Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་དྲུག་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ལེའུ།
   
   
   
   


 
previousཉི་ཤུ་རྩ་དྲུག་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ལེའུ། next

ཉི་ཤུ་རྩ་དྲུག་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ལེའུ།


DKG035_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་ལྔ་པ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པ། སངས་རྒྱས་ཀྱི་མཐུས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་ཞེས་བྱ་བ་ལ་མཉམ་པར་བཞག་པར་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་དེ་ལ་མཉམ་པར་བཞག་མ་ཐག་ཏུ། དེའི་ཚེ་ཕྱོགས་བཅུ་རེ་རེར་ཡང་། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ནས། དེ་བཞིན་གཤེགས་པའི་མཚན་ཡོན་ཏན་དང་


DKG035_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཞེས་བྱ་བ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཞལ་བསྟན་པ་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་དང་ལྡན་པ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པར་འབྱེད་པ་ལ་མཉམ་པར་བཞག་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ལ་ནི་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ཀྱང་མཚན་མཐུན་པ་ཤ་སྟག་གིས། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྨོན་ལམ་དང་སྔོན་གྱི་བྱིན་གྱི་རླབས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བས་ཤིན་ཏུ་བརྟན་པས་ན་འདི་ལྟར་ཆོས་བསྟན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་འཕེལ་བར་བྱ་བ་དང་། འཇིག་རྟེན་གྱི་ཁམས་ལ་འཇུག་པར་བྱ་བ་དང་། སེམས་ཅན་གྱི་ཁམས་རྣམ་པར་བསྒོམ་པ་དང་། ཆགས་པ་མེད་པ་ལ་འཇུག་པར་བྱ་བ་དང་། སྒྲིབ་པ་མེད་པའི་སྤྱོད་ཡུལ་དང་། ཀུན་ནས་རབ་ཏུ་སྦྱོར་བ་དང་། ཐམས་ཅད་མཁྱེན་པ་རབ་ཏུ་བསྒྲུབ་པ་དང་། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་དང་། དབང་པོ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་དང་། ཆོས་བསྟན་པ་ཐམས་ཅད་ཡོངས་སུ་གཟུང་བར་བྱ་བ་དང་། འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་བརྩམ་པ་རབ་ཏུ་འཐོབ་པར་བྱ་བའི་ཕྱིར། བྱིན་གྱིས་བརླབ་པ་མཛད་ཀྱིས། རིགས་ཀྱི་བུ་ཁྱོད་ཀྱིས། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། ཆོས་བསྟན་པ་ལ་སྤོབས་པར་གྱིས་ཤིག །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པ་ལ་ཆགས་པ་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། ། བསྒྲུབས་པ་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །བྱིན་གྱིས་བརླབ་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །སློབ་དཔོན་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །རྨོངས་པ་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །ཐ་དད་པ་མེད་པ་ཉིད་ཉེ་


DKG035_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒྲུབ་པ་མཛད་དོ། །ཁ་ན་མ་ཐོ་བ་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །ཚད་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །ཟིལ་གྱིས་མི་ནོན་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །ཞུམ་པ་མེད་པ་ཉིད་ཉེ་བར་བསྒྲུབ་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ཉིད་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། ཕྱག་གཡས་པ་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པའི་མགོ་ལ་བྱུག་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་ལྟར་རེག་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པ། ཏིང་ངེ་འཛིན་དེ་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ལས་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཀླས་སོ། །ནམ་མཁའི་དབྱིངས་ཀྱི་མཐར་ཐུག་གོ །ཀྱེ་རྒྱལ་བའི་སྲས་དག །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་ལ་ཡང་སློབ་པོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་ལ་ཡང་སློབ་པོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་ལ་ཡང་སློབ་པོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་ལ་བསམས་ཏེ། དེ་སྐད་དུ་སྨྲས་པ་དེ་དག་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ་དགའ་བར་བྱེད་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་པོ་དང་། བདེ་བ་སྐྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་གཉིས་པ་དང་། མི་མཐུན་པ་མེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུམ་པ་དང་། མི་ཟད་པ་ཞེས་བྱ་བ་བྱང་ཆུབ་


DKG035_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྤྱོད་པ་བཞི་པ་དང་། རྨོངས་པ་མེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྔ་པ་དང་། ལྟ་བ་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲུག་པ་དང་། གནས་མེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བདུན་པ་དང་། ཐུབ་པར་དཀའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བརྒྱད་པ་དང་། ཆོས་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་དགུ་པ་དང་། བདེན་པ་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་པ་དག་སྟེ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ། སངས་རྒྱས་བཅོམ་ལྡན་འདས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་པོ་དགའ་བ་བྱེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྔོན་གྱི་སྤྱོད་པའི་རྗེས་སུ་སློབ་ཅིང་རྗེས་སུ་དྲན་པར་བྱ་བ་དང་། ཡིད་ཞུམ་པ་མེད་པ་དང་། ཡིད་དང་བས་ཀུན་ཏུ་འཕེལ་བར་བྱ་བ་དང་། ཡོངས་སུ་གཟུང་བ་དང་། ཡང་དག་པར་བསྟན་པ་དང་། རྗེས་སུ་རྒྱ་ཆེ་བར་བྱེད་ཅིང་། སྡུག་བསྔལ་བའི་སེམས་ཅན་བདེ་བར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། འགྱོད་པ་མེད་པའི་སེམས་ཀྱི་སྦྱོར་བ་དང་། རྣམ་པར་སྨྱིན་པ་ལ་ཡེ་བརྔམ་པ་མེད་པ་དང་། གྲགས་པ་འདོད་པ་མེད་པ་དང་། གཉན་འདོད་པ་མེད་པ་དང་། ཁེ་འདོད་པ་མེད་པ་དང་། གཞན་རྗེས་སུ་བསྲུང་བ་དང་། ཕ་རོལ་ལ་ཕན་གདགས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་སེམས་ཀྱིས། སྦྱིན་པའི་བདག་པོ་སྦྱིན་པ་བྱེད་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་པོའོ། །སྤྱོད་པ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་ཡིན་ཏེ་


DKG035_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སེམས་ཅན་དབུལ་པོ་གང་དང་གང་ན་ཡོད་པ་དེ་དང་དེར་སྨོན་ལམ་གྱི་དབང་གིས་རབ་ཏུ་སྐྱེས་ཏེ། སྐྱེས་ནས་ཀྱང་ཟད་མི་ཤེས་པའི་ལོངས་སྤྱོད་དང་ལྡན་ཞིང་ཤིན་ཏུ་ཕྱུག་པ་ཡིན་ཏེ། དེ་ལ་གལ་ཏེ་དུས་གཅིག་དུ། སློང་བའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་པ་ཞིག་འོངས་ཏེ། འདི་སྐད་དུ་ཀྱེ་ཤེས་པར་གྱིས་ཤིག །བདག་ཅག་ཐམས་ཅད་ནི་བཀྲེས་པས་འཆིའོ། །གལ་ཏེ་བདག་ཅག་ཁྱོད་ཀྱི་ཤ་ཟོས་ན་ནི་འཚོ་བར་འགྱུར་རོ། །ཞེས་ཚིག་ཏུ་སྨྲ་བར་གྱུར་ཀྱང་། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་རྣམ་པ་འདི་ལྟ་བུ་དང་ལྡན་ཏེ། སློང་བའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དེ་སྙེད་ཅིག་ཉེ་བར་ལྷགས་ཀྱང་། བྱང་ཆུབ་སེམས་དཔའ་ལ་དེའི་ཕྱིར་སེམས་བསྐྱེད་པ་གཅིག་ཀྱང་ཞུམ་པའི་བསམ་པ་མི་འགྱུར་གྱི། སེམས་ཅན་དེ་དག་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་རབ་ཏུ་སྐྱེ་སྟེ། གཞན་མང་པོ་ཞིག་འོངས་ཀྱང་དེ་བས་ཆེས་དགའ་བ་དང་། སྤྲོ་བ་འབྱུང་ཞིང་འདི་ལྟར་བདག་གིས་གསོལ་བ་མ་བཏབ་པར། སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་སྟོབས་པའི་དགེ་བའི་བཤེས་གཉེན་སྡུག་བསྔལ་ཞིང་སློང་བ་སྦྱིན་པའི་གནས་སུ་གྱུར་པ་འདི་ལྟ་བུ་དག་དང་འགྲོགས་པར་གྱུར་པ་ནི། བདག་གིས་ཐོབ་པ་ལེགས་པར་ཐོབ་སྟེ། ཇི་ནས་ཀྱང་སེམས་ཅན་འགའི་ཡིད་ཀྱང་མི་ཉམས་པར་བྱ་བ་དེ་ལྟར་བདག་གིས་བྱའོ། །བདག་གིས་དགེ་བའི་རྩ་བ་ཅི་བྱས་པ་དང་། ཅི་བྱེད་པ་དང་། ཅི་བྱེད་པར་འགྱུར་བ་དེས་ཇི་ཙམ་གྱིས་སེམས་ཅན་དེ་དག་ཐམས་ཅད་འགྲངས་ཤིང་དུས་བྱེད་པར་འགྱུར་བ་དེ་ཙམ་དུ་ཆེ་བའི་ལུས་སུ་གྱུར་ཅིག །སེམས་ཅན་དེ་དག་འགྲངས་ཤིང་ཚིམ་པར་མ་གྱུར་གྱི་བར་དུ་གཅད་ཅིང་སྐྱེ་བས་མི་ཟད་པ་དེ་ཙམ་གྱི་ལུས་སུ་གྱུར་ཅིག །དགེ་བའི་རྩ་བ་དེས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྒྲུབས་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་ཁམས་སུ་མྱ་ངན་ལས་འདས་པར་བྱའོ། །རྣམ་གྲངས་འདི་བཞིན་དུ་མ་འོངས་པའི་དུས་ཀྱི་འཇིག་རྟེན་གྱི་


DKG035_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཐམས་ཅད་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལས་འདི་འདྲ་བ་དང་ལྡན་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་བདག་གི་ཤ་ཟོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྒྲུབས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་མཉམ་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱས་ནས། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །བདག་ཉིད་ཀྱང་སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་མ་བྱས་ཀྱི་བར་དུ། བདག་དུ་འདུ་ཤེས་པ་འམ། སེམས་ཅན་དུ་འདུ་ཤེས་པ་འམ། སྲིད་པར་འདུ་ཤེས་པ་འམ། སྲོག་ཏུ་འདུ་ཤེས་པ་འམ། སོ་སོའི་སྐྱེ་བོར་འདུ་ཤེས་པ་འམ། གང་ཟག་དུ་འདུ་ཤེས་པ་འམ། ཤེད་ཅན་དུ་འདུ་ཤེས་པ་འམ། ཤེད་བདག་དུ་འདུ་ཤེས་པ་འམ། བྱེད་པ་པོར་འདུ་ཤེས་པ་འམ། ཚོར་བ་པོར་འདུ་ཤེས་པས། གཞན་དུ་ཆོས་ཀྱི་དབྱིངས་ཉེ་བར་བཟུང་བ་དང་། སེམས་ཅན་གྱི་ཁམས་མཐའ་ཡས་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། སྟོང་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཉེ་བར་བཟུང་བ་དང་། མཚན་ཉིད་མེད་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། དངོས་པོ་མེད་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། གནས་མེད་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། གཞི་མེད་པའི་ཆོས་ཉིད་ཉེ་བར་བཟུང་བ་དང་། མངོན་པར་འདུ་བྱ་བ་མེད་པའི་ཆོས་ཉིད་ཉེ་བར་བཟུང་བ་མ་གཏོགས་པར་མངོན་པར་འཚང་རྒྱ་བར་མ་གྱུར་ཅིག་ཅེས་ཏེ། དེ་ནི་བདག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། བདག་གིས་ལུས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། ལེན་ཏོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། ལེན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། སྦྱིན་པའི་གནས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ནི་ལས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པར་སྨིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། འབྲས་བུའང་ཡང་དག་པར་རྗེས་སུ་མི་མཐོང་། འབྲས་བུ་ཆེན་པོའང་ཡང་དག་པར་རྗེས་སུ་


DKG035_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐོང་། འབྲས་བུ་ཆུང་ངུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདས་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིག་པར་ཡིད་ལ་བྱེད་དོ། །མ་འོངས་པ་དང་ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་ལུས་འཇིག་པར་ཡིད་ལ་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་རང་གི་ལུས་གྲངས་མེད་པ་ཞིག་ནི་འགགས་ཏེ། འགག་ཅིང་འགག་པར་འགྱུར་ཡང་། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་མི་ལེན་པ་ནི་ངོ་མཚར་ཆེའོ། །དེ་ལྟ་ཡིན་གྱིས་བདག་གིས་སེམས་ཅན་ཐམས་ཅད་བདེ་བས་རིམ་གྲོར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མངོན་པར་སངས་རྒྱས་ཏེ། ཆོས་ཐམས་ཅད་རྣམ་པར་སྦྱང་བའི་ཕྱིར། ཆོས་ཉིད་མི་འཇིག་པ་ཉེ་བར་བཟུང་སྟེ། དུས་གསུམ་མཉམ་པ་ཉིད་དུ་མཐུན་པའི་ཚུལ་གྱིས་ཞི་བར་བྱས་པས་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། །སྙམ་དུ་སེམས་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་པོ་སྟེ། དགའ་བར་བྱེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གཉིས་པ་བདེ་བ་སྐྱེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། དེ་ནི་མི་གནས་པ་ཡིན། གཟུགས་དང་སྒྲ་དང་དྲི་དང་རོ་དང་། རེག་ལ་མི་གནས་པ་སྟོན་པ་ཡིན། རིགས་ཀྱི་བདག་ཉིད་ཆེ་བ་ལ་མི་གནས་པ་ཡིན། རྒྱུད་ཀྱི་བདག་ཉིད་ཆེ་བ་ལ་མི་གནས་པ་ཡིན། ཟས་ཀྱི་བདག་ཉིད་ཆེ་བ་ལ་མི་གནས་པ་ཡིན། གཟུགས་ཀྱི་བདག་ཉིད་ཆེ་བ་ལ་མི་གནས་པ་ཡིན། ལོངས་སྤྱོད་ཀྱི་བདག་ཉིད་ཆེ་བ་ལ་མི་གནས་པ་ཡིན་ཏེ། དེ་ལྟར་དེ་ནི་ཚུལ་ཁྲིམས་ལས་ཡོངས་སུ་ཉམས་པ་མེད་ཅིང་། འདི་ལྟར་ཀུན་ནས་འཁོར་བ་མེད་པ་དང་། ཀུན་ཏུ་བཙལ་བ་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། བར་ཆད་མེད་པ་དང་། གཙེ་བ་མེད་པ་དང་། འཁྲུག་པ་མེད་པར་བྱའོ། །སྣད་པ་མེད་


DKG035_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སངས་རྒྱས་ཀྱིས་བསྔགས་པའི་ཆོས་རྣམས་ཡོངས་སུ་བཟུང་ངོ་སྙམ་དུ་སེམས་ཏེ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པའི་དྲུང་དུ། གལ་ཏེ་ཉིན་གཅིག་ཏུ་བདུད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞིག་འོངས་ཏེ། བདུད་རེ་རེ་ཞིང་ཡང་ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདོད་པའི་ཆོ་ག་ཐམས་ཅད་ལ་མཁས་པ། བདེ་བར་རིམ་གྲོར་བྱ་བ་ཐམས་ཅད་ཐོགས་པ། ལུས་ཀྱི་རྒྱན་གྱིས་ཡོངས་སུ་རྒྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རེ་རེ་བསྙེན་ཀྱང་། བྱང་ཆུབ་སེམས་དཔས་འདོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བར་དུ་གཅོད་པ་ཡིན་པར་ཤེས་ནས། སྟོན་པ་མངོན་དུ་གྱུར་པའི་ཕྱིར་འདོད་པ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་ཀྱང་མི་འབྱུང་སྟེ། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་དང་མི་འབྲལ་ལོ། །འདོད་པའི་དོན་དུ་སེམས་ཅན་འགའ་ལ་ཡང་སྡུག་བསྔལ་གྱི་རྒྱུར་འགྱུར་བ་མི་བྱེད་དེ། ཆུང་ངུ་ན་སྲོག་གི་དབང་པོ་འགགས་པར་གྱུར་ཀྱང་གཞན་ལ་མི་དགའ་བ་མི་བསྐྱེད་དོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པ་མཐོང་ནས། ཆུང་ངུ་ན་སེམས་ཀྱི་རྒྱུད་གཅིག་ཙམ་གྱིས་འདོད་པ་ལ་མི་སྤྱོད་ན། གཉིས་ཀྱིས་གཉིས་སྦྱར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་འདི་ནི་གནས་མེད་དོ། །བྱང་ཆུབ་སེམས་དཔའ་ནི་འདི་ལྟར་སེམས་སྐྱེ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་དེ་ལྟར་གཞོལ་བ་དང་། དེ་ལྟར་འབབ་པ། དེ་ལྟར་བབ་པ། དེ་ལྟར་མོས་པ། དེ་ལྟ་བུའི་སྤྱོད་ཡུལ་ཅན། དེ་ལྟར་ངེས་པ། དེ་ལྟར་བྱིང་བ། དེ་ལྟར་ནོན་པ། དེ་ལྟར་ཆགས་པ། དེ་ལྟར་ཞུགས་པ་ཡིན་གྱིས། བདག་གིས་ནི་བདུད་འདི་དག་དང་། བདུད་ཀྱི་བུ་མོ་འདི་དག་དང་། སེམས་ཅན་ཐམས་ཅད་ཅི་ནས་ཀྱང་བླ་ན་མེད་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་བཀོད་དེ། ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱས་ཏེ། ཕུང་པོའི་ལྷག་མ་


DKG035_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་བསླབས་ཏེ། མི་བྱ་བ་ཐམས་ཅད་ཡོངས་སུ་སྤང་བ་དང་། ལུས་ཀྱིས་མི་ཤེས་པ་ཐམས་ཅད་ཡོངས་སུ་སྤང་བ་མ་ཡིན་པ་དང་། སེམས་ཀྱིས་ཀྱང་མ་ཡིན་པ་དེ་ནི་བདག་ཅག་གི་ལས་ཡིན་གྱིས། ཀྱེ་རྒྱལ་བའི་སྲས་དག་བདག་ཅག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་རབ་ཏུ་སྤང་བའི་ཕྱིར་ཆོས་བསྟན་པར་བྱའོ། །ཕྱིན་ཅི་ལོག་ནི་སེམས་ཅན་རྣམས་ལས་གཞན་ནའང་མེད་དེ། ཕྱིན་ཅི་ལོག་རྣམས་ལས་ཀྱང་སེམས་ཅན་རྣམས་གུད་ན་མེད་དོ། །ཕྱིན་ཅི་ལོག་ཏུ་ཡང་སེམས་ཅན་འདུས་པ་མ་ཡིན། སེམས་ཅན་དུ་ཡང་ཕྱིན་ཅི་ལོག་འདུས་པ་མ་ཡིན་ནོ། །ཕྱིན་ཅི་ལོག་རྣམས་ཀྱང་སེམས་ཅན་མ་ཡིན། སེམས་ཅན་རྣམས་ཀྱང་ཕྱིན་ཅི་ལོག་མ་ཡིན་ནོ། །ཕྱིན་ཅི་ལོག་རྣམས་ནི་ནང་ན་ཡང་མེད། ཕྱིན་ཅི་ལོག་རྣམས་ནི་ཕྱི་རོལ་ན་ཡང་མེད་དོ། །སེམས་ཅན་རྣམས་ཀྱང་ནང་ན་ཡང་མེད། སེམས་ཅན་རྣམས་ནི་ཕྱི་རོལ་ན་ཡང་མེད་དེ། ཆོས་དེ་དག་ཐམས་ཅད་ནི་གསོག་གསོབ་བརྫུན་པ་བསླུ་བའི་ཆོས་ཅན་ཏེ། སྒྱུ་མ་ལྟ་བུ་བྱིས་པ་བསླུ་བ་དང་། ངན་པ་ཆུང་བ་སྙིང་པོ་མེད་པ། རྨི་ལམ་ལྟ་བུ། མིག་ཡོར་ལྟ་བུ་སྟེ། དེ་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདུ་བྱེད་རྗེས་སུ་རྟོགས་པའོ། །འདུ་བྱེད་རྗེས་སུ་རྟོགས་པའི་ཕྱིར་མྱ་ངན་ལས་འདས་པ་སྟེ། དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བར་བྱེད་དེ། རྒལ་བས་ནི་སྒྲོལ་བར་བྱེད། གྲོལ་བས་ནི་འགྲོལ་བར་བྱེད། ཞི་བས་ནི་ཞི་བར་བྱེད། དབུགས་ཕྱིན་པས་ནི་དབུགས་འབྱིན་པར་བྱེད། བཀྲུས་པས་ནི་འཁྲུ་བར་བྱེད། དག་པས་ནི་དག་པར་བྱེད། མྱ་ངན་ལས་འདས་པས་ནི་མྱ་ངན་ལས་འདའ་བར་བྱེད། བདེ་བར་གྱུར་པས་ནི་བདེ་བར་བྱེད་པ་སྟེ།


DKG035_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གིས་དེ་བཞིན་གཤེགས་པ་དང་སྐལ་བ་མི་མཐུན་པར་གནས་པར་མི་བྱ་སྟེ། བདག་ཅག་གིས་ནི་འཇིག་རྟེན་གྱི་སྤྱོད་པ་ཐམས་ཅད་སྤང་བར་བྱའོ། །བདག་ཅག་གིས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་པར་བྱའོ། །བདག་ཅག་གིས་ནི་བླ་ན་མེད་པའི་ཆོས་མཉམ་པ་ཉིད་ཀྱིས་གནས་པར་བྱའོ། །བདག་ཅག་གིས་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་ཡང་དག་པར་འཇུག་པར་བྱའོ། །བདག་ཅག་གིས་ནི་ཡུལ་ཐམས་ཅད་ཡོངས་སུ་ཤེས་པ་དང་ལྡན་པར་བྱའོ། །བདག་ཅག་གིས་ནི་ཡོངས་སུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པའི་བག་ཆགས་དང་ལྡན་པར་བྱའོ། །བདག་ཅག་གིས་ནི་རྟོགས་པ་ཐམས་ཅད་དང་ལྡན་པར་བྱའོ། །བདག་ཅག་གིས་ནི་འབྱུང་བ་ཐམས་ཅད་ལ་མཁས་པ་དང་ལྡན་པར་བྱའོ། །བདག་ཅག་གིས་ནི་བླ་ན་མེད་པའི་ཡེ་ཤེས་ཀུན་ཏུ་མཐའ་ཡས་པ་བརྗོད་དུ་མེད་པ། མི་གནས་པ། འཕོས་པ་མེད་པ། མཐའ་དང་དབུས་མེད་པ། མི་ཟད་པ་གཟུགས་མེད་པ། བསྟན་དུ་མེད་པ་ལ་རབ་ཏུ་མོས་པར་བྱའོ། །ཞེས་ཟེར་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་གཉིས་པ་སྟེ། བདེ་བ་སྐྱེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུམ་པ་མི་མཐུན་པ་མེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཉིད་ལ་བརྩོན་ཏེ། བཟོད་པ་དང་ལྡན་ཞིང་མངོན་པར་སྨྲ་བའི་ངང་ཚུལ་ཅན་ཡིན་ཏེ། དེ་ཡང་བདག་ལ་གནོད་པར་མ་ཡིན། ཕ་རོལ་ལ་གནོད་པར་མ་ཡིན། གཉིས་ཀ་ལ་གནོད་པར་མ་ཡིན། བདག་བསྡུ་བར་མ་ཡིན། གཞན་བསྡུ་བར་མ་ཡིན། གཉིས་ཀ་བསྡུ་བར་མ་ཡིན། བདག་ཡོངས་སུ་གཟུང་བར་མ་ཡིན། གཞན་ཡོངས་སུ་གཟུང་བར་མ་ཡིན། གཉིས་ཀ་ཡོངས་སུ་གཟུང་བར་མ་ཡིན། ཡང་དག་


DKG035_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླངས་པ་གྲགས་པའི་ཕྱིར་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་སེམས་འདི་ལྟར་སྐྱེ་སྟེ། བདག་ཅག་གིས་སེམས་ཅན་ལ་མི་དགེ་བ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་པར་བྱའོ། །འདོད་ཆགས་སྤང་བ་དང་། ཞེ་སྡང་སྤང་བ་དང་། གཏི་མུག་སྤང་བ་དང་། ང་རྒྱལ་སྤང་བ་དང་། འཆབ་པ་སྤང་བ་དང་། ཕྲག་དོག་སྤང་བ་དང་། སེར་སྣ་སྤང་བ་དང་། གཡོ་དང་སྒྱུ་སྤང་བ་དང་། བཟོད་པ་དང་ངེས་པ་ལ་གཞག་པའི་ཕྱིར། བདག་ཅག་གིས་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་བྱའོ། །ཞེས་ཏེ་ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུར་བཟོད་ཅིང་ངེས་པ་དང་ལྡན་པ་ཡིན་པས། དེ་ལ་གལ་ཏེ་སྲོག་ཆགས་བརྒྱ་སྟོང་བྱེ་བ་གྲངས་མེད་པ་ཞིག་འོངས་ལ་སྲོག་ཆགས་དེ་དག་རེ་རེ་ཞིང་ཡང་ཁ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་སྤྲུལ་ཏེ། དྲུང་དུ་ཕྱིན་ལ་ཁ་རེ་རེ་ནས་ཀྱང་མི་སྙན་པར་བརྗོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པས་མི་སྙན་ཅིང་ཡིད་དུ་མི་འོང་བ་དང་། མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། མི་ཚུལ་བ་དང་། འཕགས་པ་མ་ཡིན་པ་དང་། འཕགས་པ་མ་ཡིན་པས་བརྗོད་པ་དང་། འཕགས་པ་མ་ཡིན་པས་བསྙེན་པ་དང་། ཡོངས་སུ་སྤང་བར་བྱ་བ་ཤ་སྟག་དུ་བརྗོད་དེ་ལག་པ་རེ་རེ་ཞིང་ཡང་འཐབ་ཆ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཐོགས་ཏེ། བྱང་ཆུབ་སེམས་དཔའི་ལུས་ལ་གནོད་པར་བྱས་ལ་ཉིན་གཅིག་ཏུ་ཇི་ལྟ་བ་དེ་བཞིན་དུ་བསྐལ་པ་གྲངས་མེད་པར་ཡང་མཚམས་མེད་ཅིང་ངལ་མི་ཤེས། སྐྱོ་མི་ཤེས། རྒྱུན་མི་འཆད། གཏོང་བ་མེད། སྡོད་པ་མེད། གཅུགས་སུ་མེད། དབུགས་འབྱིན་པ་མེད། ཕྱིར་སྲི་བ་མེད་པར་བརྟགས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་དེ་ལྟ་བུའི་འཇིགས་པ་ཆེན་པོ་མི་ཟད་པ། མ་རུངས་པ། སྐྱི་གཡའ་བ། སྡུག་བསྔལ་བ་ཉམས་སུ་འབབ་པ། ཚ་བ་རྩུབ་པས་ཕོག་སྟེ། སྲོག་ལ་བབ་པར་འཆི་མ་ཁད་ཀྱང་དེ་ལ་བྱང་ཆུབ་སེམས་


DKG035_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འདི་སྙམ་དུ་སེམས་ཏེ། སྡུག་བསྔལ་གྱི་རྣམ་པ་འདི་ཙམ་དག་གིས་ཕོག་པ་ལ་གལ་ཏེ་བདག་གིས་སེམས་འཁྲུག་པ་ཞིག་བྱས་སུ་ཟིན་ན། དེ་ནི་མ་དུལ་བ་དང་། མི་བདེན་པ་དང་། མི་མཁས་པ་དང་། མ་ཞི་བ་དང་། མ་བསྒོམས་པ་དང་། མ་བསྡམས་པ་དང་། མ་ཁུགས་པ་དང་། བྱས་པ་མྱེད་པ་དང་། མཉམ་པར་མ་བཞག་པ་དང་། བདག་གི་ལུས་ལ་བརྟེན་པས་གཞན་གྱི་སེམས་མགུ་བར་བྱ་བར་མི་ནུས་ཀྱིས་ཞེས་ཏེ། དེ་ལུས་དང་སེམས་རང་བཞིན་ཤེས་ནས། ཐོག་མ་དང་ཐ་མ་མེད་པར་སྐྱེ་བ་དང་། འཁོར་བའི་སྡུག་བསྔལ་རྗེས་སུ་དྲན་ནས། ཆོས་འདི་དག་ནི་ཚུལ་གྱིས་དེ་བཞིན་ནོ་ཞེས་ནས། ཕྱིར་ཞིང་སེམས་དང་བར་བྱེད། རབ་ཏུ་དང་བར་བྱེད། དགའ་བར་བྱེད། རབ་ཏུ་དགའ་བར་བྱེད། ཚིམ་པར་བྱེད། གཟེངས་མཐོ་བར་བྱེད་སྤྲོ་བར་བྱེད། རབ་ཏུ་སྤྲོ་བར་བྱེད། འདུལ་བར་བྱེད། ཡོངས་སུ་འདེམས་པར་བྱེད་དེ། དེ་ལྟར་བདག་གིས་ཀྱང་སངས་རྒྱས་ཀྱི་ཆོས་ལ་བཞག་སྟེ། སེམས་ཅན་ཐམས་ཅད་ལ་ཡང་དོན་འདི་བསྟན་པར་བྱའོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལུས་འདི་ནི་བདག་དང་བདག་གིས་སྟོང་པ། རང་བཞིན་གྱིས་སྟོང་པ་སྟེ། སྟོང་པ་ཉིད་ལ་བདེ་བ་འམ། སྡུག་བསྔལ་བ་འམ། གཉིས་སུ་བརྗོད་པ་གང་ཡང་མེད་དོ། །གང་སྟོང་པ་དེ་ལ་ཅི་ཡང་མེད་དེ། ཆོས་ཐམས་ཅད་ནི་ཅི་ཡང་མ་ཡིན་པ་ཡིན་གྱིས། དེ་བདག་གིས་ཀྱང་ཡང་དག་པར་ཤེས་པར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་དངོས་པོར་འཛིན་པ་སྤང་བའི་ཕྱིར་ཆོས་ཐམས་ཅད་བསྟན་པར་བྱ་དགོས་ཀྱིས། དེ་ལྟར་བདག་གིས་འདི་དག་ལ་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། བདེ་བའི་སེམས་དང་། སྙིང་རྗེ་བའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། ཕན་པར་དགའ་བའི་སེམས་དང་། ཡོངས་སུ་མི་གཏོང་བའི་སེམས་དང་། འཚང་རྒྱ་བའི་སེམས་དང་། བྱང་ཆུབ་པའི་སེམས་དང་། མི་འཕྲོགས་པའི་སེམས་


DKG035_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སངས་རྒྱས་ཀྱི་ཚུལ་གྱི་རྗེས་སུ་བསྙེགས་པའི་སེམས་ཀྱིས་བཟོད་པར་བྱའོ་སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུམ་པ་སྟེ། མི་མཐུན་པ་མེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་བཞི་པ་མི་ཟད་པ་ཞེས་བྱ་བ་དེ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། བརྩོན་འགྲུས་མཆོག་དང་ལྡན་པ་ཡིན། བརྩོན་འགྲུས་རབ་དང་ལྡན་པ་ཡིན། བརྩོན་འགྲུས་དམ་པ་དང་ལྡན་པ་ཡིན། བརྩོན་འགྲུས་ཕུལ་དང་ལྡན་པ་ཡིན། བརྩོན་འགྲུས་འཕགས་པ་དང་ལྡན་པ་ཡིན། བརྩོན་འགྲུས་གྱ་ནོམ་པ་དང་ལྡན་པ་ཡིན། བརྩོན་འགྲུས་བླ་ན་མེད་པ་དང་ལྡན་པ་ཡིན། བརྩོན་འགྲུས་མཉམ་པ་མེད་པ་དང་ལྡན་པ་ཡིན་ཏེ། དེ་ལ་འདོད་ཆགས་ཀྱི་རང་བཞིན་མེད། ཞེ་སྡང་གི་རང་བཞིན་མེད། གཏི་མུག་གི་རང་བཞིན་མེད། ང་རྒྱལ་གྱི་རང་བཞིན་མེད། འཆབ་པའི་རང་བཞིན་མེད། ཕྲག་དོག་གི་རང་བཞིན་མེད། འཇུངས་པའི་རང་བཞིན་མེད། སྒྱུའི་རང་བཞིན་མེད། ཁྲེལ་མེད་པའི་རང་བཞིན་མེད་དོ། །དེ་ནི་སེམས་ཅན་གང་ལ་ཡང་ཐོ་བརྩམ་པའི་ཕྱིར། བརྩོན་འགྲུས་མི་རྩོམ་སྟེ། གཞན་དུ་ན་ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །བག་ལ་ཉལ་བ་ཐམས་ཅད་ཡང་དག་པར་གཞོམ་པའི་ཕྱིར་བརྩོན་འགྲུས་རྩོམ་མོ། །བག་ཆགས་ཐམས་ཅད་ཡོངས་སུ་བསལ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །སེམས་ཅན་གྱི་ཁམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །ཤི་འཕོ་དང་སྐྱེ་བ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །སེམས་ཅན་གྱི་


DKG035_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྩོམ་མོ། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། བརྩོན་འགྲུས་རྣམ་པ་ཐ་དད་པ་མཆོག་དང་ཐ་མའི་རྒྱུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །ཆོས་ཀྱི་དབྱིངས་ཐམས་ཅད་ལ་འཇུག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ངོ་བོ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །དུས་གསུམ་ལ་མཁས་པ་མཉམ་པ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་པའི་སྣང་བ་མཉམ་པ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་འགྱུར་བའི་ཡེ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚུལ་གཅིག་ཏུ་མངོན་པར་འཚང་རྒྱ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པ་ཐམས་ཅད་མངོན་པར་འཚང་རྒྱ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པའི་ཡེ་ཤེས་ཆེན་པོ་ལ་མཁས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་དབྱེ་བ་བསྟན་པ་དང་བསྒྲུབ་པ་རབ་ཏུ་བསྟན་པའི་རྒྱུས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་བརྩོན་འགྲུས་དང་ལྡན་པ་


DKG035_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་གལ་ཏེ་འཇིག་རྟེན་གྱི་ཁམས་གྲངས་མེད་པར་སེམས་ཅན་རྣམས་ཀྱི་དོན་དུ་སེམས་ཅན་རེ་རེའི་ཕྱིར་ཡང་བསྐལ་པ་གྲངས་མེད་པར་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་དུ་འདུག་པར་ཡང་སྤྲོ་ཞིང་མོས་ཏེ། སེམས་ཅན་དེ་དག་ཀྱང་དེ་ཙམ་གྱི་བར་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ལ། དེའི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་ཞིག་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་སུས་མཐོང་བ་དེ་དག་ཐམས་ཅད་ཀྱང་བདེ་བའི་ཡོ་བྱད་ཀུན་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་ཞིང་། བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གཏོགས་པའི་སེམས་ཅན་རྣམས་ཀྱི་ཕྱིར། སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་གྲངས་མེད་པར་སེམས་ཅན་དམྱལ་བ་ཆེན་པོ་ན། དེ་སྙེད་ཀྱི་སེམས་ཅན་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་འདུག་པར་སྤྲོ་སྟེ། དེ་ལ་ལ་ལ་ཞིག་གིས་འདི་སྐད་དུ་རྒྱ་མཚོ་ཆེན་པོ་གྲངས་མེད་པ་སྐྲའི་རྩེ་མོས་གཞལ་ཏེ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྡུལ་དུ་བླགས་ཏེ། བགྲང་བ་དེ་སྙེད་ཀྱི་སྡུག་བསྔལ་གྱི་ཚོར་བ་དང་། སེམས་ཀྱི་སྐད་ཅིག་ཏུ་ཡང་མི་འབྲལ་བའི་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་དང་མི་འབྲལ་བར་འགྱུར་རོ་ཞེས་ཟེར་ན་ཡང་། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་ནི་དེ་ལ་དེའི་ཕྱིར་སེམས་བསྐྱེད་པ་འགའ་ཙམ་ཡང་འགྱོད་པ་དང་ལྡན་པ་མི་འབྱུང་གི་དེ་ནི་འདི་སྙམ་སྟེ། དེ་ལྟར་བདག་གི་མཐུས་སེམས་ཅན་འདི་དག་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་ལས་ཡོངས་སུ་གྲོལ་བར་གྱུར་པ་ནི་བདག་གིས་འཐོང་བ་ལེགས་པར་འཐོབ་པོ། །གལ་ཏེ་ཐབས་འདི་འདྲ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན་ཡང་། བྱང་ཆུབ་སེམས་དཔས་སྦྱོར་བ་དེ་ལ་སྤྲོ་བར་བྱ་བ་ཡིན་ནོ། །


DKG035_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཏེ། དེ་བས་ཀྱང་ཆེས་དགའ་བ་དང་སྤྲོ་བ་སྐྱེའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བཞི་པ་སྟེ་མི་ཟད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྔ་པ་རྨོངས་པ་མེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་དྲན་པ་དང་ལྡན་པ་ཡིན་ཏེ། དྲན་པའི་དམ་པ་འཁྲུག་པ་མེད་པ། རྣམ་པར་འཁྲུག་པ་མེད་པ། བརྟན་པ་སྲ་བ། མི་ཤིགས་པ། ཟིལ་གྱིས་མི་ནོན་པ། ཡོངས་སུ་དག་པ། ཆེ་བ་ཚད་མེད་པ། རྨོངས་པ་མེད་པ་དང་ལྡན་པ་ཡིན་ཏེ། དྲན་པ་དེས་འཇིག་རྟེན་པའི་སྤྱོད་པ་རྣམས་ཀྱང་ཡོངས་སུ་འཛིན་པ་ཡིན། འཇིག་རྟེན་ལས་འདས་པའི་ཚིག་ཀྱང་ཡོངས་སུ་འཛིན་པ་ཡིན། གཟུགས་དང་གཟུགས་མེད་པའི་ཚིག་ཀྱང་ཡོངས་སུ་འཛིན་པ་ཡིན། གཟུགས་ཀྱི་རང་བཞིན་ལ་བཏགས་པའི་ཚིག་ཀྱང་ཡོངས་སུ་འཛིན་པ་ཡིན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བཏགས་པའི་ཚིག་ཀྱང་ཡོངས་སུ་འཛིན་པ་ཡིན། རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཚིག་ཀྱང་ཡོངས་སུ་འཛིན་པ་ཡིན་ཏེ། དེ་འཇིག་རྟེན་འདི་ནས་ཀྱང་རྨོངས་པ་མེད་པར་ཤི་འཕོའོ། །འཇིག་རྟེན་ཕ་རོལ་ཏུ་ཡང་རྨོངས་པ་མེད་པར་སྐྱེ་སྟེ། མའི་མངལ་དུ་ཡང་རྨོངས་པ་མེད་པར་འགྲོ། མའི་མངལ་ནས་ཀྱང་རྨོངས་པ་མེད་པར་འབྱུང་སྟེ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རྨོངས་པ་མེད་པས་གནས་སོ། །རྨོངས་པ་མེད་པར་དགེ་བའི་བཤེས་གཉེན་རྣམས་མགུ་བར་བྱེད་དོ། །རྨོངས་པ་མེད་པར་སངས་རྒྱས་ཀྱི་ཆོས་ལ་མོས་པར་བྱེད་དོ། །རྨོངས་པ་མེད་པར་བདུད་ཀྱི་ལས་རྣམས་རབ་ཏུ་ཤེས་སོ། །རྨོངས་པ་མེད་པར་བདུད་ཀྱི་ལས་རྣམས་སྤང་བར་བྱེད་དོ། །


DKG035_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་མེད་པར་བསྐལ་པ་བརྗོད་དུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་སོ། །དེ་དྲན་པ་ཡོངས་སུ་དག་པའི་ཡན་ལག་ཚད་མེད་པ་དང་ལྡན་པ་ཡིན་ཏེ་དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་འམ། དགེ་བའི་བཤེས་གཉེན་རྣམས་ལས་བསྐལ་པ་གྲངས་མེད་པ་ན་ཆོས་ཐོས་པར་གྱུར་པ་ཟབ་མོ་ཟབ་མོར་སྣང་བ་འམ། ཡངས་པའི་ཆོས་རྒྱན་རྣམ་པར་ཕྱེ་བའམ། ཆོས་སྣ་ཚོགས་ཚིག་དང་ཡི་གེ་སྣ་ཚོགས་ཀྱིས་བསྟན་པ་འམ། བྱང་ཆུབ་སེམས་དཔའི་རྒྱན་གྱི་ཆོས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་སྣང་བ་ཅན་ནམ། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ལྷག་པའི་བསམ་པ་དགེ་བ་དང་མོས་པས་རྣམ་པར་དག་པ་འམ། འཇིག་རྟེན་ཐམས་ཅད་ལ་མི་གནས་པའི་ཆོས་འཇིག་རྟེན་གྱི་ཁོང་དུ་ཆུད་པ་དང་འཐུན་པ་འམ། ཆོས་ཡངས་པ་རྒྱ་ཆེན་པོའི་ཆོས་སུ་བསྟན་པ་འམ། རབ་རིབ་དང་བྲལ་བའི་ཆོས་འཇིག་རྟེན་གྱིས་ཤེས་པར་བྱ་བ་འམ། འཇིག་རྟེན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཆོས་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྗེས་སུ་སོང་བ་འམ། བླ་ན་མེད་པའི་ཆོས་ཐམས་ཅད་མཁྱེན་པའི་ཆོས་ཀྱིས་རྒྱ་ཆེར་རྣམ་པར་འཕྲུལ་པ་བསྟན་པ་དེ་ལྟ་བུ་དག་ཐོས་ཀྱང་བསྐལ་པ་གྲངས་མེད་པས་བརྗེད་པར་མི་འགྱུར། ཉམས་པར་མི་འགྱུར། རྒྱུན་འཆད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱད་པ་ལ་སྤྱོད་པའི་ཚེ། སེམས་ཅན་སུ་ལ་ཡང་དྲན་པ་རྣམ་པར་འཁྲུག་པར་མི་བྱེད། ཆོས་རིག་པ་ཐོགས་པར་མི་བྱེད། དགེ་བའི་རྩ་བའི་བློ་གྲོས་འཇིག་པར་མི་བྱེད། གཞན་གྱི་བློ་ལ་གནོད་པར་མི་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་འདི་ལྟ་བུའི་སྒྲ་ཆེན་པོ་མཐོ་བ་དག་དང་ཕྲད་པར་གྱུར་ཏེ། དྲག་པོའི་སྒྲ་དང་། མི་བཟད་


DKG035_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

པར་བོས་པའི་སྒྲ་དང་། སྐྱི་གཡའ་བའི་སྒྲ་དང་། ཡིད་དུ་མི་འོང་བའི་སྒྲ་རྣ་བའི་སྤྱོད་ཡུལ་དུ་འོངས་པ་དང་། ཡིད་དུ་མི་འོངས་པའི་སྒྲ་རྣ་བའི་ཡུལ་དུ་འོངས་པ་དང་། སེམས་འཁྲུག་པར་བྱེད་པ་དང་། རྣ་བའི་རྣམ་པར་ཤེས་པ་འཁྲུག་པར་བྱེད་པ་དང་། དབང་པོ་དྲུག་འཕྲོག་པར་བྱེད་པ་དག་དང་འགྲོགས་པར་གྱུར་ཀྱང་། སྒྲ་དེ་ལྟ་བུ་དག་གིས་བྱང་ཆུབ་སེམས་དཔའི་སེམས་སྐད་ཅིག་ཀྱང་རྣམ་པར་འགྲུབ་པར་མི་འགྱུར་ཏེ། དྲན་པ་རྣམ་པར་འཁྲུག་པར་མི་འགྱུར་རོ། །སྤྱོད་ཡུལ་རྣམ་པར་འཁྲུག་པར་མི་འགྱུར་རོ། །མགོ་རྨོངས་པར་མི་འགྱུར་རོ། །འཁོར་བར་མྱི་འགྱུར་རོ། །བསླད་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ནི་འདི་ལྟར་སྒྲ་དེ་ལྟ་བུ་དག་ཡིད་དུ་འོང་ཞིང་འཐུན་པར་བྱེད་པ་དང་། ཡིད་དུ་མི་འོང་ཞིང་ཁོང་ཁྲོ་བར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པར་གྲགས་པར་བྱེད་པ་དག་གིས། སེ་གོལ་གཏོགས་པ་ཙམ་དུ་ཡང་ཏིང་ངེ་འཛིན་ལས་ལྡང་བར་མི་འགྱུར་རོ། །སྤྱོད་ཡུལ་ལས་ལྡང་བར་མི་འགྱུར་རོ། །ཆོས་ལ་འཇུག་པ་ལས་ལྡང་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་སྤྱོད་པ་ལ་གཅིག་ཏུ་འདུས་པ་ལས་ལྡང་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྒོམ་པ་ལས་ལྡང་བར་མི་འགྱུར་རོ། །སངས་རྒྱས་རྗེས་སུ་དྲན་པ་ལས་ལྡང་བར་མི་འགྱུར་རོ། །ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་བརྟགས་པ་ལས་ལྡང་བར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཡེ་ཤེས་རྒྱུན་ཆད་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་དག་པར་བྱ་བའི་གནས་ཤེས་པ་རྒྱུན་ཆད་པར་མི་འགྱུར་རོ། །དོན་ངེས་པར་ཤེས་པ་རྒྱུན་ཆད་པར་མི་འགྱུར་རོ། །གང་གིས་ལས་ཀྱི་སྒྲིབ་པར་འགྱུར་བའི་སྡིག་ཏོའི་ལས་སྩོགས་པར་མི་བྱེད་དོ། །གང་གིས་ཉོན་མོངས་པའི་སྒྲིབ་པར་འགྱུར་བའི་ཉོན་མོངས་པ་བསྡུད་པར་མི་བྱེད་དོ། །གང་གིས་ཆོས་


DKG035_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲིབ་པར་འགྱུར་བའི་ཆོས་ལ་རིམ་གྲོར་བྱེད་པར་མི་བྱེད་དོ། །གང་གིས་ཆོས་འཇིག་པར་འོང་བའི་སྒྲིབ་པར་འགྱུར་བ་དམ་པའི་ཆོས་ཡོངས་སུ་སྤོང་བར་མི་བྱེད་དོ། །དེ་ལ་དེ་ལྟ་བུའི་སྒྲའི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་གྲགས་པ། མི་སྙན་པ་དང་སྙན་པ་བསྐལ་པ་གྲངས་མེད་པར་མི་སྡོད་པ། འཁྲུག་པར་བྱེད་པ། སེམས་འཁྲུག་པ། ལུས་འཁྲུག་པ། དབང་པོ་འཁྲུག་པ། མྱོས་པར་བྱེད་པ། འཁོར་བར་བྱེད་པ། རྙོག་པར་བྱེད་པ། རྣམ་པར་རྙོག་པར་བྱེད་པ། ཀུན་ཏུ་རྙོག་པར་བྱེད་པས། དཀྲུགས་པར་བྱས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་སྐྱེ་སྟེ། བདག་གིས་ནི་འཕགས་པའི་ཆོས་ཡོངས་སུ་བསྒོམས་པས་ནང་དུ་མཉམ་པར་གཞག་པར་བྱའོ། །སྙམ་ནས་དེ་སྒྲ་ཐམས་ཅད་ཀྱི་སྐྱེ་བ་ལ་རབ་ཏུ་རྟོག་གོ །གནས་པ་ལ་རབ་ཏུ་རྟོགས་གོ །འགོག་པ་ལ་རབ་ཏུ་རྟོག་གོ །སྐྱེ་བའི་རང་བཞིན་ལ་འཇུག་གོ །འགོག་པའི་རང་བཞིན་ལ་འཇུག་གོ །གང་གིས་སྒྲ་དེ་དག་བརྗོད་པ་དེ་དག་ཀྱང་དེ་ལྟ་བུའི་རང་བཞིན་ཉིད་དུ་ཤེས་ཏེ། སྒྲས་ཆགས་པར་མི་འགྱུར། སྒྲས་ཁོང་ཁྲོ་བར་མི་འགྱུར་ཞིང་། དེའི་དྲན་པ་ཉམས་པར་མི་འགྱུར་རོ། །དེས་སྒྲ་དེ་དག་ཐམས་ཅད་ཀྱི་མཚན་མ་འཛིན་ཅིང་མཚན་མ་བསྐྱེད་དེ། སྒྲས་བསྒོ་བ་ལ་མངོན་པར་ཆགས་པར་མི་འགྱུར། སྒྲ་ལ་གནས་པར་མི་འགྱུར། སྒྲ་ལ་མངོན་པར་ཆགས་པར་མི་སྐྱེད་དོ། །དེས་སྒྲ་དེ་དག་བརྟགས་ན་མི་དམིགས་ཏེ། སྒྲ་དེ་དག་ཐམས་ཅད་ཀྱི་རང་བཞིན་རབ་ཏུ་ཤེས་སོ། །རང་བཞིན་དེ་ཡང་བྱས་པ་མེད་པར་ཁོང་དུ་ཆུད་དོ། །མངོན་པར་འདུ་བྱེད་པ་མེད་པའི་རྒྱས་འདེབས་ཤིང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཚུལ་དུ་ཆགས་པ་མེད་པའི་མཐར་ཡང་རབ་ཏུ་ཤེས་སོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་མཐར་ཐུག་པ། ཕྱིར་མི་ལྡོག་པ་མཐའ་ཡས་པ། བསམ་གཏན་གྱི་ཚུལ་ཐ་དད་པ་ཐམས་ཅད་ལ་རབ་ཏུ་ཞུགས་པ། ཏིང་ངེ་འཛིན་ཐམས་ཅད་ལ་རྒྱུད་གཅིག་གི་ཚུལ་དུ་ཞུགས་པ། ཆོས་


DKG035_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཐའ་དང་དབུས་མེད་པར་རབ་ཏུ་ཆུད་པའི་ལུས་ཀྱི་ལས་དབེན་པ་དང་ལྡན་པ། ངག་གི་ལས་དབེན་པ་དང་ལྡན་པ། ཡིད་ཀྱི་ལས་དབེན་པ་དང་ལྡན་པས། ཤེས་པ་རྟོགས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་མིང་དང་སྒྲ་མེད་པ། ཞེས་བྱ་བའི་ཏིང་ངེ་འཛིན་གྲངས་མེད་པའི་ཏིང་ངེ་འཛིན་གྱི་སྒོ་དང་ལྡན་པ་འཐོབ་སྟེ། སྙིང་རྗེ་ཆེན་པོ་ཡང་ཡངས་ཤིང་ཚད་མེད་པར་བྱེད་དོ། །གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྟོང་ཕྲག་གྲངས་མེད་པ་སེམས་ཀྱི་སྐད་ཅིག་གཅིག་གིས་ཐོབ་པར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་སེམས་ཏིང་ངེ་འཛིན་དང་ལྡན་པ་དེ་ལ་དེ་ལྟ་བུའི་རྣམ་པར་འཁྲུག་པས་དྲན་པ་རྣམ་པར་འཁྲུག་པར་མི་ནུས་ཀྱི། དེའི་ཕྱིར་ཞིང་འདི་སྙམ་དུ་སེམས་སྐྱེའོ། །དེ་ལྟར་བདག་གིས་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པའི་རྣམ་པ་རྣམ་པར་དག་པ་ལ་རབ་ཏུ་བཀོད་དེ། ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པར་བྱས་ལ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ། །སྙམ་མོ། ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྔ་པ་སྟེ། རྨོངས་པ་མེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲུག་པ་ལྟ་བ་བཟང་པོ་ཞེས་བྱ་བ་དེ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་སུ་མེད་ཅིང་བསྟན་པ་མི་དམིགས་པའི་ལུས་ཀྱི་ལས་དབེན་པ་དང་། ངག་གི་ལས་དབེན་པ་དང་། ཡིད་ཀྱི་ལས་དབེན་པ་ཐོབ་པ་ཡིན། མ་ཆགས་མ་བཅིངས་པའི་ལུས་ཀྱི་ལས་དང་། མ་ཆགས་མ་བཅིངས་པའི་ངག་གི་ལས་དང་། མ་ཆགས་མ་བཅིངས་པའི་ཡིད་ཀྱི་ལས་མ་ཆགས་མ་བཅིངས་པར་བསྟན་པ། གནས་མེད་པ། མི་གནས་པ། སེམས་ཇི་ལྟ་བ་བཞིན་དུ་གནས་པ། སེམས་ཀྱི་


DKG035_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཚད་མེད་པའི་རྗེས་སུ་སོང་བ། ཆོས་ཐམས་ཅད་ཀྱི་རང་བཞིན་འབྱམ་ཀླས་པའི་རྗེས་སུ་སོང་བ། མཚན་ཉིད་མི་དམིགས་ཤིང་། མཚན་ཉིད་བསྟན་དུ་མེད་པ་ཟབ་པ་གཏིང་དཔག་དཀའ་བ། དེ་བཞིན་ཉིད་ཀྱི་རང་བཞིན་གྱི་རྗེས་སུ་སོང་བ། རྣམ་པར་སྨིན་པ་དང་། བྲལ་བའི་སྐྱོན་མེད་པ། མངོན་པར་བསྒྲུབ་པ་ལ་མཁས་པ། འགོག་པ་དང་། མཐུན་པར་གནས་པ། མྱ་ངན་ལས་འདས་པའི་དབྱིངས་ཀྱི་སྤྱོད་ཡུལ་ཅན། ཞི་བའི་རྒྱུད་རབ་ཏུ་ཐོབ་པ། དངོས་པོ་མེད་པའི་ཚུལ་གྱི་གཞིར་གྱུར་པ། ཚིག་གི་ལམ་ཆད་པ། འགྲོ་བ་ཐམས་ཅད་ལས་འཕགས་པ། གནས་མེད་པའི་སྤྱོད་པ་རབ་ཏུ་ཐོབ་པ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མཚན་མ་ལ་མཁས་པ། རྟོགས་པ་བཅིངས་པ་མེད་པ་ལ་གནས་པ། དེ་ཁོ་ན་ཉིད་ཀྱི་ཆོས་གནས་ཀྱི་རྗེས་སུ་ཞུགས་པ། འཇིག་རྟེན་ཐམས་ཅད་ཀྱིས་མི་བརྗོད་པ། འཇིག་རྟེན་ལས་འདས་པའི་གནས་དང་ལྡན་པ་ཐོབ་པ་ཡིན་ཏེ། དེ་འདི་སྙམ་དུ་སེམས་སོ། །ཀྱེ་སེམས་ཅན་འདི་དག་ཐམས་ཅད་ནི་རང་བཞིན་འདི་ལྟ་བུ་སྟེ། འདི་ལྟར་སེམས་ཅན་མེད་པའི་རང་བཞིན་ནོ། །ཀྱེ་ཆོས་འདི་དག་ཐམས་ཅད་རང་བཞིན་འདི་ལྟ་བུ་སྟེ། འདི་ལྟར་འདུས་བྱས་པ་མེད་པའི་རང་བཞིན་ནོ། །ཀྱེ་ཞིང་འདི་དག་ཐམས་ཅད་ནི་འདི་ལྟ་བུའི་མཚན་ཉིད་དེ། འདི་ལྟར་མཚན་ཉིད་མེད་པའོ། །ཀྱེ་དུས་འདི་དག་ཐམས་ཅད་ནི་འདི་ལྟར་བྱུང་བ་སྟེ། འདི་ལྟར་ཚིག་གི་ལམ་ལ་གཞོལ་ཞིང་ཆོས་ཀུན་གྱི་རྣམ་པར་ཚིག་གི་ལམ་ལ་ཤིན་ཏུ་གནས་ཀྱང་། ཆོས་ཐམས་ཅད་ནི་ཚིག་གི་ལམ་ལ་མི་གནས་པའོ་ཞེས། དེ་དེ་ལྟར་ཆོས་ཐམས་ཅད་ཟབ་པ་ཡང་རབ་ཏུ་ཤེས་སོ། །འཇིག་རྟེན་ཐམས་ཅད་དབེན་པ་ལ་ཡང་རབ་ཏུ་འཇུག་གོ ། དེ་དེ་ལྟར་སངས་རྒྱས་ཀྱི་ཆོས་མ་བསྐྱེད་པ་ལ་ཡང་རབ་ཏུ་འཇུག་གོ །སངས་རྒྱས་ཀྱི་ཆོས་ཀྱང་འཇིག་རྟེན་གྱི་ཆོས་སུ་རབ་ཏུ་འཇུག་གོ །འཇིག་རྟེན་གྱི་ཆོས་ཀྱང་སངས་རྒྱས་ཀྱི་ཆོས་སུ་རབ་ཏུ་འཇུག་


DKG035_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གོ །སངས་རྒྱས་ཀྱི་ཆོས་དང་འཇིག་རྟེན་གྱི་ཆོས་འདྲེས་པར་མི་བྱེད་དོ། །འཇིག་རྟེན་གྱི་ཆོས་དང་སངས་རྒྱས་ཀྱི་ཆོས་ཐ་དད་པར་ཡང་མི་བྱེད་དོ། །འདི་ལྟར་དུས་གསུམ་ལ་གནས་པའི་ཆོས་ཀྱི་དབྱིངས་ཐ་དད་པ་མེད་པ་ལ་ཡང་རབ་ཏུ་འཇུག་གོ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་ཀྱང་ཉམས་པར་མི་བྱེད་དེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་ལས་ཀྱང་མི་ལྡོག་སྟེ། སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་སྙིང་རྗེ་ཆེན་པོ་ཡང་ཕྱིར་ཞིང་རབ་ཏུ་འཛིན་པར་བྱེད་དོ། །སེམས་ཅན་གྱི་ཁམས་བདག་གིས་སྨིན་པར་མ་བྱས་པ་ནི་སུ་ཞིག་སྨིན་པར་བྱེད། སེམས་ཅན་གྱི་ཁམས་བདག་གིས་དུལ་བར་མ་བྱས་པ་ནི་སུ་ཞིག་དུལ་བར་བྱེད། སེམས་ཅན་གྱི་ཁམས་བདག་གིས་ཞི་བར་མ་བྱས་པ་ནི་སུ་ཞིག་ཞི་བར་བྱེད། སེམས་ཅན་གྱི་ཁམས་བདག་གིས་ཤེས་པར་མ་བྱས་པ་ནི་སུ་ཞིག་ཤེས་པར་བྱེད། སེམས་ཅན་གྱི་ཁམས་བདག་གིས་དག་པར་མ་བྱས་པ་ནི་སུ་ཞིག་དག་པར་བྱེད་དེ། དེ་ལྟར་བདག་གིས་དེ་ལྟ་བུར་ཟབ་པའི་ཆོས་ཡང་དག་པར་མཐོང་ལ། གཅིག་པུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྣམ་པར་གྲོལ་བར་བྱ་བ་འདི་ནི་བདག་ལ་ཚུལ་དང་མི་འདྲ་བ་སྟེ། སེམས་ཅན་གྱི་ཁམས་འདི་ཡང་མྱ་ངམ་ཆེན་པོའི་ལམ་དུ་ཞུགས་པ། ཉོན་མོངས་པས་ཀུན་ནས་བཟུང་བས་མདོངས་པར་གྱུར་པ། ཚོར་བ་ཉམས་སུ་བབ་པ་མི་ཟད་པས་ནད་པར་གྱུར་པ། སྲེད་པས་བསྐོར་བའི་བཙོན་རར་ཞུགས་པ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་མ་གཡོས་པ། སྡུག་བསྔལ་གྱི་ཕུང་པོས་མི་སྐྱོ་བ། སྡོམ་པ་གསུམ་གྱིས་བཅུགས་སུ་མ་རུང་བ། མུན་ནག་གི་ནང་དུ་རབ་ཏུ་ཞུགས་པ། མ་རིག་པའི་མངལ་དུ་སྐྱེ་བ་དང་། འཆི་བས་མནར་བ་འབྱུང་བ་མ་མཐོང་བར། མི་ཁོམ་པར་གྱུར་པ། མི་ཁོམ་པ་བརྒྱད་ཐོབ་པ།


DKG035_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རབ་རིབ་ཀྱིས་དྲི་མ་ཅན་དུ་གྱུར་པ། ཉོན་མོངས་པ་སྣ་ཚོགས་ཀྱི་ནད་ཀྱི་ཡན་ལག་གིས་བཏབ་པ། མྱ་ངམ་ཆེན་པོར་འཁྱམས་པ། ལྟ་བའི་མྱ་ངམ་གྱིས་བསྐོར་བའོ། །ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ལ་རྟོག་པའི་ཚེ། སེམས་འདི་ལྟར་སྐྱེ་སྟེ། དེ་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཏེ། ཡེ་ཤེས་ཀྱི་སྣང་བ་བླ་ན་མེད་པ་ལ་ཞུགས་ནས། སེམས་ཅན་འདི་དག་ནི་ཡོངས་སུ་མ་སྨིན་ཅིང་རྣམ་པར་མ་དུལ་བར་བོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ནི། དུས་མ་ཡིན་གྱི་བདག་གིས་ནི་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡོངས་སུ་སྨིན་པར་བྱའོ། །དུས་དེ་ལྟ་བུས་སེམས་ཅན་བྱང་ཆུབ་ཏུ་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་བྱའོ། །མ་དུལ་བ་རྣམས་གདུལ་བར་བྱའོ། །སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲུག་པ་ལྟ་བ་བཟང་པོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་དེ་དག་ལ་གནས་པས། ལྷ་དང་བདུད་དང་། ཚངས་པར་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་། བྲམ་ཟེའི་སྐྱེ་དགུར་བཅས་པ་དང་། ལྷ་དང་དྲི་ཟ་དང་མི་དང་མི་མ་ཡིན་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བལྟ་ན་མཛེས་ཤིང་། བྱང་ཆུབ་སེམས་དཔའ་དེ་མཐོང་བས་ཀྱང་། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དོན་ཡོད་པར་འགྱུར་རོ། །ཐོས་པ་དང་བསྙེན་བཀུར་བས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དོན་ཡོད་པར་འགྱུར་རོ། །དམིགས་པ་གང་གིས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་དེ་དང་འགྲོགས་


DKG035_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དོན་ཡོད་པར་འགྱུར་རོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་དྲུག་པ། ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བདུན་པ་གནས་མེད་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་གནས་མེད་པའི་སེམས་ཀྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ལ་འཇུག་པ་ཡིན། སེམས་བསྐྱེད་པ་རེ་རེས་ཞིང་གྲངས་མེད་པ་ཡོངས་སུ་སྦྱོང་སྟེ། ཞིང་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་བལྟ་བའི་ཕྱིར་འགྲོ་ཞིང་། མེ་ཏོག་གྲངས་མེད་པ་དང་། སྤོས་གྲངས་མེད་པ་དང་། ཕྲེང་བ་གྲངས་མེད་པ་དང་། བྱུག་པ་གྲངས་མེད་པ་དང་། ཕྱེ་མ་གྲངས་མེད་པ་དང་། ན་བཟའ་གྲངས་མེད་པ་དང་། རིན་པོ་ཆེ་གྲངས་མེད་པ་དང་། རྒྱལ་མཚན་གྲངས་མེད་པ་དང་། བ་དན་གྲངས་མེད་པ་དང་། རྒྱན་གྲངས་མེད་པ་དང་། མངོན་པར་འདུ་བྱ་བ་གྲངས་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པའི་མཐར་ཕྱིན་པ་དང་། གྲངས་མེད་པའི་བསམ་པས་བསམ་ཏུ་མེད་པའི་ཆོས་ལ་གནས་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་བསྙེན་བཀུར་བའི་དོན་དུ་འགྲོ་ཞིང་སེམས་བསྐྱེད་པ་རེ་རེ་ལ་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་མཐོང་ཡང་། སངས་རྒྱས་དེ་དག་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་ཀྱི་ཞིང་རྣམས་ལ་གནས་མི་སྐྱེད་པ་ཡིན། མཚན་རྣམས་ལ་གནས་མི་སྐྱེད་པ་ཡིན། དཔེ་བྱད་བཟང་པོ་རྣམས་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་ཀྱི་འོད་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་ཀྱི་ཆོས་བསྟན་པ་ལ་གནས་མི་སྐྱེད་པ་ཡིན། ཕྱོགས་ལ་གནས་མི་སྐྱེད་པ་ཡིན། ཕྱོགས་མཚམས་ལ་གནས་མི་སྐྱེད་པ་


DKG035_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ལ་གནས་མི་སྐྱེད་པ་ཡིན། བྱང་ཆུབ་སེམས་དཔའི་དགེ་འདུན་འདུས་པ་ལ་གནས་མི་སྐྱེད་པ་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉན་ཅིང་དགའ་བ་སྐྱེད་དེ། བསམ་པ་ཡངས་པར་བྱེད་ལ། བྱང་ཆུབ་ཀྱི་སེམས་རབ་ཏུ་འཛིན་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤིན་ཏུ་གནས་ཀྱང་། སངས་རྒྱས་ཀྱི་ཆོས་ལ་གནས་མི་སྐྱེད་པ་ཡིན། དེ་བཞིན་གཤེགས་པ་རེ་རེ་བསྙེན་བཀུར་ལ་ཡང་བསྐལ་པ་བརྗོད་དུ་མེད་པ་ཟད་པར་བྱེད་ཅིང་། སངས་རྒྱས་བརྗོད་དུ་མེད་པ་མཐོང་བས། བསྐལ་པ་གྲངས་མེད་པར་གནས་ཀྱང་། སངས་རྒྱས་བལྟ་བ་དང་། དེ་བཞིན་གཤེགས་པ་མངོན་དུ་བྱ་བ་དང་། ཆོས་ཉན་པས་ངོམས་མི་ཤེས་ཏེ། སངས་རྒྱས་བལྟ་བ་དང་། དེ་བཞིན་གཤེགས་པའི་ཆོས་ཉན་པ་ལ་གནས་མི་སྐྱེད་དོ། །བྱང་ཆུབ་སེམས་དཔའི་རྒྱན་དང་། འཁོར་གྱི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཁོང་དུ་ཆུད་པར་བྱེད་ཀྱང་གནས་མི་སྐྱེད། ཆགས་པའི་སེམས་མི་སྐྱེད་དོ། །འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ལ་ཞུགས་ཀྱང་ཁོང་ཁྲོ་བ་མི་སྐྱེད། མོས་པ་མེད་པའི་སེམས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་དུ། ཤིན་ཏུ་ཁོང་དུ་ཆུད་དེ། དེ་ལ་ནི་ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད། མུན་པ་ཡང་མེད། སྣང་བ་ཡང་མེད། རྣམ་པར་ཕྱེ་བ་ཡང་མེད། རྣམ་པ་ཐ་དད་པ་ཡང་མེད། རྣམ་པར་རྟོག་པ་ཡང་མེད། གཞན་དུ་འགྱུར་བ་ཡང་མེད། བདེ་བ་ཡང་མེད། མི་བདེ་བ་ཡང་མེད། ལམ་ཡང་མེད། ལམ་མ་ཡིན་པ་ཡང་མེད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་ཀྱི་དབྱིངས་ལ་ཞུགས་པ་ནི་སེམས་ཅན་གྱི་ཁམས་ལ་ཡང་འཇུག་སྟེ། དེ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་ཅིང་རྣམ་པར་འདུལ་ལ་སེམས་ཅན་རྣམས་ལ་གནས་སྐྱེད་པ་ཡང་མེད་དོ། །ཆོས་རྣམས་


DKG035_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཐོབ་པར་བྱེད་ཀྱང་། ཆོས་ལ་གནས་མི་སྐྱེད་དོ། །བྱང་ཆུབ་ཀྱི་སེམས་ལ་ཞུགས་པའི་ཡིད་ཀྱིས་འཚང་རྒྱ་བར་བྱ་བ་ལ་ཡང་རྣམ་པར་སྤྱོད་དེ། འཚང་རྒྱ་བར་བྱ་བ་དེ་ལ་གནས་མི་སྐྱེད་དོ། །ཚིག་གི་ལམ་ཡང་བརྗོད་དེ། ཚིག་གི་ལམ་ལ་གནས་པར་མི་བྱེད་དོ། །སེམས་ཅན་གྱི་རྒྱུད་ལ་ཡང་འཇུག་སྟེ། སེམས་ཅན་གྱི་རྒྱུད་ལ་ཡང་གནས་པར་མི་བྱེད་དོ། །ཏིང་ངེ་འཛིན་ཀྱང་རབ་ཏུ་ཤེས་ཤིང་དེ་དག་ལ་ཡང་མཉམ་པར་གཞོག་སྟེ། ཏིང་ངེ་འཛིན་དེ་དག་ལ་གནས་ཀྱི་སེམས་ཀྱང་མི་སྐྱེད་དོ། །སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པར་འགྲོ་ཞིང་འཇུག་ལ་དེ་དག་ཏུ་ཕྱིན་ཏེ་མཐོང་ཞིང་གནས་ཀྱང་གནས་ཀྱི་སེམས་མི་སྐྱེད་དོ། །དེ་དག་ནས་འགྲོ་ཡང་ཆགས་པའི་སེམས་མི་སྐྱེད་དེ། དེ་དག་སེམས་འདི་ལྟར་བསྐྱེད་དོ། །ཀྱེ་སངས་རྒྱས་ཀྱི་ཆོས་དེ་ལྟར་གཟུང་བ་མེད། སངས་རྒྱས་ཀྱི་བྱང་ཆུབ་དེ་ལྟར་བསྒྲིབས་པ་མེད། ཆོས་དང་འདུལ་བ་དེ་ལྟར་ལེགས་པར་བསྟན། སངས་རྒྱས་ཀྱི་བསྟན་པ་དེ་ལྟར་ལེགས་པར་གནས། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལྟར་ལེགས་པར་འདུག །བྱང་ཆུབ་ཀྱི་སེམས་དེ་ལྟར་ལེགས་པར་གནས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དེ་ལྟར་ཤིན་ཏུ་རྟོགས། བྱང་ཆུབ་སེམས་དཔའི་རང་བཞིན་དེ་ལྟར་ཆགས་པ་མེད། བྱང་ཆུབ་སེམས་དཔའི་ཚུལ་དེ་ལྟར་གནས་པ་མེད། བྱང་ཆུབ་སེམས་དཔའི་ལམ་དེ་ལྟར་ཤིན་ཏུ་སྦྱངས། བྱང་ཆུབ་སེམས་དཔའི་ལུང་བསྟན་པ་དེ་ལྟར་བྱིན་གྱིས་བརླབས་ཀྱང་། བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི་ཤེས་པ་མེད་པ། མཐོང་བ་མེད་པ། དད་པ་མེད་པ། མོས་པ་མེད་པ། མི་མཁས་པའི་གནས་ལ་སྤྱོད་པ། བསམ་པ་རྨུགས་པ། འཁོར་བའི་རྒྱུད་ཤིན་ཏུ་འབྱུང་བ་ལ་གཞོལ་བ། སངས་རྒྱས་བལྟ་བ་ལ་ལོག་པར་ཞུགས་པ། འདྲེན་པའི་ས་ལས་ཉམས་པ། ལམ་ཤེས་པའི་དྲུང་ནས་གར་བ། ཁ་ལོ་སྒྱུར་བ་མི་ཚོལ་བ། སྟོབས་བཅུ་ལ་རིམ་གྲོ་མེད་པ། བྱང་ཆུབ་སེམས་དཔའ་ལ་དྲིན་དུ་མི་གཟོ་བ། དམའ་བ་ལ་གནས་པ།


DKG035_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པས་འཇིགས་པ། རིགས་པས་སྤངས་པ། ཚུལ་བཞིན་མ་ཡིན་པ་ལ་ཞུགས་པ། མཉམ་པ་ཉིད་ལས་ལོག་པར་ལྷུང་བ། གཡང་ས་ཆེན་པོར་རབ་ཏུ་ལྷུང་བ། བདུད་ཀྱི་བསམ་པ་ལ་ཞུགས་པ། སངས་རྒྱས་ཀྱི་བསམ་པ་ལས་རིང་དུ་གྱུར་པ། སྲིད་པ་ལ་མངོན་པར་ཆགས་པ་ཤ་སྟག་གོ །ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ལ་འཇུག་ཅིང་སྙིང་རྗེ་ཆེན་པོ་དེ་བས་ཀྱང་ཆེར་བསྐྱེད་ནས། སྙིང་རྗེ་ཆེན་པོ་རྒྱ་ཆེར་བྱས་ཏེ་གནས་མེད་པའི་དགེ་བའི་རྩ་བ་ཡང་དག་པར་བསྩགས་ནས། འདི་སྙམ་དུ་སེམས་བསྐྱེད་དོ། །གལ་ཏེ་སེམས་ཅན་རེ་རེའི་ཕྱིར་ཡུལ་རེ་རེ་དང་། ཕྱོགས་རེ་རེར་ཡང་བསྐལ་པ་བརྗོད་དུ་མེད་པར་སེམས་ཅན་རེ་རེ་འདུལ་བའི་ཕྱིར་འདུག་ལ། སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དོན་དུ་འདུག་ཀྱང་བདག་གིས་དེའི་ཕྱིར་མི་དགའ་བ་མི་སྐྱེད་དེ། ཡུལ་དེ་དང་ཕྱོགས་དེ་ནས་ཀྱང་བདག་གུད་དུ་གཡོ་བར་མི་བྱའོ། །གུད་དུ་འགྲོ་བར་མི་བྱའོ། །སྐྲའི་རྩེ་མོ་ཙམ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་འདུས་པར་བྱས་ཏེ། སྐྲའི་རྩེ་མོའི་ཚུལ་དེ་ལྟ་བུས་སྐྲའི་རྩེ་མོར་ཆུད་པ་རེ་རེ་ཡང་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བ་དང་འདུལ་བའི་ཕྱིར། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་གནས་པར་བྱའོ། །སྐྲའི་རྩེ་མོ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཐམས་ཅད་ལ་ཡང་དེ་ལྟར་ཏེ། སེ་གོལ་གཏོགས་པ་ཙམ་དུ་ཡང་གནས་ཀྱི་འདུ་ཤེས་མི་སྐྱེད་དོ། །གནས་པར་མི་བྱའོ། །གནས་ཀྱི་སེམས་མི་སྐྱེད་དོ། །སྐྲའི་རྩེ་མོ་ཙམ་རེ་རེ་ལ་ཡང་ལུས་གནས་མེད་པ་དང་། ཆོས་གནས་མེད་པ་དང་། དྲན་པ་གནས་མེད་པ་དང་། སྨོན་ལམ་གནས་མེད་པ་དང་། ཏིང་ངེ་འཛིན་གནས་མེད་པ་དང་། རྟོགས་པ་གནས་མེད་པ་དང་། སྤྱོད་ཡུལ་གནས་མེད་པ་དང་། སེམས་ཅན་གྱི་ཁམས་འདུལ་བ་གནས་མེད་པ་དང་། ཆོས་ཀྱི་དབྱིངས་


DKG035_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པ་གནས་མེད་པས་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དོ། །བདག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །བདག་གིས་སངས་རྒྱས་ཐམས་ཅད་བལྟར་མེད་པའི་ཚུལ་དུ་མིག་ཡོར་ལྟ་བུར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་གནས་མེད་པའི་ཕྱིར། རྨི་ལམ་ལྟ་བུར་ཤེས་པར་བྱའོ། །བདག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་བྲག་ཆ་ལྟ་བུར་ཤེས་པར་བྱའོ། །བདག་གིས་ལས་ཀྱི་རྣམ་པར་ཤེས་པའི་མཐུ་ལས་བྱུང་བས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུར་ཤེས་པར་བྱའོ། །བདག་གིས་སྤྱོད་པའི་མཐུ་ལས་བྱུང་བས་ལུས་ནི་ཡིད་ཀྱི་རྒྱུ་ལས་བྱུང་བར་ཤེས་པར་བྱའོ། །བདག་གིས་སྣ་ཚོགས་དང་འདྲེས་པའི་ཕྱིར་འགྲོ་བ་ཐམས་ཅད་ནི་སེམས་ལྟ་བུར་ཤེས་པར་བྱའོ། །རྣམ་པར་འགྱུར་བ་མེད་པས་བདག་གིས་ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང་མཉམ་པར་བསྟན་པར་བྱའོ། །བདག་གིས་ཕྱོགས་བཅུར་སེམས་བསྐྱེད་པས་རྒྱས་པར་བཀང་སྟེ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པར་བྱའོ། །བདག་གིས་སེམས་ཡངས་པར་བསྒྱུར་བ་དང་། དྲན་པ་གནས་མེད་པས། སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་ཅིང་། མཁས་པ་སེམས་ཀྱི་སྐད་ཅིག་གཅིག་གིས་ཐོབ་པར་བྱའོ་ཞེས། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བདག་དང་སངས་རྒྱས་ལ་བདག་མེད་པའི་ཚུལ་གྱིས་ཡང་དག་པར་བལྟ་ཞིང་། སེམས་ཅན་ཆགས་པ་མེད་པའི་མཐར་ཕྱིན་པ། ཚིག་གི་ལམ་གྱི་ས་ལ་སྨིན་པར་བྱེད་པའི་ཚེ་དགའ་བ་མཐའ་ཡས་པ་ཐོབ་པོ། །སངས་རྒྱས་དང་རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མོས་པ། ཚད་མེད་པ་ཡང་ཡང་དག་པར་རབ་ཏུ་འཐོབ་བོ། །


DKG035_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་བདག་གིས་སྐྱོ་བའི་སེམས་མི་བསྐྱེད་དོ། །སེམས་ཅན་གྱི་ཁམས་ཡོངས་སུ་མ་སྨིན་ཅིང་མ་དུལ་གྱི་བར་དུ་སྐྱོ་བའི་སྨོན་ལམ་མི་བསྐྱད་དོ། །བདག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་རྣམ་པར་འདས་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུ་བར་བྱས་ཏེ། སྨོན་ལམ་གང་ལ་སེམས་ཅན་གྱི་སྒྲ་ཡོད་པ་དང་། སེམས་ཅན་གྱི་ལས་དང་། སེམས་ཅན་ཉེ་བར་ལེན་པ་དང་། སེམས་ཅན་རྣམ་པར་གཞག་པ་དང་། སེམས་ཅན་གྱི་འདུ་ཤེས་དང་ལྡན་པ་དང་། སེམས་ཅན་གྱི་གློང་དང་། སེམས་ཅན་གྱི་འདུ་བྱེད་དང་། སེམས་ཅན་གྱི་ཡུལ་དང་། སེམས་ཅན་གྱི་འཇུག་པ་དང་། སེམས་ཅན་གྱི་ལྡོག་པ་ཡོད་པ་དེ་ལ་བདག་གིས་གནས་པར་བྱའོ། །སེམས་ཅན་ཐམས་ཅད་འདུལ་བའི་དབང་དུ་སྨོན་ལམ་དེ་ལས་གཡོ་བར་ཡང་མི་བྱ་སྟེ། སེམས་བསྐྱེད་པ་གཅིག་གིས་ཀྱང་གནས་ཀྱི་འདུ་ཤེས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་གནས་མེད་པ་དང་། མི་གནས་པར་བྱ་སྟེ། བདག་གི་དོན་ཡོངས་སུ་སྦྱང་བར་བྱའོ། །ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་འདི་ནི། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བདུན་པ་སྟེ། གནས་མེད་པ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐུབ་པར་དཀའ་བ་ཞེས་བྱ་བ་བརྒྱད་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དགེ་བའི་རྩ་བ་ཐུབ་པར་དཀའ་བ། གདུལ་བར་དཀའ་བ། རབ་ཏུ་གདུལ་བར་དཀའ་བ། ཕྱེད་པར་དཀའ་བ། ཟིལ་གྱིས་མི་ནོན་པ། བསམ་གྱིས་མི་ཁྱབ་པ། ཀུན་ཏུ་མཐའ་ཡས་པ་མི་འཕྲོགས་པ་བདག་ཉིད་ཆེ་བ། རྒྱུད་ཀྱི་ཚུལ་གཅིག་


DKG035_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱུར་པས་སངས་རྒྱས་ཐམས་ཅད་ཀྱི་ཞམ་རིང་ན། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་ལ་ཤིན་ཏུ་དད་པ་ཡིན། ཡངས་པར་དད་པ་ཡིན། དེ་བཞིན་གཤེགས་པའི་བྱང་ཆུབ་ལ་ཤིན་ཏུ་མོས་པ་ཡིན། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་རྒྱུན་མི་འཆད་པ་ཡིན། བསྐལ་པ་ཐམས་ཅད་དུ་མི་སྐྱོ་བའི་སེམས་དང་ལྡན་པ་ཡིན། སྡུག་བསྔལ་ཐམས་ཅད་ཀྱིས་སྒྱིད་ལུག་པར་འགྱུར་བ་མེད་པ་ཡིན། བདུད་ཐམས་ཅད་ཀྱིས་ཕྱིར་བརྒལ་དུ་མེད་པ་ཡིན། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཡིན། བྱང་ཆུབ་སེམས་དཔའི་དཀའ་ཐུབ་ཐམས་ཅད་ཀྱིས་རྣམ་པར་སྦྱངས་པ་ཡིན། བྱང་ཆུབ་སེམས་དཔའི་བརྟུལ་ཤུགས་ཀྱིས་ཚད་མི་ཤེས་པ་ཡིན། ཐེག་པ་ཆེན་པོའི་སྨོན་ལམ་ལས་ཕྱིར་མི་ལྡོག་པ་ཡིན། དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པར་དཀའ་བ་ལ་གནས་ཏེ། སེམས་བསྐྱེད་པ་གཅིག་གིས་བསྐལ་པ་གྲངས་མེད་པར་འཁོར་ཡང་ཕྱིར་མི་ལྡོག་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་ཡང་རྒྱུན་མི་གཅོད་དོ། །དེ་མཐོང་བ་ཙམ་གྱིས་ཀྱང་། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱེད་དོ། །ཐོས་པ་དང་བསྙེན་བཀུར་བས་ཀྱང་། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱེད་དོ། །སེམས་ཅན་ཐམས་ཅད་སེམས་ཅན་མེད་པར་ཡང་ཤེས་ཏེ། སེམས་ཅན་གྱི་ཁམས་ཡོངས་སུ་གཏོང་བ་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་མཉན་པ་ནི་ཕ་རོལ་ཏུ་འགྲོ་བ་ཡང་མ་ཡིན་ནོ། །ཚུ་རོལ་ཏུ་འགྲོ་བ་འང་མ་ཡིན། ཆུ་ཀླུང་གི་གཞུང་ལ་གནས་པ་འང་མ་ཡིན། འགྲོ་བ་དང་འོང་བ་རྒྱུན་མི་འཆད་པའི་ཕྱིར་ཕ་རོལ་དང་ཕ་རོལ་མ་ཡིན་པར་སེམས་ཅན་རྣམས་ཀྱང་སྒྲོལ་ལོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཁོར་བར་འགྲོ་བ་ཡང་མ་ཡིན། མྱ་ངན་ལས་འདས་པར་འགྲོ་


DKG035_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་མ་ཡིན། འཁོར་བའི་རྒྱུད་ལ་གནས་པ་ཡང་མ་ཡིན་ཏེ། ཚུ་རོལ་གྱི་མུ་ནས་སེམས་ཅན་རྣམས་བསྐྱོད་དེ། ཕ་རོལ་གྱི་ངོགས་བདེ་བ། འཇིགས་པ་མེད་པ། འཚེ་བ་མེད་པ། འཁྲུག་པ་མེད་པར་རབ་ཏུ་བཞག་ཀྱང་སེམས་ཅན་གྱི་ཁམས་བགྲང་བའི་ཚུལ་གྱིས་མངོན་པར་ཆགས་པ་མེད་དོ། །སེམས་ཅན་གཅིག་ལས་བསྐྱོད་ནས་མང་པོ་ལ་མངོན་པར་ཆགས་པར་ཡང་མི་བྱེད། མང་པོ་ལས་བསྐྱོད་ནས་སེམས་ཅན་གཅིག་ལ་མངོན་པར་ཆགས་པར་ཡང་མི་བྱེད། སེམས་ཅན་གྱི་ཁམས་འཕེལ་བར་ཡང་མི་བྱེད། བྲི་བར་ཡང་མི་བྱེད། སེམས་ཅན་གྱི་ཁམས་སྐྱེ་བར་ཡང་མི་བྱེད། འགོག་པར་ཡང་མི་བྱེད། ཟད་པར་ཡང་མི་བྱེད། སྩོགས་པར་ཡང་མི་བྱེད། རྣམ་པར་རྟོག་པར་ཡང་མི་བྱེད། རྣམ་པ་གཉིས་སུ་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་ཁམས་ལ་ཞུགས་ཤིང་ཁོང་དུ་ཆུད་པ་སྟེ། ཆོས་ཀྱི་དབྱིངས་ཇི་ལྟ་བར་སེམས་ཅན་གྱི་ཁམས་ཀྱང་དེ་བཞིན་ཏེ། སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་དེ་ལ་གཉིས་སུ་མེད་དོ། །གཉིས་སུ་མེད་པའི་ཆོས་ལ་ནི་འབྲི་བ་འམ། འཕེལ་བའམ། འགག་པ་ཡང་མེད་དེ། ཆོས་ཀྱི་རང་བཞིན་ནི་རང་བཞིན་གྱིས་མེད་པར་འགྱུར་བ་འམ། ལེན་པའམ། གནས་པ་འམ། མངོན་པར་ཆགས་པ་འམ། གཉིས་སུ་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པའི་ཚུལ་དུ་གཉིས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་རབ་ཏུ་དབྱེ་བའི་མཁས་པ་ཁོང་དུ་ཆུད་པ་ཡིན་ཏེ། མཚན་ཉིད་རྣམ་པར་དག་པའི་ལུས་དང་། དངོས་པོ་མེད་པ་ཡོངས་སུ་ཤེས་པ་དང་། ཆོས་ཀྱི་མཚན་ཉིད་དང་རང་བཞིན་ཡོངས་སུ་རྟོགས་པས་མཚན་ཉིད་མེད་པ་ལ་གནས་པ་ཡིན། དེ་ནི་སེམས་ཅན་རྣམ་པ་སྣ་ཚོགས་ཀྱང་ཤེས། སེམས་ཅན་གྱི་གྲངས་ཀྱང་ཤེས་ཏེ། འཇིག་རྟེན་གྱི་ཁམས་རྣམས་


DKG035_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འང་མངོན་པར་ཆགས་པ་མེད་དོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་སྣང་ངོ་། །སངས་རྒྱས་རྣམས་ལ་ཡང་འཇུག་ཅིང་ཁོང་དུ་ཆུད་པར་བྱེད་དེ། ལས་ལ་རྣམ་པར་རྟོག་པར་མི་བྱེད་དོ། །དོན་ཀྱང་ཤིན་ཏུ་རྟོགས་པ་ཡིན་ནོ། །དོན་གྱི་ཡི་གེ་ཡང་ཡོངས་སུ་བརྗོད་དོ། །ཆོས་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་ཐམས་ཅད་ཀྱང་ཤེས་སོ། །རབ་ཏུ་ཤེས་སོ། །ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔའི་ལམ་དང་ཡང་མི་འབྲལ་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀྱང་ཕྱིར་མི་ལྡོག་གོ །ཆོས་ཀྱི་དབྱིངས་སུ་བཟུང་བ་ལས་དབང་སྒྱུར་བར་ཞུགས་པས་ཟད་མི་ཤེས་པའི་སྤྱོད་པ་དང་ལྡན་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། གཙུབ་མ་ལས་བྱུང་བའི་མེའི་རྒྱུ་ཚད་མེད་པས། མེའི་དགོས་པ་ལས་མ་འགགས་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་། འཇིག་རྟེན་ཐམས་ཅད་ན་སེམས་ཅན་གྱི་དོན་ལས་འགག་པ་མེད་པར་ཞུགས་པ་ཡིན་ཏེ། ཀུན་གྱིས་མཐར་བྱས་པ་འང་མ་ཡིན། ཀུན་གྱི་མཐའ་མེད་པར་བྱ་བའང་མ་ཡིན་ནོ། །ཉེ་བར་ལེན་པ་དང་བཅས་པའང་མ་ཡིན། ཉེ་བར་ལེན་པ་མེད་པའང་མ་ཡིན་ནོ། །གནས་པའང་མ་ཡིན། མི་གནས་པའང་མ་ཡིན་ནོ། །འཇིག་རྟེན་གྱི་ཆོས་ཀྱི་རྗེས་སུ་སོང་བ་ཡང་མ་ཡིན། སངས་རྒྱས་ཀྱི་ཆོས་ལ་གཞོལ་བ་ཡང་མ་ཡིན་ནོ། །སོ་སོའི་སྐྱེ་བོ་ཡང་མ་ཡིན། འབྲས་བུ་ལ་གནས་པའང་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཐུབ་པར་དཀའ་བའི་སེམས་དང་ལྡན་པ། སྤྱད་པ་ལ་སྤྱོད་དེ། དེ་ནི་ཉན་ཐོས་ཀྱི་ཐེག་པ་མི་སྟོན་ཏོ། །རང་སངས་རྒྱས་ཀྱི་ཐེག་པ་མི་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་ཀྱང་སྟོན་པ་མེད་དོ། །འཇིག་རྟེན་དང་འཇིག་རྟེན་གྱི་ཆོས་ཉེ་བར་ལེན་པ་མེད་དོ། །སེམས་ཅན་དང་སེམས་ཅན་འཇིག་རྟེན་པ་ཉེ་བར་ལེན་པ་མེད་དོ། །ཉོན་མོངས་པ་དང་རྣམ་པར་བྱང་བ་ཉེ་བར་ལེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀུན་ནས་ཉོན་


DKG035_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་མེད་པར་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་ཉེ་བར་བླངས་པ་མེད་པར་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་ཞུགས་པ་མེད་པར་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་ལྡོག་པ་མེད་པར་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་སོ། །དེ་དེ་ལྟར་ཞི་ཞིང་ཕྲ་བ་དང་ཟབ་པ་དང་། བཟང་པོའི་ཆོས་ལ་སྤྱོད་པའི་ཚེ། སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ། །སྤྱད་པར་བྱའོ་ཞེས་བྱ་བར་མི་དམིགས་སོ། །ཁམས་ཀྱི་ཡུལ་དང་། སྐྱེ་མཆེད་ཀྱི་ཡུལ་དང་། ནང་གི་སྣང་བ་དང་། ཕྱི་རོལ་གྱི་སྣང་བ་དང་། ཕྱི་ནང་གི་སྣང་བ་དང་། སྨོན་ལམ་ཡོངས་སུ་བསྒྲུབས་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ཆོས་ཐམས་ཅད་དུ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ནི། གང་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་འམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་འམ། སོ་སོའི་སྐྱེ་བོའི་ཁམས་ལ་ཞུགས་པ་འམ། ཀུན་ནས་ཉོན་མོངས་པའི་ཁམས་ལ་ཞུགས་པ་འམ། རྣམ་པར་བྱང་བའི་ཁམས་ལ་ཞུགས་པ་འམ། འཁོར་བའི་ཁམས་ལ་ཞུགས་པ་འམ། མྱ་ངན་ལས་འདས་པའི་ཁམས་ལ་ཞུགས་པའི་ཆོས་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་ཆོས་གཉིས་ཤེས་བྱ་བ་གང་ཡང་མེད་དེ་མི་གཉིས་པ་ཡང་མེད་དོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཕྱོགས་བཅུར་མ་རྙེད། མི་རྙེད། རྙེད་པར་མི་འགྱུར་ཡང་ནམ་མཁར་བགྲང་བའི་ཚུལ་ཡོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ཆོས་གང་ཡང་དམིགས་པ་མེད་དེ། ཆོས་ཐམས་ཅད་མངོན་པར་འཚང་རྒྱའོ། །ཞེས་གྲངས་སུ་བགྲང་བ་ཡང་ཡོད་དེ། དེ་ནི་ཡང་


DKG035_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བདེན་པ་སྟེ། ལོག་པ་མ་ཡིན་ནོ། །དེ་ནི་བྱ་བ་དང་མི་འགལ་བའི་སྤྱོད་པ་ཡང་སྟོན་ཏོ། །སྨོན་ལམ་ཡང་མི་གཏོང་ངོ་། །སེམས་ཅན་གྱི་ཁམས་ཡོངས་སུ་སྨྱིན་པ་དག་གདུལ་བ་ཡང་བྱེད་དོ། །ཆོས་ཀྱི་འཁོར་ལོ་ཡང་སྐོར་རོ། །རྒྱུ་དང་འབྲས་བུ་ཡང་འཇིག་པར་མི་བྱེད་དོ། །ཆོས་ཉིད་དང་ཡང་འགལ་བར་མི་བྱེད་དོ། །འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་མཉམ་པར་འགྱུར་བ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱང་རྒྱུན་ཆད་པར་མི་བྱེད། ཆོས་ཀྱི་ཚུལ་དང་ཡང་འགལ་བར་མི་བྱེད། ཆོས་ཀྱི་རྒྱུད་ཀྱང་རབ་ཏུ་ཤེས་སོ། །ཆོས་ཀྱི་སྤོབས་པ་ཡང་འཇིག་པར་མི་བྱེད། ཆོས་ཐོས་པས་ཀྱང་རློམ་སེམས་མེད་དེ། ཆོས་ཀྱི་འབྱུང་གནས་ཀྱང་རབ་ཏུ་ཐོབ། ཆོས་བརྗོད་པ་ཡང་རབ་ཏུ་བྱེད། མི་འཇིགས་པ་ལ་ཡང་རབ་ཏུ་གནས། སངས་རྒྱས་ཀྱི་སྤྱོད་པ་ཡང་མི་གཏོང་ངོ་། །འཇིག་རྟེན་གྱི་ཚུལ་ཡང་འགོག་པར་མི་བྱེད། འཇིག་རྟེན་མཉམ་པ་ཉིད་ཀྱང་རབ་ཏུ་སྟོན་ཏེ། འཇིག་རྟེན་གྱི་སྤྱོད་པ་རྣམས་ལ་ཡང་གནས་པ་མེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཐུབ་པར་དཀའ་བའི་སེམས་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་དེ། སེམས་ཅན་གྱི་ཁམས་ཀྱང་། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་གྱེན་དུ་སྐྱོད་དེ། དེ་དག་བསྐྱོད་ནས་ཀྱང་ཡོངས་སུ་སྨྱིན་པར་བྱེད་དོ། །འདུལ་བར་བྱེད་དོ། །རབ་ཏུ་གཞོག་པར་བྱེད་དོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་གྱི་རྒྱུད་ལས་ཀྱང་མི་གཡོའོ། །འཇིག་རྟེན་གནས་པ་དྲིན་དུ་མི་གཟོ་བས་ཡོངས་སུ་གང་བ་དང་། དགྲས་ཡོངས་སུ་གང་བ་དང་། ཀུན་ནས་ཉོན་མོངས་པས་ཡོངས་སུ་གང་བ་དང་། མི་མཐུན་པས་ཡོངས་སུ་གང་བ་དང་། ཡིད་གཞན་དུ་མི་རུང་


DKG035_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཡོངས་སུ་གང་བ་དང་། བྱིས་པས་ཡོངས་སུ་གང་བ་དང་། མ་དད་པས་ཡོངས་སུ་གང་བ་དང་། གཞན་གྱིས་དྲིང་ལ་རྒྱུག་པས་ཡོངས་སུ་གང་བ་དང་། ཤེས་རབ་ངན་པས་ཤིན་ཏུ་བྱུང་བ་དང་། འཇིག་རྟེན་གནས་པ་སྲེད་པའི་བསམ་པ་དང་། མ་རིག་པས་ཀུན་ནས་ཉོན་མོངས་པར་གྱུར་པ་ན། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ། དེ་འདི་སྙམ་དུ་སེམས་སྐྱེའོ། །འདི་ལྟར་བདག་གིས་འཇིག་རྟེན་གནས་པ་དྲིན་དུ་གཟོ་བས་ཡོངས་སུ་གང་བ་དང་། མཛའ་བོས་ཡོངས་སུ་གང་བ་དང་། མཁས་པས་ཡོངས་སུ་གང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ལྟ་ངོ་མཚར་དུ་ཡང་ཅི་ཆེ་སྟེ། དེ་ཇི་ལྟ་ཞེ་ན། བདག་ནི་སེམས་ཅན་མཛའ་བ་འམ། མི་མཛའ་བ་གང་ལས་ཀྱང་ཆུང་ངུ་ན་སྐྲའི་རྩེ་མོ་གཅིག་ཙམ་འམ། ཆུང་ངུ་ན་དགེ་བར་བྱ་བ་སྦྱིན་པ་ཙམ་ཡང་མི་འདོད་མི་ཚོལ་ཏེ། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཀྱང་། གཞན་དུ་ན་སེམས་ཅན་དེ་དག་ཡོངས་སུ་འགྲོལ་བ་དང་། སེམས་ཅན་དེ་དག་ཡོངས་སུ་དད་པར་འགྱུར་བ་དང་། སེམས་ཅན་དེ་དག་འབྱུང་བར་འགྱུར་བ་མ་གཏོགས་པར་དེ་དག་ལས་སེམས་སྐད་ཅིག་ཙམ་དུ་བདེ་བར་འགྱུར་བ་ཡང་མི་ཚོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་སེམས་ལ་ལེན་པ་མེད་ཅིང་། ཐམས་ཅད་ལ་འདོད་པ་མེད་པས། སེམས་ཅན་གྱི་གཙོ་བོར་འགྱུར་བར་བྱེད་པ་སྟེ། འདི་ལྟར་བདག་གིས་ཅི་ནས་ཀྱང་སེམས་ཅན་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐས་གཏུགས་ཏེ། ཤིན་ཏུ་བདེ་བའི་ཕ་རོལ་ཏུ་ཕྱིན་པར་འགྱུར་བར་ནན་ཏན་དུ་བྱའོ། །སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་བརྒྱད་པ་སྟེ། ཐུབ་པར་དཀའ་བ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་


DKG035_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དགུ་པ་ཆོས་བཟང་པོ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་ལྷ་དང་འཇིག་རྟེན་དུ་བཅས་པ། བདུད་དང་བཅས་པ། ཚངས་པར་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་དྲི་ཟ་དང་། མི་དང་ལྷ་མ་ཡིན་དུ་བཅས་པ་ན། ཆོས་ཀྱི་མུ་སྟེགས་བཟང་པོར་གྱུར་པ་ཡིན་ཏེ། དེ་སངས་རྒྱས་ཀྱི་རིགས་མི་གཅད་པའི་ཕྱིར། དམ་པའི་ཆོས་ཡོངས་སུ་འཛིན་པར་བྱེད་པ་ཡིན་གཟུངས་ཀྱི་སྣང་བ་རྣམ་པར་དག་པ་ཐོབ་པས། གཏམ་བྱ་བ་དང་། ལུང་བསྟན་པ་ལ་སྤོབས་པ་ཡིན། ཆོས་དང་ལྡན་པའི་གཟུངས་ཐོབ་པས་དོན་ལ་སྤོབས་པ་ཡིན། ཆོས་ཇི་ལྟ་བ་བཞིན་གྱི་གཟུངས་ཆོས་ཡང་དག་པར་བསྐུལ་བ་ཐོབ་པས། ཆོས་ལ་སྤོབས་པ་ཡིན། ཚིག་དང་སྨྲ་བ་ཐམས་ཅད་ཀྱི་གཟུངས་རབ་ཏུ་ཐོབ་པས་ངེས་པའི་ཚིག་ལ་སྤོབས་པ་ཡིན། ཚིག་དང་ཡི་གེའི་དོན་ཀུན་ཏུ་མཐའ་ཡས་ཤིང་ཟད་མི་ཤེས་པ་ལ་ཐོགས་པ་མེད་པའི་སྒོའི་གཟུངས་ཐོབ་པས་སྤོབས་པ་ཐོགས་པ་མེད་པ་ཡིན། སངས་རྒྱས་དབང་བསྐུར་བའི་གཟུངས་ཀྱི་དབང་བསྐུར་བས་མངོན་པར་དགའ་བར་བྱེད་པའི་སྤོབས་པ་དང་ལྡན་པ་ཡིན། གཞན་གྱི་དྲིང་ལ་མི་འཇོག་པའི་གཟུངས་ཀྱི་སྒོ་ཐོབ་པས་སྣང་བ་ཐོབ་པའི་སྤོབས་པ་དང་ལྡན་པ་ཡིན། སྤོབས་པ་ཐུན་མོང་བའི་ཚུལ་ལ་ཞུགས་པས་ཐུན་མོང་གི་སྤོབས་པ་དང་ལྡན་པ་ཡིན་ཏེ། དོན་མང་པོ་དང་ཚིག་མང་པོ་དང་། ཡི་གེ་མང་པོ་དེ་དང་། དེ་དག་ལ་ངེས་པའི་ཚིག་གི་གཟུངས་ཀྱི་སྒོར་ཚུད་པས་ངེས་པའི་སྤོབས་པ་དང་ལྡན་པ་ཡིན། རྒྱུད་མཐའ་ཡས་པའི་གཟུངས་ཐོབ་པས་མཐའ་ཡས་པའི་སྤོབས་པ་དང་ལྡན་པ་ཡིན་ཏེ། དེས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དོན་དུ་བདག་གིས་ལུས་གསེར་གྱི་མདོག་དུ་མངོན་པར་སྤྲུལ་ནས། ཆོས་འབྱམ་


DKG035_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་པ་ཐམས་ཅད་དབྱངས་ཀྱི་དཀྱིལ་འཁོར་གྱི་སྒོ་ཐམས་ཅད་དུ་ཆུད་པས་སེམས་ཅན་དེ་དང་དེ་དག་འདུལ་བའི་དབང་དུ་བསམ་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་དང་། དབང་པོ་འབྱམ་ཀླས་པ་མཐའ་ཡས་པ་རྣམས་ལ། ལྕེ་ཡངས་པའི་བྱིན་གྱི་རླབས་ཀྱིས་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་དང་། དུས་དང་འབྱོར་པའི་ཆོས་བསྟན་པ་དང་། སྙིང་རྗེ་ཆེན་པོ་འགལ་བ་མེད་པས་ཤིན་ཏུ་བསྟན་པ་དང་། ཚིག་གཅིག་གི་སྒྲ་བརྗོད་པས་འདུལ་བ་ཇི་ལྟ་བ་བཞིན་དུ་ཚིམ་པར་འགྱུར་ཞིང་། མཐའ་ཡས་པར་སྣང་བར་སྟོན་པས། སངས་རྒྱས་ཀྱི་མཛད་པ་ལ་སྤྱོད་དོ། །དེ་ནི་གལ་ཏེ་སེམས་ཅན་རེ་རེ་ཞིང་། ཚིག་གི་རྣམ་པ་ཐ་དད་པའི་ཚིག་གི་ཆོ་ག་ལས་སྣ་ཚོགས་ཀྱིས་མངོན་པར་འདུ་བྱས་པ། རྣམ་པར་སྨྱིན་པ་བརྗོད་ཀྱིས་མི་ལང་ཞིང་འབྱམ་ཀླས་པས་ཉེ་བར་གནས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ། གྲངས་མེད་པ་རྣམ་པར་ཕྱེ་བ། རྣམ་པ་ཐ་དད་པ་བརྗོད་དུ་མེད་པ་དང་ལྡན་པ། དེ་ལྟ་བུའི་སེམས་ཅན་ཤ་སྟག་བྱང་ཆུབ་སེམས་དཔའི་འཁོར་དུ་གྱུར་ལ། འཁོར་གྱི་དཀྱིལ་འཁོར་ཡང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ཙམ་དུ་ཡངས་པ་ཞིག་ཡིན་ཏེ། འདུལ་བ་བརྗོད་དུ་མེད་པ་ཞིག་འདུས་ནས། སེམས་ཅན་རེ་རེ་ལ་ཡང་ཁའི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་བརྗོད་དུ་མེད་པ་ཡོད་པར་གྱུར་ཏེ། སེམས་ཅན་གཅིག་ཇི་ལྟ་བར་སེམས་ཅན་དེ་དག་ཐམས་ཅད་ཀྱང་དེ་བཞིན་དུ་དེ་སྙེད་ཀྱི་ཁའི་སྒོ་དང་ལྡན་པ། སེམས་ཅན་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལ་སྐད་དུ་བརྗོད་པ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་རྣམ་པར་བརྟགས་པས་དུས་གཅིག་ཏུ་དབྱངས་གཅིག་ཏུ་བྱས་ཏེ། ཡོངས་སུ་དྲི་བར་བྱས་ཀྱང་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུའི་སེམས་ཅན་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། དེ་ལྟ་བུའི་སྐད་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་


DKG035_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་བརྗོད་པ་སྣ་ཚོགས་ཀྱིས་ཡོངས་སུ་དྲིས་པ་ལ་འང་། ཆོས་གཟུང་བ་ལ་ཐོགས་པ་མེད་པ་ཡིན། བརྗོད་པ་ཤེས་པར་བྱ་བའི་ཕྱིར། རྣམ་པར་རྟོག་པ་མེད་པ་ཡིན་ཏེ། དྲི་བས་ཐེ་ཙོམ་ཡོངས་སུ་དྲིས་པ་ལ་ཐོགས་པ་མེད་དོ། །འཁོར་གྱི་དཀྱིལ་འཁོར་གཅིག་དུ་ཇི་ལྟ་བ་དེ་བཞིན་དུ་འཁོར་གྱི་དཀྱིལ་འཁོར་བརྗོད་དུ་མེད་པ་དེ་ཙམ་ཐམས་ཅད་དུ་ཡང་དེ་བཞིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་སོ། །གལ་ཏེ་སྐྲའི་རྩེ་མོ་རེ་རེ་ལས་སེམས་བསྐྱེད་པ་རེ་རེ་ཞིང་། འཁོར་གྱི་དཀྱིལ་འཁོར་བརྗོད་དུ་མེད་པ་ཞིག་བྱུང་ལ། སེམས་སྐད་ཅིག་རེ་རེ་ལ་རྟོག་པ་གཞན་དང་གཞན་གྱིས། སྐད་གཞན་དང་གཞན་དུ་བརྗོད་པས་ཆོས་ཀྱི་དབྱིངས་ཐམས་ཅད་གང་བར་བྱེད་ཅིང་འཁོར་གྱི་དཀྱིལ་འཁོར་རྣམ་པ་དེ་ལྟ་བུ་ཤ་སྟག་ཅིག་སྐྲའི་རྩེ་མོ་ཐམས་ཅད་ལས་བྱུང་སྟེ། དེ་ལྟར་བྱུང་བས་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བྱུང་ཡང་འཁོར་གྱི་དཀྱིལ་འཁོར་དེ་དག་འབྱུང་བས། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པ་ཟད་པར་གྱུར་ཏེ། འཁོར་དེ་རྣམས་ནི་ཟད་མི་ཤེས་པར་བྱུང་ལ་སྐྱེ་བའི་རྒྱུན་མི་འཆད་པ་ཞིག་ཡོད་དུ་ཟིན་ན་ཡང་བསྟན་པར་བྱ་བའི་ས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་སྐད་ཅིག་པ་འགའ་ཙམ་དུ་ཡང་ཞུམ་པ་མི་སྐྱེའོ། །སྙོམ་པ་མི་སྐྱེའོ། །སྒྱིད་ལུག་དང་། ཁོང་སྙོམ་མི་སྐྱེའོ། །ཐེ་ཙོམ་དང་ཡིད་གཉིས་མི་སྐྱེའོ། །བག་ཚ་བ་དང་འཇིགས་པ་མི་སྐྱེའོ། །རྨོངས་པ་དང་འཁྲུལ་པ་མི་སྐྱེའོ། །བྱང་ཆུབ་སེམས་དཔའ་ཆོས་བཟང་པོ་ལ་གནས་པ་དེ་ནི་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་འདི་དག་དང་སེམས་ཅན་གཞན་རྣམས་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་ཚིག་གི་ལམ་གྱིས་ཡོངས་སུ་མགུ་བར་བྱས་ཏེ། ཆོས་བཤད་པའི་མཐར་ཐུག་པར་མི་བྱ། ཆོས་ལ་རྣམ་པར་ཐོགས་པར་མི་བྱའོ། །ཞེས་ནས། དེས་བརྗོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་ཏེ། སེམས་ཅན་དེ་དག་ལ་བརྟག་


DKG035_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པར་འབྱུང་བའི་ཚིག་དང་། ཚིག་གི་ཆོ་ག་རྣམ་པ་ཐ་དད་པ་བརྟག་མི་དགོས་པར་འབྱུང་བ་དང་། ཚིག་གི་རྣམ་པར་གདགས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འབྱུང་བས་ཆོས་སྟོན་པར་བྱེད་དོ། །དེ་བརྗོད་པ་དེ་དག་ཐམས་ཅད་ཀྱང་འཛིན་ལ། སེམས་ཀྱི་སྐད་ཅིག་གཅིག་གིས་ཀྱང་། ཚིག་ཐམས་ཅད་མཁྱེན་པ་ཉིད་དུ་དབང་བསྐུར་བ། ཆགས་པ་མེད་པའི་སྙིང་པོ་ཅན། ཆོས་ཐམས་ཅད་ཀྱི་སྣང་བ་རབ་ཏུ་ཐོབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གཞོལ་བ་གཅིག་གིས་སེམས་ཅན་ཐམས་ཅད་ཀྱང་གོ་བར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆོས་བཟང་པོ་ལ་གནས་པ་ནི། མངོན་པར་ཆགས་པ་མེད་པའི་ཚུལ་གྱིས་བདག་རྣམ་པར་དག་པ་ཡང་རབ་ཏུ་འཐོབ་པོ། །སེམས་ཅན་མེད་པར་འབྱུང་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་དུས་གཅིག་ཏུ་སྟོང་གསུམ་པ་བཅུ་ནས་སྟོང་གསུམ་པ་བརྗོད་ཀྱིས་མི་ལང་བའི་དོན་དུ་བྱིན་གྱིས་བརླབས་ཤིང་། བདག་གི་ལུས་གསེར་གྱི་མདོག་དུ་མངོན་པར་སྤྲུལ་ཏེ། དབྱངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཤེས་པའི་སྒོར་ཆུད་པ། ཆོས་ཐམས་ཅད་དུ་ཁྱབ་པས་མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོར་འཇུག་ཅིང་། སངས་རྒྱས་ཀྱི་འཕྲིན་ལས་བསྒྲུབས་ཏེ། འཇིག་རྟེན་ཐམས་ཅད་དུ་རྒྱུ་བ་འགགས་པས། འགྲོ་བ་མེད་པའི་ལུས་རྣམས་དང་འགྲོ་བ་ཐམས་ཅད་དུ་འབྱུང་བས་མཐའ་ཡས་པར་འགྲོ་བའི་ལུས་རྣམས་དང་། མི་སྐྱེ་བ་དང་མཉམ་པའི་ཆོས་ལ་བརྩོན་པས་མ་སྐྱེས་པའི་ལུས་རྣམས་དང་། འགོག་པར་བརྗོད་པ་ཐམས་ཅད་དམིགས་པ་མེད་པས་འགགས་པ་མེད་པའི་ལུས་རྣམས་དང་། ཇི་ལྟ་བ་བཞིན་དུ་དམིགས་པས་བདེན་པ་མེད་པའི་ལུས་རྣམས་དང་། འཇིག་རྟེན་གྱི་བདེན་པ་བཞིན་དུ་རྣམ་པར་དམིགས་པས། བདེན་པ་མེད་པའི་ལུས་རྣམས་དང་། འཇིག་རྟེན་གྱི་བདེན་པ་བཞིན་དུ་རྣམ་


DKG035_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམིགས་པས་མི་སླུ་བའི་ལུས་རྣམས་དང་། འཆི་འཕོ་བ་དང་སྐྱེ་བ་ལས་འདས་པས་མི་འཕོ་བའི་ལུས་རྣམས་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་འཇིག་པར་མི་བྱེད་པས། མི་འཇིགས་པའི་ལུས་རྣམས་དང་། དུས་གསུམ་གྱི་ཚིག་གི་ལམ་ལ་བརྩོན་པས་སྐད་ཅིག་གཅིག་གི་ལུས་རྣམས་དང་། ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པའི་མཐར་ཐུག་པས་མཚན་ཉིད་མེད་པའི་ལུས་རྣམས་དང་། ལུས་རྣམ་པར་ཕྱེ་བ་འབྱམ་ཀླས་པ་བཅུ་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པ་ལ་སེམས་ཅན་ཐམས་ཅད་ཀྱི་གནས་ཡིན་ནོ། །དབུགས་ཆེན་པོ་ཕྱིན་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་ཡིན་ནོ། །གནས་ཆེན་པོ་ཐོབ་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡིན་ནོ། །བླ་ན་མེད་པའི་འབྱུང་བ་མཐོང་བར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་རྟེན་ཡིན་ནོ། །ཆོས་ཀྱི་ཚུལ་ལ་འཇུག་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཡིན་ནོ། །ལས་ཀྱི་རྣམ་པར་སྨྱིན་པ་རྣམ་པར་དམིགས་པར་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་མེ་མར་ཡིན་ནོ། །ཆོས་ཟབ་མོ་རབ་ཏུ་ཐོབ་པར་བྱ་བ་ལ་འཇིག་རྟེན་ཐམས་ཅད་ཀྱི་སྣང་བ་ཡིན་ནོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྨོངས་པ་མེད་པར་ཁོང་དུ་ཆུད་པར་བྱ་བ་ལ་ཁམས་གསུམ་ཐམས་ཅད་ཀྱི་སྒྲོན་མ་ཡིན་ནོ། །སྣང་བའི་ས་རབ་ཏུ་ཐོབ་པར་བྱ་བ་ལ་འཇིག་རྟེན་ཐམས་ཅད་ཀྱི་སྣང་བ་ཡིན་ནོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཡང་དག་པར་བསྟན་པར་བྱ་བ་ལ་འགྲོ་བ་ཐམས་ཅད་རབ་ཏུ་དགའ་བ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི། བྱང་ཆུབ་སེམས་དཔའི་སྤྱོད་པ་དགུ་པ་ཆོས་བཟང་པོ་ཞེས་བྱ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་འཇུག་པར་བྱ་བ་ལ་འགྲོ་བ་ཐམས་ཅད་ཀྱི་མུ་སྟེགས་ཡིན་ནོ། །


DKG035_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་པ་བདེན་པ་དང་ལྡན་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་བདེན་པའི་ཚིག་དམ་པ་དང་ལྡན་པས། བདེན་པའི་ཚིག་ཅན་ཡིན་ཏེ། དེ་ནི་གང་སྨྲས་པ་དེ་བྱེད། གང་བྱེད་པ་དེ་སྨྲའོ། །དེ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་གསུང་ལ་ཡང་སློབ་བོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་གསུང་ལ་ཡང་སློབ་བོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པའི་གསུང་ལ་ཡང་སློབ་པོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་ལ་ཡང་འཇུག་གོ །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་ལ་ཡང་འཇུག་གོ །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་ལ་ཡང་འཇུག་གོ །འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་འཐོབ་བོ། །མ་བྱོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་འཐོབ་བོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་འཐོབ་པོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་ཐམས་ཅད་དང་། དགེ་བའི་རྩ་བ་ལྷན་ཅིག་ཏུ་གྱུར་པ་སྟེ། དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པའི་ཡེ་ཤེས་དང་ལྡན་པས་གཉིས་སུ་མེད་པར་སྨྲ་བ་ཡིན་ནོ། །དེ་སེམས་ཅན་རྣམས་ཀྱི་གནས་དང་། གནས་མ་ཡིན་པའི་ཤེས་པ་ལ་ཡང་རབ་ཏུ་འཇུག་གོ །དེ་སེམས་ཅན་རྣམས་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམ་པར་སྨིན་པ་ཤེས་པ་ལ་ཡང་རབ་ཏུ་འཇུག་གོ །དབང་པོ་དང་། བརྩོན་འགྲུས་རྣམ་པ་ཐ་དད་པ་རྫོགས་པ་དང་། མ་རྫོགས་པ་དང་། རབ་དང་། ཐ་མ་ཤེས་


DKG035_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་རབ་ཏུ་འཇུག་གོ །ཁམས་ཐ་དད་པ་དང་། ཁམས་དུ་མ་ལ་ཡང་རབ་ཏུ་འཇུག་གོ །མོས་པ་ཐ་དད་པ་དང་། མོས་པ་དུ་མ་ལ་ཡང་རབ་ཏུ་འཇུག་གོ །ཐམས་ཅད་དུ་འགྲོ་བའི་ལམ་གྱི་ཡེ་ཤེས་ལ་ཡང་རབ་ཏུ་འཇུག་གོ །བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ། སེམས་ཅན་རྣམས་ཀྱི་དུས་དང་དུས་མ་ཡིན་པའང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ལ་འང་རབ་ཏུ་འཇུག་གོ །ལྷའི་མིག་ཆགས་པ་མེད་པར་ཡང་མངོན་པར་སྒྲུབ་པོ། །ཟག་པ་ཟད་པར་ཤེས་པའང་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཉེ་བར་གཟུང་བའང་རྒྱུན་མི་གཅོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱ་བ་དང་། གདུལ་བའི་ཕྱིར་ཞུགས་པ་ཡིན་ཏེ། དེའི་ཕྱིར་ཞིང་སེམས་འདི་སྙམ་དུ་སྐྱེའོ། །འདི་ལྟར་འཇིག་རྟེན་ན་གནས་པ་ཡོངས་སུ་མ་གྲོལ་བར་བདག་རྣམ་པར་གྲོལ་བའི་ཚུལ་རབ་ཏུ་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མ་བཀྲོལ་ཅིང་སྨོན་ལམ་རྗེས་སུ་མ་བསྲུངས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱ་བ་འདི་ནི་བདག་ལ་མི་ཆ་ལ། དེ་བས་ན་ཅི་ནས་ཀྱང་སེམས་ཅན་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐས་གཏུགས་པར་འགྱུར་བ་དང་། གང་འདི་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཐར་ཐུག་པར་གཞོལ་བར་འགྱུར་བ་དེ་ལྟར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་ནི་སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་མ་བཏབ་པའི་དགེ་བའི་བཤེས་གཉེན་ཏེ། སེམས་ཅན་


DKG035_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་མ་བསྐུལ་བར་ཡང་དག་པར་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་ཐོག་མར་འགྲོ་བའོ། །བདག་ཅག་ནི་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ཕྱིར་ཁ་ལོ་སྒྱུར་བ་སྟེ། བདག་ཅག་གི་ནི་འགྲོ་བ་ཀུན་གྱིས་གོས་པ་མེད་པའི་ཕྱིར་མཆོག་ཏུ་གྱུར་པའོ། །བདག་ཅག་ནི་བླ་ན་མེད་པར་ཁ་ལོ་སྒྱུར་བའི་ས་ལ་དམ་པར་གྱུར་པའོ། །བདག་ཅག་ནི་སེམས་ཅན་མེད་པའི་མཐའ་ལ་རབ་རིབ་མེད་པའོ། །བདག་ཅག་ནི་སྔོན་གྱི་སྨོན་ལམ་གྱིས་ཐོབ་པ་དང་ལྡན་པའོ། །བདག་ཅག་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་རྒྱན་ཐམས་ཅད་ཀྱིས་ཤིན་ཏུ་སྤྲུལ་པའོ། །བདག་ཅག་ནི་སངས་རྒྱས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའོ། །ཞེས་ཏེ་དེ་སྔོན་གྱི་སྨོན་ལམ་ཡང་འཇིག་པར་མི་བྱེད་དོ། །བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱན་ལ་ཡང་རབ་ཏུ་འཇུག་གོ །སེམས་ཅན་ཐམས་ཅད་ཀྱི་དོན་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པ་ཡང་ཐོག་མ་དང་། བར་མ་དང་། ཐ་མའི་ཚུལ་གྱིས་ཡོངས་སུ་རྫོགས་པར་བྱས་ནས། འགྲོ་བ་ཐམས་ཅད་རྣམ་པར་དག་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ཤེས་པའི་མངོན་པར་ཤེས་པའང་རབ་ཏུ་ཐོབ་པར་བྱེད་དོ། །སེམས་བསྐྱེད་པ་རེ་རེ་ཞིང་ཡང་ཕྱོགས་བཅུར་རྒྱས་པར་འགྲོ་སྟེ། སེམས་བསྐྱེད་པ་གཅིག་གིས་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་འཇུག་གོ །སེམས་བསྐྱེད་པ་རེ་རེས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་མཐོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི། སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་དག་པ་ལ་ཡང་རབ་ཏུ་འཇུག་གོ །དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པའང་ཡོངས་སུ་སྟོན་ཏོ། །ཆོས་ཀྱི་དབྱིངས་ཀྱིས་


DKG035_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་པ་ནམ་མཁའི་མཐས་གཏུགས་པར་ལུས་བྱིན་གྱིས་བརླབས་པ། འགྲོ་བ་ཐམས་ཅད་དུ་ཁྱབ་པ། ཚད་མེད་པ། མི་གནས་པའང་རབ་ཏུ་ཤེས་ཏེ། བདག་གི་ལུས་དེ་དག་ལ་འང་ཞིང་ཐམས་ཅད་ཡོངས་སུ་འདུས་པར་ཀུན་ཏུ་སྟོན་ཅིང་། དུས་གསུམ་གྱི་སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱང་རབ་ཏུ་སྟོན་ཏོ། །སེམས་ཅན་དེ་དག་གི་འདུ་ཤེས་ཀྱི་རྒྱུད་དང་མཐུ་ལའང་རབ་ཏུ་འཇུག་གོ །སེམས་ཅན་དེ་དག་གི་བསམ་པ་དང་། མོས་པ་དང་ལས་དང་། རྣམ་པར་སྨྱིན་པ་རྣམ་པར་དག་པར་ཇི་ཙམ་པ་དེ་ཙམ་དུ་སེམས་ཅན་གདུལ་བའི་དོན་དུ་ལུས་བྱིན་གྱིས་རློབ་སྟེ། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ཀྱིས་ཤིན་ཏུ་སྤྲུལ་པ་སྟེ། མིག་ཡོར་ལྟ་བུའི་སངས་རྒྱས་སྐྱེ་བར་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པའོ། །འགྲོ་བ་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པའི་ཡིད་དང་ལྡན་པའོ། །དོན་དང་ཡི་གེའི་ཚོགས་ལ་མི་ཟད་པའི་མཛོད་དོ། །དྲན་པས་དབང་བསྒྱུར་བའི་ཆོས་ཐམས་ཅད་ལ་ངེས་པར་རྟོགས་པ་ཐོབ་པའོ། །ཤེས་རབ་ཆེ་བའི་ཏིང་ངེ་འཛིན་ཐམས་ཅད་ལ་ཡང་རབ་ཏུ་ཞུགས་པའོ། །གཉིས་སུ་མེད་པའི་ས་ལ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའོ། །སེམས་ཅན་གྱི་ཁམས་གཉིས་ལ་གནས་པ་ལ་སྙིང་རྗེ་ཆེན་པོར་གནས་པ་སྟེ། ཆོས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་བཅུའི་མཐར་དབེན་པར་གྱུར་པ་སྟེ། ཆོས་ཀྱི་དབྱིངས་མིག་འཕྲུལ་ལྟ་བུ་ལ་རབ་ཏུ་འཇུག་ཅིང་གནས་པའོ། །ཆགས་པ་མེད་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ཡོངས་སུ་རྫོགས་པའོ། །ཁྱུ་མཆོག་གི་མཐུ་ཕྱུང་བས་སེང་གེའི་སྒྲ་སྒྲོག་པའོ། །མི་འཇིགས་པ་རབ་ཏུ་ཐོབ་པའོ། །ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བའོ། །ཕྱིར་མི་ལྡོག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྗེས་སུ་སྤྱོད་པའི་ཡེ་ཤེས་དང་རྣམ་པར་ཐར་པ་དང་ལྡན་པ། ཡེ་ཤེས་རྒྱ་མཚོ་ལ་རབ་ཏུ་ཞུགས་པའོ། །སེམས་ཅན་ཐམས་ཅད་ཀྱི་


DKG035_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་འཁོར་ལོ་བཟློག་པའི་ཕྱིར་རབ་ཏུ་ཞུགས་པའོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོའི་བྱིན་གྱིས་རླབས་དང་ལྡན་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་རྒྱ་མཚོའི་ཚུལ་གྱི་རྗེས་སུ་ཞུགས་ཞིང་གཏིང་རྙེད་པའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་པ་སྟེ། བདེན་པ་དང་ལྡན་པ་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བདེན་པས། ལྷ་དང་བདུད་དང་། ཚངས་པར་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུར་བཅས་པ་དང་། ལྷ་དང་དྲི་ཟ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དང་ཕྲད་པར་འདོང་ངོ་། །ཤེས་པར་བྱེད་དོ། །ཚིམ་པར་བྱེད་དོ། །ཡོངས་སུ་དག་པར་བྱེད་དོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ས་རྣམ་པ་དྲུག་དུ་གཡོས་པར་གྱུར་ཏོ། །གཡོས་སོ་རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ཏོ་རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ། །ལྡེག་གོ་རབ་ཏུ་ལྡེག་གོ །ཀུན་ཏུ་ལྡེག་གོ །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག་རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ །སངས་རྒྱས་ཀྱི་མཐུས་ལྷ་རྫས་ཀྱི་མེ་ཏོག་གི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་སྤོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྱེ་མའི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་ཕྲེང་བའི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་གོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རིན་པོ་ཆེའི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རྒྱན་གྱི་སྤྲིན་གྱི་ཆར་ཡང་མངོན་པར་བབ་བོ། །ལྷ་རྫས་ཀྱི་རོལ་མོའི་སྒྲ་


DKG035_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མངོན་པར་བྱུང་ངོ་། །ལྷ་རྫས་ཀྱི་སྣང་བ་ཡང་རབ་ཏུ་བྱུང་ངོ་། །ལྷ་རྫས་ཀྱི་སྒྲ་ཡང་རབ་ཏུ་བྱུང་ངོ་། །གླིང་བཞི་པ་འདིའི་ལྷའི་དབང་པོ་རབ་མཚེ་མའི་གནས་ན། ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུ་ཐམས་ཅད་ཀྱང་རྒྱས་པར་བྱས་ཏེ། ཐམས་ཅད་ན་ཡང་སངས་རྒྱས་ཀྱི་མཐུས་ཆོས་འདི་ཉིད་བསྟན་པར་སྣང་ངོ་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ནས། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འོངས་ཏེ། ཕྱོགས་བཅུ་རྒྱས་པར་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས། དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཆོས་ཉིད་འདི་སྟོན་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས། བདག་ཅག་ཀུན་ཀྱང་མིང་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་དག་སྟེ། དེ་བཞིན་གཤེགས་པའི་མཚན་ཀུན་ཏུ་ཡོན་ཏན་ཞེས་བྱ་བ་དག་གི་དྲུང་ནས་འཇིག་རྟེན་གྱི་ཁམས་ཡོན་ཏན་གྱི་རྒྱལ་མཚན་ཞེས་བྱ་བ་དག་ནས་ཕྱིན་ཏེ། ཐམས་ཅད་ནའང་སངས་རྒྱས་ཀྱི་མཐུས་འཁོར་འདི་འདྲ་བ་དག་ན་ཚིག་འདི་དག་དང་། ཡི་གེ་འདི་དག་དང་། བསྟན་པ་འདི་དག་དང་། དོན་འདི་ཉིད་བརྗོད་པས་ལྷག་ཆད་མེད་པར་ཆོས་བསྟན་པ་འདི་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བདག་ཅག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་འདིར་ཕྱིན་ཏེ་ཇི་ལྟར་འཁོར་འདིར་བདག་ཅག་ཕྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་གཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་མཚེ་མའི་གནས་ལྷའི་རྒྱལ་པོ་རབ་མཚེ་མའི་ཁང་པ་ནོར་བུ་སྣ་ཚོགས་ཞེས་བྱ་བ་ཀུན་ཏུ་ཡང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཕྱིན་པར་གྱུར་ཏོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་བདུན་པ། དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པས་ཕྱོགས་


DKG035_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་བལྟས་ཏེ། འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ནས། ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟ་ཞིང་། དེ་བཞིན་གཤེགས་པའི་རིགས་ཡང་དག་པར་གཟུང་བ་དང་། བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་སྤྱོད་པ་དང་། སྨོན་ལམ་གྱི་རིགས་ཕྱིར་མི་ལྡོག་པར་བྱ་བ་དང་། སྤྱོད་པའི་རིགས་རྒྱུན་ཏུ་བསབ་པ་དང་། དུས་གསུམ་གྱི་རྒྱུད་མཉམ་པར་བྱ་བ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་རིགས་ཡང་དག་པར་གཟུང་བ་དང་། དགེ་བའི་རྩ་བ་ཇི་ལྟར་བསྐྱེད་པའི་རྒྱུད་བརྗོད་པ་དང་། དུས་དང་ཇི་ལྟར་འབྱོར་པའི་ཡན་ལག་དང་དབང་པོ་དང་། བསམ་པ་དང་མོས་པ་དང་། ཉོན་མོངས་པ་དང་། བག་ཆགས་དང་། སེམས་དང་སྤྱོད་པ་དང་། རྣམ་པར་གཡོས་པའི་རྒྱུད་ཐམས་ཅད་ཡོངས་སུ་བརྟག་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་ཐམས་ཅད་སྣང་བར་བྱེད་ཅིང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ནམ་མཁའི་ལམ་གྱི་རྒྱུད་གཤེགས་ཤིང་། །བསྒྲིབས་པ་མེད་པར་གཟིགས་པ་རྡུལ་རྣམས་སྦྱངས་གྱུར་པ། །ཀུན་ཏུ་མཐའ་ཡས་སྤྱོད་ཡུལ་ཅན། །སྟོབས་བཅུ་མངའ་བ་དེ་ལ་ཕྱག་འཚལ་ལོ། །གང་ཡང་རྒྱལ་བ་མི་ཡི་མཆོག །ཆགས་པ་མི་མངའ་ཡོན་ཏན་ཚད་མེད་མངའ་བ་སྟེ། །འདས་དུས་མཉམ་པས་མཉམ་གྱུར་པ། །རྡུལ་བསྩལ་དེ་དག་སྤྱོད་པ་འདི་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་དག་ན། །དོན་གྱི་དམ་པ་གཟིགས་པ་བརྟེན་པ་བཞུགས་པ་རྣམས། །མཐའ་ཡས་ཉེས་པ་ཀུན་བསྩལ་པ། །གནས་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། །ཆོས་དབྱིངས་བསམ་གྱིས་མི་ཁྱབ་པར། །སྐྱེས་བུ་སེང་གེ་གང་རྣམས་བྱོན་པར་མ་གྱུར་པ། །ཐུགས་རྗེ་ཆེ་བསྐྱེད་རྣམ་སྤྱོད་པ། །ཕན་མཛད་དེ་དག་སྤྱོད་པ་འདི་ཡིན་ནོ། །དུས་གསུམ་གཞལ་དུ་མེད་པ་ཡི། །རང་བྱུང་


DKG035_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་རྣམ་པར་བསྩལ་བ་ཇི་སྙེད་པ། །ཐམས་ཅད་ཆོས་ཉིད་མཉམ་པ་སྟེ། །སྟོབས་མངའ་དེ་དག་སྤྱོད་པ་འདི་ཡིན་ནོ། །གང་རྣམས་མཐའ་དབུས་མེད་པ་ཡི། །འཇིག་རྟེན་ཁམས་ཀྱི་སྲིད་པའི་རྒྱུད་རྣམས་རབ་གཟིགས་ཤིང་། །གཟིགས་ནས་རྟོག་པ་མི་མངའ་བ། །མི་གཡོ་དེ་དག་སྤྱོད་པ་འདི་ཡིན་ནོ། །གང་རྣམས་ཆོས་ཀྱི་དབྱིངས་མཁྱེན་ཅིང་། །རྣམ་དག་དོན་གྱི་དམ་པ་གཟིགས་པ་བརྟན་པ་རྣམས། །གཏི་མུག་ཐ་བ་ང་རྒྱལ་སེལ་མཛད་པ། །ལེགས་མངའ་དེ་དག་སྤྱོད་པ་འདི་ཡིན་ནོ། །གང་རྣམས་སེམས་ཅན་ཀུན་མཁས་ཤིང་། །ཆོས་ཀྱི་དབྱིངས་ལ་ངོ་བོ་ཉིད་ཀྱིས་ཞུགས་གྱུར་པའི། །བདེ་གཤེགས་གཞན་དྲིང་མི་འཇོག་པ། །མཁའ་མཉམ་དེ་དག་སྤྱོད་པ་འདི་ཡིན་ནོ། །འཇིག་རྟེན་ཀུན་ཏུ་མཐའ་ཡས་པ། །ནམ་མཁའ་ཀླས་པ་ཡང་དག་ཐུགས་སུ་ཆུད་གྱུར་ཏེ། །ཟིལ་གྱིས་མི་ནོན་ཆོས་མངའ་བ། །ཐུབ་མཆོག་དེ་དག་སྤྱོད་པ་འདི་ཡིན་ནོ། །ལྡོག་པ་མེད་པ་དེ་དག་རྣམས། །མི་དམའི་ཆོས་དང་ལྡན་པ་ཐུབ་པར་དཀའ་བ་དག །སྨོན་ལམ་སྟོབས་ཀྱི་མཐར་ཕྱིན་པ། །སྤྱོད་ལེགས་མངའ་བའི་སྤྱོད་འདི་མཉན་པར་གྱིས། །མཐའ་དང་དབུས་ནི་མེད་པའི་སར། །རྗེས་སུ་ཞུགས་ཤིང་ཐམས་ཅད་གཟིགས་པར་གྱུར་པ་རྣམས། །སྤྱོད་ཡུལ་ཟབ་མོ་མངའ་བ་ཡི། །སྨྲ་བའི་སེང་གེའི་སྤྱོད་པ་འདི་ཡིན་ནོ། །རབ་ཏུ་དབྱེ་བའི་ཚིག་རྒྱུས་ལ། །རྗེས་སུ་ཞུགས་ཤིང་རྒོལ་བ་འདུལ་བར་མཛད་པ་ཡིན། །ཆོས་རྣམས་རྟོག་པ་མངའ་བ་རྣམས། །ཐུབ་ཆེན་དེ་དག་སྤྱོད་པ་འདི་ཡིན་ནོ། །འཇིག་རྟེན་བདེ་བ་བསྐྱེད་མཛད་ཅིང་། །སེམས་ཅན་ཉེས་མེད་ཐུགས་དང་ལྡན་པ་རྣམས། །ཁ་ལོ་སྒྱུར་བ་མཉམ་མེད་པའི། །ཡོན་ཏན་ཚད་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། །འཇིགས་པ་མེད་པ་སྟོབ་མཛད་ཅིང་། །སེམས་ཅན་ཐམས་ཅད་རབ་ཏུ་ཚིམ་པར་མཛད་པ་རྣམས། །དང་ཞིང་རྙོག་པ་མེད་པ་ཡི། །དཔེ་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། །དགེ་བའི་


DKG035_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དང་ལྡན་པ་རྣམས། །བསམ་པ་རྣམ་པར་དག་ཅིང་སྤྲོས་པ་མེད་པ་ཡི། །དཔལ་གྱི་གཟི་བརྗིད་སྤུངས་རྒྱས་པ། །དཔལ་མཆོག་ལྡན་པ་དེ་དག་སྤྱོད་འདིའོ། །དོན་གྱི་ཕ་རོལ་ཕྱིན་པ་རྣམས། །ཡོན་ཏན་འབྱུང་གནས་རྣམ་པར་དག་པའི་ཐུགས་མངའ་བ། །ཤིན་ཏུ་སེམས་པའི་བློ་ལྡན་རྣམས། །སྲིད་ནས་འཕགས་པ་དེ་དག་སྤྱོད་འདིའོ། །བདག་མེད་ཉམས་པ་མེད་པ་རྣམས། །རྔ་ཡི་དབྱངས་རབ་མངའ་བ་ཞིང་དུ་གཞོལ་བ་དག །ཆོས་ཀྱི་ཚུལ་ལ་གནས་པ་རྣམས། །ཚིག་ལ་ཉམས་མེད་དེ་དག་སྤྱོད་འདིའོ། །སྦྱིན་པས་ཤིན་ཏུ་འཕགས་པ་རྣམས། །བསོད་ནམས་མཚན་རབ་བརྒྱས་ཀྱང་རབ་ཏུ་བརྒྱན་པ་དག །འགྲོ་ལ་ཕན་པར་མཛད་པ་རྣམས། །བློ་རབ་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །ཡེ་ཤེས་ཤིན་ཏུ་ཟབ་པའི་སར། །རྗེས་སུ་ཞུགས་ཤིང་བློ་གྲོས་ཤིན་ཏུ་བརྟན་པ་རྣམས། །མི་གཡོ་བརྟན་ཞིང་གནས་པ་དག །བརྟུལ་ཤུགས་བརྟན་པ་དེ་དག་སྤྱོད་འདིའོ། །ཆོས་ཀྱི་དབྱིངས་ལ་འཇུག་པ་ཡིས། །རྗེས་སུ་འཇུག་པའི་ཕ་རོལ་ཕྱིན་པར་གྱུར་པ་དག །རྣམ་པར་འཕྲུལ་ལ་བརྩོན་པ་རྣམས། །ཆོས་ཀྱི་ཉི་མ་དེ་དག་སྤྱོད་འདིའོ། །མི་མཉམ་མཉམ་པའི་བློ་མངའ་རྣམས། །མི་གཉིས་ཡོངས་སུ་བསྒོམ་པའི་ཏིང་ངེ་འཛིན་ལྡན་པ། །བསམ་པ་ཤིན་ཏུ་རྟོགས་པ་དག །ཐམས་ཅད་གཟིགས་པ་དེ་དག་སྤྱོད་འདིའོ། །འཇིག་རྟེན་ཁམས་ལ་རབ་འཇུག་པ། །ཕྲ་དང་ཡངས་དང་རྒྱ་ཆེའི་རྣམ་པ་ཐམས་ཅད་དུ། །སྤྱོད་ཡུལ་ཐོབ་པར་གྱུར་པ་རྣམས། །ཡེ་ཤེས་རི་བོ་དེ་དག་སྤྱོད་འདིའོ། །ཡོངས་སུ་དག་པའི་སེམས་ལྡན་པ། །ཁམས་རྣམས་གསུམ་པོ་ཀུན་ཏུ་ཆགས་པ་མེད་པ་དག །ཚུལ་ཁྲིམས་བརྟུལ་ཤུགས་མཐར་ཕྱིན་པ། །རྣམ་དག་སེམས་ལྡན་དེ་དག་སྤྱོད་འདིའོ། །ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི། །ཡེ་ཤེས་འབྱམ་ཀླས་མངོན་པར་བརྗོད་དུ་མེད་པ་ལ། །གང་ཞིག་ཕྱོགས་བཅུའི་ཞིང་གི་རྣམས། །ཁྲག་ཁྲིག་བསམ་གྱིས་མི་ཁྱབ་ཐམས་ཅད་སྐྱོད་བྱེད་ཀྱང་། །འཇིག་པར་འགྱུར་བར་མི་བྱེད་དེ། །འཇིག་རྟེན་ཕན་པ་བསྐྱེད་ལ་རྟག་ཏུ་བརྩོན། །ཚིག་གི་ཚུལ་ལ་མཁས་པ་རྣམས། །བརྗོད་པ་རྣམ་པར་དབྱེ་བའི་ཕ་རོལ་ཕྱིན་གྱུར་པ། །ཤེས་པ་རྨོངས་མེད་མཁས་པ་དག །མི་འགུལ་སེམས་ལྡན་དེ་དག་སྤྱོད་འདིའོ། །སྤྱིའུ་ཚུགས་རྒྱུ་ལ་མཁས་པ་དག །ཞིང་


DKG035_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྣམ་པར་དབྱེ་བའི་ཕ་རོལ་ཕྱིན་པའི་རྣམས། །མི་ཟད་ས་ལ་ཞུགས་པའི་དག །ཕམ་མེད་བློ་གྲོས་དེ་དག་སྤྱོད་འདིའོ། །ཡོན་ཏན་ཁྲག་ཁྲིག་ཚད་མེད་པ། །བྱང་ཆུབ་རབ་ལ་གཞོལ་ཞིང་སྤྱད་པ་སྤྱོད་པ་དག །ཡོན་ཏན་ཐམས་ཅད་མཐར་ཕྱིན་པ། །ལེགས་པ་མི་ཟད་དེ་དག་སྤྱོད་འདིའོ། །འཇིག་རྟེན་འདས་པ་སྨྲ་བའི་རྣམས། །སྨྲ་བའི་དམ་པ་སྨྲ་བའི་སེང་གེར་གྱུར་པ་དག །འགྲོ་བ་དག་བྱའི་མཐར་ཕྱིན་པ། །རྣམ་དག་སེམས་ལྡན་དེ་དག་སྤྱོད་འདིའོ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་བས། །ཆོས་ཀྱི་དམ་པ་རབ་ལ་མངོན་པར་དབང་བསྐུར་ཞིང་། །ཆོས་ཀྱི་ཚུལ་གྱི་རྗེས་སུ་སོང་བ་རྣམས། །ཡིད་ཡངས་ལྡན་པ་དེ་དག་སྤྱོད་འདིའོ། །འགྲོ་བའི་སྲིད་པ་ཀུན་སྲུང་ཞིང་། །སེམས་ཅན་ཐམས་ཅད་རྣམ་པར་བསྒོམ་པའི་ཡིད་ལྡན་པ། །ཤིན་ཏུ་རྟོགས་པའི་མཛོད་འཆང་རྣམས། །ཆོས་ཀྱི་རི་བོ་དེ་དག་སྤྱོད་འདིའོ། །དབྱངས་ཀྱི་ཡན་ལག་གཅིག་གིས་ཀྱང་། །འཁོར་རྣམས་བརྗོད་དུ་མེད་པ་ཤེས་པར་བྱེད་པ་དག །དབྱངས་ཀྱི་ཚུལ་ལ་ཞུགས་པ་རྣམས། །ཆགས་མེད་མཐོང་བ་དེ་དག་སྤྱོད་འདིའོ། །གང་ཞིག་ཚིག་ལམ་རྗེས་སོང་ཞིང་། །ཡེ་ཤེས་ཤིན་དུ་འཕགས་པས་རྣམ་པར་མི་རྟོག་པ། །རྣམ་པར་རྟོག་མེད་སྤྱོད་ཡུལ་ཅན། །རང་བཞིན་མེད་མཐོང་དེ་དག་སྤྱོད་འདིའོ། །ཆོས་ཀྱི་རྒྱ་མཚོར་གནས་འཆའ་ཞིང་། །ཆོས་རྣམས་ཐམས་ཅད་རྒྱུ་ཡིས་རབ་ཏུ་འདེབས་བྱེད་པ། །མཚན་ཉིད་མེད་པའི་ཚུལ་ལྡན་རྣམས། །དཔལ་གྱི་ཚུལ་ཅན་དེ་དག་སྤྱོད་འདིའོ། །བདེ་བར་གཤེགས་པའི་ཞིང་གཅིག་ཏུ། །བསམ་གྱིས་མི་ཁྱབ་པ་ཡི་དུས་རྣམས་ཆུད་བྱེད་ཅིང་། །བསྐལ་པ་གྲངས་མེད་འཛུད་བྱེད་པ། །སྐྱོ་མེད་བརྩོན་པ་དེ་དག་སྤྱོད་འདིའོ། །ཐ་དད་མཚན་ཅན་མི་ཡི་དབང་། །སྐྲ་ཡི་རྩེ་མོ་གཅིག་ལ་སངས་རྒྱས་བརྗོད་ཡས་པ། །གང་གིས་དེ་དག་མཐོང་གྱུར་


DKG035_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །སྤྱོད་པ་བཟང་ལྡན་དེ་དག་སྤྱོད་འདིའོ། །གང་གིས་སྐྲ་ཡི་ཆ་ཙམ་ལ། །བརྗོད་དུ་མེད་པའི་འདྲེན་པ་རྣམས་ནི་མཐོང་གྱུར་ཅིང་། །དེ་བཞིན་ཆོས་དབྱིངས་ཐམས་ཅད་དེ། །རྒྱལ་སྲས་དེ་དག་སྤྱོད་པ་འདི་ཡིན་ནོ། །བསྐལ་པ་བརྗོད་དུ་མེད་པ་རྣམས། །སེམས་བསྐྱེད་གཅིག་གིས་རབ་ཏུ་ཤེས་པར་གྱུར་པ་རྣམས། ། རིང་དང་ཐུང་བར་ངེས་མེད་པ། །རྣམ་ཐར་སྤྱོད་པ་དེ་དག་སྤྱོད་འདིའོ། །ལྟ་ཞིང་དོན་མེད་མི་འགྱུར་ལ། །སངས་རྒྱས་སྤྱོད་པ་དག་ལ་དོན་ཡོད་ལས་ལྡན་རྣམས། །ཆགས་པ་མེད་པའི་ཡིད་ཅན་དག །རྒྱལ་བ་དམ་པ་དེ་དག་སྤྱོད་འདི་ཡིན། །གང་གིས་སངས་རྒྱས་མཐོང་བའི་ཚེ། །བསྐལ་པ་ཁྲག་ཁྲིག་ནམ་དུའང་ངོམས་པར་མི་འགྱུར་བར། །དགའ་བ་ཤིན་ཏུ་སྤྱོད་པ་རྣམས། །བལྟ་ན་དོན་ཡོད་དེ་དག་སྤྱོད་འདིའོ། །སེམས་ཅན་ཁམས་ནི་མཐའ་ཡས་པ། །སེམས་ཤིང་བསྐལ་པ་མང་པོ་ཟད་པར་བྱེད་པ་རྣམས། །སེམས་ཅན་མེད་པར་ཤེས་པ་དག །སེམས་ཅན་གཙོ་བོ་དེ་དག་སྤྱོད་འདིའོ། །བསོད་ནམས་མང་པོ་བསྩགས་པ་རྣམས། །ཡེ་ཤེས་སྐྱོབ་པ་བསོད་ནམས་ཆེན་པོའི་སྙིང་པོ་ཅན། །བསོད་ནམས་མུ་སྟེགས་འགྲོ་བ་ཡི། །སེམས་ཅན་དམ་པའི་སྤྱོད་འདིའོ། །ཆོས་དབྱིངས་ཀུན་ཏུ་མཐའ་ཡས་པ། །ནམ་མཁའི་རྣམ་པ་བཞིན་དུ་དེ་དག་ཚད་མེད་པ། །ཚིག་གི་ལམ་ལ་གནས་པ་རྣམས། །སེང་གེའི་སྒྲ་སྒྲོག་དེ་དག་སྤྱོད་འདིའོ། །གང་ཞིག་ཏིང་འཛིན་གཅིག་པུ་ལ། །ཏིང་ངེ་འཛིན་ནི་ཁྲག་ཁྲིག་བརྗོད་དུ་མེད་པ་ཡི། །ཆོས་ཀྱི་གནས་སུ་ཞུགས་གྱུར་པ། །སྨྲ་བའི་ཟླ་བ་དེ་དག་སྤྱོད་འདིའོ། །བཟོད་པའི་སྟོབས་ཀྱི་མཐར་ཕྱིན་པ། །དེ་དག་ཆོས་རྣམས་ཐམས་ཅད་ཞི་ལ་བཟོད་པ་ཡིན། །མི་སྒུལ་སེམས་དང་ལྡན་པའི་རྣམས། །མཐའ་ཡས་ཤེས་ཅན་དེ་དག་སྤྱོད་འདིའོ། །འཇིག་རྟེན་ཁམས་ནི་གཅིག་ནས་ཀྱང་། །དེ་དག་ལུས་ནི་གཡོ་ཞིང་འཕོ་བར་


DKG035_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པར། །འགྲོ་བ་ཀུན་ཏུའང་སྣང་བ་རྣམས། །མཐའ་ཡས་ལུས་ཅན་དེ་དག་སྤྱོད་འདི་ཡིན། །གང་ཞིག་ཞིང་གི་ཚུལ་རྣམས་ཀུན། །རྗེས་སུ་འཇུག་པ་ཤིན་ཏུ་ཕྲ་བ་རབ་ཤེས་ཀྱང་། །ཡོངས་སུ་རྒྱས་པའི་བློ་མེད་པ། །མཐའ་ཡས་སེམས་དཔའ་དེ་དག་སྤྱོད་འདིའོ། །གནས་དང་གནས་མིན་ཤེས་གྱུར་ཅིང་། །སྟོབས་ལ་འཇུག་པ་དག་ཏུ་ཤིན་ཏུ་ཞུགས་པ་རྣམས། །སྟོབས་ཀྱི་དམ་པ་འཛིན་པ་དག །སྟོབས་ཀྱིས་སྟོབས་ཆེ་དེ་དག་སྤྱོད་འདིའོ། །འདས་པ་དག་དང་མ་འོངས་དང་། །ད་ལྟར་བྱུང་བའི་ལས་རྣམས་ཤིན་ཏུ་འབྱམ་ཀླས་པ། །རྟག་ཏུ་ཤེས་པ་འཇུག་གྱུར་པ། །ཚུལ་ཤེས་དེ་དག་སྤྱོད་པ་འདི་ཡིན་ནོ། །འགྲོ་བའི་དུས་དང་དུས་མྱིན་པ། །ཇི་ལྟར་སེམས་ཅན་འདུལ་བར་འགྱུར་བ་དེ་བཞིན་ཤེས། །དུས་ལ་འབེབས་པར་མཁས་པ་རྣམས། །ཤེས་པ་དེ་དག་སྤྱོད་པ་འདི་ཡིན་ནོ། །ཆོས་ལ་སྤྱོད་པ་ཀུན་སྲུང་ཞིང་། །ལུས་དང་ངག་དང་ཡིད་ཀྱི་རྣམས་ཀྱང་སྲུང་བྱེད་པ། །བདུད་ཀྱི་ལམ་ལ་མ་ཞུགས་པ། །ཤེས་པའི་བློ་ཅན་དེ་དག་སྤྱོད་འདིའོ། །རྣམ་པར་གཞག་པའི་རྒྱུས་མཁས་པ། །ཆོས་རྣམས་ལ་ནི་ཇི་ལྟར་སྤོབས་པར་འཇུག་པ་རྣམས། །དེ་བཞིན་ཉིད་དང་ཡུལ་མཉམ་པ། །བདེ་གཤེགས་སྤྱོད་པ་དེ་དག་སྤྱོད་འདི་ཡིན། །ཆགས་མེད་མཛོད་ལ་བརྩོན་པ་དག །གཟུངས་ཀྱི་སྒོ་མོའི་དཀྱིལ་འཁོར་རབ་ཏུ་ཤེས་པ་རྣམས། །ཆོས་ཀྱི་དབྱིངས་ལ་འཇུག་པ་ཡི། །རྗེས་སུ་ཞུགས་པ་དེ་དག་སྤྱོད་འདི་ཡིན། །དུས་གསུམ་གཤེགས་པའི་རྒྱལ་བ་རྣམས། །ཇི་སྙེད་བཞུགས་པ་ཀུན་དང་གཅིག་སེམས་ཡིད་ལྡན་པ། །རང་བཞིན་གཅིག་ཏུ་རྟོགས་པ་རྣམས། །ཆགས་མེད་རིགས་ཅན་དེ་དག་སྤྱོད་འདིའོ། །བསྒྲིབས་མེད་ཡེ་ཤེས་ཚུལ་ཤེས་ཤིང་། །བསྒྲིབས་མེད་ཡེ་ཤེས་ཕྱག་རྒྱ་དག་ལ་ཞུགས་པ་རྣམས། །བསྒྲིབས་མྱེད་མྱིག་ཀྱང་བདོག་བྱེད་པ། །མྱིག་ཅན་དེ་དག་སྤྱོད་


DKG035_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡིན་ནོ། །གཉིས་སུ་མེད་ལ་སྤྱོད་པ་ཡི། །རྫུ་འཕྲུལ་རྣམ་པར་གཞོག་པའི་མགོན་པོ་ཐམས་ཅད་ཀུན། །རྣམ་པར་འཕྲུལ་པ་མཁྱེན་པ་རྣམས། །གཉིས་སུ་མེད་སྤྱོད་དེ་དག་སྤྱོད་འདིའོ། །ཆོས་ཀྱི་སྤྲིན་ནི་མཐའ་ཡས་པའི། །ཆར་ཆེན་རབ་ཏུ་འབེབས་ཤིང་ཞིང་རྣམས་ཡངས་པར་རྒྱུ། །དོན་རྣམས་ཐམས་ཅད་རྟོགས་གྱུར་པ། །ཆོས་སྤྲིན་དེ་དག་སྤྱོད་ཡུལ་འདི་ཡིན་ནོ། །དད་པ་ཕྱིར་ལྡོག་མི་འགྱུར་ཞིང་། །རྩ་བ་ཤིན་ཏུ་ཚུགས་ཤིང་དད་པ་རྣམ་དག་པ། །རྣམ་ཐར་ཤེས་པ་ཐམས་ཅད་ལ། །བསླབས་པ་རྣམས་ཀྱི་སྤྱོད་ཡིན་མཉན་པར་གྱིས། །འགྲོ་བ་འདི་དག་ཇི་སྙེད་པ། །མ་ལུས་ཐམས་ཅད་སེམས་བསྐྱེད་གཅིག་ཏུ་ཆུད་བྱས་ཏེ། །སེམས་ཀྱི་རང་བཞིན་ཤེས་པ་རྣམས། །རང་བཞིན་མེད་པ་དེ་དག་སྤྱོད་འདི་ཡིན། ། ཞིང་རྣམས་བསམ་གྱིས་མྱི་ཁྱབ་པ། །ཆོས་ཀྱི་དབྱིངས་རྣམས་ཀུན་ཏུ་གང་གིས་སྤྲུལ་བྱས་ཤིང་། །མཉམ་པ་མེད་པ་དེར་སྤྱོད་པ། །དཔེ་མེད་འགྲོ་ལྡན་དེ་དག་སྤྱོད་འདིའོ། །སངས་རྒྱས་ཞིང་རྣམས་མཐའ་ཡས་ཏེ། །དེ་དག་ཀུན་ན་འཇིག་རྟེན་མགོན་པོ་གང་བཞུགས་པ། །དེ་རྣམས་དང་ནི་མངོན་སུམ་དུ། །སངས་རྒྱས་ཞབས་ཀྱི་དྲུང་ན་འཁོད་གྱུར་པ། །དེ་དག་ལུས་ནི་གཅིག་པུར་ཡང་། །ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་རབ་ཏུ་སྟོན། །ལུས་ནི་སྟོང་ཕྲག་མཐའ་ཡས་པ། །ཏིང་ངེ་འཛིན་ལས་ལྡང་ན་ཤིན་ཏུ་སྣང་། །སྤྱོད་པ་ཟབ་དང་ལྡན་བྱས་ནས། །སྤྲོས་པ་མེད་པའི་སྤྱོད་པ་དག་ལ་རབ་སྤྱོད་པ། །དགའ་བའི་ཡིད་དང་ལྡན་པ་རྣམས། །སེམས་ཅན་ཀུན་ལ་དགའ་བར་བྱེད་པ་ཡིན། །དབང་པོ་ཐ་དད་ཚུལ་རྣམས་ལ། །བློ་གྲོས་གནས་ཤིང་ཤེས་པ་རབ་ཏུ་ཐོབ་པ་རྣམས། །དབང་པོ་དག་ནི་མི་གནས་པ། །མ་དུལ་འདུལ་བ་དེ་དག་སྤྱོད་འདི་ཡིན། །ཐ་དད་ཆོས་ཀྱི་ཚུལ་རྣམས་ལ། །ཆོས་རྣམས་ཐམས་ཅད་ཀུན་ལ་དབང་བས་ཤེས་གྱུར་པ། །ཀུན་ཀྱང་སངས་རྒྱས་མཛད་པ་ལ། །དམིགས་པའི་


DKG035_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གས་རབ་ཏུ་སྤྱོད་པ་ཡིན། །ཤིན་ཏུ་ཡངས་པའི་ལྗགས་མངའ་བ། །དེ་དག་དབང་པོ་རྣམས་དང་ལེགས་པའི་སྤྱོད་ཐོས་ན། །སུ་ཡི་སེམས་ཤིག་དང་མི་འགྱུར། །ནམ་མཁའ་ལྟ་བུར་དེ་དག་སྤྱོད་འདི་ཡིན། །ཀུན་ཏུ་མཐའ་ཡས་ཤེས་ལྡན་ཞིང་། །ཆོས་རྣམས་ཀུན་ཏུ་མཐའ་ཡས་མིག་ཡོད་པ། །ཡེ་ཤེས་མཐའ་ཡས་ཚུལ་ལྡན་པ། །མཐའ་ཡས་ཤེས་ཅན་དེ་དག་སྤྱོད་འདི་ཡིན། །ཟད་མི་ནུས་པ་ཟད་བྱེད་ཅིང་། །བསོད་ནམས་འབྱམ་ཀླས་ཡོད་པས་བསོད་ནམས་མི་ཟད་པ། །འགྲོ་བ་དག་པའི་མཐར་ཕྱིན་རྣམས། །འདྲ་མེད་དེ་དག་སྤྱོད་པ་འདི་ཡིན་ནོ། །ཚོགས་དང་ལྡན་ཞིང་འཇིག་རྟེན་དང་། །དེ་དག་ཆོས་ཀྱི་ལམ་ལ་རབ་ཏུ་འཇུག་བྱས་ཀྱང་། །དེ་དག་སེམས་ཅན་འདུ་ཤེས་མེད། །སེམས་ཅན་བྱེ་བ་ཁྲག་ཁྲིག་རབ་ཏུ་འགྲེལ། །ཉོན་མོངས་མེད་པ་རྟོགས་ཤེས་ཤིང་། །སྤྱོད་པ་མངོན་པར་ཤེས་པ་ཐམས་ཅད་མཐོང་བ་རྣམས། །བདེ་བའི་ལམ་རྣམས་སྟོན་བྱེད་པ། །མིག་ཅན་དེ་དག་ཚུལ་ནི་འདི་ཡིན་ནོ། །སངས་རྒྱས་ཡེ་ཤེས་སྤྱོད་པ་དང་། །ཚད་མེད་ཡོན་ཏན་དམ་པ་ཐོབ་པར་གྱུར་པའི་རྣམས། །མི་འཇིགས་པ་ནི་རྙེད་གྱུར་པ། །ཤེས་ཅན་དེ་དག་ཚུལ་ནི་འདི་ཡིན་ནོ། །འཇུག་པ་ཀུན་ལ་རབ་ཞུགས་ཤིང་། །ཞིང་ལ་འཇུག་དང་ཆོས་ཀྱི་དབང་ལ་ཞུགས་གྱུར་པ། །སེམས་ཅན་ཞུགས་ལ་གནས་བྱས་ནས། །སེམས་ཅན་དམ་པ་སེམས་ཅན་འགྲོལ་བར་བྱེད། །ཕྱོགས་རྣམས་ཀུན་ཏུ་ཆོས་ཀྱི་རྔ། །བརྡུང་ཞིང་འཇིག་རྟེན་འདི་དག་སྟོན་བྱེད་པའི། །ཆོས་རབ་སྦྱིན་པའི་བདག་པོ་རྣམས། །ཉམས་མེད་རྟོགས་མྱེད་དེ་དག་སྤྱོད་འདི་ཡིན། །སྐྱིལ་མོ་ཀྲུང་འདུག་གཅིག་གིས་ཀྱང་། །ཞིང་ཡངས་བརྗོད་དུ་མེད་པ་ཀུན་ཏུ་རྒྱས་བྱེད་ཀྱང་། །སུ་ཡི་ལུས་ལ་གནོད་མེད་པ། །ཆོས་སྐུ་ལྡན་པ་དེ་དག་སྤྱོད་འདི་ཡིན། །དོན་དང་ཡི་གེ་གཅིག་ལ་ཡང་། །ཤིན་ཏུ་བསྟན་པ་བྱེ་བ་ཁྲག་ཁྲིག་རྗེས་སུ་


DKG035_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་། །དེ་དག་མཐའ་ནི་རྙེད་མི་ནུས། །མཉམ་མེད་ཤེས་ལྡན་དེ་དག་སྤྱོད་འདི་ཡིན། །བསྒྲིབས་པ་མེད་པའི་ཚུལ་ཤེས་པ། །སངས་རྒྱས་རྣམ་ཐར་ཚུལ་བཞིན་བསླབས་པ་རྣམས། །འཇིགས་པ་མེད་པར་གྱུར་པ་དག །ཚད་མེད་དེ་དག་ཚུལ་ནི་འདི་ཡིན་ནོ། །དེ་དག་ཕྱོགས་རྣམས་རྒྱ་མཚོ་དང་། །ཞིང་རྣམས་རྒྱ་མཚོ་མཐའ་དང་དབུས་མེད་པར། །ཤེས་པ་རྒྱ་མཚོ་ལྡན་པ་ཡིན། །ཆོས་རྣམས་རྒྱ་མཚོས་འཇིག་རྟེན་ཚིམ་པར་བྱེད། །གང་རྣམས་གཤེགས་ཤིང་སྐྱེས་གྱུར་དང་། །བྱང་ཆུབ་རྣམ་པར་འཚང་རྒྱ་འགྲོ་བ་ཀུན་དག་ཏུ། །སུ་ཞིག་མངོན་པར་སྣང་གྱུར་པ། །མཐའ་དབུས་མེད་པ་དེ་དག་སྤྱོད་འདི་ཡིན། །མྱ་ངན་འདའ་བ་དུ་མ་ཡང་། །ཞིང་རྣམས་བྱེ་བ་ཁྲག་ཁྲིག་མངོན་པར་སྣང་། །འོན་ཀྱང་སྨྲ་བའི་སེང་གེ་རྣམས། །མྱ་ངན་མི་འདའ་སྨོན་ལམ་ཕྱིར་མི་ལྡོག །ཆོས་རྣམས་ལྷུན་ནི་གཅིག་གྱུར་ཅིང་། །སེམས་ཅན་ཀུན་དང་ལུས་ཀྱང་གཅིག་ཏུ་གྱུར་པ་རྣམས། །རྒྱལ་བ་དག་ལ་རྟོག་མེད་པས། ། ལུས་གཅིག་གྱུར་པ་སྤྱོད་འདི་ཡིན། །ཚིག་དང་དོན་རྣམས་ཐ་དད་པས། །འཇིག་རྟེན་ཁམས་རྣམས་མཐའ་དང་དབུས་ཡོད་མ་ཡིན་པར། །རང་བཞིན་གཅིག་ལ་མོས་པ་དག །དུས་གསུམ་ཤེས་པ་དེ་དག་སྤྱོད་འདི་ཡིན། །སེམས་ཅན་དག་དང་རྒྱལ་བ་དང་། །ཆོས་ཀྱི་ཚུལ་རྣམས་ཀུན་ལ་ཟད་པ་མེད་རྙེད་པ། །སངས་རྒྱས་བྱིན་ལ་མོས་པ་དག །རྒྱལ་བས་བྱིན་བརླབས་དེ་དག་སྤྱོད་འདི་ཡིན། །ཆགས་པ་མེད་པའི་སྐུ་འདྲ་ཞིང་། །ཆགས་པ་མེད་པའི་མིག་གི་ཕ་རོལ་ཕྱིན་པ་རྣམས། །ཆགས་མེད་རྣ་བ་མཁས་པ་དག །ཆགས་མེད་ཡིད་ཅན་དེ་དག་སྤྱོད་འདི་ཡིན། །མངོན་ཤེས་ཐམས་ཅད་རྙེད་པ་དང་། །ཡེ་ཤེས་མངོན་པར་ཤེས་པའི་རྗེས་སུ་སོང་བ་རྣམས། །ཤེས་པ་ཀུན་གྱི་དཔལ་ལྡན་པ། །ཤེས་པ་བཟང་ཅན་དེ་དག་སྤྱོད་འདི་ཡིན། །ཤིན་ཏུ་མཉམ་བཞག་སེམས་ལྡན་ཞིང་། །


DKG035_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཐའ་ཡས་ཤེས་རབ་ཤིན་ཏུ་ཆེ་བ་རྣམས། །ཀུན་ཏུ་སྤྱོད་ཡུལ་ལྡན་པ་དག །ཐམས་ཅད་གཟིགས་པ་དེ་དག་སྤྱོད་འདི་ཡིན། །ཡོན་ཏན་ཀུན་གྱི་མཐར་ཕྱིན་པ། །སེམས་ཅན་ཡངས་པ་གཅིག་ནས་གཅིག་བརྒྱུད་སྒྲོལ་བ་རྣམས། །ཡིད་ནི་ཡོངས་སུ་ཉམས་མེད་པ། །རྟག་ཏུ་བརྩོན་པ་དེ་དག་སྤྱོད་འདི་ཡིན། །ཀུན་མཁྱེན་ཐམས་ཅད་གཟིགས་པ་དག །སངས་རྒྱས་ཐམས་ཅད་དུས་གསུམ་གཤེགས་པ་མགོན་པོ་ཡི། །རིགས་དང་རྒྱུད་དུ་སྐྱེས་པ་རྣམས། །རྒྱལ་སྲས་དེ་དག་སྤྱོད་པ་འདི་ཡིན་ནོ། །རྗེས་སུ་བསྟན་ལ་བརྩོན་བྱེད་པ། །ཕས་ཀྱི་རྒོལ་བའི་ལམ་ལ་འཇིགས་མེད་སྤྱོད་པ་དང་། །མཐའ་ཡས་བློ་ཡི་སྤྱོད་པ་དང་། །སངས་རྒྱས་བྱང་ཆུབ་རྗེས་སུ་ཞུགས་པ་རྣམས། །མཐའ་དབུས་མེད་པ་ཞིང་གི་རྣམས། །ཐམས་ཅད་ཀུན་ཏུ་སྣང་བ་གཅིག་གིས་གསལ་བར་བྱེད། །ཐམས་ཅད་སྣང་བར་བྱེད་པ་རྣམས། །མུན་པ་སེལ་བའི་སྤྱོད་པ་འདི་ཡིན་ནོ། །གང་དུ་རྒྱལ་བས་མཛད་འོས་པ། །དེར་ནི་སེམས་ཅན་ཁྲག་ཁྲིག་ཤིན་ཏུ་འདུལ་བྱེད་ཅིང་། །སངས་རྒྱས་སྐུ་དང་སངས་རྒྱས་ཞིང་། ། སངས་རྒྱས་རྒྱན་ཅན་ཁྲག་ཁྲིག་སྣང་བར་བྱེད། །སྤྱོད་པ་དག་ནི་མཐའ་ཡས་ལ། །སུ་གནས་བརྟན་པ་དེ་དག་ཤེས་པར་ཇི་ལྟར་རུང་། །སྤྱད་པ་ཐམས་ཅད་ཤིན་ཏུ་སྟོན། །འགྲོ་བ་སྤྱོད་པ་ཐམས་ཅད་མཐར་ཐུག་བྱེད། །ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །བདག་གི་ལུས་ནི་བརྗོད་དུ་མེད་པར་གྱུར་པ་ཡིས། །དེ་དག་ལེགས་པ་བརྗོད་བྱས་ཀྱང་། །བསྐལ་པ་ཁྲག་ཁྲིག་དག་གིས་མི་ཟད་དོ། །ཡོན་ཏན་ཀུན་ཏུ་མཐའ་ཡས་ཤིང་། །ཡོན་ཏན་མཆོག་རྣམས་ཐམས་ཅད་མཐའ་ཡས་པའི། །ཡོན་ཏན་ཀུན་ནི་བརྗོད་བྱས་ཏེ། །ཐུབ་པས་བསྐལ་པར་གསུངས་ཀྱང་ཟད་མི་འགྱུར། །རང་རྒྱལ་རྣམས་དང་ཉན་ཐོས་ལ། །གཞོལ་


DKG035_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་པའི་འཇིག་རྟེན་གཞན་གྱི་རྣམས་ཀྱིས་ལྟ། །བསྐལ་པ་བརྗོད་ཡས་བརྗོད་བྱས་ཀྱང་། །ཟད་པར་མི་ནུས་དེ་ནི་སྨོས་ཅི་དགོས། །ཡོན་ཏན་གྱི་མེ་ཏོག་ཤིན་ཏུ་བསྩགས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་དྲུག་པ།། །།


previousཉི་ཤུ་རྩ་དྲུག་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ལེའུ། next