Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
དྲུག་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་ཡུག་གི་རྒྱན་རྒྱ་མཚོ་ཤིན་ཏུ་བསྟན་པ་ཞེས་བྱ་བའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲུག་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་ཡུག་གི་རྒྱན་རྒྱ་མཚོ་ཤིན་ཏུ་བསྟན་པ་ཞེས་བྱ་བའི་ལེའུ། next

དྲུག་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་ཡུག་གི་རྒྱན་རྒྱ་མཚོ་ཤིན་ཏུ་བསྟན་པ་ཞེས་བྱ་བའི་ལེའུ།


DKG035_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྒྱལ་བའི་སྲས་དག་དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་འཁོར་ཡུག་ཆེན་པོ་ནི་ནོར་བུའི་རྒྱལ་པོ་པདྨོ་ཉི་མའི་གཞི་ལ་བརྟེན་པ་སྟེ། ནོར་བུའི་རིགས་རྒྱ་མཚོ་སྤོས་ཀྱི་ཙནྡན་ཐམས་ཅད་ལས་གྲུབ་པ། ནོར་བུའི་རྒྱལ་པོ་རྒྱན་གྱི་ཡུལ་ཐམས་ཅད་ཀྱིས་ལྷུན་ཤིན་ཏུ་འཕགས་ཤིང་ཟིལ་གྱིས་གནོན་པ་ནོར་བུ་སྤོས་ཞིམ་པོ་གཟི་བརྗིད་ཀྱི་འཁོར་ལོ་རྣམ་པར་སྣང་བའི་སྙིང་པོ་ཅན། ནོར་བུའི་རྒྱལ་པོ་རྡོ་རྗེ་སྲ་ཞིང་མི་ཤིགས་པ་ལྟར་ཤིན་ཏུ་མཁྲེགས་ཤིང་སྲ་བ་རིན་པོ་ཆེའི་ཆུ་ཐམས་ཅད་ཀུན་ནས་འབྱུང་བ་རིན་པོ་ཆེའི་ཤིང་གི་ནགས་ཚལ་གྱི་རྒྱན་ཐམས་ཅད་མེ་ཏོག་ཤིན་ཏུ་རྒྱས་པ། སྤོས་ཀྱི་རྩི་མཆོག་བཟང་པོ་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པ། སྤོས་ཀྱི་མེ་ཏོག་དཔལ་ཅན་ཤིན་ཏུ་བཟང་བས་རྣམ་པར་བརྒྱན་པ། ནོར་བུའི་རྒྱལ་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དབྱིབས་ལྟ་བུའི་དྲ་བས་ཀུན་ནས་བྲེས་པ་སྟེ། དེ་དག་ལ་སྩོགས་པ་རྒྱན་བཟང་པོའི་རྣམ་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་རབ་ཏུ་བརྒྱན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་ཁོར་ཡུག་གི་རྒྱན་དང་ཡོན་ཏན་ཡོངས་སུ་དག་པ་འདི་ཉིད་བསྟན་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་ཡོད་པ། །མཐའ་དང་དབུས་མེད་སྣ་ཚོགས་རྣམ་པ་ཅན། །ནོར་བུ་མང་པོས་རྣམ་དག་མཐའ་ཡས་མཆོག །དེ་དག་སངས་རྒྱས་རྣམ་པར་འཕྲུལ་པས་བྱུང་། །དྲི་མེད་ཁོར་ཡུག་རྒྱན་གྱིས་བརྒྱན་པ་ནི། །ནོར་བུ་མང་པོ་དེ་བཞིན་སྤོས་མང་དང་། །མུ་ཏིག་གསལ་བའི་ཚོགས་ལ་རབ་ཏུ་གནས། །ཁ་དོག་མཐའ་ཡས་རིན་ཆེན་རྣམས་ཀྱིས་བརྟེན། །སྙིང་པོ་ནོར་བུའི་སྤྲིན་ཅན་སྣ་ཚོགས་སྲ། །འཛམ་བུ་ཆུ་ཀླུང་འོད་འཕྲོ་སྙིང་པོའི་ཚོགས། །འོད་འཕྲོ་དམ་པ་ཕྱོགས་སུ་སྣང་ཞིང་འཚེར། །ཁོར་ཡུག་དྲི་མ་མེད་པ་རྣམ་པར་མཛེས། །ནོར་བུའི་རྡོ་རྗེས་བྱས་ཤིང་སྲ་ཞིང་བརྟན། །མཚམས་རྣམས་མི་ཕྱེད་ནོར་བུ་སྣ་ཚོགས་འབྲུལ། །མཚན་


DKG035_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ནོར་བུའི་རིན་ཆེན་རྣམ་བཀོད་པ། །རྒྱན་རྣམས་ཀུན་གྱིས་ཡོངས་སུ་དག་པར་སྣང་། །སྤོས་ཆུའི་སྤྲིན་གྱི་ཁ་དོག་མཐའ་ཡས་ཏེ། །རིན་ཆེན་ཙནྡན་མེ་ཏོག་ཀུན་ཏུ་གྲམ། །པདྨོ་སྣ་ཚོགས་གོས་ཀྱིས་ཀུན་ནས་ཡོག །རིན་ཆེན་རྩི་མཆོག་དྲི་ཞིམ་རྣམས་དང་ལྡན། །སྣ་ཚོགས་ཤིང་གི་སྤྲིན་གྱིས་ཀུན་ནས་བརྒྱན། །ནོར་བཟང་ཀུན་གྱིས་ཀུན་ནས་གཟི་བརྗིད་འབར། །འོད་ཟེར་སྤྲིན་གྱི་འོད་ཀྱི་དཀྱིལ་འཁོར་ཅན། །གོས་ཀྱི་མཛོད་ཀྱིས་ཤིན་ཏུ་འབར་བར་གནས། །སྤོས་ཀྱི་འོད་འཕྲོ་བདུག་པ་གདུགས་འཆང་བའི། །བྱང་ཆུབ་སེམས་དཔའ་མང་པོས་ཆོས་དབྱིངས་གང་། །སྒྲ་དབྱངས་མང་པོ་རྒྱ་མཚོ་ཐམས་ཅད་འབྱིན། །འདི་ནི་རྣམ་པར་སྣང་མཛད་ཆོས་འཁོར་ལོ། །རིན་ཆེན་མཛེས་པ་དེ་དག་ཐམས་ཅད་དང་། །ནོར་བུ་དག་དང་ཀུན་ནས་འོད་འཕྲོའི་ཤིང་། །ཀུན་ལ་རྣམ་པར་སྣང་མཛད་སྐུ་གསལ་བ། །གཟུགས་བརྙན་ཚུལ་དུ་ནང་ན་ཡོད་པ་སྣང་། །ཐམས་ཅད་གཟུགས་སུ་སྐུ་རྣམས་མཐའ་ཡས་ཏེ། །སངས་རྒྱས་སྤྲུལ་མང་ཁ་དོག་མུ་མེད་པས། །ཐམས་ཅད་ཕྱོགས་དང་ཆོས་དབྱིངས་ཀུན་བཀང་ཞིང་། །སེམས་ཅན་མང་པོ་ཚད་མེད་རྣམ་པར་འདུལ། །ཐམས་ཅད་རྒྱན་ལས་སྒྲ་དབྱངས་ཀུན་འབྱུང་སྟེ། །རྣམ་པར་སྣང་མཛད་སྨོན་ལམ་འཁོར་ལོ་ཡིས། །ཞིང་རྣམས་རྒྱ་མཚོ་ཡོངས་སུ་དག་བྱས་པ། །དེ་ཀུན་དེ་ལས་རྣམ་པར་འཕྲུལ་ཞིང་གྲགས། །འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་ཡུག་གི་རྒྱན་རྒྱ་མཚོ་ཤིན་ཏུ་བསྟན་པ་ཞེས་བྱ་བ་སྟེ། ལེའུ་དྲུག་པའོ།། །།


previousདྲུག་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་ཡུག་གི་རྒྱན་རྒྱ་མཚོ་ཤིན་ཏུ་བསྟན་པ་ཞེས་བྱ་བའི་ལེའུ། next