Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་གཉིས་པ། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོའི་དཔེ་ཡང་དག་པར་བསགས་པ་ཚིགས་སུ་བཅད་པའི་ལེའུ།
   
   
   
   
   
   
   
   


 
previousཉི་ཤུ་རྩ་གཉིས་པ། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོའི་དཔེ་ཡང་དག་པར་བསགས་པ་ཚིགས་སུ་བཅད་པའི་ལེའུ། next

ཉི་ཤུ་རྩ་གཉིས་པ། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོའི་དཔེ་ཡང་དག་པར་བསགས་པ་ཚིགས་སུ་བཅད་པའི་ལེའུ།


DKG035_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་དང་ལྡན་ན། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔར་འགྱུར། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་གནས་འདི་ནི་ཡིད་ཆེས་པར་ཤིན་ཏུ་དཀའ་སྟེ། ཤེས་པར་དཀའ་བརྟག་པར་དཀའ། མངོན་པར་དད་པར་དཀའ་ཤིན་ཏུ་རྟོགས་པར་དཀའ། ཀུན་ནས་བསྒྲུབ་པར་དཀའ། ཡང་དག་པར་སྤྱད་པར་དཀའ། བརྗོད་པར་དཀའ། བསྐྱེད་པར་དཀའ། བརྒལ་བར་དཀའ། ཁོང་དུ་ཆུད་པར་དཀའ་འོན་ཀྱང་ཅི་ཚུལ་དུ་སངས་རྒྱས་ཀྱི་མཐུས་བཤད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། གང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་དེ་དག་ལ་ལ་ཞིག་གིས་བསྐལ་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། བསླབ་པའི་ཚིག་ལྔ་པོ་དག་ཀྱང་འཛིན་དུ་བཙུད་པར་གྱུར་ལ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་ཀྱི་ཕྱོགས་མཚམས་དང་།


DKG035_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་དང་། དེ་བཞིན་དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱང་། བསྐལ་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། བསླབ་པའི་ཚིག་ལྔ་པོ་དག་ཀྱང་འཛིན་དུ་བཙུད་ན། རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བསོད་ནམས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མ་གཏོགས་པར་གཞན་གྱིས་ཤེས་པར་མི་ནུས་སོ། །སྨྲས་པ་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ལ་ནི། དེ་དག་གི་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱའི་ཆ་དང་། བྱེ་བ་ཁྲག་ཁྲིག་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། གྲངས་དང་ཆ་དང་བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །ཀྱེ་རྒྱལ་བའི་སྲས་དཔེ་སྔ་མ་དེ་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག །བསྐལ་པ་བརྒྱར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་ཡང་དག་པར་སྦྱར་བར་གྱུར་ལ། གཞུང་དེ་བཞིན་དུ་བསྐལ་པ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བརྒྱ་ཕྲག་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། ཚངས་པའི་རྣམ་པར་སྤྱོད་པ་བཞི་ལ་རབ་ཏུ་བཀོད་པ་དང་།


DKG035_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བྱེ་བར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པར་གྱུར་པ་དང་། བསྐལ་པ་བྱེ་བར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། དགྲ་བཅོམ་པ་ལ་རབ་ཏུ་བཀོད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཏེ། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་གཞག་པར་གྱུར་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་གང་འདི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཤིང་། བསླབ་པའི་ཚིག་ལྔ་ལ་གཞག་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྦྱར་བ་དང་། བསམ་གཏན་བཞི་ལ་རབ་ཏུ་


DKG035_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པ་དང་། ཚངས་པའི་རྣམ་པར་སྤྱོད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་དགོད་པ་དེ་ཙམ་གྱིས་ནི་སངས་རྒྱས་སུ་མི་འགྱུར་ཏེ། དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་རིགས་རྒྱུན་མི་གཅད་པའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ཁྱབ་པར་བྱ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཡང་དག་པར་བསྒྲལ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འདུ་བ་དང་། འཇིག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། སྦྱོར་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སེམས་སྐྱེའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དེ་ནི་འདི་ལྟར་སངས་རྒྱས་ཐམས་ཅད་དང་། ཡུལ་མཉམ་པ་ཉིད་དུ་བྱ་བའི་ཕྱིར་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་དཔེ་སྔ་མ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་བྱུང་སྟེ། དེ་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་


DKG035_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདའ་ལ་སེམས་བསྐྱེད་པ་དེ་དང་འདྲ་བས། ཤར་ཕྱོགས་སུ་བསྐལ་པ་གྲངས་མེད་པ་ཟད་ཟད་དུ་འདས་པར་བྱས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཟད་པར་མ་རུང་ནས། དེའི་འོག་ཏུ་སྐྱེས་བུ་གཉིས་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་དེས་བསྐལ་པ་གྲངས་མེད་པ་འདས་པ་སྙེད་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་ཏུ་སྐྱེས་བུ་གསུམ་པ་ཞིག་བྱུང་སྟེ། སྐྱེས་བུ་དེ་གཉིས་ཀྱིས་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་ཏུ་སྐྱེས་བུ་བཞི་པ་ཞིག་བྱུང་ནས། སྔ་མ་གསུམ་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ལ། དེའི་འོག་ཏུ་སྐྱེས་བུ་ལྔ་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་བཞིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ནས། དེའི་འོག་ཏུ་སྐྱེས་བུ་དྲུག་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་རྣམས་ཀྱིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་གི་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་ཏུ་སྐྱེས་བུ་བདུན་པ་ཞིག་སྐྱེས་ལ། སྐྱེས་བུ་སྔ་མ་དྲུག་གིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་གི་སེམས་བསྐྱེད་པ་གཅིག་གིས་འདས་ཏེ། དེའི་འོག་ཏུ་སྐྱེས་བུ་བརྒྱད་པ་ཞིག་སྐྱེས་ཏེ། སྐྱེས་བུ་སྔ་མ་བདུན་གྱིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ལ། དེའི་འོག་ཏུ་སྐྱེས་བུ་དགུ་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་བརྒྱད་ཀྱིས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་པར་བྱས་ཏེ། དེའི་འོག་ཏུ་སྐྱེས་བུ་བཅུ་པ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་དགུས་བསྐལ་པ་གྲངས་མེད་པར་འདས་པ་དེ་དག་སེམས་བསྐྱེད་པ་གཅིག་གིས་འདས་ལ། སེམས་བསྐྱེད་པ་དེ་ལྟ་བུའི་འདའ་བས། ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མེད་པར་བགྲོད་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐའ་ནི་


DKG035_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་མི་རུང་ངོ་། །ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་རྣམས་བཅུ་པོ་ཐམས་ཅད་དུ་ཡང་དེ་བཞིན་དུ་རྒྱ་ཆེ་བས་ཏེ། སྐྱེས་བུ་དེ་དག་གིས་ཕྱོགས་བཅུར་ཇི་སྙེད་དུ་འདས་པ་དེ་དག་སྐྱེས་བུ་རེ་རེ་ཕྱོགས་བཅུར་རྣམ་པར་དགོད་པས་སེམས་བསྐྱེད་པ་གཅིག་གིས་བསྐལ་པ་གྲངས་མེད་པ་འདའ་བ་འདིའི་ཚུལ་དུ་བསྐལ་པ་གྲངས་མེད་པར་འདས་པ་དེ་དག །སྐྱེས་བུ་བརྒྱ་དག་གིས་འཇིག་རྟེན་གྱི་ཁམས་ཡོངས་སུ་དགོད་པའི་ཚུལ་དུ་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མཐར་རྙེད་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐའ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་སྐྱེ་བ་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་འགྲོ་བ་འམ། གྲངས་ཡོངས་སུ་ཤེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱིས། འདི་ལྟར་ཕྱོགས་བཅུ་ཚད་མེད་པར་ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་སྐྱེ་སྟེ། འདི་ལྟར་འཇིག་རྟེན་གྱི་ཁམས་ཕྲ་བ་ཡངས་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཡངས་པ་ཕྲ་བར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྣྲེལ་ཞི་འཇིག་རྟེན་གྱི་ཁམས་སྤྱི་བོ་ཚུགས་སུ་རྒྱུ་བར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྤྱིའུ་ཚུགས་སུ་རྒྱུ་བ། འཇིག་རྟེན་གྱི་ཁམས་སྣྲེལ་ཞིར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཆུང་ངུ་འཇིག་རྟེན་གྱི་ཁམས་ཆེན་པོར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཆེན་པོ་འཇིག་རྟེན་གྱི་ཁམས་ཆུང་ངུར་ཡོངས་སུ་ཤེས་པ་དང་།


DKG035_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་ཡངས་པ་འཇིག་རྟེན་གྱི་ཁམས་དོག་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་དོག་པ་འཇིག་རྟེན་གྱི་ཁམས་ཡངས་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དང་། གཅིག་ཏུ་ཟད་པ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་གཟུད་པ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པར་ཡོངས་སུ་ཤེས་པ་དང་། སྐྲའི་རྩེ་མོ་འཇིག་རྟེན་གྱི་ཁམས་ཚད་མེད་པར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཚད་མེད་པ་སྐྲའི་རྩེ་མོར་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསྒྲུབ་པ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་མེད་པའི་རང་བཞིན་དུ་ཡོངས་སུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་མ་ལུས་པ་ཐམས་ཅད་སེམས་བསྐྱེད་པ་གཅིག་གིས་ཐོགས་པ་མེད་པར་ཡོངས་སུ་ཤེས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེའོ། །ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་འདའ་བའི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་སུ་འདུ་བ་དང་། འཇིག་པའི་བསྐལ་པ་གྲངས་མེད་པ་བགྲང་ལ། སེམས་བསྐྱེད་པས་བགྲང་བ་འདིའི་ཚུལ་དུ་ཤར་ཕྱོགས་སུ་བསྐལ་པ་གྲངས་མེད་པ་ཟད་ཟད་དུ་བགྲངས་ཀྱང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འདུ་བའི་བསྐལ་


DKG035_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། འཇིག་པའི་བསྐལ་པའི་མཐའ་ཤེས་པར་མ་རུང་ནས། དེའི་འོག་ཏུ་སྐྱེས་བུ་གཉིས་པ་ཞིག་སྐྱེས་ཏེ། སྐྱེས་བུ་སྔ་མ་དེས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བ་དེ་དག་ཐམས་ཅད་སྐད་ཅིག་གཅིག་གིས་བགྲངས་ཏེ། དེའི་འོག་ཏུ་སྐྱེས་བུ་གསུམ་པ་ཞིག་བྱུང་ལ། སྐྱེས་བུ་སྔ་མ་གཉིས་ཀྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བགྲང་བ་དེ་དག་སེམས་བསྐྱེད་པ་གཅིག་གིས་བགྲངས་ཏེ། དེའི་འོག་དུ་སྐྱེས་བུ་བཞི་པ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་གསུམ་གྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་ཏེ། དེའི་འོག་ཏུ་སྐྱེས་བུ་ལྔ་པ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་བཞིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ལ། དེའི་འོག་ཏུ་སྐྱེས་བུ་དྲུག་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་ལྔས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་ཏེ། དེའི་འོག་དུ་སྐྱེས་བུ་བདུན་པ་ཞིག་བྱུང་ནས། སྐྱེས་བུ་སྔ་མ་དྲུག་གིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ལ། དེའི་འོག་ཏུ་སྐྱེས་བུ་བརྒྱད་པ་ཞིག་བྱུང་སྟེ། སྐྱེས་བུ་སྔ་མ་བདུན་གྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ཏེ། དེའི་འོག་དུ་སྐྱེས་བུ་དགུ་པ་ཞིག་སྐྱེས་ལ། སྐྱེས་བུ་སྔ་མ་བརྒྱད་ཀྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་ཏེ། དེའི་འོག་དུ་སྐྱེས་བུ་བཅུ་པ་ཞིག་བྱུང་ནས། སྐྱེས་བུ་དགུ་པོ་སྔ་མ་རྣམས་ཀྱིས་བསྐལ་པ་གྲངས་མེད་པར་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བ་དེ་དག་སྐད་ཅིག་གཅིག་གིས་བགྲངས་པར་གྱུར་ན། ཀྱེ་རྒྱལ་བའི་སྲས་སྐྱེས་བུ་དེ་དག་གྲངས་


DKG035_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཚུལ་དུ་ཕྱོགས་བཅུར་རྣམ་པར་བཀོད་པ་དང་། སྐད་ཅིག་གཅིག་གིས་འཇིག་རྟེན་གྱི་ཁམས་འདུ་བ་དང་། འཇིག་པ་གྲངས་མེད་པར་བགྲང་བའི་ཚུལ་དུ་བསྐལ་པ་གྲངས་མེད་པར་བགྲངས་ན། འཇིག་རྟེན་གྱི་ཁམས་དེ་དག་གི་འདུ་བ་དང་། འཇིག་པའི་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི། ཕྱོགས་བཅུར་མཐའ་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་འཇིག་རྟེན་འགའི་འདུ་བ་དང་། འཇིག་པ་བགྲང་བ་རབ་ཏུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་སྐྱེའི། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་འདུ་བ་དང་། འཇིག་པའི་བསྐལ་པ་ཤེས་པར་བྱ་བ་ལ་འཇུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་སྟེ། འདི་ལྟར་བསྐལ་པ་རིང་པོ་ལ་བསྐལ་པ་ཐུང་ངུར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་ཐུང་ངུ་ལ་བསྐལ་པ་རིང་པོར་ཡང་དག་པར་འཇུག་པ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །བསྐལ་པ་གཅིག་ལ་བསྐལ་པ་གྲངས་མེད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་གྲངས་མེད་པ་ལ་བསྐལ་པ་གཅིག་ཏུ་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ། སངས་རྒྱས་དང་བཅས་པའི་བསྐལ་པ། སངས་རྒྱས་མེད་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སངས་རྒྱས་མེད་པའི་བསྐལ་པ་སངས་རྒྱས་དང་བཅས་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སངས་རྒྱས་བརྗོད་


DKG035_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད་པའི་བསྐལ་པ་སངས་རྒྱས་གཅིག་གི་བསྐལ་པ་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སངས་རྒྱས་གཅིག་གི་བསྐལ་པ་སངས་རྒྱས་བརྗོད་དུ་མེད་པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ་བསྐལ་པ་རྣམ་པ་ཐ་དད་པ་ལ་བསྐལ་པ་རྣམ་པ་ཐ་མི་དད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་ཟད་པ་ལ་བསྐལ་པ་མ་ཟད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་མ་ཟད་པ་ལ་བསྐལ་པ་ཟད་པར་ཁོང་དུ་ཆུད་པས་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ་བསྐལ་པ་བརྗོད་དུ་མེད་པ་སེམས་བསྐྱེད་པ་གཅིག་ཏུ་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། སེམས་བསྐྱེད་པ་གཅིག་བསྐལ་པ་བརྗོད་དུ་མེད་པར་ཡང་དག་པར་འཇུག་པ་ཤེས་པར་བྱ་བ་དང་། འདི་ལྟ་སྟེ་བསྐལ་པ་ཐམས་ཅད་བསྐལ་པ་མེད་པར་རབ་ཏུ་འཇུག་པ་ཤེས་པར་བྱ་བ་དང་། བསྐལ་པ་མ་ཡིན་པ་བསྐལ་པར་འཇུག་པ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སྔོན་གྱི་མཐའི་མུར་ཐུག་པའི་བསྐལ་པ་དང་། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་དང་། ད་ལྟར་བྱུང་བའི་བསྐལ་པ་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་འདུ་བ་དང་། འཇིག་པའི་བསྐལ་པ་སེམས་བསྐྱེད་པ་གཅིག་གིས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་སེམས་སྐྱེ་སྟེ། འདི་ལྟར་བསྐལ་པ་ཐམས་ཅད་ཀྱི་རྒྱུས་མངོན་པར་ཤེས་པར་བྱ་བའི་ཕྱིར། དེ་ཐོག་མར་གོ་ཆ་ཆེན་པོ་མངོན་པར་བསྒྲུབ་པོ། །ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་འདུ་བ་དང་། འཇིག་པའི་བསྐལ་པ་བགྲང་བའི་དཔེ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེར་སེམས་བསྐྱེད་པ་


DKG035_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས། འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་དད་པ་སྣ་ཚོགས་ཐམས་ཅད་ཤེས་པ་ཚུལ་དེ་ལྟ་བུར་སེམས་བསྐྱེད་པ་རེ་རེ་ཞིང་ཤེས་པས་ཤར་ཕྱོགས་སུ་བསྐལ་པ་གྲངས་མེད་པ་ཟད་པ་བྱས་ཀྱང་སེམས་ཅན་རྣམས་ཀྱི་མོས་པ་ཐ་དད་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐའ་ཟད་པར་མི་རུང་བ་ནས། གཞུང་དེ་བཞིན་དུ་བཅུའི་བར་དུ་སྟེ། ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་བར་གྱི་ཕྱོགས་བཅུ་ཐམས་ཅད་དུ་རྒྱ་ཆེར་བྱས་ན་དེ་དག་གི་མོས་པ་ཐ་དད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་གྱི་མོས་པ་ཐ་དད་པ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེའི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་དད་པ་སྣ་ཚོགས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་མོས་པ་མཐའ་དང་དབུས་མེད་པ་ལ་འཇུག་པ་དང་། སེམས་ཅན་གྱི་མོས་པ་ཐ་དད་པ་ལ་མཁས་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སེམས་ཅན་གཅིག་སེམས་ཅན་གྲངས་མེད་པར་ཡང་དག་པར་འཇུག་པར་བྱ་བའི་ཕྱིར། དད་པའི་ཚུལ་བརྗོད་དུ་མེད་པའི་སྣང་བའི་འོད་ཀྱིས་མོས་པ་གཅིག་ནས་གཅིག་དུ་བརྒྱུད་པ་མ་ལུས་པ་དང་། འགྲོ་བ་རྒྱ་མཚོ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་


DKG035_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དགེ་བ་དང་། མི་དགེ་བ་ལ་མོས་པ་ཚད་མེད་པ་ལ་འཇུག་པར་བྱ་བ་དང་། དུས་གསུམ་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་དབང་གིས་ཡོངས་སུ་ཤེས་པར་བྱ་བ་དང་། མོས་པ་ཇི་ལྟ་བ་བཞིན་དུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སྐལ་པ་མཉམ་པའི་མོས་པ་དང་། སྐལ་པ་མི་མཉམ་པའི་མོས་པ་ཤེས་པ་ལ་འཇུག་པར་བྱ་བ་དང་། མོས་པ་ཐམས་ཅད་མོས་པ་གཅིག་ཏུ་ཡང་དག་པར་འཇུག་པ་དང་། མོས་པ་གཅིག་མོས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་མངོན་པར་འཚང་རྒྱ་བར་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་ལ་རབ་ཏུ་འཇུག་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་མོས་པ་བླ་མ་དང་བཅས་པ་དང་། མོས་པ་བླ་ན་མེད་པ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་། མཉམ་པ་དང་མི་མཉམ་པའི་མོས་པའི་བྱེ་བྲག་ཤེས་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་གནས་པའི་མོས་པ་དང་། མི་གནས་པའི་མོས་པ་དང་། ཐུན་མོང་གི་མོས་པ་དང་། ཐུན་མོང་མ་ཡིན་པའི་མོས་པ་དང་། འདྲེས་པ་དང་། མ་འདྲེས་པ་དང་། དགེ་བ་དང་མི་དགེ་བ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མོས་པ་དང་། མོས་པ་ཐམས་ཅད་ཀྱི་བྱེ་བྲག་ཤིན་ཏུ་ཤེས་པའི་དམ་པ་མངོན་པར་འཚང་རྒྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ། དགེ་བའི་མོས་པ་དང་། ཡངས་པའི་མོས་པ་


DKG035_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མོས་པ་བར་མ་དང་། ཐ་དད་པ་དང་། ངེས་པའི་མོས་པ་མ་ལུས་པ་ཐམས་ཅད་བསྒྲིབས་པ་མེད་པའི་ཡེ་ཤེས་དང་། ཆགས་པ་མེད་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་རྣམ་པར་དག་པའི་མོས་པ་དང་། ཀུན་ནས་ཉོན་མོངས་པའི་མོས་པ་དང་། ཡངས་པའི་མོས་པ་དང་། དོག་པའི་མོས་པ་དང་། ཕྲ་བའི་མོས་པ་དང་། རྒྱ་ཆེ་བའི་མོས་པ་དང་། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་མོས་པའི་ཚུལ་རྣམ་པ་ཐ་དད་པ་ལ་རབ་ཏུ་འཇུག་པར་བྱ་བ་དང་། སེམས་ཅན་གཅིག་གི་མོས་པ་སྣ་ཚོགས་འབྱམ་ཀླས་པ་བཅུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ། རྒྱུད་སྟུག་པོའི་མོས་པ་དང་། སྦྱོར་བའི་མོས་པ་དང་། ཡོངས་སུ་བརྟགས་པའི་མོས་པ་དང་། ངང་གིས་རྗེས་སུ་འབྲང་བའི་མོས་པ་དང་། རྒྱུའི་ཚོགས་དང་ལྡན་པའི་མོས་པ་དང་། རྐྱེན་གྱི་ཚོགས་ལས་བྱུང་བའི་མོས་པ་དང་། མོས་པའི་དྲ་བ་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པའི་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་མོས་པ་སྣ་ཚོགས་ཀྱི་དཔེ་ཐ་དད་པ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་གཅིག་བསྐྱེད་པས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་དབང་པོ་སྣ་ཚོགས་རབ་ཏུ་ཤེས་པར་གྱུར་ལ། དེ་ལྟ་བུའི་ཚུལ་དུ་སེམས་བསྐྱེད་པ་རེ་རེ་ལ་ཤེས་པས། ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མེད་པ་ཟད་པར་བྱས་ཀྱང་། ཤར་ཕྱོགས་


DKG035_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཅན་རྣམས་ཀྱི་དབང་པོ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཐར་ཐུག་པར་མ་རུང་ལ་ཚུལ་དེ་བཞིན་དུ་མོས་པ་ལ་ཇི་སྐད་བརྗོད་པ་བཞིན་དབང་པོ་ཐ་དད་པ་ལ་ཡང་ཤེས་པར་བྱས་ཏེ། དེ་དག་གི་དབང་པོ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི། ཕྱོགས་བཅུ་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐའ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །སེམས་ཅན་དེ་ཙམ་དག་གི་དབང་པོ་སྣ་ཚོགས་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་དབང་པོ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་བཞིན་དུ་ཇི་ལྟར་མོས་པ་ལ་བརྗོད་པ་དེ་བཞིན་དུ་དབང་པོ་རྣམས་ལ་ཡང་ཤེས་པར་བྱ་སྟེ། ཐིབས་པོར་གྱུར་པའི་དབང་པོ་དང་། སྦྱོར་བ་དང་ལྡན་པའི་དབང་པོ་དང་། ཡོངས་སུ་བརྟགས་པའི་དབང་པོ་དང་། ངང་གིས་རྗེས་སུ་འབྲང་བའི་དབང་པོ་དང་། རྒྱུའི་ཚོགས་དང་ལྡན་པའི་དབང་པོ་དང་། རྐྱེན་གྱི་ཚོགས་ལས་བྱུང་བའི་དབང་པོ་དང་། དབང་པོའི་དྲ་བ་ཐམས་ཅད་མ་ལུས་པ་ལ་མཉམ་པ་ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་དབང་པོ་སྣ་ཚོགས་ཀྱི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་ཡོངས་སུ་ཤེས་པར་གྱུར་ལ། ཚུལ་དེ་ལྟ་བུར་སེམས་བསྐྱེད་པ་རེ་རེར་ཤེས་


DKG035_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མེད་པ་ཟད་པར་བྱས་ཀྱང་སེམས་ཅན་གྱི་བསམ་པ་སྣ་ཚོགས་ཀྱི་མཐར་ཕྱིན་པར་མ་རུང་ལ། གཞུང་དེ་བཞིན་དུ་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་ནི་ཤེས་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་བསམ་པ་སྣ་ཚོགས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེའི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་ཡོངས་སུ་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་ལྟར་མོས་པ་ལ་ཇི་ལྟར་བརྗོད་པ་བཞིན་དུ་སྟེ། བསམ་པའི་ཐིབས་པོར་གྱུར་པ་དང་། སྦྱོར་བ་དང་ལྡན་པའི་བསམ་པ་དང་། ཡོངས་སུ་བརྟགས་པའི་བསམ་པ་དང་། ངང་གིས་རྗེས་སུ་འབྲང་བའི་བསམ་པ་དང་། རྒྱུའི་ཚོགས་དང་ལྡན་པའི་བསམ་པ་དང་། རྐྱེན་གྱི་ཚོགས་ལས་བྱུང་བའི་བསམ་པའི་བར་དུ། བསམ་པའི་དྲ་བ་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་བསམ་པ་སྣ་ཚོགས་ཀྱི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་སྦྱོར་བ་ཡོངས་སུ་ཤེས་ལ། གཞུང་དེ་ལྟར་མོས་པ་


DKG035_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཇི་ལྟར་བརྗོད་པ་བཞིན་དུ་སྟེ། ཕྱོགས་བཅུའི་སྦྱོར་བ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་དག་ནི་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་སྦྱོར་བ་སྣ་ཚོགས་ཤེས་པའི་དོན་དུ་ནི། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེའི། འདི་ལྟར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྦྱོར་བ་སྣ་ཚོགས་ཡོངས་སུ་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་ལྟར་མོས་པ་ལ་ཇི་སྐད་དུ་བརྗོད་པ་བཞིན་ཏེ། སྦྱོར་བའི་དྲ་བ་མ་ལུས་པ་ཐམས་ཅད་ཀྱི་བར་དུ་མཉམ་པ་ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་སྦྱོར་བ་སྣ་ཚོགས་ཀྱི་དཔེ་དེ་དག་ལྟའང་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་བསྐྱེད་པ་སྣ་ཚོགས་རབ་ཏུ་ཤེས་ལ། ཚུལ་དེ་ལྟ་བུའི་སེམས་བསྐྱེད་པ་ཡོངས་སུ་ཤེས་པས། གཞུང་དེ་བཞིན་དུ་སྟེ། ཕྱོགས་བཅུའི་སེམས་བསྐྱེད་པ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་སེམས་སྣ་ཚོགས་ཡོངས་སུ་ཤེས་


DKG035_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་དོན་དུ། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱི། འདི་ལྟར་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། སེམས་ཅན་གྱི་ཁམས་ཀྱིས་གཏུགས་པ། ནམ་མཁའི་དབྱིངས་ཀྱིས་ཀླས་པའི་སེམས་ཅན་གྱི་ཁམས་མཐའ་དང་དབུས་མེད་པའི་སེམས་སྣ་ཚོགས་ཐམས་ཅད་ཡོངས་སུ་ཤེས་པས། མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གཞུང་དེ་ལྟར་མོས་པ་ལ་ཇི་སྐད་དུ་བརྗོད་པ་དེ་བཞིན་དུ། སེམས་བསྐྱེད་པའི་དྲ་བ་མ་ལུས་པ་ཐམས་ཅད་མཉམ་པ་ཉིད་དུ་འཇུག་ཅིང་ཡོངས་སུ་རིག་པའི་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་སེམས་བསྐྱེད་པའི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་རབ་ཏུ་ཤེས་ལ། སེམས་བསྐྱེད་པ་ཤེས་པའི་ཚུལ་དེ་ལྟ་བུས་ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མེད་པར་ཟད་པར་བྱས་ཀྱང་། སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཐར་ཐུག་པར་མ་རུང་ལ། དེ་བཞིན་དུ་སྐྱེས་བུ་བཅུ་པའི་བར་དུ་སྐྱེས་པར་གྱུར་ཏེ། སྐྱེས་བུ་དགུ་པོ་དེ་དག་གིས་སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བསྐལ་པ་གྲངས་མེད་པ་ཟད་པར་བྱས་པ། དེ་དག་སེམས་བསྐྱེད་པ་གཅིག་གིས་ཤེས་པར་གྱུར་ཀྱང་། ཕྱོགས་བཅུར་ལས་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་དག་ནི་མཐར་ཐུག་པར་རུང་ཡང་སྲིད་ཀྱི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་


DKG035_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་ལས་སྣ་ཚོགས་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱི། འདི་ལྟར་འཇིག་རྟེན་གྱི་ཁམས་དང་། དུས་གསུམ་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་ཡོངས་སུ་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་ལས་སྣ་ཚོགས་མཐའ་དང་དབུས་མེད་པ་ལ་རབ་ཏུ་འཇུག་པ་དང་། ལས་ཀྱི་བྱེ་བྲག་ཐམས་ཅད་ལ་མཁས་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སེམས་ཅན་གཅིག་གྲངས་མེད་ཅིང་། རྣམ་པ་ཐ་དད་པར་ཡང་དག་པར་འཇུག་པ་དང་། ལས་ཀྱི་ཚུལ་བརྗོད་པའི་སྣང་བ་རབ་ཏུ་འཐོབ་པ་དང་། ལས་ཐམས་ཅད་མ་ལུས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ལས་དང་ལྡན་པའི་འགྲོ་བ་རྒྱ་མཚོ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དགེ་བ་དང་། མི་དགེ་བའི་རྣམ་པ་ཐ་དད་པ་ལ་རབ་ཏུ་འཇུག་ཅིང་དུས་གསུམ་ཐམས་ཅད་ཀྱི་ལས་སྣ་ཚོགས་དབང་གིས་ཡོངས་སུ་ཤེས་པར་བྱ་བ་དང་། ལས་ཇི་ལྟ་བ་བཞིན་དུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ། སྐལ་པ་མཉམ་པའི་ལས་དང་། སྐལ་པ་མི་མཉམ་པའི་ལས་ཤེས་པའི་མཆོག་ཐོབ་པར་བྱ་བ་དང་། ལས་ཐམས་ཅད་ལས་གཅིག་ཏུ་ཡང་


DKG035_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འཇུག་པ་དང་། ལས་གཅིག་ལས་ཐམས་ཅད་དང་མཉམ་པ་ཉིད་དུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་བླ་མ་དང་། བཅས་པའི་ལས་དང་། བླ་ན་མེད་པའི་ལས་དང་། ལྷག་མ་དང་བཅས་པའི་ལས་དང་། མཉམ་པའི་ལས་དང་། མི་མཉམ་པའི་ལས་ཀྱི་བྱེ་བྲག་ཡེ་ཤེས་ཀྱི་རྒྱུད་ཆེན་པོས་མངོན་པར་འཚང་རྒྱ་ཞིང་། ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་གནས་པའི་ལས་དང་། མི་གནས་པའི་ལས་དང་། ཐུན་མོང་གི་ལས་དང་། ཐུན་མོང་མ་ཡིན་པའི་ལས་དང་། མཐའ་ཡས་པའི་ལས་དང་། མུ་མེད་པའི་ལས་དང་། མ་འདྲེས་པའི་ལས་དང་། དགེ་བའི་ལས་དང་། མི་དགེ་བའི་ལས་དང་། འཇིག་རྟེན་པའི་ལས་དང་། འཇིག་རྟེན་ལས་འདས་པའི་ལས་དང་། ལས་ཀྱི་བྱེ་བྲག་ཐམས་ཅད་ལ་ཡེ་ཤེས་ཀྱི་རྒྱུད་ཆེན་པོས་མངོན་པར་འཚང་རྒྱ་ཞིང་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་ཤེས་པའི་ལས་དང་། མི་ཤེས་པའི་ལས་དང་ཆེན་པོ་དང་། འབྲིང་དང་། ཚད་མེད་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་མ་ལུས་པར་ཆགས་པ་མེད་པས་ཤེས་པར་བྱ་བ་དང་། སངས་རྒྱས་ཀྱི་རྣམ་པར་ཐར་པ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་རྣམ་པར་དག་པའི་ལས་དང་། ཀུན་ནས་ཉོན་མོངས་པའི་ལས་དང་། རྒྱ་ཆེན་པོའི་ལས་དང་། རྒྱ་ཆུང་ངུའི་ལས་དང་། ཀུན་ཏུ་འབྲེལ་པའི་ལས་དང་། ཀུན་ཏུ་མ་འབྲེལ་པའི་ལས་དང་། ཕྲ་བའི་ལས་དང་། སྦོམ་པའི་ལས་དང་། ལས་མ་ལུས་པར་སེམས་ཅན་གྱི་ཁམས་ཀྱི་ལས་ཀྱི་ཚུལ་རྣམ་པ་ཐ་དད་


DKG035_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རབ་ཏུ་འཇུག་པ་དང་། སེམས་ཅན་གཅིག་གིས་ལས་སྣ་ཚོགས་འབྱམ་ཀླས་པ་བཅུ་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་ཐིབས་པོར་གྱུར་པའི་ལས་དང་། སྦྱོར་བ་ཅན་གྱི་ལས་དང་། ཆུང་བའི་ལས་དང་། དྲན་པ་དང་ལྡན་པའི་ལས་དང་། རྒྱུའི་ཚོགས་དང་ལྡན་པའི་ལས་དང་། རྐྱེན་གྱི་ཚོགས་ལས་བྱུང་བའི་ལས་དང་། ལས་ཀྱི་དྲ་བ་ཐམས་ཅད་མ་ལུས་པ་མཉམ་པ་ཉིད་དུ་ཡོངས་སུ་རིག་ཅིང་ཤེས་པས་མངོན་པར་འཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གཉིས་པ། ཀྱེ་རྒྱལ་བའི་སྲས་ལས་སྣ་ཚོགས་ཀྱི་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་ཏེ། དེའི་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་བསྐྱེད་པའི་ཤེས་པར་གྱུར་ལ། ཚུལ་དེ་ལྟར་སེམས་བསྐྱེད་པ་རེ་རེར་ཡོངས་སུ་ཤེས་པས། ཤར་ཕྱོགས་ལོགས་སུ་བསྐལ་པ་གྲངས་མེད་པར་ཟད་པར་བྱས་ཀྱང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་སྣ་ཚོགས་མཐར་ཐུག་པར་མ་རུང་ལ། དེ་བཞིན་དུ་དེའི་འོག་ཏུ་སྐྱེས་བུ་གཉིས་པ་ཞིག་སྐྱེས་ཞེས་བྱ་བ་ནས། སྐྱེས་བུ་བཅུ་པ་སྐྱེས་པའི་བར་དུ་སྟེ། སྐྱེས་བུ་དགུ་པོ་དེ་དག་གིས་བསྐལ་པ་གྲངས་མེད་པར་ཉོན་མོངས་པ་སྣ་ཚོགས་རབ་ཏུ་ཤེས་པ་དེ་དག །སེམས་བསྐྱེད་པ་གཅིག་གིས་ཡོངས་སུ་ཤེས་པར་གྱུར་ལ། ཚུལ་དེ་འདྲ་བར་སེམས་བསྐྱེད་པ་རེ་རེར་ཡོངས་སུ་ཤེས་པས། གཞུང་དེ་བཞིན་དུ་སྟེ། ཕྱོགས་བཅུའི་ཉོན་མོངས་པ་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་དག་ནི་མཐར་ཐུག་པར་རུང་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་ནི་


DKG035_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་སེམས་ཅན་དེ་ཙམ་དག་གི་ཉོན་མོངས་པ་སྣ་ཚོགས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་མ་ཡིན་གྱི། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཚད་མེད་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་ཉོན་མོངས་པ་ཡང་བ་དང་། ཉོན་མོངས་པ་ལྕི་བ་མངོན་པར་འཚང་རྒྱ་བའི་ཡེ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་བག་ལ་ཉལ་བའི་ཉོན་མོངས་པ་དང་། སེམས་ཀུན་ནས་འཁོར་བའི་ཉོན་མོངས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སེམས་ཅན་གཅིག་གི་ཉོན་མོངས་པ་ཚད་མེད་པ་སྣ་ཚོགས་རང་དབང་མེད་པར་བྱེད་པའི་ཉོན་མོངས་པ་རྣམ་པར་གཅད་པའི་ཡེ་ཤེས་ཡོངས་སུ། ཤེས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། རྣམ་པར་དཔྱོད་པ་རྣམ་པ་སྣ་ཚོགས་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་མ་རིག་པ་ལ་གནས་པའི་ཉོན་མོངས་པ་དང་། སྲིད་པ་དང་ལྡན་པའི་ཉོན་མོངས་པ་དང་། སྲིད་པའི་རྒྱུད་ཐམས་ཅད་ཀྱི་ཉོན་མོངས་པ་ཀུན་ཏུ་སྦྱོར་བ་རྣམ་པར་གཅད་


DKG035_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་འདོད་ཆགས་ཀྱིས་ཡེ་རྔམ་པའི་ཉོན་མོངས་པ་དང་། ཞེ་སྡང་གིས་ཁོང་ཁྲོ་བ་དང་། གཏི་མུག་གིས་མངོན་པར་ཁེབས་པ་དང་། ཆ་མཉམ་པའི་ཉོན་མོངས་པ་དང་། ཉོན་མོངས་པ་ཐམས་ཅད་རྩ་བ་དང་བཅས་ཏེ། རྣམ་པར་གཅད་པའི་ཡེ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་བདག་ཏུ་བྱ་བ་ཤིན་ཏུ་བསྒོམས་པའི་ཉོན་མོངས་པ་དང་། བདག་གི་བྱ་བ་ལ་མངོན་པར་ཞེན་པ་དང་། ང་རྒྱལ་གྱིས་བསླང་བ་དང་། ང་རྒྱལ་གྱིས་མངོན་པར་སྦྲེལ་བའི་ཉོན་མོངས་པ་དང་། ཉོན་མོངས་པ་ཐམས་ཅད་མ་ལུས་པར་ཁོང་དུ་ཆུད་ཅིང་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་ཡོངས་སུ་རྟོག་པ་རྩ་བར་གྱུར་པའི་ཉོན་མོངས་པ་དང་། ཡོངས་སུ་རྟོག་པའི་ཤུགས་ཀྱི་རྗེས་སུ་འབྲང་བའི་ཉོན་མོངས་པའི་རྣམ་པར་རྟོག་པ་དང་། འཇིག་ཚོགས་ལ་མངོན་པར་ཞེན་པ་དང་། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱི་ཚུལ་སྣ་ཚོགས་དང་ལྡན་པའི་ཉོན་མོངས་པ་མངོན་པར་འཚང་རྒྱ་བའི་ཡེ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །འདི་ལྟ་སྟེ། བསྒྲིབས་པའི་ཉོན་མོངས་པ་དང་། ཀུན་ནས་བསྒྲིབས་པའི་ཉོན་མོངས་པ་ཐམས་ཅད་ཤེས་པས་རྣམ་པར་དག་པར་བྱ་བ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བསྐྱབས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་


DKG035_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེའོ། །བསམ་པ་དང་བག་ལ་ཉལ་བ་དང་། ཀུན་ནས་འཁོར་བའི་ཉོན་མོངས་པའི་དྲ་བ་ཐམས་ཅད་རྣམ་པར་གཅོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །ཀྱེ་རྒྱལ་བའི་སྲས་ཉོན་མོངས་པ་སྣ་ཚོགས་ཀྱི་དཔེ་དེ་དག་ལྟ་ཡང་ཞོག་གི ། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་ལ་ལ་ཞིག་སྐྱེས་པར་གྱུར་ལ། དེའི་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་ཚད་མེད་པར་གཏོགས་པའི་སེམས་ཅན་རྣམས་དང་ལྷན་ཅིག་པས། ཤར་ཕྱོགས་ལོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་དག །མནབས་སྩལ་བྲོ་བའི་མཆོག་ཚད་མེད་པ་དང་། བདུག་སྤོས་ཚད་མེད་པ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཚད་མེད་པ་དང་། ཕོ་བྲང་ཚད་མེད་པ་དང་། བླ་རེ་ཚད་མེད་པ་དང་། གཞལ་མེད་ཁང་ཚད་མེད་པ་དང་། རིན་པོ་ཆེའི་དྲ་བ་དཔག་ཏུ་མེད་པ་དང་། སེང་གེའི་གདན་དཔག་ཏུ་མེད་པ་དང་། རིན་པོ་ཆེའི་རྒྱན་དང་། ལྷབ་ལྷུབ་ཚད་མེད་པ་དང་། མཆོད་པའི་རྣམ་པ་ཚད་མེད་པས་མཉེས་པར་བྱ་སྟེ། བསྐལ་པ་ཚད་མེད་པར་བསྙེན་བཀུར་ལ། རིམ་གྲོ་དང་བཀུར་སྟིར་བྱས་ཏེ། རྗེ་ས་དང་མཆོད་པས་བཏུད་ཅིང་ཕྱག་འཚལ་ཏེ། སྤྱི་བོས་གཏུགས་ནས་སྙན་པར་བརྗོད་དེ་འཁོར་ཞིང་ཞལ་དུ་ལྟ་ལ། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་མི་དེ་དང་འགྲོ་བ་ཕལ་འཇིག་རྟེན་གྱི་ཁམས་ཚད་མེད་པར་གཏོགས་པ་དེ་དག་གིས་ཤིན་ཏུ་དད་པར་མར་མེ་གྲངས་མེད་པ་དག་ཀྱང་བུས་ཏེ། སྐྱེས་བུ་དེས་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་དེ་སྙེད་པོ་དེ་དག་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བ་དང་ཡིད་བཞིན་གྱི་རྒྱལ་པོ་དང་། ཕྱོགས་ཐམས་ཅད་སྣང་བར་བྱེད་པ་དང་། མེའི་འོད་དང་། བརྒལ་དཀའ་བ་དང་། ཆུའི་ཟླ་བའི་འོད་དང་། རིན་པོ་ཆེའི་རྒྱན་དང་། བསོད་ནམས་ཀྱི་རྒྱལ་མཚན་དང་། ནོར་བུ་ཡིད་དུ་འོང་བ་དང་། དེ་དག་ལ་སྩོགས་


DKG035_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིན་པོ་ཆེ་ཚད་མེད་པས་ཡོངས་སུ་བཀང་སྟེ། ཡོན་དུ་གསོལ་ལ་དེ་བཞིན་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་རྒྱལ་མཚན་དང་། བ་དན་དང་། ཕོ་བྲང་དང་། གནམ་ཡོལ་དང་། སིལ་སྙན་དང་རོལ་མོ་བརྡུང་བ་དང་། གླུ་དང་རིན་པོ་ཆེའི་དྲ་བ་དང་། གསེར་གྱི་དྲ་བ་དང་། ནོར་བུའི་དྲ་བ་དང་། དྲིལ་བུའི་དྲ་བ་དང་། སེང་གེའི་ཁྲི་དང་། དེ་བཞིན་དུ་སངས་རྒྱས་ཀྱི་མཆོད་པ་བརྩམས་པ་རྒྱ་ཆེར་ཏེ། དེ་བཞིན་གཤེགས་པ་དེ་དག་བཞུགས་ཤིང་འཚོ་སྐྱོང་བའི་ཚེ། མཆོད་པའི་རྣམ་པ་དེ་ལྟ་བུས་མཆོད་ནས་མྱ་ངན་ལས་འདས་ནས་ཀྱང་མི་དེ་དང་། འགྲོ་བ་ཕལ་འཇིག་རྟེན་གྱི་ཁམས་ཚད་མེད་པར་གཏོགས་པ་དེ་སྙེད་ཀྱིས། དེ་བཞིན་གཤེགས་པ་རེ་རེ་ཞིང་ཡང་མཆོད་རྟེན་འཇིག་རྟེན་གྱི་ཁམས་ཚད་མེད་པ་དང་མཉམ་པར་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ཚད་མེད་པ་ལས་བརྩིགས་ཏེ། རྒྱན་དང་རིན་པོ་ཆེ་ཚད་མེད་པས་བརྒྱན་པ་ལ་མཆོད་རྟེན་གཅིག་ཇི་ལྟ་བ་བཞིན་དུ། མཆོད་རྟེན་དཔག་ཏུ་མེད་པ་མང་པོ་ལ་ཡང་དེ་བཞིན་དུ་བྱས་ཏེ། ཐམས་ཅད་ཀྱི་ཚད་ཀྱང་དེ་ཙམ་ལ། མཆོད་རྟེན་རེ་རེ་ལ་ཡང་དེ་བཞིན་གཤེགས་པའི་སྐུ་གཟུགས་མང་པོ་ཚད་མེད་པར་བྱས་ཏེ། འཇིག་རྟེན་གྱི་ཁམས་མང་པོ་ཡང་སྣང་བས་རྒྱས་པར་གྱུར་ལ། རྣམ་གྲངས་དེ་ལྟ་བུར་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོའི་ཡོན་ཏན་ཡོངས་སུ་བརྗོད་པ་དེ་དག་བྱེད་ཅིང་། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ལ་ཡང་མཆོད་པ་བྱ་བས། བསྐལ་པ་ཚད་མེད་པ་ཟད་པར་གྱུར་ཏེ། ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་དང་། ཕྱོགས་བཅུ་ཐམས་ཅད་དུ་ཡང་རྒྱ་


DKG035_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་ཏེ། སྐྱེས་བུ་བཅུ་སྔོན་དུ་འགྲོ་བས་ཕྱོགས་བཅུ་རེ་རེ་ལ་སྐྱེས་བུ་རེ་རེ་ཞིང་ཡང་ཕྱོགས་བཅུར་བྱས་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ལ་སྩོགས་པའི་མིའི་འཇིག་རྟེན་གྱི་ཁམས་ཚད་མེད་པ། བཅུར་གཏོགས་པ་དེ་དག་ལ་དེའི་རྒྱུས་བསོད་ནམས་ཀྱི་ཕུང་པོ་ཆེར་འཕེལ་ལམ། སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་ཟད་དོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཡོད་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསྐལ་པ་ཚད་མེད་པར་མཉེས་པར་བྱས་པའི་སངས་རྒྱས་མཆོད་པ་དང་། རིམ་གྲོ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། ། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ཀྱེ་རྒྱལ་བའི་སྲས་དཔེ་སྔ་མ་དེ་དག་ལྟ་ཡང་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་གཉིས་པ་ཞིག་བྱུང་སྟེ། དེའི་སེམས་བསྐྱེད་པ་གཅིག་གིས། སྐྱེས་བུ་སྔ་མ་དེ་དང་འགྲོ་བ་ཕལ་འཇིག་རྟེན་གྱི་ཁམས་ཚད་མེད་པར་གཏོགས་པ་སྔ་མ་རྣམས་ཀྱིས། བསྐལ་པ་ཚད་མེད་པར་སངས་རྒྱས་མཆོད་པ་དང་། རིམ་གྲོར་མངོན་པར་འདུ་བྱས་པ་དེ་དེ་དག་སེམས་བསྐྱེད་པ་གཅིག་གིས་མངོན་པར་འདུ་བྱེད་ལ། ཚུལ་དེ་ལྟ་བུར་སེམས་བསྐྱེད་པ་རེ་རེར་མཉེས་པར་བྱེད་པས། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ཚད་མེད་པར་གཏོགས་པའི་སེམས་ཅན་རྣམས་དང་ལྷན་ཅིག་པས། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་མཉེས་པར་བྱས་ཏེ། གཞུང་དེ་བཞིན་དུ། ཐོག་མ་ལ་ཇི་སྐད་དུ་བརྗོད་པ་དེ་བཞིན་དུ་གཉིས་པ་ལ་དཔག་ཏུ་མེད་པ།


DKG035_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་གྲངས་མེད་པ། བཞི་པ་ལ་བསམ་གྱིས་མི་ཁྱབ་པ། ལྔ་པ་ལ་མཚུངས་པ་མེད་པ། དྲུག་པ་ལ་ཀུན་ཏུ་མཐའ་ཡས་པ། བདུན་པ་ལ་མུ་མེད་པ། བརྒྱད་པ་ལ་ས་མཚམས་མེད་པ། དགུ་པ་ལ་གཞལ་དུ་མེད་པའི་བར་དུ་སྟེ། ཀྱེ་རྒྱལ་བའི་སྲས་དཔེ་སྔ་མ་དེ་དག་ལྟ་ཞོག་གི། ཀྱེ་རྒྱལ་བའི་སྲས་འདི་ལ་སྐྱེས་བུ་བཅུ་པ་ཞིག་སྐྱེས་ཏེ། སྐྱེས་བུ་སྔ་མ་དགུ་པོ་དེ་དག་དང་། འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་བཅུར་གཏོགས་པའི་སེམས་ཅན་ཕལ་དེ་དག་གིས། བསྐལ་པ་དཔག་ཏུ་མེད་པར་སངས་རྒྱས་མཆོད་པ་དང་། རིམ་གྲོས་མཉེས་པར་བྱས་པ་དེ་ཙམ་དུ་སེམས་བསྐྱེད་པ་གཅིག་གིས་མཉེས་པར་བྱེད་ཅིང་། ཚུལ་དེ་ལྟར་སེམས་བསྐྱེད་པ་རེ་རེར་མཉེས་པར་བྱེད་པས། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པར་གཏོགས་པའི་སེམས་ཅན་རྣམས་དང་ལྷན་ཅིག་པས། ཞལ་ཟས་རོ་བྲོ་བའི་མཆོག་བརྗོད་དུ་མེད་པ་ཞེས་བྱ་བ་ནས། གཞན་ཡང་རྒྱ་ཆེར་ཏེ་དེ་ལྟ་བུས་སངས་རྒྱས་བཅོམ་ལྡན་འདས་བརྗོད་དུ་མེད་པ་མཉེས་པར་བྱས་པ་ནས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ལ་བསྐལ་པ་བརྗོད་དུ་མེད་པར་གཏོགས་པའི་སངས་རྒྱས་མཆོད་པ་དང་། བསྙེན་བཀུར་བ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་ཞེས་བྱ་བའི་བར་དུ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་ནི་འདི་ལྟར་སངས་རྒྱས་སྐྱེས་པ་དེ་ཙམ་ཉི་ཙེ་ཞིག་མཆོད་ཅིང་བསྙེན་བཀུར་བ་འམ། སངས་རྒྱས་ཀྱི་མཆོད་པའི་ཡོ་བྱད་དེ་ཙམ་དག་གི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེའི། དེ་ནི་འདི་ལྟར་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་མ་ལུས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་


DKG035_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། ཕྱོགས་བཅུ་ཚད་ལས་འདས་པ་འབྱམ་ཀླས་པ། ཕྱོགས་བཅུའི་རྣམ་གྲངས་མཐའ་ཡས་པའི་དྲ་བས་ཁྱབ་པ། མིག་འཕྲུལ་གྱི་རྣམ་པས་མཐའ་ཡས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་གཞི་མཉམ་པར་ཆུད་པ། འཇིག་རྟེན་གྱི་ཁམས་མ་ལུས་པར་འདུས་པའི་ཚུལ་ཤིན་ཏུ་བསྟན་པ། འདུ་ཤེས་ཀྱི་རྣམ་པ་ལ་གནས་པའི་ཕྱོགས་ཀྱི་དྲ་བ་རྣམ་པར་ཕྱེ་བ་ལ་གནས་པ་ཐམས་ཅད་དུ་གཏོགས་པ། ལྷག་མ་མེད་པ་མ་ལུས་པའི་འཇིག་རྟེན་གྱི་ཁམས་གྲངས་དང་ཚུལ་ཤིན་ཏུ་བསྟན་པ་དག་ཏུ་སྔོན་གྱི་མཐའི་མུར་ཐུག་པའི་བསྐལ་པ་གྲངས་མེད་པའི་ཚུལ་ཤིན་ཏུ་བསྟན་པར་གཏོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་གྱིས་མངོན་པར་ཐུགས་སུ་ཆུད་པ་དག་ཏུ། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ནུབ་པར་གྱུར་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་དང་། གང་ཡང་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འབྱུང་བར་འགྱུར་བ་དང་། གང་ཡང་ད་ལྟར་བྱུང་བའི་དུས་ན་ད་ལྟར་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་མཆོད་ཅིང་རིམ་གྲོར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་སྟེ། སེམས་བསྐྱེད་པ་དེ་སྐྱེས་མ་ཐག་ནས། དེ་དང་དེར་འདས་པའི་གྲངས་སུ་གཏོགས་པ་དང་། སྔོན་གྱི་མུར་གྱུར་པ་ཇི་སྙེད་པ་དེ་བཞིན་གཤེགས་པ་དེ་དག་གིས། མངོན་པར་ཐུགས་སུ་ཆུད་པ། དེ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་མྱ་ངན་ལས་འདས་པ་དེ་དག་གི་དགེ་བའི་རྩ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡིད་ཆེས་སོ། །དེ་བཞིན་གཤེགས་པ་མ་བྱོན་པ་དེ་དང་དེའི་དུས་སུ་གཏོགས་པ་ཕྱི་མའི་མཐའི་མུར་བསྟན་པ་དཔག་ཏུ་མེད་པའི་མཐའ་དང་།


DKG035_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མེད་པར་ཤིན་ཏུ་བསྟན་པ་དཔག་ཏུ་མེད་པ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་འབྱུང་བར་འགྱུར་བ་དེ་དག་གི་དགེ་བའི་རྩ་བ་ལ་ཡང་བྱང་ཆུབ་སེམས་དཔའ་དེ་ཡིད་ཆེས་སོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡེ་ཤེས་མཐའ་དང་དབུས་མེད་པར་བསྟན་པ། མ་ལུས་པར་མངོན་པར་སངས་རྒྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་ལ་ཡང་བྱང་ཆུབ་སེམས་དཔའ་དེ་ཡིད་ཆེས་ཤིང་ཡོངས་སུ་འཛིན་པར་བྱེད་ཡོངས་སུ་རྒྱས་པར་བྱེད། རབ་ཏུ་འཐོབ་པར་བྱེད། ཁོང་དུ་ཆུད་པར་བྱེད། རབ་ཏུ་རེག་པར་བྱེད། ཤིན་ཏུ་བསྒྲུབ་པར་བྱེད། རྒྱུད་གཅིག་ཏུ་གྱུར་པར་བྱེད། སངས་རྒྱས་ཐམས་ཅད་ཀྱང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་བསྐྱེད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུང་རྒྱུན་མི་འཆད་པའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རྒྱས་པར་དགང་པའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཡོངས་སུ་བསྒྲལ་བའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འདུ་བ་དང་། འཇིག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྲིད་པ་གསུམ་ཡོངས་སུ་དག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་བ་དང་། བག་ཆགས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་ཤི་འཕོ་དང་། སྐྱེ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། སྦྱོར་བ་ཡོངས་སུ་ཤེས་པ་བྱ་བའི་ཕྱིར་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡོངས་སུ་ཤེས་པར་


DKG035_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་སྐྱེའོ། །སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྐྱེ་སྟེ། སེམས་བསྐྱེད་པ་དེས་སངས་རྒྱས་བཅོམ་ལྡན་འདས་འདས་པ་དག་དང་ཉེ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་དང་ཉེ་བར་འགྱུར་རོ། །འདས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཉེ་བར་འགྲོའོ། །མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཉེ་བར་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་རྣམས་ཀྱི་ཆོས་ཀྱང་འཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་རྣམས་ཀྱི་ཆོས་ཀྱང་འཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ད་ལྟར་བྱུང་བ་རྣམས་ཀྱི་ཆོས་ཀྱང་འཐོབ་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་རྣམས་དང་མཉམ་པ་ཉིད་དུ་ཉེ་བར་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་དང་མཉམ་པ་ཉིད་དུ་ཉེ་བར་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ཀྱང་རྣམ་པར་དག་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སྟོབས་ལ་ཐུབ་པ་མེད་པར་ཡང་ཤིན་ཏུ་བསྟན་པར་འགྱུར་རོ། །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དག་གི་མི་བསྙེངས་པ་ཡོངས་སུ་དག་པ་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་རྣམས་ཀྱི་བསྟན་པར་བྱ་བའི་སངས་རྒྱས་ཀྱི་ཆོས་ཀྱི་རྒྱན་མཉམ་པ་ཉིད་ཀྱང་རྗེས་སུ་ཐོབ་བོ། །སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་བསྟན་པར་བྱ་བའི་སངས་རྒྱས་ཀྱི་ཆོས་ཀྱི་རྒྱན་མཉམ་པ་ཉིད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །


DKG035_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་ཤིན་ཏུ་བསྟན་པའི་དུས་གསུམ་མཉམ་པ་ཉིད་ཐུགས་སུ་ཆུད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་རྗེས་སུ་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་ནི་སངས་རྒྱས་སུ་ཤོག་ཤིག་ཅེས་བྱ་བའི་སེམས་བསྐྱེད་པ་དེས། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བ་ཡིན། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བ་ཡིན། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཡུལ་རྣམས་དང་མཉམ་པ་ཡིན། འདས་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་མཉམ་པ་ཡིན་ནོ། །མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམས་དང་མཉམ་པ་ཡིན། སངས་རྒྱས་ཀྱི་ཆོས་ཀྱི་ཡུལ་ཐམས་ཅད་དང་མཉམ་པ་ཡིན། གཅིག་ཏུ་ངེས་པའི་ལུས་གཅིག་ཏུ་གྱུར་པས་ཀྱང་དུས་གསུམ་དུ་མཉམ་པའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་། འགྲོགས་པ་ཡང་ཐོབ་པ་སྟེ། ཡེ་ཤེས་དེ་དང་འགྲོགས་པར་འགྱུར་བའི་སེམས་བསྐྱེད་པའི་འབྱུང་བ་དེ་སྐྱེས་མ་ཐག་ཏུ་ཕྱོགས་བཅུ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཆེད་དུ་བརྗོད་པ་མཛད་དོ། །སེམས་བསྐྱེད་པ་དེ་ཉིད་རྟེན་དུ་མཛད་དེ། འདུལ་བ་ཇི་བཞིན་དུ་ཆོས་ཀྱང་ཡང་དག་པར་སྟོན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་འདུལ་བ་ཚད་མེད་པ་རྣམས་འབྱུང་བར་འགྱུར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་རབ་ཏུ་གཡོ་བར་འགྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བས་རྒྱས་པར་འགྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ངན་སོང་ཡང་རྒྱུན་ཆད་པར་འགྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་ཡོངས་སུ་དག་པར་འགྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་སངས་རྒྱས་འབྱུང་བ་ཡང་དག་པར་སྟོན་པར་འགྱུར། སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་དགའ་བར་འགྱུར། ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཡང་རབ་ཏུ་འཇུག་པར་འགྱུར།


DKG035_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་རིགས་ཐམས་ཅད་ཀྱང་ཡོངས་སུ་འཛིན་པར་འགྱུར། སངས་རྒྱས་ཀྱི་རིགས་ཀྱི་སྣང་བ་ཐམས་ཅད་ཀྱང་རབ་ཏུ་ཐོབ་པར་འགྱུར་ཏེ། དུས་གསུམ་དུ་གཏོགས་པ་ལས་སེམས་བསྐྱེད་པ་དེར་སངས་རྒྱས་སམ། སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའ་འམ། བྱང་ཆུབ་སེམས་དཔའི་ཆོས་སམ། རང་སངས་རྒྱས་སམ། རང་སངས་རྒྱས་ཀྱི་ཆོས་སམ། ཉན་ཐོས་སམ་ཉན་ཐོས་ཀྱི་ཆོས་སམ། འཇིག་རྟེན་པ་འམ་འཇིག་རྟེན་པའི་ཆོས་སམ། འཇིག་རྟེན་ལས་འདས་པ་འམ། འཇིག་རྟེན་ལས་འདས་པའི་ཆོས་སམ། སེམས་ཅན་ནམ་སེམས་ཅན་གྱི་ཆོས་ཀྱང་རུང་སྟེ། མ་འདུས་པ་གང་ཡང་མེད་དེ། ཐམས་ཅད་མཁྱེན་པ་ཉིད་ནི་མ་གཏོགས་སོ། །དེ་ལྟར་ན་སེམས་བསྐྱེད་པ་དེར་ནི་ཆོས་ཀྱི་དབྱིངས་ཐམས་ཅད་འདུས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས། དེའི་ཚེ་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རྣམ་པ་དྲུག་དུ་གཡོས་པར་གྱུར་ཏེ། གཡོས་སོ་རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ཏོ། །རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ་རབ་ཏུ་ལྡེག་གོ །ཀུན་ཏུ་ལྡེག་གོ །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག་རབ་ཏུ་ཤིག་ཤིག་ཀུན་ཏུ་ཤིག་ཤིག་གོ །དེ་ནས་སངས་རྒྱས་ཀྱི་མཐུ་དང་། སེམས་བསྐྱེད་པ་དེའི་ཡོན་ཏན་ཡང་དག་པར་བརྗོད་པའི་ཆོས་ཉིད་རབ་ཏུ་ཐོབ་པའི་ཕྱིར། ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་སྤོས་ཀྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྱེ་མའི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྲེང་བའི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་གོས་ཀྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རིན་པོ་ཆེའི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རྒྱན་གྱི་ཆར་ཡང་མངོན་པར་བབ་བོ། །


DKG035_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྫས་ཀྱི་རོལ་མོ་རྣམས་ཀྱང་མངོན་པར་སྒྲ་འབྱིན་པར་གྱུར་ཏོ། །ལྷ་རྫས་ཀྱི་སྣང་བ་ཡང་རབ་ཏུ་བྱུང་ངོ་། །ལྷ་རྫས་ཀྱི་འོད་ཀྱང་རབ་ཏུ་བྱུང་ངོ་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ནས། དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་སུ་མཚན་བཏགས་པ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཞལ་མངོན་པར་བསྟན་ཏེ། གསུང་བརྗོད་པ་ཆོས་ཀྱི་བློ་གྲོས་ལེགས་སོ་ལེགས་སོ། །ཕྱོགས་བཅུ་ན་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཆོས་བསྟན་པ་དེ་ལ་ཆེད་དུ་བརྗོད་པ་མཛད་དོ། །ངེད་ཀྱིས་ཀྱང་ཆོས་བསྟན་པ་འདི་ཉིད་ཤིན་ཏུ་རྣམ་པར་ཕྱེ་སྟེ། ངེད་ཀྱིས་ཇི་ལྟར་ཤིན་ཏུ་རྣམ་པར་ཕྱེ་བ་དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཤིན་ཏུ་རྣམ་པར་ཕྱེའོ། །འདི་ཉིད་དུ་ཡང་ཁྱོད་ཀྱིས་ཆོས་བསྟན་པ་དེས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་ཀྱང་ངེད་ཀྱིས་ལུང་བསྟན་ཏེ། དེ་དག་ནི་མ་འོངས་པའི་དུས་བསྐལ་པ་སྟོང་ཕྲག་བརྗོད་དུ་མེད་པའི་མཐར་ཐམས་ཅད་ཀྱང་དུས་གཅིག་ཏུ་འཇིག་རྟེན་གྱི་ཁམས་མིང་ཐ་དད་པ་དག་ཏུ་དེ་བཞིན་གཤེགས་པ་མཚན་གཅིག་པ་ཤ་སྟག་འབྱུང་བར་འགྱུར་ཏེ། འདི་ལྟར་སེམས་རྣམ་པར་དག་པ་ཞེས་བྱ་བ་ཤ་སྟག་ཏུ་འགྱུར་རོ། །ངེད་ཀྱིས་ཆོས་བསྟན་པ་འདི་ཡང་ཇི་ལྟར་མ་འོངས་པའི་དུས་ན། མ་འོངས་པའི་བྱང་ཆུབ་སེམས་དཔའ་མ་ཐོས་པ་རྣམས་ཀྱིས་ཐོས་པར་བྱ་བ་དང་། ཇི་ལྟར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སེམས་ཅན་རྣམས་ཀྱིས་ཤེས་ཤིང་གླིང་བཞི་པ་འདིའི་རི་རབ་ཀྱི་རྩེ་མོ་ལ་ཇི་ལྟར་སེམས་ཅན་རྣམས་འདུལ་བར་གྱུར་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་གྲངས་མེད་པ། བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ། ཀུན་ཏུ་མཐའ་ཡས་པ། དཔག་ཏུ་མེད་པ། ས་མཚམས་མེད་པ། བརྗོད་དུ་མེད་པ། ཆོས་


DKG035_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་ཏུ་ཡང་། སེམས་ཅན་རྣམས་འདུལ་བར་འགྱུར་བར་བྱ་བའི་ཕྱིར་བྱིན་གྱིས་བརླབ་བོ། །ཐམས་ཅད་ན་ཡང་ཆོས་བསྟན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཤེས་བྱ་བ་ཤ་སྟག །སངས་རྒྱས་ཀྱི་མཐུ་དང་། བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་གྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྟན་པ་དང་། ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བར་བྱ་བ་དང་། དོན་གྱིས་འདུལ་བའི་སྣང་བ་ཐོབ་པ་དང་། ཆོས་ཉིད་རབ་ཏུ་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་དགའ་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཀྱི་རྒྱུད་ཡང་དག་པར་བསྟན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་དུ་བྱ་བ་དང་། ཆོས་ཀྱི་དབྱིངས་གཉིས་སུ་མེད་པ་ལ་འཇུག་པར་བྱ་བའི་ཕྱིར་རབ་ཏུ་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཀྱིས་ཕྱོགས་བཅུར་བལྟས་ཏེ། འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས། ནམ་མཁའི་ཁམས་རྣམས་ལ་ནི་རྣམ་པར་དཔྱོད། སེམས་ཅན་གྱི་ཁམས་ནི་ཡོངས་སུ་སྨིན་པར་བྱེད། ལས་དང་རྣམ་པར་སྨིན་པའི་ཁམས་ནི་འགལ་བར་མི་བྱེད། ནམ་མཁའི་ཁམས་ནི་ཡོངས་སུ་དག་པར་བྱེད། ཀུན་ནས་ཉོན་མོངས་པ་ལས་བྱུང་བ་ནི་རབ་ཏུ་སེལ། མོས་པ་ཡངས་པ་ལས་བྱུང་བ་ནི་ཤིན་ཏུ་འཕེལ་བར་བྱེད། སེམས་ཅན་གྱི་དབང་པོ་ཐ་དད་པ་ལ་ནི་རབ་ཏུ་འཇུག་དུས་གསུམ་ནི་མཉམ་པར་བྱེད། མྱ་ངན་ལས་འདས་པའི་དབྱིངས་ལ་ནི་ཡང་དག་པར་རྟོག་ཅིང་། རང་གི་དགེ་བའི་རྩ་བའི་སྟོབས་ཡོངས་སུ་དག་པར་བྱ་བ་ལ་གཞོལ་བའི་ཕྱིར། དེའི་ཚེ་སངས་རྒྱས་ཀྱི་མཐུས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་ཞིག་ཕྱོགས་རྣམས་བཅུ་པོ་མ་ལུས་རྒྱས་བྱས་ཤིང་། །སེམས་ཅན་ཞིང་དང་ཆོས་གསུམ་དག་ཀྱང་རྟོགས་གྱུར་པ། །སངས་རྒྱས་མཚོ་མཆོག་བྱང་ཆུབ་སེམས་དཔའ་དེ་བཞིན་ཏེ། །དེ་དག་འཇིག་རྟེན་ཕན་ཕྱིར་སེམས་ཀྱི་དམ་པ་བསྐྱེད། །


DKG035_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དབྱིངས་ཀྱིས་ཀླས་པའི་ཆོས་དབྱིངས་ཇི་བཞིན་དང་། ། ཇི་ལྟར་སངས་རྒྱས་ཆོས་རྣམས་འགྲོ་ཀུན་རྗེས་སོང་དང་། །སངས་རྒྱས་ཐམས་ཅད་ཀུན་ཏུ་ཁྱབ་བརྙེས་ཇི་བཞིན་གྱིས། །འགྲོ་བ་མྱི་ལྡོག་དོན་དུ་ཕན་པར་རབ་ཏུ་ཞུགས། །འཇིག་རྟེན་རྣམས་ལ་བྱམས་པས་རྟག་པར་རབ་གནས་ཤིང་། །འཚེ་བ་མེད་པར་འགྲོ་ལ་ཕན་ཕྱིར་སུ་ཞུགས་ཏེ། །སྣང་བ་མི་ཟད་འོད་བྱེད་གནས་སུ་གྱུར་པ་རྣམས། །བསམ་གྱིས་མི་ཁྱབ་སྟོབས་བཅུ་མངའ་བས་བྱིན་གྱིས་བརླབས། །དེ་ནི་ཞིང་རྣམས་ཐ་དད་མ་ཡིན་ཚུལ་ཡང་རྙེད། །དེ་ནི་ལུས་ཀྱི་རྣམ་པ་ཀུན་ལ་རབ་ཏུ་ཞུགས། །བསོད་ནམས་ཡེ་ཤེས་དེ་ཡང་སངས་རྒྱས་བྱང་ཆུབ་བཞིན། །འདི་ནི་ཆགས་མེད་གཞོལ་བ་ཡེ་ཤེས་རྒྱུར་སྐྱེས་སོ། །སྤྱིའུ་ཚུགས་རྒྱུ་བའི་འགྲོ་བ་སྣ་ཚོགས་མ་ལུས་པར། །གཞན་ཡང་ཞིང་རྣམས་འབྱམ་ཀླས་ཆགས་མྱེད་མཐར་ཐུག་པ། །དེ་དག་ཕྲ་སྦོམ་རྒྱ་ཆེ་ཡངས་པ་ཐམས་ཅད་དུ། །བྱང་ཆུབ་སེམས་མཆོག་དེ་ནི་གཅིག་པུ་ཀུན་ཏུ་འགྲོ། །བརྗོད་དུ་མེད་པ་ཤིན་ཏུ་ཕྲ་ཞིང་མྱི་གནས་པའི། །བྱང་ཆུབ་སེམས་དཔའི་སྤྱད་པ་མཆོག་ལ་རྟག་ཞུགས་ཤིང་། །མཁས་པ་གང་གིས་སངས་རྒྱས་ཆོས་མཐོང་མྱི་ངོམས་པ། །དེ་དག་ཆོས་རྣམས་རྒྱ་མཚོའི་རྣམ་པར་ཆུད་པ་ཡིན། །འཇིག་རྟེན་ལམ་རྒྱུད་ཀུན་ལ་སུ་ཞིག་སྙིང་བརྩེ་ཞིང་། །འཇིག་རྟེན་གསུམ་པོ་སྦྱང་བར་རྟག་ཏུ་ཞུགས་པ་རྣམས། །ཕྱི་མའི་མཐར་ཐུག་སངས་རྒྱས་གདུང་གི་རྒྱུན་མི་གཅོད། །དེ་ནི་བདུད་ཀྱི་ཁྱིམ་ཡང་རབ་ཏུ་བཅོམ་པ་ཡིན། །དུས་གསུམ་རྒྱལ་བ་རྣམས་དང་རྒྱུད་གཅིག་དངོས་གྱུར་ཅིང་། །ཤིན་ཏུ་ཕྲ་བའི་ཚུལ་གྱིས་ལམ་ལ་རྟག་བརྩོན་ཏེ། །སུ་ཞིག་སངས་རྒྱས་ཡུལ་ལ་དད་སེམས་པ། །དེ་ནི་ཆགས་མེད་ཐུབ་པ་ཀུན་གྱིས་དབང་ཡང་བསྐུར། །རྡོ་རྗེ་ལྟ་བུར་སྲ་ཞིང་བརྟན་ལ་མི་ཤིགས་པ། །རྐང་གཉིས་གཙོ་བོའི་མཛད་པ་རྟག་ཏུ་དྲན་ཤེས་ཤིང་། །འདྲེན་པའི་སྤྱོད་ཡུལ་སྣང་རབ་ཤིན་ཏུ་རྙེད་པ་རྣམས། །


DKG035_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དྲིང་ལ་མྱི་རྒྱུག་བྱང་ཆུབ་སེམས་ཀྱང་སྐྱེ། །འགྲོ་བ་རྣམས་ཀྱི་འདུ་ཤེས་རྣམ་པར་མང་ཤེས་ཤིང་། །དེ་བཞིན་ལས་དང་འབྲས་བུ་སེམས་ཀྱི་རྣམས་ཀྱང་སྟེ། །གཞན་ཡང་དབང་པོའི་མཐུ་དང་ཁམས་རྣམས་དུ་མ་དག །ཀུན་ཀྱང་བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་གཅིག་ཡིན་ནོ། །གང་ཞིག་ཆོས་ཀྱི་དབྱིངས་བཞིན་བྱང་ཆུབ་སེམས་ཡངས་ཤིང་། །རྟག་ཏུ་ཆོས་ལ་མི་གནས་ནམ་མཁའ་ཇི་བཞིན་པ། །ཆགས་མེད་སེམས་ལྡན་དེ་དག་སངས་རྒྱས་ཡེ་ཤེས་ཞུགས། །དེ་དག་རྟོག་མེད་ཆོས་ཅན་ཡང་དག་མཐའ་ལ་གནས། །སེམས་ཅན་བསམ་པ་རྣམས་འབྱེད་སེམས་ཅན་འདུ་ཤེས་མེད། །ཆོས་ཀྱི་རྣམ་རྟོག་ཁྲག་ཁྲིག་ཕ་མཐར་རབ་ཏུ་ཕྱིན། །དེ་དག་རྟོག་ལ་མོས་ཤིང་རྣམ་པར་མྱི་རྟོག་སྟེ། །དེ་དག་ཞིང་རྣམས་བྱེ་བ་ཁྲག་ཁྲིག་རྗེས་སུ་ཞུགས། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་རྗེས་སེམས་ཤིང་། །གང་ཞིག་ཆོས་དབྱིངས་ཚུལ་གྱི་མཛོད་དུ་ཞུགས་གྱུར་ལ། །གང་ཞིག་སེམས་ཅན་དབང་པོའི་རྣམ་པར་མཐར་ཕྱིན་པ། །དེ་དག་སེམས་ཅན་གཙོ་བཞིན་ཆོས་ཉིད་ཤེས་པ་ཡིན། །ལྷག་པའི་བསམ་པ་དགེ་དང་རྟག་པར་མངོན་ལྡན་ཞིང་། །སྐྱེས་བུ་སེང་གེའི་བསྙེན་བཀུར་ཕྱིར་ལྡོག་མྱི་འགྱུར་ལ། །འཇིག་རྟེན་གཙོ་བོ་མཁས་པ་མཐོང་བས་མི་ངོམས་པ། །དེ་དག་སངས་རྒྱས་ཁྲག་ཁྲིག་བྱེ་བས་བྱིན་གྱིས་བརླབས། །ཟབ་མོའི་ཆོས་རྣམས་རྣམ་པར་འབྱེད་ཀྱང་ཆགས་པ་མེད། །གནས་པ་མེད་པས་སེམས་ཀྱི་དམ་པ་རྟག་ཏུ་དག །དེ་དག་བསྐལ་པ་མཐའ་ཡས་སྐྱེས་བུའི་སེང་གེ་རྣམས། །དུས་གསུམ་ཆགས་པ་མེད་པར་གཏོགས་པའི་ཡིད་དང་ལྡན། །མྱི་འཕྲོགས་ཐུབ་པར་མི་ནུས་ཡིད་ཀྱི་དབང་པོ་དང་། །གསུམ་པ་རྗེས་སུ་སོང་དང་རྟག་ཏུ་ལྡན་གྱུར་ཅིང་། །ཆོས་རྣམས་འབྱམ་ཀླས་ཤིན་ཏུ་བསླབས་པས་རྨོངས་མེད་པ། །དེ་དག་ཆོས་དབྱིངས་འགེངས་ཀྱང་ནམ་ཡང་མི་ངོམས་སོ། །ཚིག་གི་ལམ་འདས་ཇི་བཞིན་མཁས་པ་ཞི་བ་ཤེས། །དེ་བཞིན་ཉིད་ལ་ནམ་ཡང་


DKG035_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མྱི་འབྱེད་པ། །དེ་དག་སངས་རྒྱས་ཐམས་ཅད་ཡུལ་ལ་རྗེས་སེམས་ཤིང་། །དུས་གསུམ་ཆགས་པ་མེད་པར་རྟོགས་པའི་ཡིད་ལྡན་འགྱུར། །མཁས་པ་གང་ཞིག་སེམས་བསྐྱེད་འབྱམ་ཀླས་ཆོས་ཀྱི་དབྱིངས། །འགེངས་ཤིང་ཕྱོགས་བཅུའི་སངས་རྒྱས་ཞིང་དུ་འགྲོ་བ་ནི། །དེ་དག་ཁྲག་ཁྲིག་ཚུལ་རྣམས་བརྗོད་དུ་མེད་པ་ཡི། །སྣང་བ་རྙེད་པར་གནས་པའི་རྒྱལ་བའི་སྲས་ཡིན་ནོ། །ཆོས་རབ་མུ་སྟེགས་སྙིང་རྗེའི་ཚུལ་གྱི་རྗེས་སོང་ཞིང་། །བྱམས་པའི་ཕ་རོལ་ཕྱིན་པ་བར་སྣང་ཇི་བཞིན་ཏེ། །སེམས་ཅན་ཁམས་ལ་ནམ་ཡང་ཡོངས་སུ་རྟོག་མེད་པ། །དེ་དག་རྣམ་རྟོག་མེད་ལ་བརྩོན་ཞིང་འཇིག་རྟེན་སྤྱོད། །ཕྱོགས་བཅུ་དག་ཏུ་བདེན་པས་འགྲོ་བ་ཡིད་འབེབས་པར། །དོང་པས་སེམས་ཅན་གཙོ་བོ་དེ་དག་ཀུན་ཏུ་རྒྱུ། །བདེན་པའི་ཚིག་བརྩོན་རྟག་ཏུ་ངེས་པའི་སེམས་ལྡན་པ། །དེ་དག་ཕྱོགས་བཅུའི་མྱི་ཡི་མཆོག་གིས་བྱིན་གྱིས་བརླབས། །འདས་པར་གྱུར་པའི་དུས་ཀྱང་དེ་དག་རྗེས་སུ་དྲན། །དེ་བཞིན་མ་འོངས་དུས་ལ་འཇུག་པ་རྣམ་པར་སྒོམ། །དེ་དག་ཕྱོགས་བཅུའི་འཇིག་རྟེན་ཀུན་ན་མྱི་གནས་ཏེ། །སེམས་ཅན་ཕན་དང་སྒྲོལ་ཕྱིར་ཀུན་ཏུ་རྣམ་པར་རྒྱུ། །ཡེ་ཤེས་འོད་མཆོག་དམ་པས་ཆགས་པ་མེད་གྱུར་ལ། །རྒྱུ་ཡི་རྣམ་པ་ཆོས་རབ་ནེམ་ནུར་མེད་བརྟན་རྣམས། །དེ་དག་ཐེ་ཙོམ་ཐམས་ཅད་རྣམ་པར་ལྡོག་པ་བྱེད། །ཆོས་ཀྱི་དབྱིངས་འདིར་ནེམ་ནུར་མེད་པར་རབ་ཏུ་འཇུག །གང་ཞིག་བདུད་རྣམས་ཀུན་གྱི་གནས་རྣམས་འཇོམས་བྱེད་དང་། །གང་ཡང་སེམས་ཅན་རབ་རིབ་ཤིན་ཏུ་སེལ་བྱེད་དང་། །གང་རྣམས་རྟོག་པ་འཇིག་ཅིང་རྣམ་རྟོག་མི་འགྲོགས་པ། ། སེམས་ཅན་གཙོ་བོ་དེ་དག་ཡུལ་ལ་ཐེ་ཙོམ་མེད། །དུས་གསུམ་མ་ལུས་ཐེ་ཙོམ་རྣམ་པར་ལྡོག་བྱས་ཤིང་། །བསམ་པའི་མཆོག་གིས་དེ་བཞིན་གཤེགས་པའི་དྲུང་འགྲོ་སྟེ། །དད་པའི་སྟོབས་དང་ལྡན་ཞིང་བློ་བརྟན་རྙེད་པ་རྣམས། །དེ་དག་དོན་རྟོགས་ཁོང་དུ་ཆུད་ཅིང་བློ་ཡང་དག །མཁས་པ་འགྲོ་བའི་དོན་དུ་ཕྱི་མའི་མཐར་སྤྲོ་


DKG035_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སེམས་ཅན་དོན་དུ་རྣམ་ཐར་འབྱམ་ཀླས་ཡོངས་སུ་ཚོལ། །ཡུན་རིང་དུས་སུ་སྐྱོ་བ་མེད་ཅིང་ཞུམ་པ་མེད། །སེམས་ཅན་དམྱལ་བ་སྡུག་བསྔལ་མང་པོ་བཟློག་པར་བྱེད། །དེ་དག་བསོད་ནམས་མི་ཟད་ཡེ་ཤེས་ལྡན། །འགྲོ་བའི་དབང་པོ་སྣ་ཚོགས་བསམ་ལ་རབ་ཏུ་འཇུག །སྐྱེ་དགུའི་ལས་ཀྱི་རྒྱུད་ཀྱང་ཤིན་ཏུ་ཤེས་བྱས་ཤིང་། །བསམ་པ་ཇི་བཞིན་ཚུལ་འདིའི་ཆོས་རྣམས་མཐའ་ཡས་བརྗོད། །འགྲོ་ལ་བྱམས་པའི་སེམས་རྣམས་ཀུན་དང་རྗེས་སུ་ལྡན། །བདག་མེད་ཉིད་རྟོགས་འོན་ཀྱང་བཏང་སྙོམས་བྱེད་པ་མིན། །དེ་དག་སྙིང་བརྩེ་གཅིག་ཏུ་གསལ་བར་ཆོས་ཀྱང་བརྗོད། །འོན་ཀྱང་དམྱིགས་པར་མི་གནས་དེ་དག་འཇིག་རྟེན་རྒྱུ། །དེ་དག་འོད་ཟེར་དྲ་བ་སྣ་ཚོགས་མདོག་བཀྱེ་ཞིང་། །འགྲོ་བའི་མུན་པ་བསལ་ཏེ་ཀུན་ཏུ་སྣང་བྱས་ནས། །འོད་ཟེར་སྒོ་ཡི་པད་མོ་དག་ལ་རྒྱལ་སྲས་རྣམས། །ཀུན་ཏུ་བསྟན་ཏེ་རྡུལ་དང་བྲལ་བའི་ཆོས་ཀྱང་སྟོན། །སྤུ་གཅིག་རྩེ་ལ་ཞིང་རྣམས་རྒྱལ་བས་བརྒྱན་པ་དང་། །དེ་བཞིན་རྒྱལ་བའི་སྲས་ཀྱིས་བརྒྱན་པ་མངོན་པར་མཐོང་། །འཁོར་རྣམས་བློ་སེམས་གཞན་དང་གཞན་ཅན་དཔེ་མེད་པ། །འགྲོ་བ་དེ་དག་སེམས་ཤེས་རྨོངས་མེད་སྟོན་པ་བྱེད། །སེམས་འཇུག་གཅིག་གིས་ཕྱོགས་རྣམས་བཅུ་པོ་ཐམས་ཅད་ཀྱི། །བརྗོད་དུ་མེད་པ་ཁྲག་ཁྲིག་ཞིང་རྣམས་ཀུན་བགྲོད་ཅིང་། །སོང་སྟེ་སངས་རྒྱས་འགྲོ་བའི་དོན་དུ་མཆོད་བྱས་ནས། །དྲི་བ་ཁྲག་ཁྲིག་དོན་དང་ལྡན་པ་སྣ་ཚོགས་འདྲི། །བདེར་གཤེགས་རྣམས་ལ་ཕ་ཡི་འདུ་ཤེས་ཉེར་བཞག་ཅིང་། །ཆོས་ཀྱི་གཏེར་མཁས་རྟག་ཏུ་ཤེས་རབ་རྣོན་པོ་ཅན། །ཡེ་ཤེས་འབྱུང་གནས་མཁས་པས་སངས་རྒྱས་ཆགས་མེད་ཕྱིར། །འགྲོ་བའི་དོན་འདོད་བྱང་ཆུབ་མཆོག་གི་སྤྱོད་པ་སྒྲུབ། །གང་རྣམས་ཆོས་དབྱིངས་རྣམ་པར་ཕྱེ་ཞིང་བསམ་བྱས་ཀྱང་། །བསྐལ་པ་མང་པོ་འདས་བྱས་ཟད་པར་མ་གྱུར་ཏེ། །ཆོས་ཉིད་གནས་མེད་གང་ལའང་


DKG035_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པར་མ་གྱུར་ཀྱང་། །ཆགས་མེད་ཡེ་ཤེས་ཅན་རྣམས་སྐྱོ་སེམས་མེད་པར་སྤྱོད། །དུས་གསུམ་རྒྱལ་བའི་རིགས་སུ་རིགས་དང་ལྡན་འགྱུར་ཞིང་། །བདེར་གཤེགས་ཀུན་གྱི་སྐུ་ལས་ཡང་དག་བྱུང་གྱུར་པས། །ཆོས་ཀྱི་ལུས་ཅན་དེ་དག་འགྲོ་ལ་གཟུགས་ལུས་སྟོན། །སྒྱུ་མཁན་མཁས་པ་ཡིད་འོང་སྒྱུ་མ་སྟོན་པ་བཞིན། །མཁས་པ་དེ་དག་ལ་ལར་སྤྱོད་པ་མཆོག་བརྙེས་སྣང་། །ལ་ལར་མཁས་པ་སྐྱེ་ཞིང་མྱ་ངན་འདས་པར་སྣང་། །བྱང་ཆུབ་དམ་པའི་མཆོག་ཀྱང་རྣམ་པར་འཚང་རྒྱ་སྣང་། །མྱ་ངན་འདའ་བ་སྟོན་པའང་དེ་བཞིན་ལ་ལར་སྣང་། །རང་རྒྱལ་རྣམས་དང་ཉན་ཐོས་རྒྱལ་བའི་ས་མིན་པའི། །ཆོས་ཉིད་དེ་ལ་ཇི་ལྟར་རབ་ཏུ་གནས་པ་ལྟོས། །ལུས་དང་སྒྲ་མེད་བསམ་མེད་འདུ་ཤེས་ལྡན་པ་མིན། །འོན་ཀྱང་བྱ་བ་སྣ་ཚོགས་དུ་མ་ཉེ་བར་སྟོན། །འགྲོ་བར་ཆོས་རྣམས་རྣམ་པར་འབྱེད་ཅིང་སྐྱེར་འགྱུར་ཏེ། །འཇིག་རྟེན་གཙོ་བོ་མི་བཞུགས་ཕྱི་ན་རྒྱལ་སྲས་རྣམས། །ཆགས་མེད་མཐར་ཕྱིན་པ་ཡི་ཡེ་ཤེས་མི་གནས་ཏེ། །སངས་རྒྱས་བྱིན་རླབས་རྣམ་པར་འཕྲུལ་པ་དག་ཀྱང་སྟོན། །འཇིག་རྟེན་འདི་ན་དེ་དག་འདྲ་བ་གང་ཡང་མེད། །དེ་དག་བས་ཀྱང་འཕགས་པས་ལྟ་གོ་ཅི་ཞིག་སྨོས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡངས་པ་མ་ཐོབ་པར། །ཐམས་ཅད་མཁྱེན་པའི་ཐབས་སུ་རྣམ་འཕྲུལ་མཆོག་ཀྱང་ཐོབ། །གང་རྣམས་ཆོས་རབ་འཕགས་པར་རྟག་ཏུ་འཇུག་བྱེད་པ། །དེ་དག་ཆོས་རབ་དམ་པ་མཆོག་གི་ཐེག་པ་ཡིན། །འཇིག་རྟེན་དུས་དང་དུས་མིན་ཚོད་ཀྱང་ཤེས་བྱས་ཤིང་། །དེ་དག་འགྲོ་ལ་ཕན་ཕྱིར་རྣམ་པར་འཕྲུལ་པ་སྟོན། །དཔའ་བོ་གང་རྣམས་ཞིང་ཀུན་དག་གི་ལུས་འགེངས་ཤིང་། །གང་རྣམས་འཇིག་རྟེན་འོད་ཟེར་དྲ་བ་མཆོག་གཏོང་བ། །མུན་པ་བསྩལ་ཅིང་སྣང་བས་འཇིག་རྟེན་རྒྱས་པར་བྱེད། །ཀླུ་ཡི་དབང་པོ་བཞིན་དུ་ཆོས་ཀྱི་ཆར་པ་འབེབས། །རྨི་ལམ་ལྟ་བུ་ལོག་པའི་སྒྱུ་མ་འདྲ་བ་ཡི། །འདུ་བྱེད་རབ་ཏུ་ཤེས་ནས་ལམ་


DKG035_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྦྱོར་འཇུག་ཅིང་། །འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ཁྱབ་བྱས་ནས། །རང་བཞིན་དག་པས་ཐར་ལམ་བྱ་བ་མེད་པར་སྟོན། །གང་རྣམས་རྒྱལ་བའི་སྟོབས་རྣམས་ཇི་བཞིན་ཚད་མེད་དང་། །གང་རྣམས་མཁའ་ལྟར་འགྲོ་བ་ཀུན་ཏུ་མཐའ་ཡས་ཤིང་། །གང་རྣམས་སེམས་ཅན་ཁམས་ཀུན་ཡོངས་སུ་དགྲོལ་བརྩོན་པ། །དེ་དག་བསྐལ་པ་བྱེ་བར་གྲངས་མེད་སྤྱད་པ་སྤྱོད། །ལས་མཆོག་བླ་ན་མེད་པ་ཤིན་ཏུ་སྦྱངས་པ་ཡིས། །ཡོན་ཏན་དམ་པ་སྣ་ཚོགས་རྣམས་ཀྱང་ཀུན་སེམས་ཤིང་། །བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་པ་མཆོག་མྱི་གཏོང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བ་རྣམ་པར་ལྟ། །སེམས་འབྱུང་གཅིག་གིས་འཇིག་རྟེན་བསམ་གྱིས་མི་ཁྱབ་པ། །འབྱམ་ཀླས་ཀུན་ཏུ་རྒྱུ་ཞིང་འགྲོ་བ་རབ་ཏུ་སྣང་། །རྟོག་དང་རྣམ་རྟོག་མྱི་བྱེད་དག་པའི་སེམས་དང་ལྡན། །དེ་དག་གཅིག་མིན་ལུས་ལ་ལུས་གཅིག་སྟོན་པ་བྱེད། །དེ་དག་འཇིག་རྟེན་ཀུན་ལ་རྟོག་པར་མི་བྱེད་དེ། །མགོན་པོ་ཀུན་གྱི་ཆོས་ཉིད་ཡོངས་སུ་མི་རྟོག་གོ །དེ་དག་ཆོས་ཀུན་རྣམ་འབྱེད་འདོད་ཆགས་བྲལ་གྱུར་པ། །འགྲོ་བ་ཐར་པར་བྱ་བ་ཡོངས་སུ་མི་གཏོང་ངོ་། །འཇིག་རྟེན་ཀུན་གྱི་འདུ་ཤེས་རྣམ་པ་གང་ཡོད་པ། །བཟང་ངན་འབྲིང་དང་དེ་བཞིན་ཆུང་དང་སྣ་ཚོགས་ཀྱི། །འདུ་ཤེས་ཐིབས་པོ་དག་དང་རབ་རྒལ་རྣམ་ཕྱེ་སྟེ། །དེ་དག་བྱིན་རླབས་རྣམ་པར་འཕྲུལ་པ་ཤིན་ཏུ་སྟོན། །ཇི་ལྟར་སྒྱུ་མ་རྣམ་པ་སྣ་ཚོགས་ཚད་མེད་པ། །དེ་འདྲའི་རྣམ་པར་འཕྲུལ་པས་ཆོས་དབྱིངས་འདི་དག་འགེངས། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་ལུས་ཀྱི་བྱེ་བྲག་གིས། །འགྲོ་བ་རྣམས་ཀྱི་མོས་པ་ཇི་བཞིན་སྟོན་པ་བྱེད། །དེ་དག་གང་ལའང་མ་ཆགས་རྟོག་དང་རྣམ་རྟོག་མེད། །དོག་པ་མེད་ཅིང་ཉོན་མོངས་དེ་བཞིན་རློམ་སེམས་མེད། །དེ་དག་སངས་རྒྱས་ཆགས་པའི་བློ་མེད་ཐར་ལ་མིན། །འགྲོ་བ་ཀུན་ལའང་བདེ་བའི་འདུ་ཤེས་རབ་ཏུ་སྐྱེད། །འཇིག་རྟེན་ཀུན་ན་ཤེས་ལ་མཁས་རབ་མི་འཇིགས་པ། །འཇིག་རྟེན་འདུ་ཤེས་གནས་ལ་འཇུག་པར་མྱི་བྱེད་དེ། །དེ་དག་


DKG035_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་འདི་ལ་འདུ་ཤེས་གང་ཞེས་རྟོག །དེ་ལྟར་གཞིག་ན་དུས་གསུམ་གང་ཡང་དམྱིགས་པ་མྱེད། །སྔོན་གྱི་མཐར་ཐུག་པ་ཡི་དུས་ལ་རབ་ཞུགས་སྟེ། །ཕྱི་མའི་མཐར་ཐུག་མ་འོངས་པ་ལ་རབ་ཞུགས་ནས། །ཞིང་རྣམས་ཀུན་ན་ཅི་ཡོད་ཀུན་ཀྱང་དེ་བཞིན་དུ། །ཤིན་ཏུ་ཤེས་ཀྱང་རྟག་པར་གང་ཡང་མྱི་དམྱིགས་སོ། །མྱ་ངན་འདས་པའི་དབྱིངས་ལ་འང་བརྩོན་པར་དེ་བཞིན་གནས། །ཉོན་མོངས་མེད་པའི་ཚུལ་གྱིས་རྗེས་སོང་མི་གནས་ཏེ། །དེ་དག་ཡང་དག་མཐའ་འདྲ་དེ་ལ་འདྲ་བ་མེད། །བྱང་ཆུབ་སྤྱོད་པ་ལས་ཀྱང་དཔའ་བོ་མྱི་ལྡོག་གོ །གང་རྣམས་བྱང་ཆུབ་བརྟན་པ་རི་རབ་བཞིན་གནས་ཤིང་། །སངས་རྒྱས་རྒྱལ་སྲས་མཁས་པས་ཆོས་དབྱིངས་ཐམས་ཅད་དང་། །འགྲོ་བ་ཀུན་ཏུ་ཤིན་ཏུ་གང་བྱས་པ། །འདི་ནི་དཔའ་བོ་རྣམས་ཀྱི་སྤྱོད་པའི་མཆོག་ཡིན་ནོ། །བློ་མཆོག་དམ་པ་གང་ཞིག་ཐམས་ཅད་མཁྱེན་པ་ཡི། །རྣམ་གྲོལ་མཛེས་པའི་ཚུལ་མཆོག་ཡངས་པ་འདོད་པ་ནི། །དེས་ནི་གང་ལས་ཟག་ཟད་སྲིད་གསུམ་བདེ་འབྱུང་བའི། །བྱང་ཆུབ་སེམས་ལ་རིམ་པ་མེད་པར་འཇུག་པར་གྱིས། །གང་གིས་བསམ་པ་རྡུལ་བྲལ་བྱང་ཆུབ་སེམས་གནས་པ། །དེ་དག་ཡོན་ཏན་ལེགས་པ་ཟད་པར་བརྗོད་མི་ནུས། །འོན་ཀྱང་འགྲོ་བའི་དོན་དུ་བདེ་གཤེགས་ལེགས་བརྗོད་ཕྱིར། །ཡོན་ཏན་ལྡན་པ་དེ་ཡི་སྤྱོད་པ་མཆོག་ཀྱང་ཉོན། །གང་གིས་ཞིང་རྣམས་བྱེ་བ་ཁྲག་ཁྲིག་རྡུལ་བྱས་ཏེ། །ཕྱོགས་རྣམས་རེ་རེ་ཀུན་ཏུ་བཀང་སྟེ་བགྲང་བྱས་ཤིང་། །དེ་ཡི་རྗེས་སུ་དཔག་པས་རྣམ་འདྲེན་ཟད་བྱེད་ན། །འདུ་ཤེས་རྣམས་ནི་མཐར་ཐུག་ཟད་པར་མི་འགྱུར་རོ། །གང་ཞིག་སེམས་ཅན་གྲངས་མཁས་སེམས་ཅན་འདུ་ཤེས་མེད། །སྤྱོད་པ་ཙམ་དུ་གཞོལ་ཞིང་སྒྲ་ལ་མ་ཆགས་དང་། །གང་ཞིག་འཇིག་རྟེན་ཁམས་འབྱེད་ཆགས་པ་མེད་པའི་སེམས། །དེ་དག་ལྡང་དང་གྲངས་མཁས་གྲངས་དམིགས་མེད་པ་ཡིན། །ཡིད་ཀྱིས་ནམ་མཁའི་དབྱིངས་ནི་མཐའ་ཡས་རྒྱ་ཆེ་དང་། །དུས་རྣམས་འཇིག་རྟེན་ཀུན་ཏུ་རྟོགས་པའི་མཁས་པ་གང་། །སྤར་མོས་ཐལ་གཏོར་བཞིན་དུ་ཐེ་


DKG035_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་རྣམ་གཏོར་བ། །དེ་དག་སངས་རྒྱས་ཆོས་རྟོགས་ཡིད་ཅན་ཆགས་པ་མེད། །གང་དག་ཕྱོགས་རྣམས་མཐའ་ཡས་ཞིང་ལ་རབ་འཇུག་ཅིང་། །སེམས་བསྐྱེད་གཅིག་གིས་བློ་ཉམས་མེད་པར་འདོད་བྱེད་པ། །དེ་དག་ཐ་དད་གྲངས་ལ་རྟོགས་པས་དེར་ཞུགས་ཏེ། །སྐྱོ་བ་མེད་པའི་ཆོས་ལ་ཡང་དག་མཐའ་ལྟར་མཁས། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བསམ་ཡས་པའི། །འཁོར་དུ་ཉེ་བར་ཕྱིན་ཏེ་ཞམ་རིང་འཁོར་གནས་ཤིང་། །གཙོ་བོ་དག་ལ་འདྲི་བའི་ཐོག་མར་གང་འགྲོ་བ། །སྤྱོད་ཡུལ་མཆོག་ཅན་དེ་ཡི་སྨོན་ལམ་མཆོག་འདི་ཡིན། །གང་ཞིག་ཕྱོགས་རྣམས་ཀུན་གྱི་མགོན་པོ་ཀུན་དྲན་ཞིང་། །ཆོས་ཉིད་དེ་ལ་ནམ་ཡང་གནས་པར་མ་གྱུར་པ། །ཁམས་གསུམ་དགེ་བ་གང་ཡོད་ཀུན་གྱི་རྒྱུ་ཡིན་ཏེ། །དེ་དག་ཞིང་རྣམས་ཐམས་ཅད་ཡོངས་སུ་དག་པར་སྤྱོད། །གང་རྣམས་སྐྱེ་བའི་རྒྱུད་དུ་སྲིད་གསུམ་སྣ་ཚོགས་རྣམས། །འཇིག་རྟེན་ཀུན་ན་ཡོད་ལ་མ་ཆགས་མིག་གྱུར་པ། །དེ་དག་བག་ཆགས་མཁས་ཤིང་དེ་བཞིན་དབང་པོ་མཁས། །མོས་པ་བྱེ་བ་ཁྲག་ཁྲིག་བསམ་ཡས་དེ་བཞིན་མཁས། །འགྲོ་བའི་བསམ་པ་ཇི་བཞིན་གང་གིས་ཤེས་གྱུར་ཅིང་། །ཤེས་རབ་ཆེན་པོ་དེ་དག་དེ་བཞིན་ཆོས་སྟོན་པ། །དེ་དག་ཀུན་ནས་ཉོན་མོངས་རྣམ་དག་ཚུལ་ལ་མཁས། །སེམས་མང་རྣམ་པར་སྦྱོང་བའི་ལམ་ལྡན་སྟོན། །གང་ཞིག་ཏིང་འཛིན་བྱེ་བ་ཁྲག་ཁྲིག་བརྗོད་ཡས་རྣམས། །སེམས་ཀྱི་རྒྱུ་བ་གཅིག་གི་རྗེས་སུ་ཞུགས་གྱུར་པ། །དེ་དག་མཚན་མ་སྣ་ཚོགས་གནས་པ་རབ་ཏུ་ཤེས། །ལྡང་བའི་རྒྱུ་ལ་མཁས་ཤིང་བློ་གྲོས་སྤྱོད་ཡུལ་ཤེས། །ཆགས་མྱེད་བྱང་ཆུབ་དེ་ལ་མངོན་དུ་གང་ཞུགས་ཤིང་། །འགྲོ་ལ་ཕན་པའི་དོན་དུ་བློ་ཡངས་སུ་ཞུགས་པ། །ཡེ་ཤེས་འབྱམ་ཀླས་འདི་དང་དེ་དག་ལྡན་པ་ཡིན། །དེ་ཕྱིར་དེ་དག་སྐྱེས་བུ་མཆོག་གི་གསུང་ཡང་སྒྲོག །གང་ཞིག་བསྐལ་པ་རིང་དང་བསྐལ་པ་ཐུང་མཁས་ཤིང་། །ཉིན་ཞག་མཁས་ཤིང་དེ་བཞིན་ཟླ་བ་ཟླ་ཕྱེད་མཁས། །གང་ཡང་འཇིག་རྟེན་རྟག་ཏུ་སྐྱེ་བ་


DKG035_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྱུར་པ། །ཞིང་གི་རྣམ་པ་མཁས་ཤིང་རྣམ་ཕྱེའི་ཆོས་མེད་པའོ། །གང་རྣམས་ཕྱོགས་ལ་ཞུགས་ཏེ་ཕྱོགས་ཀྱི་རྗེས་འབྲང་ཞིང་། །ཕྱོགས་ཀུན་ཚད་ནི་རྗེས་སུ་ཤེས་པར་མ་གྱུར་པ། །དེ་དག་དབུས་མས་ཕྱོགས་ཀྱི་རྗེས་སུ་འགྲོ་བྱེད་ཅིང་། །ཞིང་རྣམས་སྦྱོང་ཡང་ཡོངས་སུ་དག་རྟོགས་ཆགས་པ་མེད། །སྟོབས་ལ་འཇུག་པས་རྒྱལ་བ་རྣམས་ཀྱི་སྟོབས་ཤེས་པ། །འགྲོ་བ་རྣམས་ཀྱི་གནས་དང་གནས་མིན་བསམ་བྱས་ནས། །འདས་དང་མ་འོངས་ད་ལྟར་བྱུང་བའི་ལས་ཀྱི་ས། །ཡང་དག་རྟོགས་བྱས་ལས་ཀྱི་རྣམ་པར་སྨིན་ལ་གནས། །འཇིག་རྟེན་ཀུན་མཁས་སྣ་ཚོགས་ཐ་དད་ཇི་བཞིན་དུ། །སྲིད་གསུམ་རྣམ་པར་རྒྱུ་བའི་ཚུལ་ཡང་ཅི་བཞིན་དང་། །དབང་པོ་རྣོན་པོ་འབྲིང་དང་དབང་པོ་ཐ་མར་ཡང་། །འགྲོ་བ་མ་ལུས་ཀུན་གྱི་དབང་པོ་རྣམ་པར་འབྱེད། །མོས་པ་རྣམ་པ་སྣ་ཚོགས་དགེ་དང་མི་དགེ་དང་། །བཟང་ངན་དེ་བཞིན་འབྲིང་ལ་རྣམ་པར་སེམས་བྱེད་ཅིང་། །འགྲོ་བ་ཀུན་ན་འགྲོ་བ་བརྟན་པ་རྣམ་པར་འབྱེད། །སྲིད་གསུམ་རྒྱུ་ཡི་རྒྱུད་ཀྱང་རབ་ཏུ་ཤེས། །བསམ་གཏན་རྣམ་ཐར་ཉོན་མོངས་ཇི་བཞིན་མཚན་མཐོང་ཞིང་། །ཉོན་མོངས་མཚམས་སྦྱོར་རྣམ་བྱང་ཅི་འགྱུར་དང་། །སྔོན་ཆད་གནས་ཀྱི་བདེ་དང་སྡུག་བསྔལ་རྒྱུད་རྣམས་ཀྱང་། །བརྟན་པ་རྣམས་ནི་སངས་རྒྱས་སྟོབས་རྣམས་སྦྱོང་བར་བྱེད། །ཇི་ལྟར་འགྲོ་བའི་ལམ་རྒྱུད་ཉོན་མོངས་ལས་འཇུག་དང་། །འགྲོ་རྒྱུད་ཐམས་ཅད་འཇིག་ཅིང་ཞིག་འགྱུར་ཐམས་ཅད་དང་། །ཟག་པ་སྣ་ཚོགས་རྣམས་ཀྱང་ཇི་ལྟར་སྐྱེས་འགྱུར་བ། །བག་ཆགས་མཚམས་སྦྱོར་ཅི་བཞིན་དེ་བཞིན་རབ་ཏུ་འཇུག །ཇི་ལྟར་འཇིག་རྟེན་ཉོན་མོངས་ཟད་ཅིང་དག་གྱུར་པ། །དེ་ལ་སྐྱེས་བུ་ཁྱུ་མཆོག་སྤྱོད་པའི་བློ་དང་ལྡན། །སྟོབས་འཆང་དག་ནི་སྟོབས་བཅུ་རྣམས་ཀྱི་འོད་སྣང་སྟེ། །རྒྱལ་བའི་སྟོབས་ཀྱང་ཐོབ་མིན་ཐེ་ཙོམ་ཡོད་པ་མིན། །སྤུ་རྩེ་གཅིག་ལ་གང་རྣམས་རྣམ་པར་སེམས་བྱེད་ཅིང་། །ལ་ལ་ཉོན་མོངས་ལ་ལ་དོག་དང་ཡངས་པ་ཡི། །སྣ་ཚོགས་ཞིང་རྣམས་ཚད་ལས་འདས་པ་ཀུན་


DKG035_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས། ། ལས་དང་བྱ་བ་སྣ་ཚོགས་རྒྱུད་དུ་རབ་ཏུ་ཤེས། །གང་རྣམས་རྡུལ་གཅིག་རྩེ་ལ་རྣམ་སེམས་བརྗོད་མེད་པའི། །ཞིང་དང་བདེ་གཤེགས་སྲས་རྣམས་སེམས་ཅན་གཙོ་མཐོང་ཡང་། །ཞིང་རྣམས་འཁྲུགས་ཤིང་འདྲེས་པའི་ཉེས་པ་གང་མེད་པ། །གཅིག་ནས་འཇུག་པས་རྣལ་འབྱོར་ལྡན་པ་ཀུན་འཇུག་ལ། །སྤུ་གཅིག་རྩེ་ལ་ཕྱོགས་བཅུ་ཐམས་ཅད་རྣམ་ཕྱེ་སྟེ། །ནམ་མཁའི་དབྱིངས་ཐུག་འཇིག་རྟེན་ཁམས་རྣམས་ཀུན་ཞུགས་ཤིང་། །ཕྱོགས་འགའ་ཙམ་ཡང་རྒྱལ་བས་སྟོང་པར་མཐོང་བ་མེད། །དེ་བཞིན་ཞིང་དང་འཇིག་རྟེན་འབྱམ་ཀླས་དེ་དག་སྦྱོང་། །དེ་ལྟར་བརྟན་པས་རྒྱལ་བས་སྟོང་མིན་ཞིང་ཤེས་ནས། །འཇིག་རྟེན་ཀུན་ཀྱང་སྤུ་རྩེ་གཅིག་ལ་ཡོད་པར་འཇུག །དུས་གསུམ་རྒྱུད་རྣམས་མཚན་ཉིད་ཐ་དད་ཁམས་ཀུན་དང་། །ཉིན་ཞག་དུས་དང་ཟླ་ཕྱེད་རྒྱུད་ཀྱི་རྣམ་ཐར་འཇུག །དེ་ལྟར་རྒྱལ་སྲས་འཇིགས་མེད་བྱང་ཆུབ་སེམས་དཔའ་རྣམས། །སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་རྒྱལ་སྲིད་ཐོབ་ཞུགས་པ། །དེ་དག་འདི་འདྲ་ཤེས་ནས་རྗེས་སུ་སེམས་བྱེད་ཅིང་། །བདེ་གཤེགས་རྣམས་ལ་དགའ་བ་མཐའ་ཡས་ཡངས་པ་འཐོབ། །གང་རྣམས་བྱེ་བ་ཁྲག་ཁྲིག་སྣ་ཚོགས་ལུས་སྒྱུར་ཅིང་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མངོན་པར་མཆོད་པའི་ཕྱིར། །རྣམ་འཕྲུལ་དམ་པ་བཟང་པོ་ཀུན་ཏུ་སྟོན་བྱེད་པ། །དེ་དག་མགོན་པོ་རྣམས་ཀྱི་སྤྱོད་ཡུལ་རབ་ལ་ཞུགས། །གང་རྣམས་སངས་རྒྱས་བྱེ་བ་ཁྲག་ཁྲིག་དྲུང་བསླབས་ཤིང་། །གང་རྣམས་ཆོས་ཀྱི་མཛོད་རྟོགས་ཡིད་ལ་ངོམས་མེད་དེ། །གང་དག་མགོན་པོ་ཁྱུ་མཆོག་རྣམས་ལ་དགའ་སེམས་པ། །དེ་དག་ཆོས་ཀྱི་སྤྲིན་ཡིན་སྤྱོད་པ་མང་ལ་སྤྱོད། །ཡེ་ཤེས་འཕེལ་བར་འགྱུར་བའི་ཆོས་ཀྱི་གནས་མཁས་པ། །དེ་དག་སངས་རྒྱས་འབྱུང་གནས་ཏིང་འཛིན་ཐོབ་པ་ཡིན། །རི་རྒྱལ་ལྟ་བུ་དེ་དག་དད་པའི་འབྱུང་གནས་རྟེན། །ཡེ་ཤེས་འབྱུང་གནས་འགྲོ་བའི་ཡོན་ཏན་འབྱུང་གནས་སོ། །གནས་པ་མེད་པ་དམ་པ་ཤིན་ཏུ་ཡངས་པ་དང་། །


DKG035_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་ལ་མངོན་གྱུར་མྱ་ངན་མེད་པ་དང་། །སེམས་ཅན་སྐྱོབ་ཅིང་ཉོན་མོངས་རྙོག་པ་མེད་ཞུགས་པའི། །བྱམས་པའི་བསམ་པས་འགྲོ་བ་ཀུན་ཀྱང་འགེངས། །དེ་དག་སྙིང་རྗེའི་བློ་ཡང་ཤིན་ཏུ་ཡངས་པ་ཡིན། །བདག་ལ་ཅིར་སེམས་དེ་བཞིན་སངས་རྒྱས་སེམས་ཅན་ལ། །གཞན་དུ་ནམ་མཁའ་ལྟ་བུར་མཚན་ཉིད་མེད་པར་འཇུག །ཉམས་པར་འགྱུར་བའི་སེམས་ཅན་རྣམས་མཐོང་ཕྱིར་ཞིང་རྩོམ། །བྱང་ཆུབ་སེམས་ལ་མཁས་པ་དག་གི་ཚད་དག་ནི། །བསྐལ་པ་བྱེ་བའི་མཐས་ཀྱང་བརྗོད་པར་མི་ནུས་ཏེ། །ཅི་ཕྱིར་ཞེ་ན་དེ་ལས་སངས་རྒྱས་ཐམས་ཅད་བྱུང་། །དབང་བདེས་རིམ་གྲོར་བྱས་དང་རང་རྒྱལ་ཀུན་ཀྱང་འབྱུང་། །ཕྱོགས་བཅུའི་ཞིང་རྣམས་གྲངས་མེད་བཅུར་ནི་བགྲང་གྱུར་པའི། །སེམས་ཅན་ཐམས་ཅད་བསྐལ་པ་གཅིག་ཏུ་བདར་བཀོད་ཅིང་། །བསླབ་པ་བཅུ་དང་དགེ་བཅུ་བསམ་གཏན་འཐོབ་པ་དང་། །ཚངས་པ་དག་དང་རྣམ་གྲོལ་ཞི་བའི་གནས་བཀོད་ཅིང་། །དེ་དག་བསྐལ་པ་བྱེ་བར་བདེ་བར་རབ་བཀོད་དེ། །དགྲ་བཅོམ་ཉོན་མོངས་ཞི་ལ་རབ་ཏུ་དགོད་བྱས་ཀྱང་། །བྱང་ཆུབ་སེམས་དཔའི་དགེ་བའི་ཚོགས་ཀྱི་ཆར་མྱི་རུང་། །བྱང་ཆུབ་སེམས་དཔའ་ཞུགས་མ་ཐག་ཏུ་ཚོགས་ཆེན་སྩོགས། །ཉོན་མོངས་མེད་ཅིང་ཤིན་ཏུ་ཕྲ་ལམ་རྟོགས་པ་ཡིན། །རང་རྒྱལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བཀོད་གྱུར་ཀྱང་། །བསོད་ནམས་བསགས་པ་དེས་ནི་བྱང་ཆུབ་སེམས་རབ་ལ། །གྲངས་དང་ཆ་དང་བགྲང་བའི་རྣམ་པར་ཉེར་མྱི་འགྲོ། །ཞིང་གི་རྡུལ་ནི་ཚད་ཀྱིས་ཤེས་པར་རུང་ཡང་སྲིད། །སྐད་ཅིག་སེམས་ཀྱིས་ཞིང་མང་ཡོངས་སུ་འདས་བྱས་ཤིང་། །དེ་ལྟར་བསྐལ་པ་བརྗོད་ཡས་ཟད་པར་འགྲོ་བྱས་ན། །ཞིང་མཐའ་ཐུག་པར་རུང་སྲིད་བྱང་ཆུབ་སེམས་མཆོག་མིན། །མཐའ་རྣམས་ཀུན་ཏུ་བསྐལ་པ་མང་པོའི་མཐའ་མེད་དེ། །སྔོན་གྱི་མཐའ་གྱུར་བསྐལ་པ་དེ་བཞིན་མ་འོངས་དང་། །ད་ལྟར་བྱུང་བའི་བསྐལ་པ་ཟད་དང་ཐུབ་མེད་པའི། །བསྐལ་པ་དེ་དག་ཟད་སྲིད་བྱང་ཆུབ་སེམས་མ་ཡིན། །ཅི་ཕྱིར་ཞེ་


DKG035_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདི་ལྟར་ཕྱོགས་རྣམས་ཀུན་བཀང་ཤིང་། །རྟོག་དང་རྣམ་རྟོག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། །སྐད་ཅིག་གཅིག་གིས་དུས་གསུམ་རྟོགས་པར་བྱ་དོན་ཏུ། །འགྲོ་བའི་དོན་དུ་འདོད་ཅིང་སེམས་མཆོག་རིན་ཆེན་སྐྱེ། །ཕྱོགས་བཅུའི་ཞིང་རྣམས་སྟོང་མང་ཀུན་ཏུ་མཐའ་ཡས་པའི། །འགྲོ་བ་རྣམས་ཀྱི་མོས་པ་བསམ་པ་ཅི་འདྲ་དང་། །སྦྱོར་བ་གང་དང་སེམས་དང་སྤྱོད་པ་དེ་བཞིན་ཏེ། །མཐར་ཐུག་རུང་སྲིད་མཁའ་འདྲའི་བྱང་ཆུབ་སེམས་མཐའ་མིན། །དེ་ནི་འདི་ལྟར་ཕྱོགས་བཅུ་བྱམས་དང་སྙིང་རྗེ་དང་། །བསམ་པ་ཆེན་པོས་འགྲོ་བ་ཐམས་ཅད་རྒྱས་བྱས་ཤིང་། །ཐར་པའི་དོན་དུ་སངས་རྒྱས་ཡོན་ཏན་ཀུན་སྤྱོད་ཕྱིར། །རིན་ཆེན་སེམས་ཀྱི་སྟོབས་ནི་ཚད་མེད་རབ་ཏུ་སྐྱེས། །མོས་དང་བསམ་པ་ཡིད་བཞིན་ཡང་དག་སྦྱོར་བ་དང་། །འགྲོ་བའི་དབང་པོ་སྦྱོར་བར་སེམས་དང་སྤྱོད་པ་རྣམས། །སྐད་ཅིག་གཅིག་གིས་ཇི་བཞིན་རྟོགས་པར་བྱ་བའི་ཕྱིར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྟ་བུའི་སེམས་སྐྱེས་སོ། །འགྲོ་བའི་ལས་དང་ཉོན་མོངས་སྣ་ཚོགས་འབྱམ་ཀླས་པ། །གང་གིས་ཁམས་གསུམ་འདི་དག་ཏུ་ནི་སྐྱེ་འགྱུར་བ། །དེ་དག་མཐའ་ནི་ཕྱོགས་བཅུར་རྙེད་པར་རུང་སྲིད་ཀྱི། །བྱང་ཆུབ་སེམས་ཀྱི་མཆོག་ལ་ཀུན་ཏུ་མཐའ་མེད་དོ། །ཅི་ཕྱིར་ཞེ་ན་འདི་ལྟར་ཉོན་མོངས་ལས་གྲོལ་བའི། །སེམས་ནི་དེ་བཞིན་གཤེགས་པ་མཆོད་པའི་དོན་དུ་སྐྱེ། །ཉོན་མོངས་གྲོལ་བྱེད་དེ་བཞིན་ལས་ཀྱི་རྒྱུད་ཀྱང་གཅོད། །དུས་གསུམ་མུན་པ་སེལ་ཅིང་མི་ཟད་སྙིང་རྗེས་བྱུང་། །ཕྱོགས་བཅུའི་སངས་རྒྱས་མ་ལུས་ཐམས་ཅད་དང་། །སེམས་ཅན་མང་པོ་ཐམས་ཅད་སེམས་གཅིག་བསྐྱེད་པ་ཡིས། །སྤོས་དང་མེ་ཏོག་ཕྲེང་བ་བྱུག་པ་དམ་པ་དང་། །གདུགས་དང་རྒྱལ་མཚན་བཟའ་བཏུང་ན་བཟས་མཆོད་པར་བྱེད། །གཞན་ཡང་གདན་གྱི་རྣམ་པ་འཆག་ས་དམ་པ་དང་། །ཕོ་བྲང་མང་པོ་སྣ་ཚོགས་ཙན་དན་མཆོག་བསངས་པ། །ནོར་བུ་རིན་ཆེན་རྣམ་པར་སྣང་བས་བརྒྱན་པ་དང་། །ཡིད་བཞིན་ནོར་བུ་ཡིད་འོང་བརྒྱན་པས་མཆོད་བྱས་ཏེ། །དེ་ལྟར་


DKG035_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སེམས་ཅན་མངོན་པར་མཆོད་བྱེད་པས། །བསྐལ་པ་ཁྲག་ཁྲིག་བརྗོད་དུ་མེད་པར་ཟད་བྱས་ཀྱང་། །བྱང་ཆུབ་སེམས་དཔའི་བདེ་བསྩགས་མཐར་ཕྱིན་བདེ་བ་ཉིད། །གང་བསྒྲུབས་བྱང་ཆུབ་སེམས་ལ་མཉམ་པར་ཉེར་མི་འགྲོ། །ཇི་སྙེད་དཔེར་བརྗོད་བྱས་པ་འདི་དག་ཐམས་ཅད་ཀྱང་། །ཡང་དག་སྐྱེས་པའི་བྱང་ཆུབ་སེམས་ཀྱི་ཆར་མི་རུང་། །དེ་ཡང་འདི་ལྟར་དུས་གསུམ་བཞུགས་པའི་སྐྱེས་བུ་མཆོག །ཐམས་ཅད་བྱང་ཆུབ་སེམས་མཆོག་དེ་ལས་བྱུང་བ་ཡིན། །བྱང་ཆུབ་སེམས་ནི་ཆགས་པ་མེད་པའི་མཐར་ཕྱིན་ཏེ། །ཐམས་ཅད་ཚད་ལ་གནས་ཀྱང་དེ་ལ་ཚད་ཡོད་མིན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གཞོལ་ཞིང་ཚད་མེད་སྟོབས། །སེམས་ཅན་རང་བཞིན་དེ་བཞིན་བྱང་ཆུབ་མཐར་ཡང་ཕྱིན། །བྱང་ཆུབ་སེམས་ནི་ནམ་མཁའི་མཐའ་དང་མཉམ་པ་སྟེ། །ཆོས་རྣམས་ཀུན་ལ་ཁྱབ་པ་ཆོས་དབྱིངས་ཅི་བཞིན་ནོ། །ཚད་མེད་དེ་བཞིན་ཉིད་ཀུན་དེའི་སྤྱོད་ཡུལ་གྱུར། །དེས་ནི་ཀུན་ཏུ་ཁྱབ་པའི་སེམས་ཅན་གཙོ་བཞིན་ནོ། །དེ་ནི་འབྱམ་ཀླས་ཆོས་རྣམས་ཀུན་ལ་རྗེས་སུ་ཞུགས། །དེས་ནི་ཞིང་རྣམས་མ་ལུས་འབྱམ་ཀླས་ཀུན་ཏུ་ཁྱབ། །དེས་ནི་ཤེས་པ་འབྱམ་ཀླས་ཐམས་ཅད་རྟོགས་པར་ཆུད། །དེས་ནི་སངས་རྒྱས་འབྱམ་ཀླས་ཀུན་དང་འགལ་མེད་ཐོབ། །རྟག་ཏུ་བསོད་ནམས་བླ་ན་མེད་པ་དག་དང་ལྡན། །དེ་བཞིན་རྟག་ཏུ་ཚུལ་ཁྲིམས་རྣམ་དག་མི་གནས་ལྡན། །རྟག་ཏུ་ཀུན་གཏོང་རྟག་པར་རབ་ཏུ་དགེ་བ་སྟེ། །ལྡོག་པ་མེད་པའི་བརྩོན་འགྲུས་མཆོག་དང་རབ་ཏུ་ལྡན། །བསམ་གཏན་མཛོད་ལ་རྟག་པར་བསམ་གཏན་འཇུག་པར་བྱེད། །ཤེས་རབ་ཤིན་ཏུ་ཡངས་པ་དང་ཡང་རྟག་ཏུ་ལྡན། །རྒྱལ་སྲས་རྣམས་ཀྱི་ས་རབ་དམ་པ་གང་ཡོད་པ། །དེ་དག་དོན་དུ་ཡེ་ཤེས་ཀུན་ཏུ་བཟང་པོ་བྱུང་། །འགྲོ་བ་ཀུན་ན་སྐྱེས་བུ་ཡེ་ཤེས་གང་བཞུགས་པ། །དེ་དག་གིས་ནི་བྱང་ཆུབ་སེམས་རབ་བྱིན་གྱིས་བརླབས། །ཏིང་ངེ་འཛིན་དང་གཟུངས་ཀྱི་དམ་པས་རབ་ཏུ་བརྒྱན། །དེ་བཞིན་གཤེགས་པའི་རྣམ་འཕྲུལ་


DKG035_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པས་རབ་ཏུ་བརྒྱན། །འཇིག་རྟེན་ཀུན་དང་འགྲོ་བ་རྣམས་ཀྱི་ཇི་ཙམ་ཚད། །ནམ་མཁའི་ཚད་ཀྱང་ཕྱོགས་བཅུ་དག་ཏུ་ཇི་ཙམ་པ། །དེ་དག་བས་ཀྱང་བྱང་ཆུབ་སེམས་འདི་ཚད་མེད་དེ། །དེ་ལས་སྐྱེས་བུའི་སེང་གེ་ཀུན་ཀྱང་སྐྱེས་ཤིང་བྱུང་། །བྱང་ཆུབ་སེམས་འདི་སྟོབས་བཅུ་རྣམས་ཀྱི་རྩ་བ་སྟེ། །བརྟེན་པ་བཞི་ཡི་གནས་ཡིན་སོ་སོར་ཤེས་པའི་རྩ། །རྒྱལ་བའི་ཆོས་རྣམས་བཅྭོ་བརྒྱད་ཡང་དག་འབྱིན་པ་སྟེ། །སྐྱེས་བུའི་གཙོ་བོས་མཁྱེན་པར་བྱ་བའི་ཆོས་ཀུན་འབྱིན། །གཟུགས་ཀྱི་སྐུ་ནི་མཚན་རབ་རྣམས་ཀྱིས་བསྩགས་པ་དང་། །ཆོས་སྐུ་མཉམ་ཉིད་རྟོག་པ་མྱི་མངའ་བརྙེས་པ་དང་། །འགྲོ་བས་མཆོད་པའི་ཡེ་ཤེས་ཆགས་མེད་གང་བྱུང་བ། །ཀུན་གྱི་རྩ་བ་འབྱུང་གནས་བྱང་ཆུབ་སེམས་འདི་ཡིན། །རང་རྒྱལ་ཐེག་པ་འབྱུང་ཞིང་ཉན་ཐོས་ཐེག་པའང་འབྱུང་། །བསམ་གཏན་ཏིང་འཛིན་བདེ་བ་གཟུགས་ཀྱི་ཁམས་རྣམས་དང་། །གཟུགས་མེད་ཁམས་རྣམས་ཏིང་ངེ་འཛིན་གྱི་བདེ་བ་དག །ཀུན་གྱི་རྩ་བ་བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །མི་དང་དེ་བཞིན་ལྷ་ཡི་དབང་པོའི་བདེ་བ་དང་། །ལམ་རྒྱུད་སྣ་ཚོགས་ཀུན་ཀྱང་འདི་ལ་ཤིན་ཏུ་སྦྱངས། །བརྩོན་འགྲུས་སྟོབས་དང་དབང་པོའི་བདེ་བ་གང་ཡོད་པ། །ཀུན་གྱི་རྩ་བ་དང་པོ་བྱང་ཆུབ་སེམས་འདི་ཡིན། །ཅི་ཕྱིར་ཞེ་ན་འདི་ལྟར་བྱང་ཆུབ་སེམས་བསྐྱེད་ཅིང་། །ཕ་རོལ་ཕྱིན་དྲུག་བརྩོན་པར་སྤྱད་པ་རབ་ཏུ་སྤྱོད། །སེམས་ཅན་རྣམས་ལའང་སྤྱོད་པ་ཡང་དག་རབ་ཏུ་སྟོན། །དེས་ནི་ཁམས་གསུམ་འགྲོ་བའི་བདེ་བ་ཀུན་ཀྱང་འབྱུང་། །སངས་རྒྱས་ཆགས་མེད་ཐུགས་ཆུད་དོན་དམ་མཁྱེན་པ་རྣམས། །ཆོས་ཀྱི་དམ་པའི་མཆོག་རྣམས་ཡང་དག་ཀུན་སྟོན་ཅིང་། །རྒྱ་ཆེན་ཉོན་མོངས་ལས་ལས་སེམས་ཅན་གྲོལ་མཛད་དེ། །མྱ་ངན་འདས་པ་དམ་པ་མཆོག་ལ་དགོད་མཛད་པ། །ཡེ་ཤེས་འོད་ཟེར་འོད་ཡངས་ཉི་མ་ལྟ་བུ་སྟེ། །འགྲོ་བར་སྤྱོད་པ་དཀར་པོས་ཡོངས་རྒྱས་ཟླ་བ་བཞིན། །


DKG035_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཤིན་ཏུ་བསགས་པ་ཚད་མེད་ཆུ་ལྟ་བུ། །དྲི་མེད་ཆགས་པ་མི་མངའ་ཚད་མེད་མཁའ་དབྱིངས་འདྲ། །གང་ཞིག་ཡོན་ཏན་མཐའ་ཡས་བྱང་ཆུབ་སེམས་ཡངས་པ། །ཤིན་ཏུ་ཆེ་ཞིང་བདེ་སྐྱིད་ཚད་མེད་སྨོན་བྱེད་ཅིང་། །ཕྱི་མའི་མཐར་ཐུག་སྤྱོད་པར་སྨོན་པས་སུ་བརྩོན་པ། །དེ་དག་སེམས་ཅན་གདུལ་བའི་དོན་ཕྱིར་རྟག་ཏུ་བརྩོན། །འཇིག་རྟེན་འབྱམ་ཀླས་ཐམས་ཅད་རྣམ་པར་སྦྱང་བའི་ཕྱིར། །སྨོན་ལམ་བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་དང་། །སྟོང་པ་མཚན་མ་མེད་པ་སྨོན་མེད་མི་གནས་པའི། །སྨོན་ལམ་བྱེ་བ་བརྒྱས་ནི་སེམས་དེ་དག་པར་འགྱུར། །ཆོས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་སུས་རྟོགས་ཤིང་། །ཞི་དང་རབ་ཞི་ཉེར་ཞིར་ཐམས་ཅད་མཉམ་གཞོག་པ། །དེ་དག་ཆོས་གྲངས་ཁྲག་ཁྲིག་བསམ་གྱིས་མྱི་ཁྱབ་པའི། །གྲངས་སུ་འགྲོ་ལ་སྟོན་ཀྱང་དེ་ནི་གནས་པ་མེད། །ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གཙོ་བོ་ཇི་སྙེད་པ། །དེ་དག་ཀུན་གྱི་བྱང་ཆུབ་སེམས་མཆོག་འདི་བསྔགས་ཏེ། །ཡོན་ཏན་བརྒྱ་ཕྲག་བསམ་གྱིས་མི་ཁྱབ་པས་ཀྱང་བརྒྱན། །སེམས་ཅན་གཙོ་བཞིན་ཡང་དག་ཕ་རོལ་ཕྱིན་པ་ཡིན། །བསྐལ་པ་སེམས་ཅན་སྙེད་དུ་གལ་ཏེ་ལེགས་བརྗོད་ཀྱང་། །བྱང་ཆུབ་སེམས་རབ་དེ་ལ་མཐར་ཐུག་གང་ཡང་མེད། །རྒྱལ་བ་འབྱུང་བའི་རིན་ཆེན་དེར་ནི་གང་སྐྱེས་པ། །དེ་ཡི་དཔེ་ནི་ཁམས་གསུམ་གློངས་ཀྱང་གང་ཡང་མེད། །དུས་གསུམ་རྒྱལ་བ་ཀུན་གྱིས་གང་ཞིག་རྣམ་བསྩགས་པའི། །བྱང་ཆུབ་སེམས་རབ་དེ་ལ་སྨོན་ལམ་ཀུན་གྱིས་གྱིས། །བྱང་ཆུབ་སེམས་རབ་དམ་པ་དེ་ནི་བསོད་ནམས་གཏེར། །དེས་ནི་རྒྱལ་སྲས་ཆགས་པ་མེད་པ་རབ་ཏུ་འཐོབ། །འགྲོ་བའི་སེམས་དང་སྤྱོད་པ་ཤེས་ཤིང་མཐོང་རུང་སྲིད། །ཞིང་རྣམས་རྡུལ་དུ་བླགས་ཏེ་བགྲང་བར་ནུས་ཀྱང་སྲིད། །བར་སྣང་སྐྲ་ཡིས་མཉམ་པར་གཞལ་བར་ནུས་སྲིད་ཀྱི། །བྱང་ཆུབ་སེམས་མཆོག་ཡོན་ཏན་མཐར་ཕྱིན་མྱི་ནུས་སོ། །འདི་ལས་དུས་གསུམ་སངས་རྒྱས་ཐམས་ཅད་རབ་ཏུ་


DKG035_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །འདི་ལས་འཇིག་རྟེན་འགྲོ་བ་ཀུན་གྱི་བདེ་བ་འབྱུང་། །འདི་ལས་རྒྱལ་བས་བསྔགས་པའི་ལེགས་པ་ཐམས་ཅད་འབྱུང་། །འདིས་ནི་སེམས་ཅན་གཙོ་ལ་ཐེ་ཙོམ་མེད་པར་འགྱུར། །འདིས་ནི་འཇིག་རྟེན་ཀུན་གྱི་སྒྲིབ་པ་ཟད་པར་འགྱུར། །འདིས་ནི་ཞིང་རྣམས་ཡོངས་སུ་དག་པའི་མཆོག་དུ་འགྱུར། །འདི་ལས་འཇིག་རྟེན་དམ་པ་ཤེས་དང་ལྡན་པ་འབྱུང་། །གང་ཞིག་ཕྱོགས་བཅུའི་རྒྱལ་བ་བལྟ་བར་འདོད་པ་དང་། །གང་ཞིག་བྱིན་དང་བསོད་ནམས་མྱི་ཟད་མཛོད་འདོད་དང་། །གང་ཞིག་འགྲོ་བ་ཀུན་གྱི་སྡུག་བསྔལ་ཟློག་འདོད་པ། །དེས་ནི་ཡོན་ཏན་མཐའ་ཡས་བྱང་ཆུབ་སེམས་བསྐྱེད་བྱ། །བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོའི་དཔེ་ཡང་དག་པར་བསགས་པ་ཚིགས་སུ་བཅད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་གཉིས་སོ།། །།


previousཉི་ཤུ་རྩ་གཉིས་པ། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོའི་དཔེ་ཡང་དག་པར་བསགས་པ་ཚིགས་སུ་བཅད་པའི་ལེའུ། next