Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
   
བདུན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སའི་གཞི་རྒྱན་ཤིན་ཏུ་བསྟན་པ་ཞེས་བྱ་བའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སའི་གཞི་རྒྱན་ཤིན་ཏུ་བསྟན་པ་ཞེས་བྱ་བའི་ལེའུ། next

བདུན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སའི་གཞི་རྒྱན་ཤིན་ཏུ་བསྟན་པ་ཞེས་བྱ་བའི་ལེའུ།


DKG035_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྒྱལ་བའི་སྲས་དག་དེ་ལ་ཁོར་ཡུག་ཆེན་པོ་དེའི་ནང་གི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ས་ཆེན་པོའི་གཞི་ནི་ནོར་བུ་མང་པོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་ལྟར་ཤིན་ཏུ་མཁྲེགས་ཤིང་སྲ་ལ་བརྟན་པ། རིན་པོ་ཆེའི་རིགས་ཐམས་ཅད་ལས་གྲུབ་པ། རྒྱ་མཚོས་རྣམ་པར་ཕྱེ་བ་མི་ཤིགས་པའི་སྙིང་པོ་ཅན་མི་མཐོ་བ་མི་དམའ་བའི་ཐང་མཉམ་ཞིང་རྣམ་པར་དག་པ། ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་


DKG035_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་དང་། འོད་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དབྱིབས་ལྟ་བུའི་ནོར་བུའི་གཟུགས་སྣ་ཚོགས་ཀྱིས་རབ་ཏུ་བསྒྲུབས་པ། རིན་པོ་ཆེའི་ཚོན་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེ་ཡིད་དུ་འོང་བའི་པདྨོ་ཐམས་ཅད་ཀྱིས་གཞི་བྱས་པ་དམིགས་པ་ཐམས་ཅད་དུ་སྣ་ཚོགས་སུ་གྱུར་པའི་སྤྲིན་གྱིས་ཀུན་ནས་ཡོག་པ། ནོར་བུའི་རྒྱལ་པོ་སྤོས་ཀྱི་མཛོད་ཐམས་ཅད་ཀྱིས་གཞི་མཉམ་པར་བདལ་བ། ནོར་བུའི་རྒྱལ་པོ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་ཞིང་གི་རྒྱན་གྱིས་སྤྲིན་གྱི་དྲ་བ་རྣམ་པར་བྲེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་གྱི་འོད་དང་ནོར་བུའི་དྲ་བ་མིག་འཕྲུལ་ལྟ་བུས་རྣམ་པར་ཕྱེ་བ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སྩོགས་པ་སའི་དཀྱིལ་འཁོར་དེའི་རྒྱན་ཤིན་ཏུ་བསྟན་པ་ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཡང་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་གཞིའི་རྒྱན་རྒྱ་མཚོ་འདི་ཉིད་ཡོངས་སུ་བརྗོད་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ས་ཡི་དཀྱིལ་འཁོར་གཞི་ནི་རྣམ་དག་མཉམ། །འཁོར་ལོའི་དྲ་བས་བསྒྲུབས་པ་མི་ཤིགས་སྲ། །རིན་ཆེན་སྣ་ཚོགས་མཉམ་པའི་གཞིར་གནས་ཤིང་། །རིན་ཆེན་སྣ་ཚོགས་ཀུན་གྱིས་ཀུན་ཏུ་ཡང་། །ཡིད་འོང་ས་ནི་རྡོ་རྗེ་གསེར་གྱི་གཞི། །རིན་ཆེན་ཆུ་བ་རི་བོའི་འཁོར་ལོས་བསྒྲུབས། །པདྨོའི་དཀྱིལ་འཁོར་གཞི་ཡིན་མེ་ཏོག་ས། །ཙནྡན་ཕྱེ་མ་རིན་ཆེན་ཀུན་ཏུ་བཀྲམ། །འོད་ཟེར་སྣ་ཚོགས་རིན་ཆེན་མེ་ཏོག་རྣམས། །འོད་འཕྲོ་འགྱེད་པས་ཕྱོགས་སུ་སྤྲིན་ཀྱང་འབར། །སངས་རྒྱས་འོད་སྣང་ནོར་བུ་རྣམ་པར་བཀྲམ། །ས་ཀུན་མེ་ཏོག་ཡིད་དུ་འོང་བས་ཡོག །ཐམས་ཅད་སྤྲིན་ནི་ཕྱོགས་ན་སྟུག་ལྡིང་བས། །མི་ཟད་ཡངས་པ་ཀུན་ནས་ཁེབས་པར་འདུག །ཞིང་རྣམས་ཐམས་ཅད་ཕྱོགས་རྣམས་


DKG035_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཀང་ཞིང་། །སངས་རྒྱས་ཆོས་ནི་སྙན་པར་རབ་ཏུ་སྒྲོག །རིན་ཆེན་ནང་སྣང་སངས་རྒྱས་སྨོན་ལམ་ཀུན། །ཤིན་ཏུ་དུས་རིང་རྟག་ཏུ་ཀུན་ཏུ་སྟོན། །སྔན་ཅད་སྤྱོད་པ་ཅི་འདྲ་སྤྱོད་པ་དག །ཀུན་ཀྱང་ནོར་བུའི་འབྲུ་ལས་གསལ་བར་སྣང་། །དེ་ཡི་རྒྱ་མཚོ་ནོར་བུ་སྣ་ཚོགས་བཏིང་། །དེ་ཡི་ནང་ན་སངས་རྒྱས་སྤྱོད་ཡུལ་སྣང་། །སངས་རྒྱས་སྤྱོད་ཡུལ་དེ་དག་ཞིང་གི་རྣམས། །རྒྱ་མཚོ་ཀུན་གྱི་རྡུལ་ཕྲན་རེ་རེར་སྣང་། །མེ་ཏོག་སྙིང་པོ་ཚོན་གྱི་འཁོར་ལོས་བསྒྲུབས། །དེར་ནི་བྱང་ཆུབ་སེམས་དཔའ་རྟག་འདོང་ཞིང་། །བྱང་ཆུབ་སེམས་དཔའི་སྨོན་ལམ་ཀུན་ཀྱང་སྒྲོག །སྙིང་པོ་བྱང་ཆུབ་འཁོར་དུ་རྣམ་འཕྲུལ་ལོ། །རིན་ཆེན་འོད་ཟེར་འོད་དང་ལྡན་པ་དག །ས་ཡི་ནོར་བུ་རྒྱན་ལས་རབ་ཏུ་འབྱུང་། །སངས་རྒྱས་ཆོས་ཉིད་འདི་ཡང་རྟག་ཏུ་སྟོན། །ཆོས་དབྱིངས་ནམ་མཁའ་ལྟ་བུའི་ཀུན་ཏུ་འགེངས། །སངས་རྒྱས་ཀུན་ཡུལ་ཡེ་ཤེས་རྒྱ་ཆེན་དང་། ། ཀུན་ཏུ་བཟང་པོའི་སྨོན་ལམ་སུས་ཤེས་པ། །དེ་དག་ཕྱོགས་རྣམས་རྒྱ་མཚོ་ཀུན་ཏུ་ཡང་། །ཞིང་རྣམས་རྒྱ་མཚོ་དབྱིངས་ཀྱི་འཕྲུལ་ལ་འཇུག །འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སའི་གཞི་རྒྱན་ཤིན་ཏུ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།། །།


previousབདུན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སའི་གཞི་རྒྱན་ཤིན་ཏུ་བསྟན་པ་ཞེས་བྱ་བའི་ལེའུ། next