Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
གཉིས་པ། དེ་བཞིན་གཤེགས་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ། དེ་བཞིན་གཤེགས་པའི་ལེའུ། next

གཉིས་པ། དེ་བཞིན་གཤེགས་པའི་ལེའུ།


DKG035_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། འཇིག་རྟེན་གྱི་དབང་པོ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་ས་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་ཡུལ་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བྱིན་གྱི་རླབས་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་སྟོབས་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་མྱི་བསྙེངས་པ་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་མངའ་ཆེན་པོ་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་མི་འཕྲོགས་པ་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་སྤྱན་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་སྙན་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་ཤངས་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་ལྗགས་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་སྐུ་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་


DKG035_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སངས་རྒྱས་ཀྱི་ཐུགས་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་འོད་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་འོད་ཟེར་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་གསུང་ནི་ཇི་ལྟ་བུ་ཞིག་མངའ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་ཡེ་ཤེས་ནི་ཇི་ལྟ་བུ་ཞིག་མངའ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོན་ལམ་རྒྱ་མཚོ་ཐམས་ཅད་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རབ་ཏུ་འཇུག་པ་རྒྱ་མཚོ་ཐམས་ཅད་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཚོགས་རྒྱ་མཚོ་ཐམས་ཅད་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཐེག་པ་རྒྱ་མཚོ་རྣམས་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རབ་ཏུ་གནས་པ་རྒྱ་མཚོ་ཐམས་ཅད་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྤྱོད་པ་རྒྱ་མཚོ་རྣམས་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབྱུང་བ་རྒྱ་མཚོ་རྣམས་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མངོན་པར་ཤེས་པ་རྒྱ་མཚོ་རྣམས་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་རྣམས་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ས་རྒྱ་མཚོ་རྣམས་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོན་ལམ་རྒྱ་མཚོ་རྣམས་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བྱང་ཆུབ་སེམས་དཔའ་རྣམས་ལ་ཡེ་ཤེས་རྒྱ་མཚོ་རྣམས་ནི་ཇི་ལྟ་བུ་ཞིག་ཏུ་ཡོངས་སུ་སྟོན། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཡང་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་


DKG035_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། སེམས་ཅན་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། སངས་རྒྱས་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། སངས་རྒྱས་ཀྱི་རྣམ་པར་ཐར་པ་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། སངས་རྒྱས་ཀྱི་སྤྲུལ་པ་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། སངས་རྒྱས་ཀྱི་ཤིན་ཏུ་བསྟན་པ་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། སངས་རྒྱས་ཀྱི་མཚན་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། སངས་རྒྱས་ཀྱི་སྐུ་ཚེའི་ཚད་རྒྱ་མཚོ་རྣམས་ཀྱང་བསྟན་པ་མཛད་གྲང་། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་བྱིན་རླབས་ཀྱིས། མཆོད་པའི་དཀྱིལ་འཁོར་གྱི་སྤྲིན་དེ་དག་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། །མཐའ་ཡས་རྒྱ་ཆེན་བསྐལ་པར་རབ་སྤྱད་དེ། །བྱང་ཆུབ་ཤིང་དྲུང་རང་བྱུང་ཡང་དག་སྐྱེས། །ཕྱི་མཐའི་བསྐལ་པར་འགྲོ་བའི་སྤྲིན་གྱུར་པ། །དེ་བཞིན་གཤེགས་པས་སྐུ་ནི་བྱིན་གྱིས་བརླབས། །འགྲོ་བ་མ་ལུས་ཀུན་གྱི་ཐེ་ཙོམ་གཅོད། །མོས་པའི་སྟོབས་ནི་ཡངས་པ་རབ་ཏུ་བསྐྱེད། །སེམས་ཅན་སྡུག་བསྔལ་མཐའ་ཡས་ཞི་བར་མཛད། །སངས་རྒྱས་བདེ་ལ་འགྲོ་བ་ཐམས་ཅད་འགོད། །བྱང་ཆུབ་སེམས་དཔའ་མཐའ་ཡས་ཞིང་རྡུལ་སྙེད། །དེ་བཞིན་གཤེགས་པ་བལྟ་ཞིང་ཀུན་ནས་གནས། །དེ་དག་བསམ་པ་སྤྱོད་ཡུལ་ཇི་བཞིན་དུ། །ཐེ་ཙོམ་བསལ་བར་ཆོས་རྣམས་རབ་བསྟན་གསོལ། །རྒྱལ་བ་ཀུན་གྱི་ས་ནི་ཇི་ལྟ་བུ། །དེ་བཞིན་གཤེགས་པའི་ཡུལ་གྱི་རྒྱུད་རྣམས་དང་། །སངས་རྒྱས་བྱིན་རླབས་མཐའ་དང་དབུས་མེད་པ། །དེ་དག་ཚུལ་ནི་རྣམ་དག་བསྟན་དུ་གསོལ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཅི་ཡིས་འཇུག །རྒྱལ་བའི་མཁྱེན་ལ་ཇི་ལྟར་འཇུག་པ་དང་། །ཡེ་ཤེས་རྒྱ་ཆེན་མཐུ་སྟོབས་རྣམ་པར་སྦྱངས། །རྒྱལ་སྲས་ཀུན་ལ་ཡང་དག་


DKG035_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དུ་གསོལ། །སངས་རྒྱས་ཏིང་འཛིན་ཇི་ལྟར་མཐའ་ཡས་དང་། །མི་སྙེམས་ཆོས་ཉིད་ཇི་ལྟར་ནམ་སྦྱངས་དང་། ། རྫུ་འཕྲུལ་མཐུ་ཡང་མཐའ་དང་དབུས་མེད་པ། །འགྲོ་བའི་བསམ་པ་རྣམས་ལ་བསྒྲག་ཏུ་གསོལ། །ཇི་ལྟར་ཆོས་རྒྱལ་ཕོ་བྲང་མངའ་མཛད་ཅིང་། །རྒྱལ་བའི་སྤྱོད་ཡུལ་ཇི་ལྟར་མི་འཕྲོགས་དང་། །སངས་རྒྱས་ཆོས་གཞན་རྒྱ་ཆེན་དེ་དག་ཀྱང་། །ཐུགས་བརྩེའི་སླད་དུ་ཡང་དག་བསྟན་དུ་གསོལ། །རྒྱལ་བའི་སྤྱན་ནི་ཇི་ལྟར་ཚད་མྱེད་ཅིང་། །སྙན་དང་ཤངས་དང་དེ་བཞིན་ལྗགས་དང་སྐུ། །སངས་རྒྱས་ཐུགས་ཀྱང་ཇི་ལྟར་མཐའ་ཡས་པ། །འདི་དག་ཚུལ་ལ་འཇུག་པ་བསྟན་དུ་གསོལ། །ཞིང་རྣམས་རྒྱ་མཚོ་ཇི་ལྟར་སེམས་ཅན་ཁམས། །ཆོས་དབྱིངས་ཚུལ་རྣམས་རྒྱ་མཚོ་དེ་དག་དང་། །སངས་རྒྱས་རྒྱ་མཚོ་མཐའ་དང་དབུས་མེད་པ། །འདི་དག་རྒྱལ་བའི་སྲས་ལ་བསྟན་དུ་གསོལ། །ཕ་རོལ་ཕྱིན་པ་རྒྱ་མཚོ་བསམ་ཡས་དང་། །རྣམ་པར་ཐར་ལ་འཇུག་ཚུལ་རྒྱ་མཚོ་དང་། །ཆོས་རྣམས་ཀུན་གྱི་ཚུལ་རྣམས་རྒྱ་མཚོ་དག །བྱང་ཆུབ་སྙིང་པོར་ཐམས་ཅད་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྣམ་པར་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། ཞལ་གྱི་སྒོ་ཚེམས་ཀྱི་མཚམས་ཀྱི་གསེབ་ནས་འོད་ཟེར། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་བཀྱེ་བ་འདི་ལྟ་སྟེ། རིན་པོ་ཆེའི་ཟེ་བ་རྣམ་པར་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། འདི་ལྟ་སྟེ་ཆོས་ཀྱི་དབྱིངས་སུ་དབྱངས་སྣ་ཚོགས་ཀྱིས་རྒྱན་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། འདི་ལྟ་སྟེ་འོད་ཤིན་ཏུ་ཕྲ་བའི་སྤྲིན་ཀུན་ནས་ལྡིང་བ་ཞེས་བྱ་བའི་འོད་ཟེར་དང་། འདི་ལྟ་སྟེ་ཕྱོགས་བཅུའི་སངས་རྒྱས་ཀྱི་རྫུ་འཕྲུལ་དང་སྙིང་པོ་བྱང་ཆུབ་ཀྱི་འོད་ཅེས་བྱ་བའི་འོད་ཟེར་དང་། འདི་ལྟ་སྟེ་རིན་པོ་ཆེ་ཐམས་ཅད་འོད་འཕྲོ་བའི་གདུགས་ཀྱི་སྤྲིན་ཅེས་བྱ་བའི་འོད་ཟེར་དང་། འདི་ལྟ་སྟེ་རྣམ་པར་སྣང་བས་ཆོས་ཀྱི་དབྱིངས་རབ་ཏུ་སྣང་བའི་འོད་ཅེས་བྱ་བའི་འོད་ཟེར་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཞིང་ཐམས་


DKG035_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་འབྱུང་ཞིང་འཁྱིལ་བའི་རྒྱན་ཅེས་བྱ་བའི་འོད་ཟེར་དང་། འདི་ལྟ་སྟེ་རིན་པོ་ཆེ་རྡོ་རྗེ་དྲི་མ་མེད་པ་མང་པོའི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ་ཉེ་བར་འགྲོ་བའི་རྒྱན་ཅེས་བྱ་བའི་འོད་ཟེར་དང་། འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་ཀྱི་མཚན་གྱི་འཁོར་ལོའི་སྒྲ་རབ་ཏུ་སྒྲོག་པ་ཞེས་བྱ་བའི་འོད་ཟེར་དང་། དེ་དག་ལ་སྩོགས་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འོད་ཟེར་རབ་ཏུ་བཀྱེ་སྟེ། འོད་ཟེར་དེ་དག་རེ་རེ་ཞིང་འཁོར་གྱི་འོད་ཟེར་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །འོད་ཟེར་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་ཤིན་ཏུ་སྟོན་པ་དག་སྟེ། དེ་དག་རབ་ཏུ་འཕྲོས་ནས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རབ་ཏུ་སྣང་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ནས། འོད་ཟེར་གྱི་སྒོ་དེ་དག་ཐམས་ཅད་ཀྱི་མཐུས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མཐོང་བར་གྱུར་ཏོ། །འོད་ཟེར་དེ་དག་ཐམས་ཅད་ཀྱི་སྒོ་ནས་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཚིགས་སུ་བཅད་པ་འདི་དག་བྱུང་བར་གྱུར་ཏོ། །བསྐལ་པ་རྒྱ་མཚོ་མཐའ་ཡས་སྤྱོད་སྤྱད་དེ། །ཕྱོགས་རྣམས་རྒྱ་མཚོར་སངས་རྒྱས་ཀུན་ཀྱང་མཆོད། །སེམས་ཅན་རྒྱ་མཚོ་རྣམ་པར་དག་བྱས་ནས། །རྣམ་པར་སྣང་མཛད་བྱང་ཆུབ་མངོན་སངས་རྒྱས། །ཕྱོགས་རྣམས་ཀུན་ཏུ་སྣང་ཞིང་མངོན་པར་མཛེས། །སྤུ་རྣམས་ཀུན་ནས་སྤྲུལ་པའི་སྤྲིན་ཀྱང་འགྱེད། །དེས་ནི་སེམས་ཅན་སྣོད་བཞིན་བསྐུལ་བྱས་ནས། །བྱང་ཆུབ་སྦྱོར་བ་ཆགས་མེད་རྣམ་པར་དག །སྲིད་པའི་རྒྱུད་ན་སྔན་ཅད་འཁོར་བའི་ཚེ། །རྒྱལ་བས་སེམས་ཅན་ཡོངས་སུ་སྨིན་མཛད་པ། །དེ་དག་སྐད་ཅིག་གཅིག་གིས་རབ་ཏུ་བགྲོལ། །སངས་རྒྱས་རྣམ་འཕྲུལ་འདི་དག་མཐའ་ཡས་


DKG035_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྒྱན་རྣམས་སྣ་ཚོགས་ཀུན་ཏུ་འོད་ཀྱང་སྣང་། །བྱང་ཆུབ་ཤིང་ནི་ཡལ་ག་རིན་ཆེན་འཕྱང་། །འོད་རྣམས་བཀྱེ་བ་ཀུན་ཏུ་རྣམ་པར་བརྒྱན། །བྱང་ཆུབ་བསམ་གྱིས་མྱི་ཁྱབ་དེ་སངས་རྒྱས། །ཕྱོགས་རྣམས་ཀུན་ཏུ་སྒྲ་ནི་རབ་ཏུ་སྒྲོག །སེམས་ཅན་ཀུན་གྱི་སེམས་བཞིན་ཚིམ་བྱས་ཏེ། །སྣ་ཚོགས་ཐབས་ཀྱི་སྒོ་ནས་རྣམ་པར་འདུལ། །དེ་ལས་ཆོས་ཉིད་ཞི་སྒྲ་རབ་ཏུ་འབྱུང་། །ཞིང་རྣམས་སྟོང་གི་རྡུལ་སྙེད་སྔན་ཅད་དུ། །སྤྱོད་ཚེ་ཕ་རོལ་ཕྱིན་ཀུན་རྒྱས་པར་མཛད། །སྟོབས་རྣམས་ཀུན་ལ་སངས་རྒྱས་རབ་བཞུགས་ཀྱང་། །རྒྱལ་བ་དེའི་ཞལ་ལྟར་ཀུན་ཀྱང་དེང་། །ཞིང་གི་རྡུལ་སྙེད་ཕྱོགས་རྣམས་ཐམས་ཅད་ནས། །རྒྱལ་སྲས་མང་པོ་རབ་ཏུ་དགའ་སྟེ་ལྷགས། །མཆོད་པ་སྣ་ཚོགས་ཆར་པ་རབ་འབེབས་ཤིང་། །ཐམས་ཅད་འཁོད་དེ་རྒྱལ་བ་མངོན་སུམ་ལྟ། །གསུང་དབྱངས་གཅིག་ལས་མཐའ་ཡས་མདོ་ཡི་རྣམས། །རྒྱ་མཚོ་དག་ཀྱང་སངས་རྒྱས་ཤིན་ཏུ་སྟོན། །འགྲོ་ཀུན་ཡིད་བཞིན་ཆོས་ཀྱི་ཆར་འབེབས་ཀྱིས། །རྐང་གཉིས་གཙོ་བོ་དེ་ལ་བལྟར་ཡང་འདོང་། །དུས་གསུམ་རྒྱལ་བའི་སྨོན་ལམ་གང་ཡོད་པ། །སྐད་ཅིག་ཐུགས་ལ་དེ་དག་མངོན་སུམ་སྟེ། །རྒྱལ་བ་བྱང་ཆུབ་ཤིང་དྲུང་སྟོན་མཛད་ཀྱིས། །རྒྱལ་བའི་དྲུང་དུ་མྱུར་དུ་འདོང་བར་གྱིས། །སངས་རྒྱས་རྣམ་པར་སྣང་མཛད་ཡེ་ཤེས་མཚོ། །འོད་ཟེར་ཀུན་གྱི་སྒོ་ནས་རབ་ཏུ་སྣང་། །ཆོས་ཉིད་ཇི་ལྟ་ཅི་འདྲ་དེ་དག་ལྟོས། །སངས་རྒྱས་འགྲོ་ཀུན་མངོན་སུམ་ཆོས་སྟོན་ཏོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་ནས། དེ་བཞིན་གཤེགས་པའི་འོད་ཟེར་གྱིས་ཡང་དག་པར་བསྐུལ་བའི་རྣམས། བྱང་ཆུབ་སེམས་དཔའ་རང་རང་གི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དང་ལྷན་ཅིག་ཏུ་འཕགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གང་ན་བ་དེར་འོང་བར་གྱུར་ཏེ། འདི་ལྟར་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི་དང་འདབ་ཆགས་སུ། ཤར་ཕྱོགས་ལོགས་


DKG035_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་པདྨོའི་དཔལ་དྲི་མ་མྱེད་པར་སྣང་བའི་རྒྱན་ཅེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་བར་མའི་རྒྱུད་དེ་དག་ལས་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕྲེང་བ་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཆོས་ཀྱི་ཆུ་བོ་རྣམ་པར་སངས་རྒྱས་པ། ནམ་མཁའ་མཐའ་ཡས་པའི་རྒྱལ་པོ་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དཔལ་པདྨོ་རྣམ་པར་བལྟ་བའི་རྒྱལ་མཚན་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དེ་ནས་འཕགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའི་ལུས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་རིན་པོ་ཆེའི་ཆར་གྱི་འོད་ཟེར་པདྨོའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེ་རི་བོའི་ཟོམ་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ཉི་མའི་འཁོར་ལོའི་ལུས་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སིལ་སྙན་སྒྲ་ཐམས་ཅད་འབྱིན་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ཕྱེ་མའི་ཤིང་གི་མཛོད་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སྤོས་དང་བདུག་སྤོས་གཟུགས་ཐམས་ཅད་ཡོངས་སུ་སྟོན་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སྤོས་ཐམས་ཅད་ཀྱི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སྩོགས་པ་མཆོད་པའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཤར་ཕྱོགས་སུ་བརྟེན་ཏེ།


DKG035_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་སྣང་བ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་གྱུར་ཏོ། །དེ་ནས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་དང་འདབ་ཆགས་སུ་ལྷོ་ཕྱོགས་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོ་རིན་པོ་ཆེ་ཐམས་ཅད་སྣང་བས་རྣམ་པར་བརྒྱན་པའི་སྙིང་པོ་ཞེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་བར་མའི་རྒྱུད་དེ་དག་ལས་འཇིག་རྟེན་གྱི་ཁམས་འོད་མཐའ་ཡས་པའི་དཀྱིལ་འཁོར་གྱི་རྒྱན་ན། དེ་བཞིན་གཤེགས་པ་ཀུན་ནས་མཁྱེན་པའི་འོད་དཔལ་གྱི་རི་བོའི་རྒྱལ་པོ་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས་བྱང་ཆུབ་སེམས་དཔའ་ཆོས་རྣམ་པར་སྣང་བའི་བློ་གྲོས་ཤེས་བྱ་བ་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་དེ་ནས་འཕགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། ནོར་བུའི་རྒྱལ་པོ་རྒྱན་གྱི་ཡུལ་ཐམས་ཅད་ཀྱིས་རྣམ་པར་གསལ་བར་བྱས་པའི་སྙིང་པོའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་། ནོར་བུའི་རྒྱལ་པོ་ཀུན་ནས་སྣང་བ་རིན་པོ་ཆེའི་རྒྱན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་རིན་པོ་ཆེ་འོད་འཕྲོ་བ་རབ་ཏུ་འབར་ཞིང་སངས་རྒྱས་ཀྱི་མཚན་ཤིན་ཏུ་སྒྲོག་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་ཀུན་ནས་སྒྲ་འབྱིན་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲོག་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་ཤིང་གི་ཡལ་ག་སྣ་ཚོགས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་རྒྱན་བྱེད་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་སྒོ་ཀུན་ནས་རིན་པོ་ཆེའི་འོད་ཟེར་དང་། སངས་རྒྱས་ཀྱི་སྤྲུལ་པས་སྣང་བར་བྱེད་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་རྒྱན་ཐམས་ཅད་དང་མ་འདྲེས་པར་འཁོར་གྱི་དཀྱིལ་འཁོར་དུ་གཟུགས་བརྙན་སྟོན་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་


DKG035_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པ་དང་། ནོར་བུའི་རྒྱལ་པོ་འོད་འཕྲོ་བ་ཤིན་ཏུ་སྡུག་པའི་སྒྲོན་མས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་རྗེས་སུ་སྒྲོག་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་སངས་རྒྱས་ཀྱི་ཞིང་བསམ་གྱིས་མྱི་ཁྱབ་པ་དང་། དེ་བཞིན་གཤེགས་པའི་གཞལ་མེད་ཁང་གི་གཟུགས་བརྙན་ཡང་དག་པར་སྟོན་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་རིན་པོ་ཆེ་སྣ་ཚོགས་ཀྱི་ཚོན་གྱིས་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་རྣམ་པར་སྣང་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སྩོགས་པ་ནོར་བུའི་རྒྱལ་པོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་མོ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ལྷོ་ཕྱོགས་སུ་བརྟེན་ནས། ཨིན་དྲ་ནཱི་ལ་དང་། འཛམ་བུ་ནཱ་ད་དང་། པདྨ་རཱ་ག་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་མངོན་པར་སྤྲུལ་ནས། སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་གྱུར་ཏོ། །དེ་ནས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་དང་འདབ་ཆགས་སུ་ནུབ་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རིན་པོ་ཆེའི་འོད་ཡིད་དུ་འོང་བར་རབ་ཏུ་སྣང་བ་ཞེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་དག་ལས་འཇིག་རྟེན་གྱི་ཁམས་གོས་ཀྱི་སྟན་ཡོངས་སུ་འབྱུང་བ་ན། དེ་བཞིན་གཤེགས་པ་སྤོས་མངོན་དུ་སྣང་བའི་ཡོན་ཏན་རིན་པོ་ཆེས་བརྒྱན་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས། བྱང་ཆུབ་སེམས་དཔའ་སྤོས་འོད་འཕྲོ་བའི་རྒྱན་ཟླ་བའི་འོད་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། རིན་པོ་ཆེ་དང་སྤོས་དང་མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱི་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་། ནོར་བུའི་རྒྱལ་པོ་ཁ་དོག་མཐའ་ཡས་པས་བརྒྱན་པའི་ཁང་པ་བརྩེགས་


DKG035_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེའི་སྒྲོན་མ་དང་སྤོས་འོད་འཕྲོ་བའི་ཁང་པ་བརྩེགས་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། མུ་ཏིག་ཐམས་ཅད་ཀྱི་ཁང་པ་བརྩེགས་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་གི་ཟེ་བའི་ཁང་པ་བརྩེགས་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེའི་ཕྲེང་བས་ཡོངས་སུ་བརྒྱན་པའི་ཁང་པ་བརྩེགས་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། འོད་ཟེར་གྱི་སྣང་བ་ཕྱོགས་ཀུན་ཏུ་འཕྲོ་བའི་སྙིང་པོ་དང་ལྡན་པའི་ཁང་པ་བརྩེགས་པ་རྒྱན་ཐམས་ཅད་འབྱུང་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེའི་ཚོན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་ཅིང་རྒྱན་དུ་མ་ཡང་དག་པར་སྟོན་པའི་ཁང་པ་བརྩེགས་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ཕྱོགས་ཐམས་ཅད་རྒྱན་གྱིས་རབ་ཏུ་བརྒྱན་པར་ཀུན་ནས་འགེངས་པའི་ཁང་པ་བརྩེགས་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སྒོ་ཀུན་ཏུ་མེ་ཏོག་གི་རྟ་བབས་དང་དྲིལ་བུའི་དྲ་བ་བྲེས་པའི་ཁང་པ་བརྩེགས་པའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སྩོགས་པ་ཁང་པ་བརྩེགས་པའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ནུབ་ཕྱོགས་སུ་བརྟེན་ཏེ། སེང་གེའི་ཁྲི་རིན་པོ་ཆེའི་པདྨོ་ཆེན་པོ་ལོ་མ་སྣ་ཚོགས་གསེར་ལས་བྱས་པའི་སྙིང་པོ་ཅན་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་གྱུར་ཏོ། །དེ་ནས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་དང་འདབ་ཆགས་སུ་བྱང་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཻ་ཌཱུརྱ་པདྨོའི་འོད་ཀྱི་དཀྱིལ་འཁོར་གྱི་སྙིང་པོ་ཞེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་


DKG035_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་རྒྱུད་དེ་དག་ལས་འཇིག་རྟེན་གྱི་ཁམས་མེ་ཏོག་ཨུཏྤ་ལའི་རྒྱན་ན་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་དཔལ་ཀུན་ཏུ་དབྱངས་ཀྱི་རྒྱལ་པོ་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས་བྱང་ཆུབ་སེམས་དཔའ་སེང་གེའི་འོད་ཟེར་སྣང་བས་མཐུ་འབྱིན་པའི་བློ་གྲོས་ཤེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། ལྷན་ཅིག་ཏུ་འཕགས་ནས་བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། སྤོས་དང་ནོར་བུ་སྣ་ཚོགས་ཐམས་ཅད་ཀྱི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་། སྒོ་ཐམས་ཅད་ནས་ལོ་མའི་དོག་པའི་སྤྲིན་འབྱུང་བའི་སྤོས་ཀྱི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ཤིང་གི་གཟུགས་ཐམས་ཅད་ལས་རྒྱན་མཐའ་ཡས་པ་ཡོངས་སུ་སྟོན་པའི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། མེ་ཏོག་ཐམས་ཅད་ཀྱི་སྤྲིན་རབ་ཏུ་རིན་པོ་ཆེའི་མེ་ཏོག་གི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེ་འོད་འཕྲོ་བའི་དཀྱིལ་འཁོར་ཐམས་ཅད་ཀྱིས་རྣམ་པར་སྣང་བར་བྱས་པའི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ཙནྡན་གྱི་ཕྱེ་མ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ལུས་ཕྱེད་ཡང་དག་པར་སྟོན་པའི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སྔོན་གྱི་སྙིང་པོ་བྱང་ཆུབ་ཀྱི་རྒྱན་བསམ་གྱིས་མི་ཁྱབ་པར་རབ་ཏུ་སྟོན་པའི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ཁ་དོག་མཐའ་ཡས་པའི་གོས་ཀྱི་མཛོད་ཀྱི་ཉི་མས་རྣམ་པར་སྣང་བར་བྱས་པའི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སྒྲ་དབྱངས་ཐམས་ཅད་རབ་ཏུ་སྒྲོག་ཅིང་ཡིད་དུ་འོང་བའི་སྒྲ་ཀུན་ཏུ་གཏོང་བའི་ཤིང་གི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སྩོགས་པ་ཤིང་གི་སྤྲིན་འཇིག་རྟེན་གྱི་ཁམས་


DKG035_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། བྱང་ཕྱོགས་སུ་བརྟེན་ཏེ། སེང་གེའི་ཁྲི་ནོར་བུ་སྒྲོན་མའི་པདྨོའི་སྙིང་པོ་ཅན་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་གྱུར་ཏོ། །དེ་ནས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་དང་འདབ་ཆགས་སུ་བྱང་དང་ཤར་གྱི་ཕྱོགས་མཚམས་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོ་འཛམ་བུ་ཆུ་ཀླུང་དང་། ཤེལ་གྱི་ཁ་དོག་ཚོན་གྱི་རྒྱལ་མཚན་ཅན་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་བར་མའི་རྒྱུད་དེ་དག་ལས་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱི་སྙིང་པོ་ན། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་མི་འཇིགས་པའི་སྒྲོན་མ་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཡོན་ཏན་གྱི་མཛོད་མི་ཟད་པའི་དཔལ་གྱི་གཟི་བརྗིད་མར་མེ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་། ལྷན་ཅིག་ཏུ་འཕགས་ནས་བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། སེང་གེའི་ཁྲི་རིན་པོ་ཆེའི་ཁ་དོག་མཐའ་ཡས་པའི་པདྨོའི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་། སེང་གེའི་ཁྲི་ནོར་བུའི་རྒྱལ་པོ་ཀུན་ཏུ་མངོན་པས། རྣམ་པར་སྣང་བར་བྱས་པའི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སེང་གེའི་ཁྲི་རྒྱན་མང་པོ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སེང་གེའི་ཁྲི་རིན་པོ་ཆེ་འོད་འཕྲོ་བའི་སྒྲོན་མ་སྣ་ཚོགས་ཀྱི་ཕྲེང་བའི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སེང་གེའི་ཁྲི་ཕྱོགས་ཀུན་ནས་ཕྲེང་བ་རིན་པོ་ཆེའི་ཆར་འབེབས་པའི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སེང་གེའི་ཁྲི་སྤོས་ཀྱི་མེ་ཏོག་པདྨོའི་ཕྲེང་བ་རིན་པོ་ཆེ་ཐམས་ཅད་ཀྱི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སེང་གེའི་ཁྲི་སངས་


DKG035_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་གདན་ཐམས་ཅད་ཀྱི་རྒྱན་ཡང་དག་པར་སྟོན་པའི་ནོར་བུའི་རྒྱལ་པོའི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སེང་གེའི་ཁྲི་རྒྱན་དང་ཕྲེང་བ་ཐམས་ཅད་འཕྱང་ཞིང་རྟ་བབས་དང་སྟེགས་བུས་རབ་ཏུ་བརྒྱན་པའི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སེང་གེའི་ཁྲི་ཤིང་ཐམས་ཅད་ཀྱི་ཡལ་ག་ལས་ནོར་བུ་རིན་པོ་ཆེ་དང་ཕྱེ་མ་འབྱུང་བའི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སེང་གེའི་ཁྲི་སྤོས་དང་། རིན་པོ་ཆེའི་ཚོགས་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་པའི་ཉི་མས་རྣམ་པར་སྣང་བར་བྱས་པའི་སྙིང་པོ་ཅན་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སྩོགས་པ་སེང་གེའི་ཁྲིའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པར་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། བྱང་དང་ཤར་གྱི་ཕྱོགས་མཚམས་སུ་བརྟེན་ཏེ། སེང་གེའི་ཁྲི་ནོར་བུ་རིན་པོ་ཆེ་སྣང་བའི་རྒྱལ་མཚན་གྱི་པདྨོ་སྣ་ཚོགས་ཀྱི་སྙིང་པོ་ཅན་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་གྱུར་ཏོ། །དེ་ནས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་དང་འདབ་ཆགས་སུ་ཤར་དང་ལྷོའི་ཕྱོགས་མཚམས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཻ་ཌཱུརྱའི་འོད་ཟེར་ཀུན་ཏུ་སྣང་བ་གསེར་གྱི་རྒྱན་ཅེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་དག་ལས་འཇིག་རྟེན་གྱི་ཁམས་སྤོས་ཀྱི་དཔལ་དྲི་མ་མེད་པར་སྣང་བ་ན། དེ་བཞིན་གཤེགས་པ་ཀུན་ཏུ་དགའ་བའི་ཤུགས་དཔལ་གྱི་རྒྱལ་པོ་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་འོད་ཟེར་ཤེས་རབ་ཀུན་ནས་སྒྲོན་མའི་བློ་གྲོས་ཤེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འཕགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། ནོར་བུ་ཡིད་བཞིན་གྱི་རྒྱལ་པོ་ཐམས་ཅད་ཀྱི་བླ་རེའི་སྤྲིན་བཅུས་ནམ་མཁའ་


DKG035_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཟེ་བ་ཅན་གྱི་མེ་ཏོག་ཐམས་ཅད་ཀྱི་རྒྱན་གྱི་བླ་རེའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སྤོས་རིན་པོ་ཆེའི་བླ་རེ་ཐམས་ཅད་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེ་འོད་འཕྲོ་བ་སྒྲོན་མའི་གཟུགས་ཀྱི་བླ་རེའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་སངས་རྒྱས་ཀྱི་རྫུ་འཕྲུལ་དང་འོད་དང་སྒྲ་དབྱངས་རབ་ཏུ་སྟོན་པའི་བླ་རེའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུ་དང་གོས་དང་རྒྱན་ཐམས་ཅད་ཀྱི་གཟུགས་བརྙན་ཡང་དག་པར་སྟོན་པའི་བླ་རེའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། མེ་ཏོག་ཐམས་ཅད་ཀྱི་དོག་པ་ལྟ་བུ་རིན་པོ་ཆེའི་བླ་རེའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དྲིལ་བུ་སྣ་ཚོགས་ཀུན་ཏུ་སྒྲས་ཁྱབ་པར་བྱེད་པའི་དྲ་བའི་བླ་རེའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། པདྨོའི་དྲ་བ་མཐའ་ཡས་པ་སྣ་ཚོགས་རིན་པོ་ཆེའི་སྙིང་པོ་ཅན་གྱི་བླ་རེའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། གསེར་གྱི་ཟེ་བ་འོད་འཕྲོ་ཞིང་སྣང་བའི་རྒྱལ་མཚན་གྱི་བླ་རེའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རྒྱན་བསམ་གྱིས་མི་ཁྱབ་པའི་གཟུགས་བརྙན་རབ་ཏུ་སྟོན་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བླ་རེའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སྩོགས་པ་བླ་རེའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཤར་དང་ལྷོའི་ཕྱོགས་མཚམས་སུ་བརྟེན་ཏེ། སེང་གེའི་ཁྲི་པདྨོ་སྣ་ཚོགས་རིན་པོ་ཆེས་རབ་ཏུ་བརྒྱན་པའི་སྙིང་པོ་ཅན་མངོན་པར་སྤྲུལ་ནས། སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །དེ་ནས་ཡང་འཇིག་


DKG035_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་རྒྱ་མཚོ་འདི་དང་འདབ་ཆགས་སུ་ལྷོ་དང་ནུབ་ཀྱི་ཕྱོགས་མཚམས་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཉི་མའི་འོད་རབ་ཏུ་འབར་བས་ཀུན་ཏུ་སྣང་བའི་སྙིང་པོ་ཞེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་བར་མའི་རྒྱུད་དེ་དག་ལས་འཇིག་རྟེན་གྱི་ཁམས་ཉི་མ་དང་སེང་གེ་ལྟར་སྣང་བ་ན། དེ་བཞིན་གཤེགས་པ་སྒོ་ཀུན་ནས་ཡེ་ཤེས་རྣམ་པར་སྣང་བའི་དབྱངས་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས། བྱང་ཆུབ་སེམས་དཔའ་མེ་ཏོག་ཀུན་ནས་འོད་འཕྲོ་གཙུག་ཕུད་རབ་ཏུ་འཕྱང་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འཕགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། སྣ་ཚོགས་ཐམས་ཅད་ཀྱིས་བརྒྱན་པའི་རིན་པོ་ཆེའི་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་། འོད་ཟེར་སྣང་བའི་རྒྱན་གྱིས་བརྒྱན་པའི་མེ་ཏོག་གི་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། མུ་ཏིག་མང་པོ་ཁ་དོག་མཐའ་ཡས་པ་ཐམས་ཅད་ཀྱི་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་རྗེའི་སྒྲ་རབ་ཏུ་སྒྲོག་པའི་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེའི་འོད་འཕྲོ་བ་སྣ་ཚོགས་ཀྱི་ཕྲེང་བའི་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེའི་ཚོན་རྣམ་པ་སྣ་ཚོགས་ཀྱི་འོད་ཀྱིས་རབ་ཏུ་བརྒྱན་ཅིང་དྲིལ་བུའི་དྲ་བ་བྲེས་པའི་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེའི་ཤིང་གི་ཡལ་ག་ཐམས་ཅད་ཀྱིས་བརྒྱན་པའི་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་ཉི་མ་རྣམ་པར་སྣང་བའི་ལྟེ་བའི་གདུགས་


DKG035_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སྤོས་དང་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ཙན་དན་གྱི་ཕྱེ་མ་མང་པོས་ཀུན་ཏུ་རྒྱས་པར་འགེངས་པའི་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་རྣམ་པར་བསྟན་པས་ཀུན་ཏུ་རྒྱན་གྱིས་ཁྱབ་པར་བྱེད་པའི་གདུགས་ཀྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སྩོགས་པ་གདུགས་ཀྱི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ལྷོ་དང་ནུབ་ཀྱི་ཕྱོགས་མཚམས་སུ་བརྟེན་ཏེ། སེང་གེའི་ཁྲི་ཨིནྡྲ་ནཱི་ལ་ཡིད་དུ་འོང་བར་འབར་བའི་འོད་ཟེར་གྱི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །དེ་ནས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་དང་འདབ་ཆགས་སུ་ནུབ་དང་བྱང་གི་ཕྱོགས་མཚམས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རིན་པོ་ཆེའི་འོད་ཟེར་འབར་བའི་སྐར་མདའ་འོད་ཀྱི་སྙིང་པོ་ཞེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་བར་མའི་རྒྱུད་དེ་དག་ལས་འཇིག་རྟེན་གྱི་ཁམས་སྤོས་ཀྱི་རྒྱན་ཡིད་དུ་འོང་བའི་སྙིང་པོ་ན། དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་ཚད་མེད་པའི་འོད་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས། བྱང་ཆུབ་སེམས་དཔའ་འོད་ཟེར་དང་གཟི་བརྗིད་མི་ཟད་པའི་རྒྱལ་པོའི་བློ་གྲོས་ཤེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འཕགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། རིན་པོ་ཆེ་ཐམས་ཅད་དུ་སྣང་བའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་། རིན་པོ་ཆེ་འོད་འཕྲོ་བའི་


DKG035_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། མེ་ཏོག་གི་སྤྲིན་གྱིས་རྣམ་པར་སྣང་བར་བྱས་པའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། འོད་ཟེར་གྱི་སྒོ་ནས་སངས་རྒྱས་སྤྲུལ་པའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཟུགས་བརྙན་གྱི་ཁོངས་སུ་ཆུད་པའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེའི་ཡལ་གའི་སྒོ་ཀུན་ནས་སངས་རྒྱས་ཀྱི་ཡུལ་རབ་ཏུ་སྒྲོག་པའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་རིན་པོ་ཆེ་བཻ་ཌཱུརྱའི་རིགས་ཀྱི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སེམས་སྐད་ཅིག་གཅིག་གིས་སེམས་ཅན་མཐའ་ཡས་པའི་གཟུགས་ཡོངས་སུ་སྟོན་པའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་འབྱུང་བའི་སྒྲ་ཡིད་དུ་འོང་བ་རབ་ཏུ་གཏོང་བའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སེམས་ཅན་འདུལ་བའི་སྒྲ་སྒྲོག་པ་ནོར་བུའི་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སོགས་པ་འོད་ཀྱི་དཀྱིལ་འཁོར་གྱི་སྤྲིན་བཅུས་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ནུབ་དང་བྱང་གི་ཕྱོགས་མཚམས་སུ་བརྟེན་ཏེ། སེང་གེའི་ཁྲི་འོད་ཟེར་འབར་བ་མྱི་ཟད་པའི་གཟི་བརྗིད་ཀྱི་སྙིང་པོ་ཅན་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་


DKG035_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་འཁོད་དོ། །དེ་ནས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདི་དང་འདབ་ཆགས་སུ་འོག་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་པདྨོ་དྲི་ཞིམ་དཔལ་གྱི་སྙིང་པོ་ཞེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་བར་མའི་རྒྱུད་དེ་ལས་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་སེང་གེ་སྣང་ཞིང་འབར་བ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་སྣང་བར་མཛད་པའི་འོད་ཟེར་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་སུ་འོད་འཕྲོ་བ་རྣམ་པར་སྣང་བ་འབྱུང་བའི་བློ་གྲོས་ཤེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འཕགས་ནས། བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཟེར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་། སྤོས་ཐམས་ཅད་ཀྱི་འོད་ཟེར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེ་འོད་འཕྲོ་བ་ཐམས་ཅད་ཀྱི་འོད་ཟེར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བརྗོད་པས་ཁྱབ་པར་བྱེད་པའི་འོད་ཟེར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་གྱིས་རྣམ་པར་སྣང་བར་བྱས་པའི་འོད་ཟེར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། མེ་ཏོག་གི་ཁང་པ་བརྩེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། བསྐལ་པ་ཐམས་ཅད་གཅིག་ནས་གཅིག་ཏུ་བརྒྱུད་པར་སངས་རྒྱས་ཡང་དག་པར་འབྱུང་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་བརྗོད་པའི་འོད་ཟེར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེ་ཟད་མི་ཤེས་པ་ཐམས་ཅད་དང་མེ་ཏོག་ཐམས་ཅད་ཀྱི་ཟེ་བའི་འོད་ཟེར་གྱི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སྩོགས་པ་འོད་ཟེར་གྱི་སྤྲིན་


DKG035_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། འོག་གི་ཕྱོགས་སུ་བརྟེན་ནས་སེང་གེའི་ཁྲི་རིན་པོ་ཆེའི་སྒྲོན་མ་རབ་ཏུ་འབར་བ་འབྱུང་བའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །དེ་ནས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི་དང་འདབ་ཆགས་སུ་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་རྒྱ་མཚོའི་རྒྱན་ཅེས་བྱ་བ་ཡོད་དེ། འཇིག་རྟེན་གྱི་ཁམས་བར་མའི་རྒྱུད་དེ་དག་ལས་འཇིག་རྟེན་གྱི་ཁམས་མཚན་ཡིད་དུ་འོང་བ་རྣམ་པར་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཡོན་ཏན་དང་གྲགས་པ་ཐོགས་པ་མེད་པའི་རྣམ་པར་ཐར་པ་རབ་ཏུ་སྣང་བའི་རྒྱལ་པོ་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ནས། བྱང་ཆུབ་སེམས་དཔའ་སྟོབས་དང་བརྩོན་འགྲུས་ཆགས་པ་མེད་པའི་བློ་གྲོས་ཤེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་འཕགས་ནས། བཅོམ་ལྡན་འདས་གང་ན་བ་དེར་འོང་བར་གྱུར་ཏེ། རིན་པོ་ཆེ་ཁ་དོག་མཐའ་ཡས་པར་འོད་འཕྲོ་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་། ནོར་བུ་རིན་པོ་ཆེ་ཀུན་ནས་འོད་ཀྱི་དྲ་བ་འོད་འཕྲོ་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་རྒྱ་ཆེན་པོས་རྣམ་པར་སྣང་བར་འོད་འཕྲོ་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སྤོས་ཐམས་ཅད་འོད་འཕྲོ་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རྒྱན་ཐམས་ཅད་འོད་འཕྲོ་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་འོད་འཕྲོ་བའི་སྤྲིན་བཅུས་


DKG035_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ཤིང་དང་ཟེ་བ་རྣམ་པ་སྣ་ཚོགས་སུ་འོད་འཕྲོ་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་སྣ་ཚོགས་འོད་འཕྲོ་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཡས་པ་བརྗོད་ཅིང་འོད་འཕྲོ་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། མུ་ཏིག་གི་སྒྲོན་མ་འོད་འཕྲོ་བའི་སྤྲིན་བཅུས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་དང་། དེ་དག་ལ་སྩོགས་པ་འོད་འཕྲོ་བའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་བརླབ་པ་བྱེད་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སྟེང་གི་ཕྱོགས་སུ་བརྟེན་ཏེ། སེང་གེའི་ཁྲི་སངས་རྒྱས་ཀྱི་གསུང་སྒྲོག་པའི་འོད་ཟེར་འབྱུང་བའི་པདྨོའི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་དྲུག་པ། དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་རྙེད་ནས་ཀྱང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱང་ཆུབ་སེམས་དཔའ་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ། བྱང་ཆུབ་སེམས་དཔའ་རེ་རེ་ཞིང་ཡང་རྒྱན་རྣམ་པ་སྣ་ཚོགས་ཀྱི་མཆོད་པའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ནམ་མཁའ་ཀུན་ནས་ཡོག་པར་བྱིན་གྱིས་རློབ་ཅིང་འོངས་པར་གྱུར་ཏེ། གང་ནས་འོངས་པའི་ཕྱོགས་སུ་བརྟེན་ཏེ། སེང་གེའི་ཁྲི་རིན་པོ་ཆེ་སྣ་ཚོགས་ཀྱི་སྙིང་པོ་ཅན་དག་མངོན་པར་སྤྲུལ་ཅིང་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པར་གྱུར་ཏོ། །འཁོད་


DKG035_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་ལ་བྱང་ཆུབ་སེམས་དཔའ་དེ་དག་གི་བ་སྤུའི་ཁུང་ཐམས་ཅད་རེ་རེ་ནས་འོད་ཟེར་གྱི་སྤྲིན་རིན་པོ་ཆེ་ཐམས་ཅད་ལྟར་ཁ་དོག་སྣ་ཚོགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་བྱུང་བར་གྱུར་ཏོ། །རིན་པོ་ཆེ་རེ་རེའི་སྒོ་ནས་ཀྱང་བྱང་ཆུབ་སེམས་དཔའ་སེང་གེའི་ཁྲི་པདྨོའི་སྙིང་པོ་ཅན་ལ་འཁོད་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་བྱུང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་མཚོའི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ཀྱི་སྦུབས་གང་བར་བྱས་ནས། རྡུལ་ཤིན་ཏུ་ཕྲ་བ་རེ་རེ་ལ་ཡང་ཞིང་འབྱམ་ཀླས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དུ་རབ་ཏུ་འཇུག་པར་གྱུར་ཏོ། །ཞིང་རེ་རེར་ཡང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཤེས་ཤིང་མཐོང་བར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་རྨི་ལམ་ལྟ་བུའི་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པའི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རེ་རེའི་ལྷའི་གནས་ཐམས་ཅད་དུ་སྐྱེ་བ་དང་ཤི་འཕོས་པ་ཡང་དག་པར་བསྟན་པའི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཤིན་ཏུ་བསྟན་པའི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཞིང་འབྱམ་ཀླས་པ་ཐམས་ཅད་རབ་ཏུ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་རབ་ཏུ་བརྗོད་ཅིང་རྣམ་པར་འཕྲུལ་པའི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་


DKG035_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག་པར་བྱ་བ་དང་། སྨོན་ལམ་རྒྱ་མཚོ་ཐམས་ཅད་རབ་ཏུ་བསྒྲག་པའི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་འགྲོ་བ་ཐམས་ཅད་ཀྱི་ངེས་པའི་ཚིག་དང་། སངས་རྒྱས་ཀྱི་ཡན་ལག་རྣམ་པར་བསྟན་ཅིང་བརྗོད་པའི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཆོས་ཀྱི་སྤྲིན་ཐམས་ཅད་ཀྱི་ཆར་བབ་པའི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་དབྱིངས་སྣང་བས་རྒྱས་པར་རྣམ་པར་འཕྲུལ་པའི་མཐུའི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་སྐུས་ཆོས་ཀྱི་དབྱིངས་གང་བར་བྱ་བ་དང་། སངས་རྒྱས་ཀྱི་རྣམ་པར་ཐར་པ་དང་། འོད་ཐམས་ཅད་ཀྱི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རབ་ཏུ་གནས་པའི་སྒོ་དག་ནས་ཡང་དག་པར་བསྐུལ་བ་བྱེད་པར་གྱུར་ཏོ། །དེ་ལྟ་བུའི་ཆོས་ཀྱིས་ཆོས་ཀྱི་དབྱིངས་རྒྱས་པར་བཀང་སྟེ། སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྐུལ་བ་བྱེད་ཅིང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དག་ཏུ་རབ་ཏུ་བརྡལ་ཏེ་ཞིང་རེ་རེ་ཡང་སེམས་ཀྱི་སྐད་ཅིག་རེ་རེ་ལ་སེམས་ཅན་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ངན་སོང་གི་རྒྱུད་དུ་གཏོགས་པའི་སྡུག་བསྔལ་ཐམས་ཅད་ནི་རབ་ཏུ་ཞི་བར་བྱེད་དེ། སེམས་ཅན་ཕྱིན་ཅི་ལོག་ལ་ངེས་པ་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནི་ཡང་དག་པར་ངེས་པའི་ཕུང་པོ་ལ་རབ་ཏུ་འགོད་དོ། །སེམས་ཅན་རི་རབ་ཀྱི་


DKG035_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཤིན་ཏུ་ཕྲ་བ་སྙེད་ནི་དགེ་བ་དང་། ཡིད་དུ་འོང་བ་དང་། མཐོ་རིས་སུ་སྐྱེ་བ་ལ་རབ་ཏུ་འགོད་དོ། །སེམས་ཅན་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་རབ་ཏུ་འགོད་དོ། །སེམས་ཅན་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནི་དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་བསོད་ནམས་ཀྱི་ཚོགས་ལ་རབ་ཏུ་འགོད་དོ། །ཞིང་དེ་དག་རེ་རེར་ཡང་སེམས་ཅན་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནི་སྔོན་ཆད་མ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །ཞིང་དེ་དག་རེ་རེར་ཡང་སེམས་ཅན་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ནི་བྱང་ཆུབ་སེམས་དཔའི་ས་ཕྱིར་མི་ལྡོག་པ་ཡང་དག་པར་ཐོབ་པ་ལ་ཡང་དག་པར་བསྐུལ་ལོ། །ཞིང་དེ་དག་རེ་རེ་དག་ཡང་སེམས་ཅན་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱན་ཆོས་ཐམས་ཅད་ཀུན་ནས་སྣང་ཞིང་གཟིགས་པ་ལ་ཡོངས་སུ་སྦྱངས་ཏེ་རབ་ཏུ་འགོད་དོ། །ཞིང་དེ་དག་རེ་རེ་ལ་ཡང་སེམས་ཅན་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་སྟོབས་ཐམས་ཅད་ཀྱིས་རབ་ཏུ་གནས་པ་དང་། ཡེ་ཤེས་ཀྱི་ཚོགས་ཟད་མི་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་རྒྱ་མཚོ་ལ་རབ་ཏུ་འགོད་དོ། །ཞིང་དེ་དག་རེ་རེར་ཡང་སེམས་ཅན་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་གདུང་དང་རྒྱུད་ཡང་དག་པར་འབྱུང་བའི་གནས་རྒྱ་མཚོ་རྣམ་པར་སྤྱོད་པ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གི་འོད་ཟེར་གྱི་སྒོ་ཐམས་ཅད་ནས་ཀྱང་ཚིགས་སུ་བཅད་པ་འདི་ལྟ་བུ་དག་བྱུང་བར་གྱུར་ཏོ། །འོད་ཟེར་ཐམས་ཅད་སྒོ་ནས་སྒྲ་འབྱུང་སྟེ། །ཇི་སྙེད་བྱང་ཆུབ་སྤྱོད་པར་འཇུག་པ་དང་། །རྒྱལ་སྲས་ཡོན་ཏན་ཕུན་སུམ་གང་ཡོད་པའི། །དབྱངས་ཀྱི་ཚོགས་རྣམས་ཀུན་ཏུ་བཀང་ཞིང་སྒྲོག །བསྐལ་པ་རྒྱ་མཚོར་སྐྱོ་མེད་སྤྱད་པ་སྤྱོད། །སྡུག་བསྔལ་ཀུན་ནས་འགྲོ་བ་ཀུན་འགྲོལ་ཀྱང་། །ཡིད་ལ་སྐྱོ་མྱེད་ཞུམ་པ་གང་ཡང་མེད། །འདི་ཡི་ཚུལ་ལ་རྒྱལ་སྲས་རབ་ཏུ་ཞུགས། །


DKG035_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྒོ་རྣམས་ཀུན་ལ་རབ་སྤྱོད་ཅིང་། །ཚུལ་འདིར་བསྐལ་པ་རྒྱ་མཚོ་ཟད་པར་བྱེད། །མཐའ་མེད་དབུས་མེད་ལྷག་མ་གང་ཡང་མེད། །དེ་དག་ཆོས་ཉིད་ཞི་བ་རབ་ཏུ་སྒྲོག །དུས་གསུམ་རྒྱལ་བའི་སྨོན་ལམ་གང་ཡོད་པ། །རྒྱལ་སྲས་དེ་དག་འགྲོ་ལ་ཕན་དོན་དུ། །དེ་དག་ཐམས་ཅད་མ་ལུས་ཡོངས་སུ་སྤྱོད། །དེ་དག་སྤྱོད་པའི་རྒྱན་ནི་འདི་འདྲའོ། །རྒྱལ་བ་ཀུན་གྱི་འཁོར་དུ་ཉེར་ཕྱིན་ཏེ། །ཕྱོགས་རྣམས་ཀུན་ན་གཟུགས་བརྙན་ལུས་འཆང་ཞིང་། །རྒྱལ་སྲས་ཡེ་ཤེས་རྒྱ་མཚོའི་བློ་གྲོས་ཅན། །དེ་དག་ཆོས་ཉིད་ཞིང་འཇུག་འདི་འདྲའོ། །འོད་ཟེར་སྒོ་རྣམས་རེ་རེ་མཐའ་ཡས་པའི། །བསམ་ཡས་ཞིང་རྣམས་དེ་དག་རབ་ཏུ་འཇུག །སྤྱོད་པས་མྱིག་ནི་ཀུན་ནས་ཡོངས་དག་སྟེ། །རྒྱལ་སྲས་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །སྐྲ་རྩེ་གཅིག་ཏུ་དེ་དག་རབ་གནས་ཤིང་། །ཞིང་རྣམས་དབྱིངས་ཀུན་ཀུན་ནས་བསྐྱོད་བྱས་ཀྱང་། །སེམས་ཅན་རྣམས་ལ་འཇིགས་པ་མྱི་བྱེད་དེ། །ས་འདི་རྣམ་དག་ཚུལ་འཆང་དག་གི་འོ། །ཚུལ་རྣམས་ཀུན་ལ་བསམ་གྱིས་མྱི་ཁྱབ་ལུས། །དེ་དག་ཀུན་ཏུ་ཞིང་རྣམས་སྣ་ཚོགས་སྤྲུལ། །སྐད་ཅིག་སེམས་ལ་འཆི་འཕོ་སྐྱེ་བ་སྣང་། །རྒྱན་འདི་སེམས་ལ་ཆགས་མེད་རྣམས་ཀྱི་འོ། །དུས་གསུམ་བསྐལ་པ་གང་ཡོད་མ་ལུས་པར། །སྐད་ཅིག་གཅིག་གིས་ཐམས་ཅད་རབ་ཏུ་སྟོན། །སྒྱུ་མ་ལྟ་བུ་ལུས་མེད་དངོས་ཀྱང་མེད། །དེ་འདྲའི་ཆོས་ཉིད་ཆགས་མེད་བློས་རྟོགས་སོ། ། བཟང་པོའི་སྤྱོད་པ་མཆོག་ལ་ཞུགས་པ་རྣམས། །འགྲོ་བ་ཀུན་ལ་ཡིད་དུ་འོང་བའི་ལུས། །རྒྱལ་སྲས་དེ་དག་ཆོས་ཉིད་འདི་ཡིན་ཏེ། །འོད་ཟེར་ཀུན་གྱི་སྒོ་ནས་དབྱངས་ཀྱང་སྒྲོག །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཐའ་དང་དབུས་མེད་པ་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་རྣམ་པར་སྤྱོད་པས་རྣམ་པར་འཕྲུལ་པ་ཐོབ་པར་བྱ་བའི་ཕྱིར། སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་ཆེན་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡེ་ཤེས་ཀྱི་


DKG035_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས་ཕྱོགས་རྣམ་པར་སྟོན་པའི་སྙིང་པོ་ཞེས་བྱ་བ་རབ་ཏུ་བཀྱེའོ། །འོད་ཟེར་རིན་པོ་ཆེ་ཐམས་ཅད་ཁ་དོག་སྒྲོན་མའི་སྤྲིན་དུ་བརྡལ་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རབ་ཏུ་སྣང་བ་དེ་བྱུང་ནས། ཚུལ་ཐམས་ཅད་ཀྱི་ཕྱོགས་འབྱམ་ཀླས་པ་རབ་ཏུ་སྣང་བར་བྱས་ཏེ། ཕྱོགས་ཐམས་ཅད་ཀྱི་དབྱིངས་རྒྱ་མཚོ་རྣམས་རབ་ཏུ་སྣང་བར་བྱས་ནས་སེམས་ཅན་རྒྱ་མཚོ་རྣམས་རབ་ཏུ་སྣང་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་རབ་ཏུ་བསྟན་ནས། སངས་རྒྱས་ཀྱི་ཞིང་མང་པོ་ཐམས་ཅད་རབ་ཏུ་བསྐྱོད་པའི་རྒྱན་གྱི་ཚུལ་ཐམས་ཅད་ཀྱིས་རབ་ཏུ་བསྐྱོད་ནས། སངས་རྒྱས་ཀྱི་སྤྲིན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་དང་མཉམ་པ་དག་ཏུ་རབ་ཏུ་སྤྲོས་ནས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མོས་པ་ཅི་ལྟ་བ་རྒྱ་མཚོ་དག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་སྤྲིན་གྱི་ཆར་དུས་གསུམ་གྱི་རྡུལ་ཤིན་ཏུ་ཕྲ་བ་དང་མཉམ་པ་ཕབ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་རབ་ཏུ་བསྟན་ནས། སེམས་ཅན་ཐམས་ཅད་མ་ལུས་པར་འཁོར་བ་ཐམས་ཅད་ལས་རབ་ཏུ་གདོན་པར་བྱ་བའི་ཕྱིར། མོས་པ་ཇི་བཞིན་དུ་བྱུང་བ་དང་མཐུན་པའི་སྤྲིན་གྱི་ཆར་རབ་ཏུ་དབབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་མ་ལུས་པའི་སྤྲིན་གྱི་ཆར་རབ་ཏུ་དབབ་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་འཁོར་དག་ཏུ་དགའ་བར་ཕྲད་པར་བྱས་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་པདྨོ་ཆེན་པོ་ཆུ་བ་རིན་པོ་ཆེ་ཐམས་ཅད་ལས་བསྒྲུབས་པ། ནང་རིམ་ནོར་བུའི་རྒྱལ་པོའི་མཛོད་སྣ་ཚོགས་ལས་བྱས་པ་ལོ་མ་རིན་པོ་ཆེ་ཐམས་ཅད་ཀྱི་རིགས་ཀྱི་ཆར་འབེབ་པ། ཟེ་བའི་ཕྲེང་བའི་རྒྱན་སྤོས་རིན་པོ་ཆེ་ཐམས་ཅད་ལས་བྱས་པ། སྙིང་པོ་འཛམ་བུ་ཆུ་ཀླུང་གི་གསེར་གྱི་


DKG035_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གྱིས་རབ་ཏུ་མཛེས་པར་བྲིས་པ། འོད་ཀྱི་འཁོར་རྣམ་པར་དག་ཅིང་འོད་ཟེར་གྱི་དྲ་བས་རྣམ་པར་སྣང་བར་བྱས་པའི་སྤྲིན་དང་ལྡན་པ། རྒྱན་ཐམས་ཅད་རབ་ཏུ་འབྱུང་བ་སེམས་ཀྱི་སྐད་ཅིག་ལ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་མཐའ་ཡས་སྟོན་པའི་སྒྲ་རབ་ཏུ་འབྱུང་བ། ནོར་བུའི་རྒྱལ་པོ་མཐའ་ཡས་པ་དང་། སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་གྱི་སྤྲིན་གྱིས་ཐམས་ཅད་དུ་གང་བར་བྱེད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་ཐམས་ཅད་རབ་ཏུ་སྟོན་པའི་དབྱངས་འབྱིན་པར་གྱུར་ཏེ་བྱུང་ངོ་། །པདྨོ་ཆེན་པོ་དེ་བྱུང་བའི་རྗེས་སུ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ཕམ་པ་མེད་པའི་དབྱངས་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་མཛོད་སྤུ་དེ་ཉིད་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་ལན་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་པདྨོ་ཆེན་པོ་དེའི་སྙིང་པོ་ལ་འདུག་གོ །བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པོ་དེ་དག་ཀྱང་ཟེ་བའི་འཕྲེང་བ་དེ་དག་ལ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ཕམ་པ་མེད་པའི་དབྱངས་ཆོས་ཀྱི་དབྱིངས་རྒྱ་ཆེ་ཞིང་ཚད་མེད་པས་རབ་ཏུ་དགའ་བའི་ཤུགས་ཤིན་ཏུ་སྐྱེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་གྱི་རྗེས་སུ་སོང་བའི་ཡེ་ཤེས་ཅན། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་རྒྱ་མཚོ་བསམ་གྱིས་མྱི་ཁྱབ་པ་ལ་རབ་ཏུ་ཞུགས་པའི་མཐུ་དང་ལྡན་པ། ཞིང་འབྱམ་ཀླས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པ་དང་། བ་སྤུ་ཐམས་ཅད་ལས་སྤྲུལ་པའི་སྤྲིན་ཟད་མི་ཤེས་པས་ཀུན་ཏུ་ཁེབས་པར་བྱེད་པ། སེམས་ཀྱི་སྐད་ཅིག་ཐམས་ཅད་ལ་དམིགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀུན་ཏུ་བསྒྱུར་བ། ཆོས་ཀྱི་དབྱིངས་ཐམས་ཅད་ལ་དུས་གསུམ་ཁྱབ་པར་བྱེད་པའི་སྤྱོད་ཡུལ་གྱིས་རྣམ་པར་སྤྱོད་པ། ཕྱོགས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་


DKG035_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ། ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་འཇོག་ཅིང་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་ལ་རྣམ་པར་སྤྱོད་པ། སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་མཐའ་ཡས་པ་ཐམས་ཅད་དང་ཆོས་ཀྱི་དབྱིངས་ཀྱི་ལུས་དང་ལྡན་པས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་སྐུ་ནི་ཆོས་ཀྱི་དབྱིངས་ཀྱིས་གསལ། །འགྲོ་བ་ཀུན་ལ་རྒྱལ་བ་མངོན་སུམ་སྟེ། །ཇི་ལྟར་མོས་པའི་སེམས་ཅན་རྒྱས་བཀང་ནས། །སྙིང་པོ་བྱང་ཆུབ་དེ་ལ་རྒྱལ་བ་བཞུགས། །ཞིང་རྣམས་ཀུན་གྱི་རྡུལ་ཕྲན་མཆོག་སྙེད་ཀྱི། །རྒྱལ་བ་སྤུ་རྩེ་ཀུན་ལ་རབ་བཞུགས་ཏེ། །བྱང་ཆུབ་སེམས་དཔའི་འཁོར་གྱིས་ཀུན་ནས་བསྐོར། །ཀུན་ཀྱང་བཟང་པོའི་སྤྱོད་པ་མཆོག་སྟོན་ཏོ། ། སྤུ་གཅིག་རྩེ་ལ་ཞིང་མང་རྒྱ་མཚོ་སྟེ། །བྱང་ཆུབ་སྙིང་པོ་པདྨོའི་གདན་ལ་བཞུགས། །ཆོས་དབྱིངས་རྒྱ་ཆེན་ཐམས་ཅད་ཀུན་བཀང་སྟེ། །སྤུ་རྣམས་ཀུན་ལ་རྣམ་པར་འཕྲུལ་པ་སྟོན། །ཞིང་རྣམས་རེ་རེ་དག་ན་རབ་བཞུགས་ཤིང་། །ཞིང་རྣམས་འབྱམ་ཀླས་ཀུན་ཏུ་རྒྱས་མཛད་པས། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་སྤྲིན་གྱི་རྣམས། །ཀུན་ཀྱང་སྙིང་པོ་བྱང་ཆུབ་དྲུང་དུ་འདོང་། །ཞིང་རྣམས་ཀུན་གྱི་རྡུལ་ཕྲན་མཆོག་སྙེད་ཀྱི། །བྱང་ཆུབ་སེམས་དཔའི་ཡོན་ཏན་རྒྱ་མཚོའི་འོད། །སངས་རྒྱས་ཀྱི་ནི་འཁོར་དུ་ཉེ་བར་འདོང་། །ཆོས་དབྱིངས་འབྱམ་ཀླས་རྟག་ཏུ་རྒྱས་པར་འགེངས། །ཞིང་རྣམས་ཐམས་ཅད་གཟུགས་བརྙན་རབ་ཏུ་སྟོན། །ཆོས་དབྱིངས་རྡུལ་རྣམས་ཡེ་ཤེས་སྤྱོད་ཡུལ་ཅན། །ཀུན་ཀྱང་བཟང་པོའི་སྤྱོད་ལ་རབ་ཏུ་གནས། །སངས་རྒྱས་ཀུན་གྱི་འཁོར་དུ་ཡང་དག་བྱུང་། །བྱང་ཆུབ་སེམས་དཔའ་ཡེ་ཤེས་མཆོག་ཡུལ་ཅན། །སངས་རྒྱས་ཆོས་སྤྲིན་ཉན་ཅིང་རབ་ཏུ་མཁས། །སངས་རྒྱས་ཀུན་གྱི་འཁོར་རྣམས་ཀུན་


DKG035_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས། །ཞིང་རྣམས་ཀུན་ཏུ་བསྐལ་པ་རྒྱ་མཚོར་སྤྱོད། །རྒྱ་མཚོའི་ཆོས་ལ་རྣམ་པར་སྣང་བར་སྤྱོད། །དེ་དག་རྒྱལ་བའི་ས་རྣམས་རྒྱ་མཚོར་བཞུགས། །སངས་རྒྱས་ཆོས་རྣམས་གཞན་དང་གཞན་བྱུང་བ། །དེ་དག་སྨོན་ལམ་རྒྱ་མཚོར་རབ་ཏུ་འཇུག །སངས་རྒྱས་ཡོན་ཏན་ལེགས་པ་རྒྱ་མཚོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་དེ་དག་ཤེས། །སངས་རྒྱས་ཆོས་ཀྱི་དབྱིངས་རྣམས་ཀུན་བཀང་ཞིང་། །དེ་དག་རྣམ་འཕྲུལ་རྒྱ་ཆེན་ཀུན་ལ་ཞུགས། །ཞིང་རྣམས་ཀུན་གྱི་རྡུལ་ཕྲན་མང་སྙེད་ཀྱི། །ལུས་ཀྱི་སྤྲིན་ནི་རྟག་པར་རབ་ཏུ་སྟོན། །སེམས་ཅན་ཀུན་བཀང་འོད་ཀྱིས་ཀུན་ལ་སྐྱོབ། །བསམ་པ་ཡིད་བཞིན་ཆོས་ཀྱི་ཆར་ཡང་འབེབས། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དཔལ་པདྨོ་རྣམ་པར་ལྟ་བའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཡེ་ཤེས་ཤིན་ཏུ་ཟབ། །དུས་རྣམས་ཀུན་ཏུ་དེ་འབྱུང་སྟེ། །ཆོས་དབྱིངས་ཐུགས་སུ་ཆུད་པས་ན། །འཇིག་རྟེན་མགོན་ཞེས་རབ་ཏུ་བརྗོད། །ཡང་དག་སངས་རྒྱས་ཆོས་ཀྱི་སྐུ། །འདྲེས་པ་མེད་ཅིང་གནས་པ་མེད། །སེམས་ཅན་ཐམས་ཅད་ཡིད་བཞིན་དུ། །གཟུགས་ཀྱི་སྐུར་ཡང་རབ་ཏུ་མཐོང་། །ཆོས་རྣམས་ཐམས་ཅད་མངོན་སངས་རྒྱས། །ཆོས་རྣམས་ཀུན་ལ་རབ་ཏུ་ཞུགས། །ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས། །ཞིང་རྣམས་ཀུན་ན་རྣམ་པར་མཛེས། །ཁ་དོག་བསམ་གྱིས་མི་ཁྱབ་པར། །སེམས་ཅན་ཐམས་ཅད་ཡིད་བཞིན་དུ། །སེམས་ཅན་མཆོག་གི་འོད་རྣམས་དང་། །དེ་བཞིན་སྐུ་ཡི་སྤྲིན་ཀྱང་མཐོང་། །དེ་བཞིན་གཤེགས་པའི་སྐུ་དག་ལས། །མི་ཟད་སངས་རྒྱས་སྤྲུལ་པ་རྣམས། །ཞིང་རྣམས་ཀུན་ཏུ་རབ་སྒྲོག་ཅིང་། །ཆོས་ཀྱི་རྒྱ་མཚོ་ཤིན་ཏུ་སྟོན། །སྤུ་རྣམས་རེ་རེ་ཀུན་ནས་ཀྱང་། །ཕྱོགས་བཅུར་འོད་ཟེར་དྲ་བ་དག །སངས་རྒྱས་གསུང་ནི་རབ་འབྱིན་ཅིང་། །


DKG035_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་དཀའ་ཐམས་ཅད་རྣམ་པར་འདུལ། །སངས་རྒྱས་འོད་ཟེར་སྒོ་རྣམས་ནས། །སྒྲ་དབྱངས་ཟབ་མོ་རྟག་ཏུ་འབྱུང་། །སངས་རྒྱས་ཡོན་ཏན་རྒྱ་མཚོ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། །སངས་རྒྱས་ཆོས་ཀྱི་འཁོར་ལོ་དག །མཐའ་དང་དབུས་མེད་རབ་ཏུ་བསྐོར། །ཡེ་ཤེས་ཟབ་མོ་ཤེས་བྱ་བ། །རྒྱ་ཆེ་ཕྱོགས་སུ་རབ་ཏུ་སྟོན། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །རྣམ་པར་འཕྲུལ་པ་གཞན་དང་གཞན། །ཆོས་ཀྱི་དབྱིངས་རྣམས་ཀུན་བཀང་ཞིང་། །ཡང་དག་སངས་རྒྱས་སྟོན་པ་མཛད། །སྐུ་རྣམས་རེ་རེ་ཀུན་ནས་ཀྱང་། །ཞིང་རྣམས་ཀུན་གྱི་རྡུལ་མཉམ་པར། །སངས་རྒྱས་སེམས་ཅན་མཉམ་ཕྱུང་ཞིང་། །རྣམ་པར་འཕྲུལ་པ་རབ་ཏུ་སྟོན། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་མཚོ་རྣམ་པར་སྣང་བའི་བློ་གྲོས་ཀྱིས། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཆོས་ཀྱི་དབྱིངས་རྣམས་ཀུན་ཁྱབ་པར། །སངས་རྒྱས་སྐུ་ནི་རྣམ་པར་མཛེས། །རྒྱ་ཆེན་གསུང་ནི་རང་བྱུང་བ། །ཞིང་རྣམས་རྒྱ་མཚོར་ཤིན་ཏུ་སྒྲོག །འཇིག་རྟེན་ཐམས་ཅད་ཀུན་འཇུག་པར། །འཇིག་རྟེན་མགོན་པོ་ཤིན་ཏུ་མཛེས། །འགྲོ་བ་ཀུན་གྱི་བསམ་མཁྱེན་ཅིང་། །བྱིན་གྱི་རླབས་ནི་རབ་ཏུ་སྟོན། །སངས་རྒྱས་འཇིག་རྟེན་ཀུན་ལ་མངོན། །སེམས་ཅན་ཐམས་ཅད་བསམ་པ་བཞིན། །ཐམས་ཅད་གཟིགས་པ་སངས་རྒྱས་ཀྱི། །རྣམ་པར་འཕྲུལ་པ་ཐམས་ཅད་མཐོང་། །མཐའ་ཡས་འོད་མངའ་སངས་རྒྱས་སྤྲིན། །ཆོས་རྣམས་རྒྱ་མཚོའི་འབྲུག་ཀྱང་སྒྲོག །ཡེ་ཤེས་རྣམ་རྒྱུའི་ཚུལ་བཞིན་དུ། །རྒྱལ་བའི་སྲས་རྣམས་དེ་ལ་འཇུག །འཇུག་པ་རྣམས་ལ་འབྱུང་བ་མེད། །འབྱུང་བ་ཡོད་པ་རྣམ་པར་བསྟན། །གང་ལ་སངས་རྒྱས་བཞུགས་པ་ཡི། །ཆོས་རྣམས་འབྱུང་བ་ནམ་མཁའ་བཞིན། །འཕོ་དང་གནས་པ་མི་མངའ་སྟེ། །འོན་ཀྱང་རྒྱལ་བ་ཀུན་ན་སྣང་། །སངས་རྒྱས་ཆོས་ཀྱི་


DKG035_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལས་བྱུང་། །དེ་ཕྱིར་སངས་རྒྱས་རབ་ཏུ་བརྗོད། །ཡུལ་ན་བཞུགས་མེད་རང་བཞིན་མེད། །དེ་ལ་འབྱུང་བ་མི་མངའ་སྟེ། །སྐུ་དང་མཚན་ཀྱང་དེ་བཞིན་མེད། །རྒྱལ་བ་གཟུགས་བརྙན་འདྲ་བ་འོ། །འགྲོ་བ་ཀུན་ཏུ་ཆོས་ཀྱི་སྤྲིན། །བསམ་པ་ཀུན་ལ་རབ་ཏུ་བྱུང་། །ཡང་དག་སངས་རྒྱས་རྣམས་ཀུན་ཏུ། །སེམས་ཅན་རྒྱ་མཚོ་འདུལ་བ་མཛད། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །སྙིང་པོ་བྱང་ཆུབ་ཀུན་ན་སྣང་། །འཁོད་པའི་རྒྱ་མཚོ་ཐམས་ཅད་ན། །ཞིང་རྣམས་ཀུན་གྱིས་རྣམ་པར་མཛེས། །སངས་རྒྱས་ཀུན་གྱི་སྐུ་དག་ལ། །ཡོན་ཏན་རྒྱ་མཚོ་ཟད་མི་ཤེས། །སངས་རྒྱས་ཡོན་ཏན་མཐའ་ཡས་ཏེ། །དེ་དག་ཡོན་ཏན་ཟད་པ་མེད། །དེ་ནས་བྱང་ཆུབ་སེམས་དཔའ་སྤོས་འོད་འཕྲོ་བའི་རྒྱན་ཟླ་བའི་འོད་ཀྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསམ་གྱིས་མྱི་ཁྱབ་སངས་རྒྱས་སར། །བྱང་ཆུབ་སེམས་དཔའ་གང་བཞུགས་པ། །དེ་དང་དེ་དག་སངས་རྒྱས་ཀྱི། །སངས་རྒྱས་རྣམ་འཕྲུལ་ཐམས་ཅད་མཐོང་། །ཡེ་ཤེས་ལུས་ཀྱིས་ཞུགས་པ་རྣམས། །ཞིང་ཀུན་རྡུལ་གྱི་སྦུབས་སུ་ཡང་། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །བདག་ཉིད་ལུས་ཀྱང་དེར་མཐོང་ངོ་། །གཟུགས་བརྙན་ཞིང་རྣམས་ཐམས་ཅད་དང་། །སངས་རྒྱས་ཀུན་གྱི་སྤྱན་སྔར་འབྱུང་། །ཀུན་ཏུ་བྱིན་གྱི་རླབས་རྣམས་དང་། །རྣམ་པར་འཕྲུལ་པ་རབ་ཏུ་སྟོན། །ཀུན་ཏུ་བཟང་པོའི་སྨོན་ལམ་དང་། །སྤྱོད་པ་གང་གིས་རྣམ་སྦྱངས་པ། །དེ་དག་ཞིང་རྣམས་ཐམས་ཅད་དུ། །སངས་རྒྱས་ཀུན་གྱི་རྣམ་འཕྲུལ་མཐོང་། །ཀུན་ཏུ་མཉམ་པ་ཉིད་གྱུར་ཅིང་། །ཀུན་ཏུ་ལུས་ཀྱིས་རབ་གནས་ཏེ། །ཡེ་ཤེས་ཀུན་གྱི་རྗེས་སོང་ན། །སངས་རྒྱས་སྤྱོད་ཡུལ་ཞུགས་པ་འོ། །སངས་རྒྱས་ཡེ་ཤེས་ཞུགས་པ་རྣམས། །ཆོས་ཀྱི་དབྱིངས་ལ་རྣམ་པར་མཛེས། །སངས་རྒྱས་ཀུན་གྱི་


DKG035_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དག་ཏུ། །རྒྱ་མཚོའི་ཞིང་ལ་རབ་ཏུ་འཇུག །སངས་རྒྱས་ཀུན་གྱི་ཞིང་དག་ཏུ། །བྱིན་གྱི་རླབས་རྣམས་རབ་བསྟན་པས། །གཞན་དང་གཞན་གྱི་ལུས་ངག་དང་། །མིང་གིས་ཀུན་ན་རབ་ཏུ་གནས། །བྱང་ཆུབ་སྙིང་པོར་རྣམ་འཕྲུལ་དང་། །བྱང་ཆུབ་མངོན་པར་འཚང་རྒྱ་ཞིང་། ། ཆོས་ཀྱི་འཁོར་ལོ་བསྐོར་བ་དག །སྐད་ཅིག་སེམས་ཀྱིས་སྟོན་པ་བྱེད། །ཞིང་རྣམས་འབྱམ་ཀླས་ཐམས་ཅད་དང་། །བསྐལ་པ་བྱེ་བ་བསམ་ཡས་དག །བྱང་ཆུབ་སེམས་དཔའ་མཉམ་གཞག་རྣམས། །སྐད་ཅིག་སེམས་ཀྱིས་རྣམ་པར་སྟོན། །སངས་རྒྱས་ཞིང་རྣམས་ཐམས་ཅད་ན། །བྱང་ཆུབ་སེམས་དཔའི་སྤྲུལ་པ་རྣམས། །སངས་རྒྱས་སྐུ་ལ་རྣམ་སྤྱོད་ཀྱང་། །མཐའ་མ་རྙེད་པར་མྱི་རུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེང་གེ་འོད་ཟེར་སྣང་བའི་མཐུས་འབྱིན་པའི་བློ་གྲོས་ཀྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་རྣམ་པར་སྣང་མཛད་ཀྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་དབྱིངས་ཚུལ་རྣམས་ཐམས་ཅད་ཀྱང་། །སངས་རྒྱས་སྤྲིན་གྱིས་མངོན་དུ་ཡོག །འཇིག་རྟེན་ཁམས་རྣམས་རྒྱ་མཚོ་དག །ཕྱོགས་བཅུ་ཀུན་ན་གང་ཡོད་པ། །ཐམས་ཅད་ཀུན་ཏུ་འཁོར་ལོ་འཁོར། །དེ་ནི་སྨོན་ལམ་རྣམ་པར་འཕྲུལ་པའོ། །འཁོར་རྣམས་རྒྱ་མཚོ་རྒྱ་ཆེ་བ། །གཞན་དང་གཞན་གྱི་མིང་དག་གིས། །ཞིང་རྣམས་གནས་པ་ཀུན་ཏུ་ཡང་། །ཆོས་ཀྱི་འཁོར་ལོ་ཀུན་ཏུ་འཁོར། །རྣམ་པར་སྣང་མཛད་བྱིན་རླབས་ཀྱིས། །ཞིང་རྣམས་རྒྱ་མཚོ་ཀུན་ཏུ་ཡང་། །ཀུན་ཏུ་བཟང་པོའི་སྨོན་ལམ་དག །བརྗོད་ཅིང་ཞིང་རྣམས་ཀུན་ཏུ་འབྱུང་། །ཞིང་ཀུན་རྡུལ་ལ་སྐུ་ཡི་རྣམས། །ཐམས་ཅད་ཆོས་རབ་རབ་ཏུ་འབེབས། །འདྲེས་པ་མེད་ཅིང་འབྱུང་བ་མེད། །འཇིག་རྟེན་དག་ན་རྣམ་པར་མཛེས། །བསྐལ་པ་བྱེ་བ་གྲངས་མེད་པར། །ཞིང་ཀུན་རྡུལ་ཕྲན་སྦུབས་དག་ཏུ། །རྣམ་པར་སྣང་བ་མཛད་པའི་གསུང་། །


DKG035_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་སྤྱོད་པ་རབ་ཏུ་སྒྲོག །ཞིང་རྣམས་ཐམས་ཅད་རྡུལ་སྙེད་ཀྱི། །འོད་ཟེར་དྲ་བ་ཕྱོགས་བཅུ་ན། །སངས་རྒྱས་འོད་ཟེར་ཀུན་སྒོ་ནས། །བྱང་ཆུབ་མཆོག་ཕྱིར་སེམས་ཅན་འདུལ། །ཀུན་ཏུ་མ་འདྲེས་སྐུ་དག་གིས། །ཆོས་དབྱིངས་ཡོངས་སུ་རབ་གསལ་ཏེ། །འགྲོ་རྣམས་འདུལ་བ་ཇི་བཞིན་དུ། །གཟུགས་ཀྱི་སྐུ་ཡང་རབ་ཏུ་མཐོང་། །དུས་གསུམ་ཞིང་རྣམས་ཐམས་ཅད་ཀྱི། །མགོན་པོ་ཇི་སྙེད་བཞུགས་པ་རྣམས། །དེ་དག་ཀུན་གྱི་མཚན་ཀྱང་སྒྲོག །སངས་རྒྱས་རྣམ་པར་འཕྲུལ་ལ་ལྟོས། །ད་ལྟར་བྱུང་དང་འདས་པ་དང་། །སངས་རྒྱས་གང་རྣམས་མ་བྱོན་པ། །དེ་དག་ཀུན་གྱི་བསམ་ཡས་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་གྲག །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཡོན་ཏན་གྱི་མཛོད་མི་ཟད་པའི་དཔལ་གྱི་གཟི་བརྗིད་མར་མེས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་གིས་བྱང་ཆུབ་སེམས་དཔའ་ཡི། །ཡེ་ཤེས་ཚོགས་འདི་ཀུན་ནོན་ཅིང་། །ཡེ་ཤེས་རྟོགས་པ་རྙེད་པ་རྣམས། །དེ་དག་འདི་ཡི་ཚུལ་ལ་ཞུགས། །ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱངས། །ཞིང་རྣམས་ཀུན་ཏུ་རབ་ཏུ་འབྱུང་། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ཏེ། །བྱང་ཆུབ་སེམས་དཔའི་ཆེད་དུ་བརྗོད། །སྐད་ཅིག་རེ་རེའི་སེམས་ཀུན་ལ། །ཆོས་ཀྱི་དབྱིངས་སུ་རྣམ་པར་རྒྱུ། །དེ་བཞིན་ཉིད་ལ་གནས་ཤིང་རྟེན། །ཆོས་རྣམས་རྒྱ་མཚོ་ཀུན་ལ་ཞུགས། །རྒྱན་གྱི་ཕ་རོལ་ཕྱིན་པ་རྣམས། །བསྐལ་པ་བྱེ་བ་བསམ་ཡས་སུ། །སངས་རྒྱས་ཐམས་ཅད་སྐུ་དག་དང་། །ཞིང་རྣམས་ཀུན་ན་གནས་ཤིང་སྤྱོད། །རྡུལ་རྣམས་རེ་རེའི་སྟེང་ནས་ཀྱང་། །ཆོས་རྣམས་ཀུན་ནི་རབ་ཏུ་འབྱུང་། །ཞིང་རྣམས་ཀུན་ཀྱང་ཁྱབ་པར་བྱེད། །ཡེ་ཤེས་ཆགས་མེད་སྤྱོད་ཡུལ་ལོ། །སངས་རྒྱས་ཐམས་ཅད་སྤྱོད་ཡུལ་དུ། །ལས་པ་མེད་པར་ཀུན་བཀང་ཞིང་། །རྣམ་པར་འཕྲུལ་པའི་རྣམ་སྤྱོད་པས། །སངས་


DKG035_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྤྱོད་ཡུལ་རྣམས་ལ་ཞུགས། །སངས་རྒྱས་ཀུན་གྱི་རྗེས་སྙེགས་དབྱངས། །ཆོས་ཀྱི་དབྱིངས་ནི་རབ་སྒྲོག་པ། །ཆོས་དབྱིངས་རྗེས་སུ་ཤེས་པ་རྣམས། །དབྱངས་ཀྱི་རྒྱ་མཚོ་རྣམས་ལ་སྤྱོད། །བསྐལ་པ་རྒྱ་མཚོར་མ་འདྲེས་པར། །སྒྲ་དང་དབྱངས་རྣམས་ཤིན་ཏུ་སྒྲོག །དུས་རྣམས་ཐམས་ཅད་ཤེས་པས་གསལ། །དབྱངས་ཀྱི་དེ་དག་ས་ལ་ཞུགས། །སྒྲ་ཡི་ཤེས་ལ་རྨོངས་པ་མྱེད། །སེམས་ཅན་སྒྲ་ཡང་སྤྱོད་ཡུལ་ཏེ། །ཐམས་ཅད་མཁྱེན་པ་ཀུན་གྱི་ཡང་། །རྣམ་པར་འཕྲུལ་པའི་དབྱངས་ཤེས་སོ། །ས་ནས་སར་ཡང་ཕྱིན་གྱུར་ཅིང་། །སྟོབས་ཀྱི་ས་ལ་རབ་གནས་ཏེ། །བསྐལ་པ་བྱེ་བར་སྦྱངས་པས་ན། །ཆོས་ཉིད་འདི་ལ་རབ་ཏུ་འཇུག །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་འོད་ཟེར་ཤེས་རབ་ཀུན་ནས་སྒྲོན་མའི་བློ་གྲོས་ཀྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་ལ་སངས་རྒྱས་བཞུགས་པ་ཡི། །ཆོས་རྣམས་དེ་དག་མཚན་ཉིད་མྱེད། །ཡེ་ཤེས་ས་ནི་ཐོབ་པ་རྣམས། །འཇིག་རྟེན་གཙོ་བོ་རབ་ཏུ་མཐོང་། །ཤེས་རབ་སྣང་བའི་ཀུན་འོད་ཅན། །བྱང་ཆུབ་སེམས་དཔའ་མཉམ་གཞག་རྣམས། །སངས་རྒྱས་ཐམས་ཅད་ཀུན་གྱི་ཡང་། །སྐུ་ཡི་རྣམ་པར་འཕྲུལ་ལ་ཞུགས། །ཆོས་ཀྱི་དབྱིངས་ལ་རྣམ་སྤྱད་ཅིང་། །ལུས་ཀྱི་དངོས་ལ་རབ་འཇུག་སྟེ། །ཟབ་མོའི་ཆོས་རྣམས་རྟོགས་གྱུར་ནས། །སྨོན་ལམ་དག་གིས་ཡང་དག་བྱུང་། །བསོད་ནམས་རྒྱ་མཚོས་བྱུང་གྱུར་ཅིང་། །ཡེ་ཤེས་ས་ལ་རྣམ་པར་གནས། །ཆོས་ལ་རྣམ་སྤྱོད་ཁོང་དུ་ཆུད། །སྤྱོད་པའི་མཆོག་ལ་རབ་ཏུ་སྤྱོད། །སངས་རྒྱས་ཞིང་རྣམས་ཐམས་ཅད་ཀྱི། །སངས་རྒྱས་ཀུན་གྱི་དྲུང་དག་ཏུ། །ཆོས་ཀྱི་དབྱིངས་ལ་སྤྱད་པས་ན། །རང་བཞིན་ལུས་ནི་རབ་ཏུ་མཐོང་། །ཞིང་རྣམས་འབྱམ་ཀླས་ཐམས་ཅད་དུ། ། བསྐལ་པ་བྱེ་བ་བསམ་ཡས་སུ། །ཐམས་ཅད་གཟིགས་པའི་ཆོས་ཀྱི་རྣམས། །རྒྱ་


DKG035_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཀུན་ལ་རབ་ཏུ་སྤྱོད། །བདག་མཐོང་བས་ནི་ལུས་དང་རྡུལ། །གཅིག་ཏུ་འདྲེས་པ་མངོན་པར་བྱས། །མ་སྐྱེས་མཚན་ཉིད་མེད་པ་སྟེ། །ཞིང་རྣམས་ཀུན་ཏུའང་རྣམ་པར་མཛེས། །འཇིག་རྟེན་ཀུན་གྱི་བསམ་མཐུན་པར། །སེམས་ཅན་ཀུན་ལ་མངོན་སུམ་དུ། །ལུས་ཀྱི་སྤྲིན་ནི་བསྟན་བྱས་ཤིང་། །བྱང་ཆུབ་དོན་དུ་སེམས་ཅན་འདུལ། །སངས་རྒྱས་ཐམས་ཅད་མཐུ་ཡིས་ནི། །བྱང་ཆུབ་སེམས་དཔའ་བརྗོད་པ་སྟེ། །གང་གིས་མགོན་པོ་མཐོང་བ་ཡི། །རྒྱལ་བའི་བྱིན་རླབས་ཤིན་ཏུ་ཟབ། །མགོན་པོ་ཇི་སྙེད་གང་བཞུགས་པའི། །བྱིན་རླབས་མཐའ་དང་དབུས་མེད་དེ། །ཆོས་དབྱིངས་རབ་ཏུ་གང་བྱས་ནས། །བྱང་ཆུབ་སེམས་དཔའ་རྣམ་འཚང་རྒྱ། །དེ་ནས་བྱང་ཆུབ་སེམས་དཔའ་མེ་ཏོག་ཀུན་ནས་འོད་འཕྲོ་གཙུག་ཕུད་རབ་ཏུ་འཕྱང་བས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞིང་རྣམས་ཀུན་ཏུ་སངས་རྒྱས་ཀྱི། །གསུང་གི་དཀྱིལ་འཁོར་སྒྲ་འབྱིན་ཏེ། །ཆོས་ཀྱི་དབྱིངས་རྣམས་གང་བྱས་ནས། །ཡོན་ཏན་སྤྲིན་ནི་རབ་ཏུ་བརྗོད། །ཡང་དག་སངས་རྒྱས་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་འདྲ་བ་སྟེ། །གཟུགས་ཀྱི་སྐུ་ཡང་རབ་སྟོན་ཅིང་། །ཆོས་ཉིད་འདི་ལ་ཤིན་ཏུ་འཇུག །དགའ་དང་མོས་པའི་ཤུགས་རྣམས་དང་། །སངས་རྒྱས་སྟོབས་རྣམས་ཐམས་ཅད་ལ། །རབ་ཏུ་གནས་ཤིང་དེ་དག་ནི། །དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག །ཤེས་རབ་ཆུང་ངུས་ཆོས་འདི་དག །ཀུན་ནས་ཤེས་པར་མི་ནུས་ཏེ། །ཡེ་ཤེས་མིག་ནི་རྣམ་སྦྱངས་ཤིང་། །འདི་ཡི་ཚུལ་ལ་འཇུག་པར་འགྱུར། །རབ་ཏུ་གནས་དང་བྱིན་རླབས་དང་། །ཆོས་ཀུན་རྣམ་པར་སྤྱད་པ་དང་། ། རབ་ཏུ་འཇུག་དང་ལྡང་བ་ཡི། །མཉམ་པ་ཉིད་ལ་རབ་ཏུ་ཞུགས། །ཆོས་རྣམས་མཐའ་ཡས་ཀློང་གི་རྣམས། །ཆོས་ཀུན་མཚན་ཉིད་རྣམས་ལ་སྟེ། །ཀུན་མཁྱེན་ཉིད་ལ་རབ་ཞུགས་


DKG035_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ཆོས་ཀྱི་རྒྱ་མཚོ་ཀུན་ལ་སྤྱོད། །སངས་རྒྱས་ཞིང་ན་ཀུན་འཁོད་ཅིང་། །ཐམས་ཅད་ཀུན་ན་རྣམ་པར་མཛེས། །འོངས་པ་མེད་ཅིང་འཕོས་པ་མེད། །སངས་རྒྱས་ཆོས་ཉིད་དེ་འདྲ་འོ། །གཟུགས་བརྙན་འདྲ་བའི་སྐུ་རྣམས་ནི། །སེམས་ཅན་རྒྱ་མཚོའི་ནང་ན་སྣང་། །མོས་པ་ཅི་འདྲ་ཡོད་པ་རྣམས། །དེ་བཞིན་མགོན་པོ་ཀུན་གྱིས་མཐོང་། །ཀུན་ཏུ་བཟང་པོའི་སྨོན་ལམ་དང་། །སྤྱོད་པ་མང་པོ་སུས་སྦྱངས་པ། །དེ་དག་ཐམས་ཅད་བ་སྤུ་ལའང་། །རྣམ་འཕྲུལ་གཞན་དང་གཞན་དག་མཐོང་། །ལུས་ཀྱི་རྣམས་ནི་རེ་རེས་ཀྱང་། །ཆོས་ཀྱི་དབྱིངས་རྣམས་ཀུན་ཏུ་ཁྱབ། །འཁོར་ལོ་ཀུན་ན་འཁོར་བ་སྟེ། །ཆོས་ཀྱི་འཁོར་ལོ་བསམ་མི་ཁྱབ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་ཟེར་དང་གཟི་བརྗིད་མི་ཟད་པའི་རྒྱལ་པོའི་བློ་གྲོས་ཀྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་སྐུ་ནི་ཐམས་ཅད་ནས། །འོད་ཟེར་སྤྲིན་མང་ཕྱོགས་རྣམས་བཅུར། །ཁ་དོག་མཐའ་ཡས་འབར་བའི་འོད། །སེམས་ཅན་བསམ་པ་ཀུན་ལ་འཕྲོ། །སངས་རྒྱས་ཞིང་རྣམས་ཐམས་ཅད་ཀྱི། །སྙིང་པོ་བྱང་ཆུབ་ཀུན་ན་བཞུགས། །བདུད་རྣམས་ཐམས་ཅད་རབ་བཏུལ་ཏེ། །འཁོར་གྱི་ནང་ན་རྣམ་པར་མཛེས། །ཐམས་ཅད་རྡུལ་ནའང་མ་འདྲེས་པར། །འོད་ཟེར་དཀྱིལ་འཁོར་རྒྱས་པར་འགེངས། །ཕྱོགས་རྣམས་གཞན་དང་གཞན་ལམ་དུ། །ཞིང་གི་རྒྱུད་རྣམས་རབ་ཏུ་སྟོན། །ཞིང་གི་རྣམས་ནི་རྒྱ་མཚོའི་ཀློང་། །ཕྱོགས་ཀྱི་རྣམས་ཀྱང་ཀུན་ཏུ་གནོན། །ཞིང་རྣམས་ཐང་ཆེན་མཉམ་ཞིང་དག །ཨིནྡྲ་ནཱི་ལར་ཀུན་ནས་གནས། །སྤྱིའུ་ཚུགས་དག་དང་སྣྲེལ་ཞི་དང་། །པདྨོའི་དབྱིབས་དང་ཁྱད་ཁྱུད་དང་། །དཀྱིལ་འཁོར་འཁོར་ལོའི་ཁྱད་པར་དུ། །གཟུགས་རྣམས་ཀུན་གྱིས་རབ་ཏུ་གནས། །ཆོས་ཀྱི་དབྱིངས་རྣམས་གར་ཕྱིན་པར། །ཐུབ་པ་མྱེད་པར་གྲམ་བདལ་བ། །


DKG035_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀུན་གྱི་འཁོར་རྣམས་སུ། །ཤིན་ཏུ་བསྟན་པའི་ཆོས་འབྱུང་ངོ་། །དེ་བཞིན་གཤེགས་པའི་སྐུ་དབྱིངས་ན། །འཁོད་པའི་ཞིང་རྣམས་བསམ་མྱི་ཁྱབ། །དེ་དག་ཀུན་ཏུ་ཆོས་ཉིད་འདི། །འཇིག་རྟེན་མགོན་པོ་རྣམས་ཀྱང་སྟོན། །ཐ་དད་མེད་པའི་ཆོས་ཀྱི་དབྱིངས། །ཆོས་ཀྱི་འཁོར་ལོ་རབ་ཏུ་འཁོར། །ཚིག་གི་ཚུལ་གྱི་རྣམ་པ་ཡིས། །ཆོས་བསྟན་པ་ནི་ཀུན་ཏུ་འབྱུང་། །སངས་རྒྱས་གསུང་གི་དཀྱིལ་འཁོར་ནི། །ཚུལ་རྣམས་བསམ་ཅིང་རབ་ཏུ་བརྗོད། །དད་པ་རྒྱ་མཚོའི་ཚུལ་དག་གིས། །མི་ཟད་ཚུལ་རྣམས་རབ་ཏུ་བསྟན། །སངས་རྒྱས་ཞིང་རྣམས་ཀུན་ན་ཡང་། །རྒྱལ་བ་རྣམས་ནི་མྱིག་ཡོར་འདྲ། །སྙིང་པོ་བྱང་ཆུབ་རྣམས་ན་སྣང་། །འབྱུང་བ་དག་ཀྱང་ཡོད་པ་མྱིན། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་སུ་འོད་འཕྲོ་བའི་རྣམ་པར་སྣང་བའི་འབྱུང་བ་བློ་གྲོས་ཀྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བལྟ་ཞིང་བལྟ་ཞིང་སངས་རྒྱས་རྣམས། །སྐུ་གཟུགས་བསམ་གྱིས་མྱི་ཁྱབ་སྟེ། །དགའ་བ་རྒྱ་མཚོ་ཀུན་ཀྱང་འབྱུང་། །ཆོས་ཀྱི་ཤུགས་ནི་རབ་ཏུ་འཕེལ། །མཚན་རབ་ཀུན་ནས་སངས་རྒྱས་རྣམས། །ཕྱོགས་བཅུ་ཀུན་ཏུ་རབ་ཏུ་འབྱུང་། །རྡུལ་རྣམས་ཀུན་ཏུ་འཇུག་པ་ཡི། །སངས་རྒྱས་སྤྲིན་ཀྱང་དེ་བཞིན་བསྟན། །སྐད་ཅིག་སྐད་ཅིག་སེམས་ཀུན་ལ། །སངས་རྒྱས་འོད་ནི་དཔལ་གྱིས་འབར། །རྣམ་འཕྲུལ་གཞན་དང་གཞན་དག་གིས། །ཞིང་རྣམས་རྒྱ་མཚོ་ཀུན་ན་སྣང་། །བྱང་ཆུབ་སེམས་དཔའ་ཤེས་རབ་ཆེ། །རྒྱ་མཚོའི་ཆོས་ལ་བྱུང་བ་རྣམས། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །འདི་ཡི་ཡུལ་ལ་རྣམ་པར་སྤྱོད། །ཀུན་ཏུ་བཟང་པོའི་སྨོན་ལམ་ལ། །གང་རྣམས་ཤིན་ཏུ་གནས་གྱུར་པ། །དེ་དང་དེ་རྣམས་ཞིང་དག་ཏུ། །སངས་རྒྱས་རྣམ་འཕྲུལ་ཀུན་ལ་བལྟ། །ཡེ་ཤེས་ཟབ་མོ་རྣམ་གནོན་ཅིང་། །ཆོས་ཀྱི་དབྱིངས་ལ་གཞོལ་བ་ནི། །མོས་པ་རྒྱ་


DKG035_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཤེས་པ་སྟེ། །སྨོན་ལམ་ཀུན་གྱིས་བྱུང་བའོ། །སངས་རྒྱས་ཀུན་གྱི་སྐུ་དང་གསུང་། །ཆགས་པ་མེད་ལ་རབ་ཏུ་ཞུགས། །སྤྱོད་པ་གཞན་དང་གཞན་དག་གིས། །སྤྱོད་ཡུལ་ཀུན་ཀྱང་ཁོང་དུ་ཆུད། །སངས་རྒྱས་ཀུན་གྱི་སྐུ་གནས་ཤིང་། །ཡེ་ཤེས་སྤྱོད་ཡུལ་གྱུར་པ་རྣམས། །ཆོས་ཀྱི་དབྱིངས་ལ་རབ་བརྩོན་པ། །རྒྱལ་བ་རྣམས་ཀྱི་ས་གནོན་ཏོ། །སྐད་ཅིག་སེམས་ཀྱིས་ཞིང་གི་རྣམས། །སངས་རྒྱས་ཞིང་གི་རྡུལ་མཉམ་པ། །དེ་དག་ཆོས་ཉིད་ཇི་བཞིན་དུ། །རྡུལ་གཅིག་སྟེང་དུ་རྣམ་པར་སྤྱོད། །ཞིང་རྣམས་ཇི་སྙེད་ཐམས་ཅད་ནི། །ཞིང་གི་རྣམ་འཕྲུལ་གང་ཡོད་པ། །ཆོས་ཉིད་འདི་ལ་ཞུགས་པ་རྣམས། །ཞིང་གཅིག་ཏུ་ནི་སྡུད་པ་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་སྟོབས་དང་བརྩོན་འགྲུས་ཆགས་པ་མྱེད་པའི་བློ་གྲོས་ཀྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཞིང་རྣམས་རྒྱ་མཚོ་ཐམས་ཅད་དུ། །དེ་དག་གསུང་ནི་ཟབ་མོ་འབྱུང་། །དབྱངས་ཀྱི་ཡན་ལག་ཀུན་རྒྱས་པ། །ཆོས་ཀྱི་སྤྲིན་གྱི་ཆར་འབེབས་སོ། །བརྗོད་པ་རྒྱ་མཚོ་ཐམས་ཅད་ཀྱིས། །སེམས་ཅན་ཀུན་གྱི་སྐད་དག་ཏུ། །སངས་རྒྱས་ཞིང་རྣམས་ཀུན་ཏུ་ཡང་། །ཆོས་རྣམས་བསྟན་པ་རབ་ཏུ་འབྱུང་། །ཞིང་རྣམས་ཀུན་ཏུ་མ་ལུས་པར། །སངས་རྒྱས་རྣམ་པར་འཕྲུལ་མཐོང་ཞིང་། །སངས་རྒྱས་གསུང་རྣམས་ཐོས་པ་དང་། །བྱང་ཆུབ་མཆོག་ཕྱིར་ཀུན་ཀྱང་འཇུག །རྡུལ་རྣམས་རེ་རེའི་སྟེང་ནས་ཀྱང་། །ཆོས་ཀྱི་དབྱིངས་ཀྱི་ཕྱོགས་ཚུལ་གྱིས། །སངས་རྒྱས་ཞིང་རྣམས་ཀུན་བཀང་ཞིང་། །སངས་རྒྱས་རྣམ་འཕྲུལ་སྟོན་པ་བྱེད། །ཆོས་ཀྱི་སྐུ་ནི་ཐ་དད་མིན། །ནམ་མཁའ་བཞིན་ཏེ་ཆགས་པ་མེད། །གཟུགས་ཀྱི་སྐུར་ནི་རྣམ་དམྱིགས་པ། །མིག་ཡོར་སྣང་བའི་མཚན་ཉིད་དོ། །མྱིག་ཡོར་ཡུལ་ལ་མི་གནས་ཏེ། །


DKG035_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་བཞིན་དུ་དངོས་པོ་མྱེད། །མཉམ་པ་ཉིད་འདི་རྟོགས་གྱུར་ནས། །ཡེ་ཤེས་རྒྱ་མཚོ་མཐོང་བར་འགྱུར། །སངས་རྒྱས་སྐུ་ནི་མ་སྐྱེས་ཏེ། །གཟུང་བ་མེད་ཅིང་འབྱུང་བ་མེད། །ནམ་མཁའ་མཉམ་པ་ཉིད་དང་མཚུངས། །གཟུང་དུ་མྱེད་ལས་འདི་བསྟན་ཏོ། །ཞིང་རྣམས་ཀུན་གྱི་སངས་རྒྱས་རྣམས། །དེ་དག་སྤུ་གཅིག་རྩེ་ལ་ཚོགས། །ཡེ་ཤེས་མྱིག་དང་ལྡན་པ་ཡིས། །སྤུ་རྣམས་ཀུན་ཏུ་རྣམ་འཕྲུལ་མཐོང་། །རྣམ་པར་སྣང་བའི་སྨོན་ལམ་སྟེ། །ཆོས་ཀྱི་དབྱིངས་ནི་ཀུན་བཀང་ཞིང་། །བླ་མེད་ཆོས་ཀྱི་འཁོར་ལོ་དག །ཞིང་རྣམས་ཀུན་ན་རྟག་ཏུ་འཁོར། །ཇི་སྙེད་བསྐལ་པ་བསམ་ཡས་པར། །སྤུ་རྩེ་གཅིག་ཏུ་རྣམ་སྤྲུལ་པ། །སངས་རྒྱས་ཀུན་གྱིས་བཤད་མཛད་ཀྱང་། །དེ་ཡི་མཐའ་ནི་རྙེད་པར་དཀའ། །ཇི་ལྟར་གླིང་བཞི་པ་འདིར་དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པའི་སྙིང་པོ་བྱང་ཆུབ་ཏུ་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་རྣམས་འདུས་པར་གྱུར་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་གླིང་བཞི་པ་ཐམས་ཅད་ཀྱི་གླིང་བཞི་པ་རེ་རེར་ཡང་། དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པའི་སྙིང་པོ་བྱང་ཆུབ་དག་ཏུ་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བྱེ་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ནས་འདུས་པར་གྱུར་ཏོ། །འདི་ན་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པ་དག་ཏུ། ཀུན་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། ཆོས་ཉིད་འདི་ཁོ་ན་རབ་ཏུ་སྟོན་ཏོ། །དེ་བཞིན་གཤེགས་པའི་ལེའུ་སྟེ་གཉིས་པའོ།། །།


previousགཉིས་པ། དེ་བཞིན་གཤེགས་པའི་ལེའུ། next