོན་དུ་འདྲེན་པ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྔོ་བ་ལ་མཁས་པར་བྱའོ། ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱས་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། ཅི་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ། །བཙུན་པ་བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ཀྱང་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་བསྟན་པ་འདི་ལ་གནས་ཏེ། ཉི་མ་གཅིག་ཙམ་ཡང་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། འདི་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བསྔོ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། དང་པོ་འཇུག་པའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་བཞི་པའོ།། །།


previousཉི་ཤུ་བཞི་པ། དང་པོ་འཇུག་པའི་ལེའུ། next