Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
ལྔ་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཡོན་ཏན་རྒྱ་མཚོ་ཡང་དག་པས་སྣང་བ་ཞེས་བྱ་བའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྔ་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཡོན་ཏན་རྒྱ་མཚོ་ཡང་དག་པས་སྣང་བ་ཞེས་བྱ་བའི་ལེའུ། next

ལྔ་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཡོན་ཏན་རྒྱ་མཚོ་ཡང་དག་པས་སྣང་བ་ཞེས་བྱ་བའི་ལེའུ།


DKG035_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བརྒྱད་པ། ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བསྐལ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཡོངས་སུ་དག་པར་བྱས་ཏེ། བསྐལ་པ་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཞབས་ཀྱི་དྲུང་དུ།


DKG035_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཡོངས་སུ་དག་པར་བྱས་སོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་དེ་ནི་རླུང་གི་དཀྱིལ་འཁོར་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཤིན་ཏུ་བཟུང་བ་སྟེ། དེ་ལ་རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱི་འོག་མ་ནི་གཞི་ཀུན་ནས་རྟོན་པ་ཞེས་བྱ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བ་འབར་བས་བརྒྱན་པའི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་འབྱུང་བ་ཞེས་བྱ་བ་ཡོད་དེ། ནོར་བུའི་རྒྱལ་པོ་འོད་རྣམ་པར་དག་པའི་རྒྱལ་མཚན་གྱི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་རིན་པོ་ཆེའི་མཐུ་ཞེས་བྱ་བ་ཡོད་དེ། རིན་པོ་ཆེ་ཐམས་ཅད་ཀྱི་དྲིལ་བུའི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་འོད་འཕྲོ་བ་མཉམ་པར་སྟོན་པ་ཞེས་བྱ་བ་ཡོད་དེ། ནོར་བུའི་རྒྱལ་པོ་ཉི་མ་སྣང་བའི་རྒྱལ་མཚན་གྱི་འཁོར་ལོའི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་རྒྱན་ཀུན་ནས་རྣམ་པར་བྲེས་པ་ཞེས་བྱ་བ་ཡོད་དེ། འོད་ཟེར་གྱི་འོད་ཀྱི་དཀྱིལ་འཁོར་གྱི་མེ་ཏོག་གི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་གཞི་ཀུན་ནས་དྲི་མ་མེད་ཅིང་ཡོངས་སུ་དག་པ་ཞེས་བྱ་བ་ཡོད་དེ། མེ་ཏོག་ཐམས་ཅད་འོད་འཕྲོ་བའི་སེང་གེའི་ཁྲིའི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་ཕྱོགས་སུ་སྒྲ་སྒྲོག་ཅིང་ཀུན་ཏུ་རྒྱུ་བ་ཞེས་བྱ་བ་ཡོད་དེ། མུ་ཏིག་དང་མན་ཤེལ་གྱི་རྒྱལ་མཚན་སྣ་ཚོགས་ཀྱི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་རིན་པོ་ཆེ་ཐམས་ཅད་འཛིན་པ་ཞེས་བྱ་བ་ཡོད་དེ། ནོར་བུའི་རྒྱལ་པོའི་ཤིང་དང་མེ་ཏོག་སྣ་ཚོགས་ཀྱི་གློང་གི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་ཀུན་ནས་འཛིན་པའི་ཤུགས་ཤེས་བྱ་བ་ཡོད་དེ། སྤོས་ཀྱི་ནོར་བུ་ཐམས་ཅད་ཀྱི་རི་རབ་ཀྱི་སྤྲིན་གྱི་གཞིས་རྟོན་ཏོ། །དེའི་སྟེང་ན་རླུང་གི་དཀྱིལ་འཁོར་གྱི་ཁྱིམ་ཀུན་ཏུ་རྒྱུ་བ་ཞེས་བྱ་བ་ཡོད་དེ། རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དང་སྤོས་ཀྱི་ཁང་པ་བརྩེགས་པའི་སྤྲིན་གྱི་གཞིས་རྟོན་ཏོ། །ཀྱེ་རྒྱལ་


DKG035_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲས་དག་རླུང་གི་དཀྱིལ་འཁོར་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་དག་ཐམས་ཅད་ཀྱི་སྟེང་མ་ནི་རླུང་གི་དཀྱིལ་འཁོར་གཟི་བརྗིད་བཟང་པོ་དཔལ་གྱི་སྙིང་པོ་ཞེས་བྱ་སྟེ། ནོར་བུ་ཀུན་ནས་སྣང་བའི་རྒྱན་དང་ལྡན་པའི་སྤོས་ཀྱི་ཆུ་རྒྱ་མཚོའི་གཞིས་རྟོན་ཏོ། །སྤོས་ཀྱི་ཆུ་རྒྱ་མཚོ་ནོར་བུ་ཀུན་ནས་སྣང་བའི་གཞིས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་དེ་ལས་པདྨོ་ཆེན་པོ་སྤོས་ཀྱི་རྒྱལ་མཚན་ཁྱེར་བའི་འོད་ཟེར་དང་ཟེ་བ་སྣ་ཚོགས་ཤེས་བྱ་བ་མངོན་པར་བྱུང་སྟེ། པདྨོ་ཆེན་པོ་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་ཀུན་ནས་གྲུ་བཞིར་འདུག་པ་རྣམ་པར་དག་པ་ཤིན་ཏུ་བརྟན་པ་རྡོ་རྗེ་དང་ནོར་བུ་ཐམས་ཅད་ཀྱི་ཁོར་ཡུག་གིས་བསྐོར་བ། རིམ་གྱིས་གཞོལ་བར་གནས་པ་ཤིང་གི་རྒྱུད་རྒྱ་མཚོ་ས་ལ་རབ་ཏུ་གནས་པ་འདི་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི་ཉིད་ཀྱི་ཡོན་ཏན་རྒྱ་མཚོ་ཡོངས་སུ་དག་པའི་ཕྱོགས་འདི་ཉིད་བརྗོད་པའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གཞི་རྒྱན་མེ་ཏོག་འཇིག་རྟེན་ཁམས་ཀྱི་རྒྱ་མཚོ་དེ། །རིན་ཆེན་ཀུན་གྱི་སྙིང་པོ་ཁ་དོག་སྣ་ཚོགས་ཏེ། །རྡུལ་རྣམས་ཀུན་དང་མཉམ་པའི་སྔན་ཅད་སངས་རྒྱས་ཀྱི། །དྲུང་དུ་སྔོན་ཚེ་རྒྱ་མཚོར་སྦྱངས་པས་དྲི་མེད་པ། །རྒྱ་ཆེན་སྙིང་རྗེའི་སྤྲིན་གྱིས་ཁམས་རྣམས་ཀུན་བཀང་ཞིང་། །ཞིང་གི་རྡུལ་དང་མཉམ་པའི་ལུས་ཀྱང་ཀུན་བཏང་ནས། །སྔོན་གྱི་བསྐལ་པ་རྒྱ་མཚོར་སྤྱོད་པ་སྤྱད་པས་ན། །འཇིག་རྟེན་རྒྱ་མཚོའི་ཁམས་དེ་ཡངས་ཤིང་རྣམ་པར་དག །སངས་རྒྱས་རྣམ་པར་སྣང་བས་སྨོན་ལམ་ཆེ་མཛད་དེ། །འོད་སྣང་བཏང་བ་མཁའི་དཀྱིལ་ན་གནས་པ་ནི། །རླུང་གི་ཕུང་པོས་བཏབ་ཀྱང་མི་བསྐྱོད་མི་གཡོ་སྟེ། །ནོར་བུ་ཀུན་རྒྱན་སངས་རྒྱས་གཟུགས་བརྙན་སྙིང་པོའོ། །མེ་ཏོག་མཛོད་བཀྱེ་གཏོར་བ་རིན་ཆེན་ཡིད་འོང་བཞིན། །སྔོན་གྱི་སྨོན་ལམ་དབང་གིས་མཁའི་དབྱིངས་ལ་


DKG035_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །རྒྱ་མཚོའི་རྒྱན་རྣམས་ཐམས་ཅད་སྣ་ཚོགས་བརྟན་པར་གནས། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་འོད་ཀྱི་སྤྲིན་ཀྱང་གཏོང་། །ནོར་བུ་ཐམས་ཅད་སྒོ་ནས་བྱང་ཆུབ་སེམས་དཔའི་རྣམས། །བྱུང་ཞིང་འོད་ཟེར་སྤྲིན་འབར་ཕྱོགས་རྣམས་ཀུན་ཏུ་གཏོང་། །འོད་ཟེར་མེ་ཏོག་ཚོན་དང་འོད་ཟེར་འཁོར་ལོའི་ཚོགས། །ཕྱོགས་རྣམས་མ་ལུས་ཀུན་གྱི་ཆོས་དབྱིངས་ཁྱབ་པར་བྱེད། །རིན་ཆེན་ཀུན་གྱི་འོད་ཟེར་སྤྲིན་རྣམས་བཀྱེ་བ་ནི། །ཕྱོགས་དང་ཕྱོགས་མཚམས་ཀུན་གྱི་ཞིང་རྣམས་ཁྱབ་པར་བྱེད། །སྡུག་བསྔལ་ཐམས་ཅད་བཅིལ་ཞིང་བྱང་ཆུབ་མཆོག་ལ་བགྲོད། །འཇིག་རྟེན་རྒྱ་མཚོ་ཐམས་ཅད་འོད་འཕྲོ་རབ་ཏུ་འབར། །འགྲོ་བ་ཀུན་དང་མཉམ་པའི་སྤྲུལ་པ་སྣ་ཚོགས་རྣམས། །རིན་ཆེན་ཀུན་དང་སྤུ་རྣམས་ཀུན་ནས་རྒྱལ་བ་འགྱེད། །བརྒྱ་བྱིན་དག་དང་ཚངས་པའང་འཁོར་ལོ་སྒྱུར་འདྲ་དང་། །འགྲོ་བ་ཀུན་གྱི་ལུས་སུ་ལུས་རྣམས་ཀུན་ཀྱང་གནས། །སྤྲུལ་པས་འོད་བཀྱེ་ཆོས་ཀྱི་དབྱིངས་ཀྱི་ཚད་མཉམ་པ། །འོད་ཟེར་སྒོ་ནས་སངས་རྒྱས་ཐམས་ཅད་མཚན་ཀྱང་སྒྲོག །འགྲོ་བ་མ་ལུས་ཀུན་གྱི་བསམ་པ་ཚིམ་བྱས་ནས། །ཚུལ་རྣམས་སྣ་ཚོགས་སྒོ་ནས་སེམས་ཅན་རྣམ་པར་འདུལ། །འཇིག་རྟེན་རྒྱ་མཚོ་མེ་ཏོག་སྙིང་པོ་དེ་ནང་ན། །རྡུལ་ཕྲན་ཀུན་གྱི་ཁོངས་ན་ཆོས་དབྱིངས་ཐམས་ཅད་ཀྱི། །རིན་ཆེན་འོད་ཀྱི་སངས་རྒྱས་སྤྲིན་རྣམས་འབར་བར་སྣང་། །རྣམ་པར་སྣང་མཛད་ཆོས་དབྱིངས་རྣམ་འཕྲུལ་ཞིང་ལ་ལྟོས། །བསྐལ་བ་རྒྱ་མཚོར་འགྲོ་བའི་སྡུག་བསྔལ་བསྩལ་བྱས་ཏེ། །སྨོན་ལམ་ཡངས་པའི་སྤྲིན་ནི་ཆོས་ཀྱི་དབྱིངས་མཉམ་དང་། །བཟང་པོ་སྤྱོད་པ་བརྙེས་ཤིང་ཡེ་ཤེས་ས་ལྡན་པའི། །དགོངས་པ་ལས་ནི་རྒྱན་མཛེས་དེ་དག་བྱུང་བ་ཡིན། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཡོན་ཏན་རྒྱ་མཚོ་ཡོངས་སུ་དག་པས་སྣང་བ་ཞེས་བྱ་སྟེ། ལེའུ་ལྔ་པའོ།། །།


previousལྔ་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཡོན་ཏན་རྒྱ་མཚོ་ཡང་དག་པས་སྣང་བ་ཞེས་བྱ་བའི་ལེའུ། next