Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
བཅུ་གསུམ་པ། འཕགས་པའི་བདེན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་གསུམ་པ། འཕགས་པའི་བདེན་པའི་ལེའུ། next

བཅུ་གསུམ་པ། འཕགས་པའི་བདེན་པའི་ལེའུ།


DKG035_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་དྲུག་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དག་འདི་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ན་ཡང་བྱུང་བ་ཞེས་བྱའོ། །གནོད་པ་ཞེས་བྱའོ། །སྐལ་བ་མི་མཉམ་པ་ཞེས་བྱའོ། །དམྱིགས་པ་ཞེས་བྱའོ། །ཀུན་འབྱུང་བ་ཞེས་བྱའོ། །གསལ་ཤིང་གི་རང་བཞིན་ཞེས་བྱའོ། །གནས་ཀྱི་རྩལ་བ་ཞེས་བྱའོ། །གདོན་མི་ཟ་བ་ཞེས་བྱའོ། །ཤུ་བའི་གཟེབས་ཞེས་བྱའོ། །བྱིས་པའི་སྤྱོད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་འདི་ན་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ན་ཡང་ཡོངས་སུ་འབྲེལ་བ་ཞེས་བྱའོ། །ཆུད་ཟ་བ་ཞེས་བྱའོ། །ཚོར་བར་གཅེན་པ་ཞེས་བྱའོ། །མྱོང་བར་བྱེད་པ་ཞེས་བྱའོ། །སྦྱོར་བ་ལས་བྱུང་བ་ཞེས་བྱའོ། །ངེས་པ་ཞེས་བྱའོ། །དྲན་པ་ཅན་ཞེས་བྱའོ། །བརྗོད་པ་ཞེས་བྱའོ། །སེམས་ཅན་གྱི་ཕྱི་བཞིན་སྙེགས་པ་ཞེས་བྱའོ། །ཕྱིན་ཅི་ལོག་གི་རྩ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ན་ཡང་འཛུད་པ་ཞེས་བྱའོ། །རྡུལ་དང་བྲལ་བ་ཞེས་བྱའོ། །ཞི་བ་ཞེས་བྱའོ། །མཚན་ཉིད་མེད་པ་ཞེས་བྱའོ། །མི་ཉམས་པ་ཞེས་བྱའོ། །རང་བཞིན་མེད་པ་ཞེས་བྱའོ། །སོ་སོར་ལྡན་པ་ཞེས་བྱའོ། །ནུབ་པར་འགྲོལ་བ་ཞེས་བྱའོ། །རང་བཞིན་དུ་གྱུར་པ་ཞེས་བྱའོ། །རང་བཞིན་ལ་གནས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་


DKG035_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དག་གང་ཡང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ན་ཐེག་པ་གཅིག་ཅེས་བྱའོ། །ཞི་བར་འགྲོ་བ་ཞེས་བྱའོ། །དགྲ་དང་བྲལ་བ་ཞེས་བྱའོ། །ཡོངས་སུ་རྟོག་བཟང་བ་ཞེས་བྱའོ། །ཤིན་ཏུ་མཉམ་པར་གཞག་པ་ཞེས་བྱའོ། །ཁུར་འདོར་བ་ཞེས་བྱའོ། །འགྲོ་བ་མེད་པར་འགྲོ་བ་ཞེས་བྱའོ། །འཕགས་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །དྲང་སྲོང་གི་སྤྱོད་པ་ཞེས་བྱའོ། །གཏེར་བཅུ་ཞེས་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ན་ཡང་། འཕགས་པའི་བདེན་པ་རྣམས་ལ་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ། འཇིག་རྟེན་གྱི་ཁམས་ཁེབས་པ་ཡོད་པ་ན། ཚོལ་བའི་རྩ་བ་ཞེས་བྱའོ། །མྱི་འབྱུང་བ་ཞེས་བྱའོ། །རྩ་བ་མྱི་བརྟན་པ་ཞེས་བྱའོ། །བྱ་བ་མ་བྱས་པ་ཞེས་བྱའོ། །རྩོད་པ་ཐམས་ཅད་ཅེས་བྱའོ། །རྣམ་པར་ཕྱེ་བ་ཉམ་ཆུང་བ་ཞེས་བྱའོ། །ཀུན་གཞི་དང་ལྡན་པ་ཞེས་བྱའོ། །གསོད་པའི་མཆོག་ཅེས་བྱའོ། །འགུལ་ཞིང་གཡོ་བ་ཞེས་བྱའོ། །དངོས་པོའི་གཟུགས་བརྙན་ཅེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་། འཇིག་རྟེན་གྱི་ཁམས་ཁེབས་པ་ཡོད་པ་ན་ལས་སུ་རུང་བ་ཞེས་བྱའོ། །ལྡན་པ་ཞེས་བྱའོ། །སྲིད་པ་ཞེས་བྱའོ། །འཇིགས་པ་ཞེས་བྱའོ། །འཇིགས་པའི་རྩ་བ་ཞེས་བྱའོ། །མཚམས་དང་ལྡན་པ་ཞེས་བྱའོ། །སྡིག་པ་ལ་སྤྱོད་པ་ཞེས་བྱའོ། །འདོད་པ་ཞེས་བྱའོ། །གླད་པ་ན་བ་ཞེས་བྱའོ། །སྒལ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་། འཇིག་རྟེན་གྱི་ཁམས་ཁེབས་པ་ཡོད་པ་ན་དོན་ཅེས་བྱའོ། །


DKG035_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་སེལ་བ་ཞེས་བྱའོ། །ཡོན་ཏན་ཐོབ་པར་བྱེད་པ་ཞེས་བྱའོ། །དབུགས་འབྱིན་པ་ཞེས་བྱའོ། །ཚུལ་བཟང་པོ་ཞེས་བྱའོ། །འདུལ་བ་ཞེས་བྱའོ། །ཡན་ལག་གཅིག་པུ་ཞེས་བྱའོ། །སྡིག་པ་མེད་པ་ཞེས་བྱའོ། །འདོད་ཆགས་དང་བྲལ་བ་ཞེས་བྱའོ། །རྟོགས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་ཁེབས་པ་དང་ལྡན་པ་ན། སྡེའི་དབང་པོ་ཞེས་བྱའོ། །གྱེན་དུ་འགྲོ་བ་ཞེས་བྱའོ། །འབྱུང་བ་ཞེས་བྱའོ། །སྦྱོར་བ་དང་ལྡན་པ་ཞེས་བྱའོ། །ལྟ་བ་མཉམ་པ་ཞེས་བྱའོ། །མཐའ་ལས་གྲོལ་བ་ཞེས་བྱའོ། །རྟོགས་པར་བྱེད་པ་ཞེས་བྱའོ། །རྗེས་སུ་བརྟུལ་བ་ཞེས་བྱའོ། །མྱིག་དམ་པ་ཞེས་བྱའོ། །ཕྱོགས་སུ་སྣང་བ་ཞེས་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཁེབས་པ་དང་ལྡན་པ་ན་འཕགས་པའི་བདེན་པ་རྣམས་ཀྱི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་ལྷག་པ་ན་འཇིག་པ་ཞེས་བྱའོ། །སྐལ་བ་གཅོད་པ་ཞེས་བྱའོ། །སྨད་པའི་གནས་ཞེས་བྱའོ། །ཉེ་བར་བསྲབས་པ་ཞེས་བྱའོ། །རྣམ་པར་སྲེད་པ་ཞེས་བྱའོ། །ཁོན་དུ་འགྱུར་བ་ཞེས་བྱའོ། །ནད་དང་མ་བྲལ་བ་ཞེས་བྱའོ། །རྒྱུད་འཁྲུགས་པ་ཞེས་བྱའོ། །དཀའ་བར་བསྒྲུབས་པ་ཞེས་བྱའོ། །རབ་ཏུ་བརྟགས་པ་ཞེས་བྱའོ། །མོས་པ་དང་ལྡན་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་ལྷག་པ་ན་རབ་ཏུ་འཇིགས་པ་ཞེས་བྱའོ། །གཏི་མུག་གི་རྩ་བ་ཞེས་བྱའོ། །དགྲ་དམ་པ་ཞེས་བྱའོ། །བཀྲེས་པའི་ཡན་ལག་ཅེས་བྱའོ། །རོ་མེད་པ་ཞེས་བྱའོ། །ཀུན་སྐྱེས་པ་ཞེས་བྱའོ། །རང་བཞིན་མ་ཡིན་པ་ཞེས་བྱའོ། །བཀུར་བར་བྱ་བ་


DKG035_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །མུན་པར་ཁྱེར་བ་ཞེས་བྱའོ། །བློ་གྲོས་བཅོམ་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་། འཇིག་རྟེན་གྱི་ཁམས་ལྷག་པ་ན་དོན་ཆེན་པོ་ཞེས་བྱའོ། །ཕན་པའི་ཡན་ལག་ཅེས་བྱའོ། །དོན་གྱི་དོན་ཅེས་བྱའོ། །ཚད་མེད་པ་ཞེས་བྱའོ། །མཐོང་བ་ཞེས་བྱའོ། །རྟོག་པ་མེད་པ་ཞེས་བྱའོ། །མཆོག་ཏུ་དུལ་བ་ཞེས་བྱའོ། །རྟག་ཏུ་མཉམ་པ་ཞེས་བྱའོ། །གནས་པར་བྱེད་པ་ཞེས་བྱའོ། །ཡན་ལག་བྱས་པ་མེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་ལྷག་པ་ན་མེའི་ཚ་བ་ཞེས་བྱའོ། །ཡན་ལག་དང་པོ་ཞེས་བྱའོ། །རྣམ་པར་གདོན་མྱི་ཟ་བ་ཞེས་བྱའོ། །མི་འཕྲོགས་པ་ཞེས་བྱའོ། །ཚུལ་ཟབ་མོ་ཞེས་བྱའོ། །འབྱུང་བ་ཞེས་བྱའོ། །མི་དམའ་བ་ཞེས་བྱའོ། །རྟོགས་པ་ཁོང་དུ་ཆུད་པ་ཞེས་བྱའོ། །གྲོལ་བའི་རང་བཞིན་ཞེས་བྱའོ། །རབ་ཏུ་འགྲེལ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ལྷག་པ་ན་འཕགས་པའི་བདེན་པ་རྣམས་ཀྱི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཅི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་རྡུལ་བསྩལ་བ་ན་འགྱོད་པ་ཞེས་བྱའོ། །ཀུན་སྤྱོད་པ་ཞེས་བྱའོ། །གཅིག་ལ་གཅིག་ཅེས་བྱའོ། །ཀུན་ཏུ་འགྲོ་བ་ཞེས་བྱའོ། །རོ་གཅིག་པ་ཞེས་བྱའོ། །ཆོས་མ་ཡིན་པ་ཞེས་བྱའོ། །ཀུན་གཞི་དང་མངོན་སུམ་ཞེས་བྱའོ། །ལོག་པ་ལ་གཞོལ་བ་ཞེས་བྱའོ། །ལོག་པར་ལྟ་བ་ཞེས་བྱའོ། །གྲངས་མེད་པ་ཞེས་བྱའོ། །དགྲའི་དཔུང་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་། འཇིག་རྟེན་གྱི་ཁམས་


DKG035_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་བསྩལ་བ་ན་འདོད་ཆགས་པ་ཞེས་བྱའོ། །སྨྲ་བ་ཞེས་བྱའོ། །མི་དཀར་བ་ཞེས་བྱའོ། །གཞི་ལས་སྐྱེས་པ་ཞེས་བྱའོ། །གཟུང་བ་ཞེས་བྱའོ། །སྡིག་པའི་ཁ་བ་ཞེས་བྱའོ། །ལྷག་པ་ཞེས་བྱའོ། །ཁུར་ཞེས་བྱའོ། །སྐྱེད་པ་ཞེས་བྱའོ། །སྲ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་རྡུལ་མེད་པ་ན་མི་མཉམ་པ་ཞེས་བྱའོ། །བྲལ་བ་ཞེས་བྱའོ། །དྲི་མ་མེད་པ་ཞེས་བྱའོ། །རྩ་བ་དང་བྲལ་བ་ཞེས་བྱའོ། །ལྡན་པ་ཞེས་བྱའོ། །བསྒྲིམས་པ་མེད་པ་ཞེས་བྱའོ། །བག་ལ་ཉལ་བ་མྱེད་པ་ཞེས་བྱའོ། །འཕགས་པ་ཞེས་བྱའོ། །ཕྱི་མ་ཞེས་བྱའོ། །དགྲ་བཅོམ་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ་ཡང་འཇིག་རྟེན་གྱི་ཁམས་རྡུལ་བསྩལ་བ་ན་དངོས་པོའི་སྙིང་པོ་ཞེས་བྱའོ། །སྐལ་བ་སྦྱོར་བ་ཞེས་བྱའོ། །གྲོལ་བའི་དོན་གྱི་རྩ་བ་ཞེས་བྱའོ། །རང་བཞིན་དུ་གྱུར་པ་ཞེས་བྱའོ། །མི་སྨད་པ་ཞེས་བྱའོ། །མཆོག་ཏུ་རྣམ་པར་དག་པ་ཞེས་བྱའོ། །སྲིད་པའི་མཐའ་ཞེས་བྱའོ། །སྦ་བའི་སྙིང་པོ་ཞེས་བྱའོ། །མཐར་ཐུག་པར་བྱེད་པ་ཞེས་བྱའོ། །ཡོངས་སུ་རྟོགས་པ་དག་པ་ཞེས་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྡུལ་བསལ་བ་ན་འཕགས་པའི་བདེན་པ་རྣམས་ཀྱི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་བྱུང་བ་ན་འདོད་ཆགས་ཀྱིས་རྒྱས་པ་ཞེས་བྱའོ། །གཏུམ་པའི་རྩ་བ་ཞེས་བྱའོ། །རྒྱ་མཚོའི་ཡན་ལག་ཅེས་བྱའོ། །ཡང་དག་པ་ལས་འདས་པའི་སྦྱོར་བ་ཞེས་བྱའོ། །སྐལ་བ་མེད་པའི་རྩ་བ་ཞེས་བྱའོ། །འཕྲོ་བ་ཞེས་བྱའོ། །སྐྱེ་ཞིང་འཇིག་པ་ཞེས་བྱའོ། །སྒྲིབ་པ་ཞེས་བྱའོ། །


DKG035_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲིའི་དངོ་ཞེས་བྱའོ། །ཚལ་སྟུག་པོ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་རྣམ་པར་བྱུང་བ་ན་ནོར་བུ་སྦྱིན་པ་ཞེས་བྱའོ། །འདུད་པར་བྱེད་པ་ཞེས་བྱའོ། །མི་ཟད་པ་ཞེས་བྱའོ། །བསྐལ་བ་ཞེས་བྱའོ། །ཆགས་པ་མེད་པ་ཞེས་བྱའོ། །སེང་གེ་ཞེས་བྱའོ། །དངོས་པོ་ལེན་པ་ཞེས་བྱའོ། །འབྲེལ་བ་ཞེས་བྱའོ། །སྣོད་ཅེས་བྱའོ། །གཡོ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་རྣམ་པར་བྱུང་བ་ན་མཚམས་བྲལ་བ་ཞེས་བྱའོ། །ཕྱེ་བ་ཞེས་བྱའོ། །ཡི་གེ་མེད་པ་ཞེས་བྱའོ། །སྦྱོར་བ་མེད་པ་ཞེས་བྱའོ། །མཐོང་བ་མེད་པ་ཞེས་བྱའོ། །བྱ་བ་མེད་པ་ཞེས་བྱའོ། །ཉེ་བར་བསྒྲུབས་པ་ཞེས་བྱའོ། །སྲེད་པ་ཞེས་བྱའོ། ། གཞོལ་བ་ཞེས་བྱའོ། །སྐྱིད་དེ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་བྱུང་བ་ན་ཞི་བར་བྱེད་པ་བརྗོད་པ་ཞེས་བྱའོ། །ཁྱབ་པར་འགྲོ་བ་ཞེས་བྱའོ། །མངོན་དུ་བྱ་བ་ལ་སྦྱོར་བ་ཞེས་བྱའོ། །བདེ་བར་འགྲོ་བ་ཞེས་བྱའོ། །ཚེ་ཚད་མེད་པ་ཞེས་བྱའོ། །ཤིན་ཏུ་བསྒོམས་པས་མཐར་ཕྱིན་པ་ཞེས་བྱའོ། །ལམ་གྱི་དམ་པ་ཞེས་བྱའོ། །ཐོབ་པར་དཀའ་བའི་ཡན་ལག་ཅེས་བྱའོ། །ཕ་རོལ་གྱི་མཚམས་ཞེས་བྱའོ། །བརྒལ་དཀའ་བ་ཞེས་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྣམ་པར་བྱུང་བ་ན་འཕགས་པའི་བདེན་པ་རྣམས་ཀྱི་མྱིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་། འཇིག་རྟེན་གྱི་ཁམས་འཕོ་བར་བྱེད་པ་ན་འཕྲོག་པར་བྱེད་པ་ཞེས་བྱའོ། །སྨོན་པའི་བཤེས་


DKG035_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་ཞེས་བྱའོ། །མི་བརྟན་ཞིང་འཇིག་པ་ཞེས་བྱའོ། །བརྗོད་པ་སྣ་ཚོགས་ཤེས་བྱའོ། །ཉམ་ང་བས་འཚོ་བ་ཞེས་བྱའོ། །དོན་འདུལ་བ་ཞེས་བྱའོ། །ཁུར་འདོར་བ་ཞེས་བྱའོ། །རྩ་བ་ཟབ་པ་ཞེས་བྱའོ། །དེ་བཞིན་སེམས་པ་ཞེས་བྱའོ། །ནམ་མཁའི་རྩ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་འཕོ་བར་བྱེད་པ་ན་སྲེད་པར་བྱེད་པ་ཞེས་བྱའོ། །ཤིན་ཏུ་སྦྱོར་བ་ཞེས་བྱའོ། །ཉེས་པའི་སྐྱོན་ཅན་དུ་གྱུར་པ་ཞེས་བྱའོ། །རླབས་ཤེས་བྱའོ། །འཛིན་པ་ཞེས་བྱའོ། །འདུ་ཤེས་ཅན་ཞེས་བྱའོ། །འབྲས་བུ་ལ་གནས་པ་ཞེས་བྱའོ། །བརྗོད་དུ་མི་རུང་བ་ཞེས་བྱའོ། །ཐ་དད་པ་མེད་པ་ཞེས་བྱའོ། །རབ་ཏུ་འཇུག་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་འཕོ་བར་བྱེད་པ་ན་བཟློག་པ་ཞེས་བྱའོ། །སྨྲ་བ་དང་བྲལ་བ་ཞེས་བྱའོ། །སྒྲུབ་པ་ཞེས་བྱའོ། །དགའ་བ་ཞེས་བྱའོ། །འཇིགས་པ་བསྩལ་བ་ཞེས་བྱའོ། །ཤིན་ཏུ་བྱུང་བ་ཞེས་བྱའོ། །གཏི་མུག་མེད་པ་ཞེས་བྱའོ། །ནུབ་པ་ཞེས་བྱའོ། །འཕགས་པ་ཞེས་བྱའོ། །སེལ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ཡང་འཇིག་རྟེན་གྱི་ཁམས་འཕོ་བར་བྱེད་པ་ན་བརྗོད་དུ་མེད་པ་ཞེས་བྱའོ། །ཚུལ་ཉམས་པ་མེད་པ་ཞེས་བྱའོ། །རྣམ་པར་རིག་པའི་ལམ་ཞེས་བྱའོ། །བསྔོ་བ་དགེ་བ་ཞེས་བྱའོ། །རྒྱ་ཆེན་པོ་ལ་མཁས་པ་ཞེས་བྱའོ། །རྣམ་པར་ཕྱེ་བའི་ཚུལ་ཞེས་བྱའོ། །ནམ་མཁའི་རང་བཞིན་ཞེས་བྱའོ། །ཟིལ་པར་གྱུར་པ་ཞེས་བྱའོ། །ཡེ་ཤེས་ཀྱི་བདག་པོ་ཞེས་བྱའོ། །དོན་ཡོངས་སུ་ཤེས་པ་ཞེས་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་འཕོ་བར་བྱེད་པ་ན་འཕགས་པའི་བདེན་པ་རྣམས་ཀྱི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་


DKG035_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན། སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ་འང་འཇིག་རྟེན་གྱི་ཁམས་ཕན་པ་ན་ཁུར་ཙ་བའི་ཁུར་ཞེས་བྱའོ། །སྙིང་པོ་མེད་པ་ཞེས་བྱའོ། །རྐུན་པོ་ལྟ་བུ་ཞེས་བྱའོ། །རྒ་ཤི་ཞེས་བྱའོ། །ཆགས་པའི་རང་བཞིན་ཞེས་བྱའོ། །ཤིན་ཏུ་མཆེད་པ་ཞེས་བྱའོ། །ངལ་བར་བྱེད་པ་ཞེས་བྱའོ། །ངོམ་ཟུང་གནག་པ་ཞེས་བྱའོ། །ཀུན་ཏུ་འཕེལ་བ་ཞེས་བྱའོ། །རལ་གྲི་དང་འདྲ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་། འཇིག་རྟེན་གྱི་ཁམས་ཕན་པ་ན་འཇིག་པ་ཞེས་བྱའོ། །འཁྲུགས་པ་ཞེས་བྱའོ། །བསྐྱོད་པ་ཞེས་བྱའོ། །ཉམ་ཆུང་བ་ཞེས་བྱའོ། །འཕྲོག་པ་ཞེས་བྱའོ། །བྲལ་བ་ཞེས་བྱའོ། །མི་ལྡན་པ་ཞེས་བྱའོ། །ཐབ་མོར་གྱུར་པ་ཞེས་བྱའོ། །རྩོད་པར་གྱུར་པ་ཞེས་བྱའོ། །གནས་སུ་གྱུར་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་། འཇིག་རྟེན་གྱི་ཁམས་ཕན་པ་ན་ཀུན་སྤྱོད་པ་ཞེས་བྱའོ། །ཡང་དག་པ་ཞེས་བྱའོ། །ཞུམ་པ་མེད་པ་ཞེས་བྱའོ། །ཡན་ལག་གཡོགས་པ་ཞེས་བྱའོ། །སྨད་པ་སྤངས་པ་ཞེས་བྱའོ། །རྗེས་སུ་མཐུན་པ་ཞེས་བྱའོ། །གཞིར་འགྲོ་བ་ཞེས་བྱའོ། །ཡན་ལག་སྤངས་པ་ཞེས་བྱའོ། །ཐ་དད་པ་མེད་པ་ཞེས་བྱའོ། །གླག་མེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་ཕན་པ་ན་སྣང་བ་བརྗོད་པ་ཞེས་བྱའོ། །ཐམས་ཅད་ཀྱི་རྒྱ་ཞེས་བྱའོ། །བསམ་གཏན་གྱི་གཏེར་ཞེས་བྱའོ། །སྣང་བ་ཡོད་པ་ཞེས་བྱའོ། །ཕྱིར་མི་ལྡོག་པའི་ཆོས་ཅན་ཞེས་བྱའོ། །དངོས་པོ་ཟད་པ་ཞེས་བྱའོ། །ལམ་ཡངས་པ་ཞེས་བྱའོ། །དུལ་བའི་རང་བཞིན་ཞེས་བྱའོ། །དགེ་བ་ཡོད་པ་ཞེས་བྱའོ། །རྩ་བ་རྒྱུ་བ་མེད་པ་ཞེས་བྱ་སྟེ། ཀྱེ་རྒྱལ་བའི་


DKG035_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཕན་པ་ན་འཕགས་པའི་བདེན་པ་རྣམས་ཀྱི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྲོ་བ་ན་བསམ་པ་ཐིབས་པོ་ཞེས་བྱའོ། །གནས་སྣ་ཚོགས་སུ་བཀྲམ་པ་ཞེས་བྱའོ། །སྐྱེ་གནས་སུ་སྐྱེས་པ་ཞེས་བྱའོ། །རིམ་པས་འདུག་པ་ཞེས་བྱའོ། །ངོ་ཚ་མེད་པ་ཞེས་བྱའོ། །ཤེས་པར་བྱ་བའི་རྩ་བ་ཞེས་བྱའོ། །འགའ་འགའི་རོ་ཞེས་བྱའོ། །རྩེག་པ་ཞེས་བྱའོ། །རྟག་ཏུ་འཇིག་པ་ཞེས་བྱའོ། །འགལ་མྱེའི་རང་བཞིན་ཞེས་བྱའོ། །རྩ་བའི་སྒོ་ཞེས་བྱའོ། ། ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྲོ་བ་ན་ཤིན་ཏུ་གཡོ་བ་ཞེས་བྱའོ། །རིག་པ་མེད་པ་ཞེས་བྱའོ། །བློ་གྲོས་དང་རིང་བ་ཞེས་བྱའོ། །འཕོངས་པར་འགྱུར་བ་ཞེས་བྱའོ། །འཇིགས་པ་ཞེས་བྱའོ། །ཀུན་ཏུ་འདྲེན་པ་ཞེས་བྱའོ། །ཉེ་བར་བསྒྲུབ་པ་ཞེས་བྱའོ། །རྟེན་དུ་གྱུར་པ་ཞེས་བྱའོ། །དངོས་པོའི་བདག་པོ་ཞེས་བྱའོ། །མཚམས་སྦྱོར་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྲོ་བ་ན་ངོམས་པ་ཞེས་བྱའོ། །བདུད་རྩི་ཞེས་བྱའོ། །རྒྱུ་བ་མེད་པ་ཞེས་བྱའོ། །རང་གི་མེད་པ་ཞེས་བྱའོ། །རྟོག་པ་བྱང་བ་ཞེས་བྱའོ། །ཡང་དག་པར་གཞོག་པ་ཞེས་བྱའོ། །རྒྱུ་བ་དང་བྲལ་བ་ཞེས་བྱའོ། །མཆེད་པ་མེད་པ་ཞེས་བྱའོ། །ལམ་མེད་པ་ཞེས་བྱའོ། །མི་གཉིས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྲོ་བ་ན་སྣང་བར་བྱེད་པ་ཞེས་བྱའོ། །བསྟན་པ་རྒྱ་མཚོ་ཞེས་བྱའོ། །དོན་རྣམ་པར་གདོན་མི་ཟ་བ་ཞེས་བྱའོ། །ཆོས་དང་ཕྲད་པ་ཞེས་བྱའོ། །འཁོར་བ་མེད་པ་ཞེས་


DKG035_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འབྲེལ་བ་མེད་པ་ཞེས་བྱའོ། །ལམ་རྒྱ་ཆེན་པོ་ཞེས་བྱའོ། །ཡང་དག་པར་ཕྱིན་པར་འགྲོ་བ་ཞེས་བྱའོ། །སྦྱོར་བ་དག་པ་ཞེས་བྱའོ། །མཐོང་བའི་བདག་པོ་ཞེས་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སྩོགས་པ་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྲོ་བ་ན་འཕགས་པའི་བདེན་པ་རྣམས་ཀྱི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་ཡོངས་སུ་དགའ་བ་ན་སྐྱེ་བར་བྱེད་པ་ཞེས་བྱའོ། །རྣམ་པར་བསྒྲུབས་པ་ཞེས་བྱའོ། །ཆགས་ཤིང་ཞེན་པ་ཞེས་བྱའོ། །ཁུར་ཁྱེར་བ་ཞེས་བྱའོ། ། མི་སྡུག་པའི་རྣམ་པ་ཞེས་བྱའོ། །ནད་ཐིབས་པོ་ཞེས་བྱའོ། །སྡིག་པ་བྱེད་པ་ཞེས་བྱའོ། །སྡུག་བསྔལ་བར་བྱེད་པའི་རང་བཞིན་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་ཡོངས་སུ་དགའ་བ་ན་གཞིར་གྱུར་པ་ཞེས་བྱའོ། །སྦྱོར་བ་དང་ལྡན་པ་ཞེས་བྱའོ། །ཚོད་ལས་འདས་པ་ཞེས་བྱའོ། །ཆོས་འཕེལ་བ་ཞེས་བྱའོ། །རྟོགས་པ་མེད་པ་ཞེས་བྱའོ། །སྡུད་པ་མེད་པ་ཞེས་བྱའོ། །སྡུད་པར་བྱེད་པ་ཞེས་བྱའོ། །ལང་དུ་རེད་པ་ཞེས་བྱའོ། །ཆོས་ཀྱི་གཞི་ཞེས་བྱའོ། །ལྟ་བ་ཆུང་བ་ཞེས་བྱའོ། །མཐོང་བ་ཆུང་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ་ཡང་འཇིག་རྟེན་གྱི་ཁམས་ཡོངས་སུ་དགའ་བ་ན། གནས་ཞིག་པ་ཞེས་བྱའོ། །རྨོངས་པ་མེད་པ་ཞེས་བྱའོ། །ཡང་དག་པ་ཞེས་བྱའོ། །དེས་ཤིན་ཏུ་རྟོགས་པ་ཞེས་བྱའོ། །དགེ་བར་བྱེད་པ་ཞེས་བྱའོ། །སྐྱོན་མེད་པ་ཞེས་བྱའོ། །འཁོར་བ་མེད་པ་ཞེས་བྱའོ། །མཚན་ཉིད་མེད་པ་ཞེས་བྱའོ། །བདག་ཉིད་རྟོགས་པ་ཞེས་བྱའོ། །མ་སྐྱེས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་


DKG035_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་ཞེས་བྱ་བ་དེ་ལ་ཡང་འཇིག་རྟེན་གྱི་ཁམས་ཡོངས་སུ་དགའ་བ་ན་ས་མཚམས་ཉེ་བར་གྱུར་པ་ཞེས་བྱའོ། །སེལ་བ་དང་འགྲོགས་པ་ཞེས་བྱའོ། །སྐལ་བ་མི་མཉམ་པའི་དོན་ཅན་ཞེས་བྱའོ། །རང་བཞིན་ཡངས་པ་ཞེས་བྱའོ། །ཡོངས་སུ་རྟོག་པ་ཟད་པ་ཞེས་བྱའོ། །བྱིན་གྱི་རླབས་ཀྱི་ལམ་ཞེས་བྱའོ། །ཚོགས་ཀྱི་ཚུལ་ཞེས་བྱའོ། །དྲན་པ་དང་བྲལ་བ་ཞེས་བྱའོ། །རྟག་པའི་ལམ་ཞེས་བྱའོ། །གྲོལ་བ་བསྒྲུབ་པ་ཞེས་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཡོངས་སུ་དགའ་བ་ན་འཕགས་པའི་བདེན་པ་རྣམས་ཀྱི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་མི་ཆེ་བ་ན། འཚོག་པ་ཞེས་བྱའོ། །རྫ་མ་ལྟ་བུ་ཞེས་བྱའོ། །ནད་དང་མཉམ་པ་ཞེས་བྱའོ། །ལུས་ལ་ཡོད་པ་ཞེས་བྱའོ། །རབ་ཏུ་འཕེལ་བ་ཞེས་བྱའོ། །སྩོགས་པའི་སྒོ་ཞེས་བྱའོ། །སྡུག་བསྔལ་གྱི་སྐྱོན་ཅན་ཞེས་བྱའོ། །རྟག་པར་བྱ་བ་ཞེས་བྱའོ། །རང་ལ་གཞོག་པ་མེད་པ་ཞེས་བྱའོ། །འགྲོ་ཞིང་འོང་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ་ཡང་འཇིག་རྟེན་གྱི་ཁམས་མི་ཆེ་བ་ན་འཚེ་བ་ཞེས་བྱའོ། །མདུད་པར་འཛིན་པ་ཞེས་བྱའོ། །རབ་ཏུ་སྦྱོར་བ་ཞེས་བྱའོ། །ཚོར་བའི་ཡན་ལག་ཅེས་བྱའོ། །ཨ་ན་སེམས་པ་ཞེས་བྱའོ། །རབ་རབ་བྱེད་པ་ཞེས་བྱའོ། །འདུད་པར་བྱེད་པ་ཞེས་བྱའོ། །རྣམ་པར་བྲལ་བ་ཞེས་བྱའོ། །ཤིན་ཏུ་གདུང་བ་ཞེས་བྱའོ། །ཀྱེ་ཧུད་ན་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ། འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ་ཡང་འཇིག་རྟེན་གྱི་ཁམས་མི་ཆེ་བ་ན་སྩོགས་པ་མེད་པ་ཞེས་བྱའོ། །གཡོ་བ་མེད་པ་ཞེས་བྱའོ། །སྐྱོན་མེད་པ་ཞེས་བྱའོ། །མ་ཉམས་པ་ཞེས་བྱའོ། །འགྲོགས་པ་


DKG035_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞེས་བྱའོ། །ཚད་མེད་པ་ཞེས་བྱའོ། །ཡངས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཡན་ལག་ཞེས་བྱའོ། །འདོད་ཆགས་དང་བྲལ་བ་ཞེས་བྱའོ། །མ་ཆགས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ་ཡང་འཇིག་རྟེན་གྱི་ཁམས་མི་ཆེ་བ་ན་བརྟན་པའི་སྤྱོད་ཡུལ་ཞེས་བྱའོ། །འདོད་ཆགས་དང་བྲལ་བའི་ས་མཚམས་ཞེས་བྱའོ། །བདེན་པ་ལ་ཐུག་པ་ཞེས་བྱའོ། ། དོན་རབ་ཏུ་ཆུད་པ་ཞེས་བྱའོ། །རང་བཞིན་ལ་གཏུགས་པ་ཞེས་བྱའོ། །ལྟ་བ་ཡོངས་སུ་དག་པ་ཞེས་བྱའོ། །དྲན་པས་བསྒྲུབས་པ་ཞེས་བྱའོ། །གྲོལ་བ་སྡུད་པ་ཞེས་བྱའོ། །སྐྱོབས་པའི་ས་མཚམས་ཞེས་བྱའོ། །འཁྲུག་པ་མེད་པར་འགྲོ་བ་ཞེས་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་མི་ཆེ་བ་ན་འཕགས་པའི་བདེན་པ་རྣམས་ལ་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ་ཡང་འཇིག་རྟེན་གྱི་ཁམས་དབྱངས་སྒྲོག་པ་ན་བསམ་པ་ནུབ་པ་ཞེས་བྱའོ། །ཤིན་ཏུ་འགྲོ་བ་ཞེས་བྱའོ། །ཡན་ལག་གནས་པ་ཞེས་བྱའོ། །གཡོ་སྒྱུ་ཆེ་བ་ཞེས་བྱའོ། །འབྲེལ་པ་ཞེས་བྱའོ། །འདོད་པ་འབྱུང་བ་ཞེས་བྱའོ། །མྱིང་དུ་མི་རུང་བ་ཞེས་བྱའོ། །སྐྱེ་གནས་མ་རུང་བ་ཞེས་བྱའོ། །ཉེ་བར་འགྲོ་བ་ཞེས་བྱའོ། །དངོ་སྐམ་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལ། ཡང་འཇིག་རྟེན་གྱི་ཁམས་དབྱངས་སྒྲོག་པ་ན་གདུལ་བའི་གཞི་ཞེས་བྱའོ། །སེམས་ཀྱི་ཚུལ་ཞེས་བྱའོ། །བཅིངས་པ་དང་ལྡན་པ་ཞེས་བྱའོ། །རྗེས་སུ་དྲན་པ་ཞེས་བྱའོ། །ངེས་པར་རྟོགས་པ་མ་ཡིན་པ་ཞེས་བྱའོ། །རྣལ་འབྱོར་དང་མི་མཐུན་པ་ཞེས་བྱའོ། །བརྟག་པར་བྱ་བ་ཞེས་བྱའོ། །སྒོ་ཞེས་བྱའོ། །རྟོག་པར་


DKG035_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཞེས་བྱའོ། །བསྒྲིབས་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་དབྱངས་སྒྲོག་པ་ན་གནས་མེད་པ་ཞེས་བྱའོ། །སྦྱིན་བསྲེག་གི་དམ་པ་ཞེས་བྱའོ། །ཕྱིར་ལོག་པ་ཞེས་བྱའོ། །མྱ་ངན་དང་བྲལ་བ་ཞེས་བྱའོ། །ཀུན་ཏུ་སོང་བ་ཞེས་བྱའོ། །ཆེན་པོ་ཞེས་བྱའོ། ། དུ་བ་མེད་པ་ཞེས་བྱའོ། །མི་ཟད་པ་ཞེས་བྱའོ། །ཡངས་པ་ཞེས་བྱའོ། །ཤིན་ཏུ་མཆོད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་གང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་དེ་ལའང་འཇིག་རྟེན་གྱི་ཁམས་དབྱངས་སྒྲོག་པ་ན། མཐོང་བས་མཐོང་བ་ཞེས་བྱའོ། །སྤང་བའི་དོན་ཅེས་བྱའོ། །རྣམ་པར་བསྒོམ་པའི་རྒྱ་ཞེས་བྱའོ། །མཚན་ཉིད་ལ་འཇུག་པ་ཞེས་བྱའོ། །རྙེད་པར་དཀའ་བ་ཞེས་བྱའོ། །དེ་མ་ཐག་པའི་དོན་ཅེས་བྱའོ། །མཁས་པས་བརྟག་པ་ཞེས་བྱའོ། །འགྲོགས་པའི་དོན་ཅེས་བྱའོ། །མི་གཡོ་བ་ལ་མངོན་དུ་གྱུར་པ་ཞེས་བྱའོ། །ཁྱད་པར་གྱི་དོན་ཅེས་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་དེ་དག་ལ་སོགས་པ་འཇིག་རྟེན་གྱི་ཁམས་དབྱངས་སྒྲོག་པ་ན་འཕགས་པའི་བདེན་པ་རྣམས་ཀྱི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀྱེ་རྒྱལ་བའི་སྲས་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་ཇི་ལྟར་འཕགས་པའི་བདེན་པ་རྣམས་ཡོངས་སུ་བསྟན་པ་ཡོད་པ་དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྟོང་ཚད་མེད་པ་དཔག་ཏུ་མེད་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ། ཀུན་ཏུ་མཐའ་ཡས་པ་མུ་མེད་པ་ས་མཚམས་མེད་པ། བརྗོད་དུ་མེད་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་དག་ན་ཡང་འཕགས་པའི་བདེན་པ་རྣམས་ཡོངས་སུ་བསྟན་པ་ཡོད་དོ། །འཇིག་རྟེན་གྱི་ཁམས་རེ་རེ་ན་ཡང་འཕགས་པའི་བདེན་པ་རྣམས་


DKG035_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་བཞི་བཅུ་ཡོད་དེ་དེ་དག་གིས་སེམས་ཅན་རྣམས་བསམ་པ་ཅི་ལྟ་བ་བཞིན་དུ་འདུལ་ལོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཇི་ལྟ་བ་དེ་བཞིན་དུ། ལྷོ་ཕྱོགས་དང་། དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་དང་དེ་བཞིན་དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ། ཀུན་ཏུ་མཐའ་ཡས་པ་མུ་མེད་པ་ས་མཚམས་མེད་པ་གཞལ་དུ་མེད་པ་བརྗོད་དུ་མེད་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པ་དག་ན་ཡང་། འཕགས་པའི་བདེན་པ་ཡོངས་སུ་བསྟན་པ་ཡོད་དོ། །འཇིག་རྟེན་གྱི་ཁམས་རེ་རེ་ན་ཡང་འཕགས་པའི་བདེན་པ་རྣམས་ཀྱི་མྱིང་བྱེ་བ་བརྒྱ་སྟོང་ཕྲག་བཞི་བཅུ་བཞི་བཅུ་ཡོད་དེ་དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །འཇིག་རྟེན་གྱི་ཁམས་གཅིག་ན་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཤར་ཕྱོགས་ནས་སྟེང་གི་ཕྱོགས་ཤེས་བྱ་བ་ནས། ཕྱོགས་བཅུ་མ་ལུས་པའི་འཇིག་རྟེན་གྱི་ཁམས་ཀྱི་བར་དག་ལ་ཡང་འཕགས་པའི་བདེན་པ་རྣམས་ཡོངས་སུ་བསྟན་པ་ཡོད་དོ། །འཇིག་རྟེན་གྱི་ཁམས་རེ་རེ་ན་ཡང་སྡུག་བསྔལ་འཕགས་པའི་བདེན་པའི་མིང་བྱེ་བ་བརྒྱ་སྟོང་ཕྲག་བཅུ་བཅུ་ཡོད་དེ། དེ་དག་གིས་སེམས་ཅན་རྣམས་བསམ་པ་ཇི་ལྟ་བ་བཞིན་དུ་འདུལ་ལོ། །ཀུན་འབྱུང་བའི་བདེན་པའི་མིང་དང་། འགོག་པའི་བདེན་པའི་མིང་དང་། ལམ་གྱི་བདེན་པའི་མིང་དག་ཀྱང་དེ་བཞིན་ནོ། །འཕགས་པའི་བདེན་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།


previousབཅུ་གསུམ་པ། འཕགས་པའི་བདེན་པའི་ལེའུ། next