Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་བདུན་པ། གཏེར་མི་ཟད་པ་བཅུ་བསྟན་པའི་ལེའུ།
   
   
   


 
previousཉི་ཤུ་རྩ་བདུན་པ། གཏེར་མི་ཟད་པ་བཅུ་བསྟན་པའི་ལེའུ། next

ཉི་ཤུ་རྩ་བདུན་པ། གཏེར་མི་ཟད་པ་བཅུ་བསྟན་པའི་ལེའུ།


DKG035_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་དང་ལྡན་པས། ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དད་པའི་གཏེར་དང་། ཚུལ་ཁྲིམས་ཀྱི་གཏེར་དང་། ངོ་ཚ་ཤེས་པའི་གཏེར་དང་། ཁྲེལ་ཡོད་པའི་གཏེར་དང་། ཐོས་པའི་གཏེར་དང་། གཏོང་བའི་གཏེར་དང་། དམ་འཆའ་བའི་གཏེར་དང་། རྟོགས་པའི་གཏེར་དང་། བློ་གྲོས་ཀྱི་གཏེར་དང་། བློའི་གཏེར་ཏེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་གཏེར་བཅུ་པོ་དེ་དག་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་དད་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་མཚན་མ་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་སྨོན་པ་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་མ་བྱས་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་མ་བརྟགས་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་གནས་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་ཚད་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་བླ་ན་མེད་


DKG035_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་འདར་མི་རུང་བ་ཞེས་བྱ་བར་དད་པར་བྱེད་དོ། །ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བར་དད་པར་བྱེད་དོ། །དེ་ནི་ཆོས་དང་མཐུན་པའི་དད་པ་དང་ལྡན་པ་ཡིན་ཏེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །སངས་རྒྱས་ཐམས་ཅད་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །སེམས་ཅན་གྱི་ཁམས་ཐམས་ཅད་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །ནམ་མཁའི་དབྱིངས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །མྱ་ངན་ལས་འདའ་བའི་དབྱིངས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །འདས་པའི་དུས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །མ་འོངས་པའི་དུས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །ད་ལྟར་བྱུང་བའི་དུས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །བསྐལ་པ་ཐམས་ཅད་ལ་འཇུག་པ་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བས་ཞུམ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དད་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་བཞིན་དུ་གཅིག་ཏུ་ངེས་པར་གྱུར་པ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཐའ་ཡང་ཟད་མི་ཤེས་སོ། །འཇིག་རྟེན་གྱི་ཁམས་རྣམས་ཀྱང་ཟད་མི་ཤེས་ཏེ། འཇིག་རྟེན་གྱི་ཁམས་རེ་རེ་ཡང་མཐའ་ཡས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །མངོན་པར་འཚང་རྒྱའོ། །མངོན་པར་འཚང་རྒྱ་བར་འགྱུར་རོ། །ཡང་དག་པར་བྱུང་ངོ་། །ཡང་དག་པར་འབྱུང་ངོ་། །ཡང་དག་པར་འབྱུང་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་


DKG035_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་འབྲི་བའམ། འཕེལ་བའམ། སྐྱེ་བའམ། འགག་པའམ། འཕོ་བའམ། འགྲོ་བའམ། ཉེ་བར་བྱེད་པའམ། རིང་པར་བྱེད་པའམ། ཤེས་པར་བྱེད་པའམ། འབྱིན་པར་བྱེད་པ་མ་ཡིན་ཏེ། དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དག་པར་གནས་པས་ཟད་པ་མེད་ཅིང་། མཐའ་ཡས་པའི་དད་པའི་གཏེར་དང་ལྡན་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །དད་པ་འདི་ནི་མཐའ་ཡས་པ། ཀུན་ཏུ་མཐའ་ཡས་པ་མི་ཟད་པ། ཕྱིར་མི་ལྡོག་པ། མྱུ་གུར་གྱུར་པ་མ་ཡིན་པ། ཐ་དད་པ་མ་ཡིན་པ། མ་འདྲེས་པ། རྩ་བ་བརྟན་པ། འཕགས་པ་དང་མཐུན་པ། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དུ་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་ཡང་དག་པར་འཛིན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མོས་པ་ཡང་དག་པར་བསྐྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྗེས་སུ་སོང་བ། ངེས་པར་རྟོགས་པ། སངས་རྒྱས་ཐམས་ཅད་ཀྱི་རིགས་ལ་མཁས་པར་གྱུར་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དད་པའི་གཏེར་ཏེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོས་པར་གྱུར་ན། བདེན་པར་ཁོང་དུ་ཆུད་དེ་སེམས་ཅན་ཐམས་ཅད་ལ་རྣམ་པར་དབྱེ་བའི་ཕྱིར་ནན་ཏན་དུ་བྱེད་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མར་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། བྱིན་གྱིས་མ་བརླབས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། མི་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ལྷག་པའི་ལྟ་བ་མེད་པའི་ཚུལ་ཁྲིམས་དང་


DKG035_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཡིན། འགལ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། གཞན་ལ་མི་གནོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། མ་འདྲེས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ཉེ་བའི་ཉོན་མོངས་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། སྐྱོན་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐོག་མར་ཕུན་སུམ་ཚོགས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་སེམས་པའོ། །ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱིན་གྱིས་མ་བརླབས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། མུ་སྟེགས་ཅན་གྱི་གནས་དང་། མི་འདྲ་བའི་ཚུལ་ཁྲིམས་ཡིན་ཏེ། དེ་ནི་འདི་ལྟར་རང་བཞིན་གྱིས་དུས་གསུམ་མཉམ་པ་ཉིད་དུ་གོ་ཆ་བགོས་ཤིང་སྤྱོད་པའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཀྱེ་རྒྱལ་བའི་སྲས་དག ། འདི་ལ་འདོད་པའི་ཁམས་ལ་མི་གནས་པའི་ཚུལ་ཁྲིམས་ཅན་ཡིན། གཟུགས་ཀྱི་ཁམས་ལ་མི་གནས་པའི་ཚུལ་ཁྲིམས་ཅན་ཡིན། གཟུགས་མེད་པའི་ཁམས་ལ་མི་གནས་པའི་ཚུལ་ཁྲིམས་ཅན་ཡིན། དེ་ཅིའི་ཕྱིར་ཞེ་ན། འཁོར་དེ་དག་ལ་བདག་གིར་བྱ་བ་མེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་པར་ལྟ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འགྱོད་པ་མེད་པའི་རྒྱུད་དང་ལྡན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མཚམས་མེད་པའི་ལས་མངོན་པར་འདུ་མི་བྱེད་དེ། ཚུལ་ཁྲིམས་ལྷོད་པ་ལ་གཞོལ་བ་མ་ཡིན་ནོ། །


DKG035_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་པར་ལྟ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འགལ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མ་བཅས་པ་ནི་འཆའ་བར་མི་བྱེད། བཅས་པ་ནི་གཅོད་པར་མི་བྱེད་དེ། དེ་ནི་མྱ་ངན་ལས་འདས་པའི་མཐར་ཐུག་ཏུ་ཇི་ལྟར་མཐུན་པའི་ཆོས་དང་ལྡན་པ་ཡིན་ནོ། །གང་གིས་ཕ་རོལ་གྱི་སྡུག་བསྔལ་གྱི་རྒྱུར་འགྱུར་བ་དང་། ཕ་རོལ་འཁྲུལ་བར་འགྱུར་བའི་ཚུལ་ཁྲིམས་དེ་ལྟ་བུ་དམ་བཅའ་བ་ལ་དམ་བཅས་ཤིང་མི་གནས་ཏེ། དེ་ནི་འདི་ལྟར་ཕ་རོལ་གྱི་སེམས་དང་བར་བྱ་བའི་ཕྱིར་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཞན་ལ་མི་གནོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་བརྩེ་བའི་ཕྱིར། ཚུལ་ཁྲིམས་ཀྱི་རིག་སྔགས་དང་། གསང་སྔགས་དང་། སྨན་གྱི་སྦྱོར་བ་དེ་ལྟ་བུ་མི་སྒྲུབ་ཀྱི། དེ་ནི་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མ་འདྲེས་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། འདྲེས་པའི་ཚུལ་ཁྲིམས་ཡང་དག་པར་ལེན་པར་མི་བྱེད་དེ། དེ་ནི་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟེན་པའི་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉེ་བའི་ཉོན་མོངས་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཡོན་ཏན་མེད་པ་བསྟན་པར་བྱ་བའི་ཕྱིར་གཞན་གྱི་སེམས་ལ་བལྟ་ཞིང་། རྟོག་པ་རྣམ་པ་སྣ་ཚོགས་སུ་འགྱུར་བ་མ་ཡིན་ནོ། །དེ་ནི་འདི་ལྟར་ཆོས་ཀྱིས་ངོམས་པ་དང་ལྡན་པ་ཡིན་ཏེ། འབྱུང་བའི་ལམ་ཚོལ་ཞིང་སྦྱོར་བའི་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྐྱོན་


DKG035_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དེས་ལོག་པའི་ཚུལ་ཁྲིམས་ཉེ་བར་བཟུང་སྟེ། གང་གིས་ཕ་རོལ་པོ་དམའ་བའི་ཚུལ་ཁྲིམས་ཅན་དུ་འགྱུར་བར་བདག་ལ་མི་བསྟོད་གཞན་ལ་མི་སྨོད་དོ། །དེ་ནི་འདི་ལྟར་གཡེང་བ་མེད་པ་ཉེ་བར་བཟུང་སྟེ། ཚུལ་ཁྲིམས་ཡང་དག་པར་བླངས་ཤིང་གནས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་ཡོངས་སུ་སྤངས་པ་ཡིན་ཏེ། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ངག་བརླང་པ་དང་། ཚིག་འཁྱལ་པ་དང་། ཆགས་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཡོངས་སུ་སྤངས་པ་ཡིན་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན། དེ་འདི་སྙམ་དུ་སེམས་བསྐྱེད་དེ། གང་ཇི་སྙམ་དུ་སེམས་ཅན་རྣམས་ཚུལ་ཁྲིམས་འཆལ་བ་ཅན་ལ་ཡིད་མ་འཆའ་ཞིང་། སྤྱོད་པ་ཐམས་ཅད་ནི་ཕྱིན་ཅི་ལོག་གི་རྒྱུ་ལས་བྱུང་བ་སྟེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐུགས་སུ་ཆུད་དེ། ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ནི་ཚུལ་ཁྲིམས་ལོག་པ་ལ་སྤྱོད་ཀྱིས། བདག་གིས་ནི་ཅི་ནས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེ་བཞིན་ཉིད་ཀྱི་དོན་དུ་ཆོས་བསྟན་པར་འགྱུར་བ་དེ་ལྟར་བྱའོ་སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་གཏེར་ཏེ་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་


DKG035_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སྔོན་གྱི་མཐའི་སྤྱོད་པ་ཉེ་བར་བཟུང་སྟེ། གང་འདི་ཚེ་རབས་ཀྱི་འཁོར་བ་ཐོག་མ་དང་ཐ་མ་མེད་པའི་རྒྱས་པར་མ་དང་འགྲོགས་པ་དང་། ཕ་དང་འགྲོགས་པ་དང་། ཞང་པོ་དང་འགྲོགས་པ་དང་། སྲིང་མོ་དང་འགྲོགས་པ་དང་། སྤུན་དང་འགྲོགས་པ་དང་། བུ་དང་འགྲོགས་པ་དང་། བུ་མོ་དང་འགྲོགས་པར་གྱུར་ཀྱང་། གཅིག་ལ་གཅིག་འཚེ་བ་དང་། གཅིག་ལ་གཅིག་ཀྱལ་ཀ་བྱེད་པ་དང་། གཅིག་ལ་གཅིག་གནོད་པར་བྱེད་པ་དང་། གཅིག་ལ་གཅིག་འཁྲིག་པ་དང་། གཅིག་ལ་གཅིག་སྔོ་བ་དང་། གཅིག་ལ་གཅིག་འཇིགས་པ་དང་། གཅིག་ལ་གཅིག་འབོད་པ་དང་། གཅིག་ལ་གཅིག་ཟ་བ་དང་། གཅིག་ལ་གཅིག་དབང་བ་དང་། གཅིག་ལ་གཅིག་འཁོལ་བར་གྱུར་པ་དེ་ཡང་འདོད་ཆགས་ཀྱི་དབང་དང་། ཞེ་སྡང་གི་དབང་དང་། གཏི་མུག་གི་དབང་དང་། རྒྱགས་པའི་དབང་དང་། ང་རྒྱལ་གྱི་དབང་དང་། འཆབ་པའི་དབང་དང་། གཉའ་དྲག་གི་དབང་དང་། ཕྲག་དོག་གི་དབང་དང་། འཇུངས་པའི་དབང་དང་། གཡོའི་དབང་དང་། སྒྱུའི་དབང་དང་། མི་དག་པའི་ལས་འདི་རྣམས་ཤིན་ཏུ་བླངས་པའི་ཕྱིར། སེམས་ཅན་གཅིག་ལ་གཅིག་འདི་ལྟ་བུའི་རྣམ་པ་ངན་པ་དག་ཉམས་སུ་མྱོང་བར་འགྱུར་ཏེ། ཐམས་ཅད་ཀྱང་མི་ཤེས་པའི་དབང་གིས་གྱུར་པ་ནས། གཡོ་དང་སྒྱུའི་བར་གྱི་དབང་གིས་གྱུར་ཏེ། གཅིག་ལ་གཅིག་བག་མི་བྱེད། རིམ་གྲོ་མི་བྱེད། གཅིག་ལ་གཅིག་བཀུར་སྟི་མི་བྱེད། གཅིག་ལ་གཅིག་ཕུ་དུད་མི་བྱེད། གཅིག་ལ་གཅིག་བཙམ་པ་མེད་པ་དང་། གཅིག་ལ་གཅིག་མི་མཁས་པ་དང་། གཅིག་ལ་གཅིག་གནོད་པ་དང་། གཅིག་ལ་གཅིག་གསོད་པ་དང་། གཅིག་ལ་གཅིག་དགྲར་བྱེད་པར་གྱུར་ཏོ་ཞེས་ངོ་ཚ་བསྐྱེད་དོ། །ཇི་ལྟར་འདས་པའི་དུས་ན་བདག་དང་སེམས་ཅན་རྣམས་ཀྱི་རྣམ་པ་ངན་པ་འདི་ལྟ་བུའི་ཚུལ་བྱུང་བ། དེ་བཞིན་ད་ལྟར་བྱུང་


DKG035_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་ན་ཡང་བདག་དང་སེམས་ཅན་ཐམས་ཅད་ལ་རྣམ་པ་ངན་པ་དེ་ལྟ་བུ་དག་ཡོད་དོ། །ཇི་ལྟར་ད་ལྟར་བྱུང་བའི་དུས་ན་བདག་དང་སེམས་ཅན་རྣམས་ལ་རྣམ་པ་ངན་པ་དེ་ལྟ་བུ་དག་ཡོད་པ་དེ་བཞིན་མ་འོངས་པའི་དུས་ན་ཡང་བདག་དང་སེམས་ཅན་ཐམས་ཅད་ལ་རྣམ་པ་ངན་པ་དེ་ལྟ་བུ་དག་འབྱུང་བར་འགྱུར་ཏེ། དེ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཐུགས་སུ་ཆུད་དོ། །དེ་ལྟར་བདག་གི་ངོ་ཚ་མེད་ཅིང་མི་བཟོད་ལ། སངས་རྒྱས་བཅོམ་ལྡན་འདས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱིས་ཐུགས་སུ་ཆུད་བཞིན་དུ། རྣམ་པ་ངན་པ་འདི་ལྟ་བུ་ལ་གནས་པ་ནི་མི་རིགས་མི་ཆས། ད་ནི་བདག་ཅག་གིས་ཅི་ནས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེ་བཞིན་ཉིད་ཀྱི་དོན་དུ་སེམས་ཅན་རྣམས་ལ་ཆོས་བསྟན་པར་འགྱུར་བ་དེ་ལྟར་བྱའོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པའི་གཏེར་ཏེ་གསུམ་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲེལ་ཡོད་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ནི་མཐའ་མེད་པར་ཚོལ་བས་ཁྲེལ་བར་འཛིན་པ་ཡིན་ཏེ། གཟུགས་བཙལ་བ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བཙལ་བ་དང་། བུ་དང་བུ་མོའི་དོན་དུ་བཙལ་བ་དང་། ནོར་དང་། བྲན་ཕོ་དང་། བྲན་མོ་དང་། གཡོག་ཡིད་དུ་འོང་བ་བཙལ་པའི་ཕྱིར། བདག་གིས་ཀྱང་མི་ཚུལ་མི་ཆ་བའི་གཅམ་བུ་བྱ་བར་འགྱུར་རོ། །ཞེས་ཏེ་དེ་ནི་འཚོལ་བའི་དབང་དུ་ཆགས་པ་ཉེ་བར་མི་ལེན་ཏོ། །ཞེ་སྡང་ཉེ་བར་མི་ལེན་ཏོ། །གཏི་མུག་ཉེ་བར་མི་ལེན་ཏོ། །དེ་བཞིན་དུ་ང་རྒྱལ་དང་། འཆབ་པ་དང་། ཕྲག་དོག་དང་།


DKG035_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

འཇུངས་པ་དང་། གཡོ་དང་། སྒྱུ་དང་། གནོད་པར་བྱ་བ་ཉེ་བར་མི་ལེན་ཏོ། །དེ་འདི་ལྟར་དྲན་པ་སྐྱེ་སྟེ། གང་ཅི་ཡང་རུང་སྟེ། སེམས་ཅན་རྣམས་རྣམ་པ་ངན་པ་དེ་ལྟ་བུ་ཉེ་བར་འཛིན་པ་ཐམས་ཅད་ནི་མ་རིག་པའི་དབང་ནས། གཡོ་དང་། སྒྱུ་དང་། གནོད་པར་བྱེད་པའི་དབང་གི་བར་གྱིས་བྱུང་བ་སྟེ། དེ་དག་གཅིག་ལ་གཅིག་བག་མི་བྱེད། རིམ་གྲོ་མི་བྱེད། བསྟི་སྟང་དུ་མི་བྱེད། ཕུ་དུད་དུ་མི་བྱེད་ཅིང་། བཙམ་པ་མེད་དེ། གྲོགས་པོར་མི་ཤེས་ཤིང་། གཅིག་ལ་གཅིག་ཉམ་ང་བ་དང་། གཅིག་ལ་གཅིག་གསོད་པ་དང་། གཅིག་ལ་གཅིག་དགྲར་ལེན་པ་འདི་ལྟ་བུའི་རྣམ་པ་ངན་པ་དེ་དག་ཉེ་བར་ལེན་ཏོ། །མངོན་པར་དགའོ། །མངོན་པར་ཞེན་ཏོ། །ཚོལ་ལོ། །ཀུན་ཏུ་ཚོལ་ལོ། །ཀུན་ཏུ་བཙལ་ནས་མངོན་པར་སྨོན་ཏོ། །འཇལ་ལོ། །ཀུན་ཏུ་འཇལ་ལོ། །དེ་ལྟར་ཡང་མིག་ཉམས་པ་དེ་དག་ལམ་གང་དང་གང་ནས་མངལ་གྱི་དྲི་མས་གོས་ཏེ་བྱུང་བ། དེ་ཉིད་དུ་འཁྲིག་པའི་ཆོས་ལ་སྟེན་ཏེ་མི་གཙང་བ་འབྱུང་བ་ནི་ཀུན་གྱིས་ཀྱང་ཤེས་སོ། །དེ་བས་ན་དེ་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལ་ཁྲེལ་མེད་པའི་དབང་དུ་གྱུར་ནས། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་བསླུ་བ་བྱེད་པ་འདི་ནི་མི་རིགས་ཀྱིས། ད་ནི་བདག་གིས་ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེ་བཞིན་ཉིད་ཀྱི་དོན་དུ་ཆོས་བསྟན་པར་འགྱུར་བ་དེ་ལྟར་བྱའོ་སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲེལ་ཡོད་པའི་གཏེར་ཏེ་བཞི་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་ཐོས་པ་དང་ལྡན་པ་ཡིན་ཏེ། འདི་ཡོད་ན་འདི་འབྱུང་ངོ་། །འདི་མེད་ན་འདི་མི་འབྱུང་ངོ་། །


DKG035_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བྱུང་བས་འདི་སྐྱེའོ། །འདི་འགགས་པས་འདི་འགག་གོ །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་ལུང་བསྟན་པའི་ཆོས་སོ། །འདི་དག་ནི་ལུང་མ་བསྟན་པའི་ཆོས་སོ། །དེ་ལ་ཅི་ཡོད་པས་གང་འབྱུང་བར་འགྱུར་ཞེ་ན། མ་རིག་པ་ཡོད་པས་འདུ་བྱེད་རྣམས་འབྱུང་ངོ་། །ཅི་མེད་པས་གང་མེད་པར་འགྱུར་ཞེ་ན། རྣམ་པར་ཤེས་པ་མེད་པས་མིང་དང་གཟུགས་མེད་པར་འགྱུར་རོ། །ཅི་སྐྱེས་པས་གང་སྐྱེས་པར་འགྱུར་ཞེ་ན། སྲེད་པ་སྐྱེས་པས་སྡུག་བསྔལ་སྐྱེའོ། །ཅི་འགགས་པས་གང་འགགས་པར་འགྱུར་ཞེ་ན། སྲིད་པ་འགགས་པས་སྐྱེ་བ་འགག་གོ །དེ་ལ་འཇིག་རྟེན་པའི་ཆོས་རྣམས་གང་ཞེ་ན། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྟེ། འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདུས་བྱས་ཀྱི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། སེམས་ཅན་གྱི་ཁམས་ཏེ། འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདུས་མ་བྱས་པའི་ཆོས་རྣམས་གང་ཞེ་ན། ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་། སོ་སོར་བརྟགས་ཏེ་འགོག་པ་དང་། སོ་སོར་མ་བརྟགས་པར་འགོག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཆོས་ཀྱི་གནས་ཉིད་དེ། འདི་དག་ནི་འདུས་མ་བྱས་པའི་ཆོས་སོ། །ལུང་བསྟན་པའི་ཆོས་རྣམས་གང་ཞེ་ན། འཕགས་པའི་བདེན་པ་བཞི་དང་། དགེ་སྦྱོང་


DKG035_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

གི་འབྲས་བུ་བཞི་དང་། ཐ་དད་པ་ཡང་དག་པར་ཤེས་པ་བཞི་དང་། མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་དག་ནི་ལུང་བསྟན་པའི་ཆོས་སོ། །ལུང་མ་བསྟན་པའི་ཆོས་རྣམས་གང་ཞེ་ན། འཇིག་རྟེན་མཐའ་ཡོད་པ་དང་། འཇིག་རྟེན་མཐའ་མེད་པ་དང་། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་ནི་ལུང་མ་བསྟན་པའོ། །འཇིག་རྟེན་རྟག་པ་དང་། འཇིག་རྟེན་མི་རྟག་པ་དང་། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ཞེས་བྱ་བ་འདི་ནི་ལུང་མ་བསྟན་པའོ། །དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཞེས་བྱ་བ་ནི་ལུང་མ་བསྟན་པའོ། །བདག་དང་སེམས་ཅན་རྣམས་ཡོད་པ་དང་། བདག་དང་སེམས་ཅན་རྣམས་མེད་པ་དང་། བདག་དང་སེམས་ཅན་རྣམས་ཡོད་པ་ཡང་ཡིན་ལ། མེད་པ་ཡང་ཡིན་པ་དང་། བདག་དང་སེམས་ཅན་རྣམས་ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན། ཞེས་བྱ་བ་འདི་ནི་ལུང་མ་བསྟན་པའོ། །སངས་རྒྱས་ཇི་སྙེད་ཅིག་ཡོངས་སུ་མྱ་ངན་ལས་འདས། རང་སངས་རྒྱས་ཇི་སྙེད་ཅིག་ཡོངས་སུ་མྱ་ངན་ལས་འདས། ཉན་ཐོས་ཇི་སྙེད་ཅིག་ཡོངས་སུ་མྱ་ངན་ལས་འདས། སངས་རྒྱས་ཇི་སྙེད་ཅིག་མ་བྱོན། རང་སངས་རྒྱས་ཇི་སྙེད་ཅིག་མ་བྱོན། ཉན་ཐོས་ཇི་སྙེད་ཅིག་མ་བྱོན། བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་སྐྱེ་བར་འགྱུར། སངས་རྒྱས་ཇི་སྙེད་ཅིག་བཞུགས། རང་སངས་རྒྱས་ཇི་སྙེད་ཅིག་བཞུགས། ཉན་ཐོས་ཇི་སྙེད་ཅིག་བཞུགས། བྱང་ཆུབ་


DKG035_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཇི་སྙེད་ཅིག་བཞུགས། སངས་རྒྱས་དག་པས་སུ་སྔ། རང་སངས་རྒྱས་དག་པས་སུ་སྔ། ཉན་ཐོས་དག་པས་སུ་སྔ། བྱང་ཆུབ་སེམས་དཔའ་དག་པས་སུ་སྔ། སངས་རྒྱས་དག་པས་སུ་འཕྱི། རང་སངས་རྒྱས་དག་པས་སུ་འཕྱི། ཉན་ཐོས་དག་པས་སུ་འཕྱི། སེམས་ཅན་དག་པས་སུ་འཕྱི། ཆོས་དག་པས་སུ་སྔ། འཇིག་རྟེན་གང་ནས་འོངས། འཇིག་རྟེན་གང་དུ་འགྲོ། འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་ཆགས་པར་འགྱུར། འཇིག་རྟེན་གྱི་ཁམས་ཇི་སྙེད་ཅིག་གནས་པ་ཡིན། འཇིག་རྟེན་གྱི་ཁམས་གང་ནས་འོངས། འཇིག་རྟེན་གྱི་ཁམས་གང་ཞིག་ཡོངས་སུ་ཟད་པར་འགྱུར། འཁོར་བའི་སྔོན་གྱི་མཐའ་ནི་གང་། འཁོར་བའི་ཕྱི་མའི་མཐའ་ནི་གང་ཞེས་བྱ་བ། འདི་ནི་ལུང་མ་བསྟན་པའོ། །དེ་འདི་ལྟར་དྲན་པ་སྐྱེ་སྟེ། སེམས་ཅན་གང་སུ་ཡང་རུང་སྟེ། ཀུན་ཏུ་རྒྱུག་པ་དང་། ཀུན་ཏུ་འཁོར་བ་ཐམས་ཅད་ནི་ཆོས་འདི་དག་མི་ཤེས་པའི་ཕྱིར་ཏེ། དེ་ལྟར་ཐོས་པ་དང་མི་ལྡན་པའི་སོ་སོའི་སྐྱེ་བོ་རྣམས་ཀུན་ཏུ་རྒྱུག་གོ །ཀུན་ཏུ་འཁོར་རོ། །དེ་བས་ན་དེ་ནི་བདག་གིས་ཅི་ནས་ཀྱང་བསམ་པ་ཐམས་ཅད་ཐོས་པའི་མཛོད་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། དེ་བཞིན་ཉིད་ཀྱི་དོན་དུ་ཆོས་བསྟན་པར་བྱའོ། །ཞེས་བྱ་བ་འདི་ནི། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་གཏེར་ཏེ་ལྔ་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་གཏོང་བ་དང་ལྡན་པ་ཡིན། ཡོངས་སུ་གཏོང་བ་དང་ལྡན་པ་ཡིན། ནང་གི་གཏོང་བ་དང་ལྡན་པ་ཡིན། ཕྱི་རོལ་གྱི་གཏོང་བ་དང་ལྡན་པ་ཡིན། ཕྱི་ནང་གི་གཏོང་བ་དང་ལྡན་པ་ཡིན། ཐམས་ཅད་གཏོང་བ་དང་ལྡན་པ་ཡིན། འདས་པ་གཏོང་བ་དང་ལྡན་པ་ཡིན། མ་འོངས་པ་གཏོང་བ་དང་ལྡན་པ་ཡིན། ད་ལྟར་


DKG035_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་གཏོང་བ་དང་ལྡན་པ་ཡིན། ཤིན་ཏུ་གཏོང་བ་དང་ལྡན་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཏོང་བ་དང་ལྡན་པ་ཡིན་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་ཏེ། དེ་རྟག་ཏུ་བགོ་བཤའ་བྱས་ཤིང་བདག་ཀྱང་ཤས་ཀྱིས་སྤྱོད་པ་ཡིན་ཏེ། བདག་བདེ་བར་བྱ་བ་དང་། བདག་ཡོངས་སུ་སྦྱང་བ་དང་། བདག་རིམ་གྲོར་བྱ་བའི་ཕྱིར། ཡོ་བྱད་ཇི་སྙེད་དུ་བསྩགས་པ་དེ་དག་ཐམས་ཅད་ཀྱང་བགོ་བཤའ་བྱས་ཤིང་སྤྱོད་ཀྱི། མ་བགོས་པར་ནི་མ་ཡིན་ནོ། །དེ་དག་སྤྱོད་པའི་ཚེ་ཡང་སེམས་འདི་སྙམ་དུ་བསྐྱེད་དེ། ལུས་འདི་ལ་སྲིན་བུའི་རིགས་རྣམ་པ་སྣ་ཚོགས་བརྒྱད་ཅུ་གནས་ཏེ། དེ་དག་ཀྱང་བདག་གི་ལུས་འདི་བདེ་བས་ནི་བདེ་བར་འགྱུར། བདག་གི་ལུས་འདི་སྡུག་བསྔལ་བས་ནི་སྡུག་བསྔལ་བར་འགྱུར་རོ། །ཞེས་དེ་གང་ཅི་ལ་སྤྱོད་པ་དེ་དག་ཐམས་ཅད་ཀྱང་མྱོང་བ་མེད་པའི་སེམས་ཀྱིས་དེ་དག་མི་འཆི་བ་དང་། དེ་དག་བདེ་བར་བྱ་བའི་ཕྱིར་གཏོང་ངོ་། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། ཡུན་རིང་པོ་ནས་ཟས་དང་ལུས་བདེ་བ་ལ་ཆགས་པར་གྱུར་གྱིས། ད་ནི་བདག་གིས་ལུས་ལ་ཆགས་པ་ལས་རྣམ་པར་འདའ་བར་བྱའོ། །ཞེས་བྱ་བ་འདི་ནི་གཏོང་བའོ། །བྱང་ཆུབ་སེམས་དཔའི་ཡོངས་སུ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལ། ཟས་སམ། སྐོམ་མམ། བཟའ་བའམ། བཅའ་བའམ། བལྡག་པའམ། བཏུང་བའམ། གཞིབ་པའམ། མྱང་བའམ། གོས་སམ། ཕྲེང་བའམ། བྱུག་པའམ། རྒྱན་ཏམ་ཅི་ཡང་རུང་སྟེ། གང་སྤྱད་ན་ནི་འཚོའི། མ་སྤྱད་ན་ནི་འཆི་བར་འགྱུར་བ་ཞིག་ཉེ་བར་གནས་པར་གྱུར་ལ། དེའི་ཚེ་སློང་བ་ཞིག་འོངས་ཏེ། དེ་ལ་ཅི་ནས་ཀྱང་ཟད་པར་འགྱུར་བ་དང་། ལྷག་མ་མེད་པར་བསླངས་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྔོན་གྱི་མཐའ་དེ་དག་དུ་བདག་བཀྲེས་


DKG035_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤི་བར་གྱུར་པ་འང་། དམིགས་པས་མི་སླེབས་ཏེ། སུ་ལ་ཡང་ཕན་པར་མ་གྱུར་ཏོ། །དེ་འདི་ལྟར་རིམ་པས་སྔོན་ཆད་མྱོང་བའི་ཆོས་ཅན་དང་། མཉམ་པ་ཉིད་ཀྱིས་དུས་བྱས་པར་གྱུར་ལ། སེམས་ཅན་དེ་དག་ཀྱང་བདེ་བར་འགྱུར་ན། བདག་གིས་འཐོབ་པར་བྱ་བ་ལེགས་པར་ཐོབ་པོ། །བདག་གིས་འདི་དག་ཀྱང་ཟད་ཀྱང་རུང་། འཆི་བའི་མཐར་ཡང་ཐུག་ཀྱང་རུང་སྟེ། སེམས་ཅན་རྣམས་འཚོ་བར་བྱའོ། །ཞེས་གཏོང་བ་འདི་ནི་ཡོངས་སུ་གཏོང་བའོ། །བྱང་ཆུབ་སེམས་དཔའི་ནང་གི་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དར་ཞིང་བཟང་པོར་གནས་པ། གཟུགས་མཛེས་པ། བལྟ་ན་སྡུག་པ། མདོག་རྒྱས་པ། གྱ་ནོམ་པ་དང་ལྡན་པ། ཁྲུས་དང་བྱུག་པ་ལེགས་པར་བྱས་པ། ཕྲེང་བ་དང་རྒྱན་ལེགས་པར་བཏགས་པ། གོས་སར་པ་མ་བབས་པ་བགོས་པ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་རྒྱལ་པོར་དབང་བསྐུར་བས་དབང་བསྐུར་བ་རིན་པོ་ཆེ་བདུན་དང་ལྡན་པ། དེ་ལྟ་བུའི་དྲུང་དུ་སློང་བ་དག་ཅིག་འོངས་ཏེ། འདི་སྐད་དུ་བདག་ཅག་ནི་ནད་ཀྱིས་གཟེར་ཏོ། །རྒས་སོ་འཁོགས་སོ། །སྡུག་བསྔལ་གྱིས་མནར་ཏོ། །ནད་ཚབས་ཆེའོ། །ནད་གཡོག་མེད་དོ། །འཆི་ལ་ཐུག་གོ །གལ་ཏེ་ཁྱོད་ཀྱི་ལུས་ལས་ལག་པ་འམ། རྐང་པ་འམ། ཤ་འམ། ཁྲག་གམ། མགོ་འམ་གླད་པ་འམ། རུས་པའམ། རྐང་ངམ། སུ་ལ་ཅི་དགོས་པ་དེ་དག་ཁྱེར་ཅིག །ཅེས་རྒྱལ་པོ་ལ་ཐག་ཐོགས་མེད་པར་རང་གི་ལུས་བདག་ཅག་བྱིན་ན། ལུས་འདིས་བདག་ཅག་ནད་འདི་ལས་ལྡང་བར་འགྱུར་རོ། །ཞེས་ཟེར་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ལུས་འདི་ལྟ་ཞིག་ཆོས་ཀྱིས་དེ་འདྲ་བར་འགྱུར་ཡང་སུ་ལ་ཡང་ཕན་པར་མ་གྱུར་གྱིས། ད་ནི་དེ་ལྟ་བུའི་ཆོས་ཅན་གྱི་ལུས་འདིས་སེམས་ཅན་འདི་དག་བདེ་བར་འགྱུར་བར་བྱའོ། །ཞེས་ནས། དེ་ལ་སེམས་བསྐྱེད་པ་འགའ་ཙམ་ཡང་འགྱོད་པར་འགྱུར་བ་


DKG035_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་འདི་ནི་ནང་གི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕྱི་རོལ་གྱི་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཞུང་དེ་བཞིན་དུ་རྒྱ་ཆེར་དབང་བསྐུར་བ་དང་། འཁོར་ལོས་སྒྱུར་བའི་སྲིད་ལ་གནས་པ། གླིང་བཞི་ལ་དབང་བ། རིན་པོ་ཆེ་བདུན་དང་བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པ། ཐོག་མར་མངོན་པར་དབང་བསྐུར་བ། དེ་ལྟ་བུའི་དྲུང་དུ་སློང་བ་དག་ཅིག་ལྷགས་ཏེ། འདི་སྐད་དུ་བདག་ཅག་ནི་བཀྲེན་ནོ། །དབུལ་ལོ། །ཤིན་ཏུ་སྡུག་བསྔལ་ལོ། །ནོར་དང་མི་ལྡན་ནོ། །ཁྱོད་ནི་བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་ན། བྱམ་བུ་གླིང་བཞིའི་འཁོར་ལོས་སྒྱུར་བའི་སྲིད་བདག་ཅག་ལ་བྱིན་ཏེ། ཕྱིས་འདི་ལ་དབང་མི་སྒྱུར་བར་བྱས་ན། དེས་ནི་བདག་ཅག་བདེ་བར་འགྱུར་རོ། །ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ནི་ཟད་པའི་མཐར་འགྱུར་ཏེ་དེའི་ཚེ་ནི་སུའི་བསམ་པ་ཡང་ཡོངས་སུ་མགུ་བར་བྱས་པར་མི་ནུས་ཀྱིས། བདག་གིས་ད་ནི་འཕྲལ་དུ་སེམས་ཅན་འདི་དག་གི་བསམ་པ་ཡོངས་སུ་ཚིམ་པར་བྱའོ། །ཞེས་ནས་དེའི་རྒྱུས་སེམས་བསྐྱེད་པ་འགའ་ཙམ་ཡང་འགྱོད་པར་འགྱུར་བ་མེད་པར་གཏོང་བ་འདི་ནི་ཕྱི་རོལ་གྱི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕྱི་ནང་གི་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་སྲིད་ལ་དེ་ལྟར་དབང་བསྐུར་བ། བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པ། བསྩགས་པར་བྱ་བ་རྣམ་པར་བསྩགས་པ། དེ་ལྟ་བུའི་དྲུང་དུ་སློང་བ་དག་ཅིག་འོངས་ནས། འདི་སྐད་དུ་ཁྱོད་ཀྱིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྔོན་ཆད་ཀྱང་མྱོང་། བདག་ཅག་ནི་དགེ་བ་མ་མྱོང་བ་ཡིན་ན། བྱམ་བུ་འཁོར་ལོ་སྒྱུར་བའི་སྲིད་བདག་ཅག་བྱིན་ལ་ཁྱོད་ཀྱིས་བདག་ཅག་རིམ་གྲོར་བྱ་བ་དང་། བསྙེན་བཀུར་བར་གྱིས་ཤིག་ཅེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་ཀྱི་ཆོས་ཉིད་དང་།


DKG035_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཀྱི་ཆོས་ཉིད་དེ་དག་ཐམས་ཅད་ཀྱང་། ཐ་མར་མེད་པར་འགྱུར་བ་སྟེ། ལུས་ཀྱང་རྗེས་སུ་འབྲང་བར་གནས་ལ་སྲིད་ཀྱང་ཆེ་ཞིང་སློང་བ་རྣམས་ཀྱང་མངོན་དུ་གྱུར་པ་འདིའི་ཚེ། སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱའོ་ཞེས་ནས། དེའི་རྒྱུས་སེམས་བསྐྱེད་པ་འགའ་ཙམ་ཡང་འགྱོད་པར་འགྱུར་བ་མེད་པར་རིམ་གྲོ་བྱེད་ཅིང་གཏོང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཕྱི་ནང་གི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་དེ་ལྟར་དབང་བསྐུར་ཞིང་། བདེ་བ་ཐམས་ཅད་དང་ལྡན་པ་དེ་ལྟ་བུའི་དྲུང་དུ་སློང་བ་དག་ཅིག་ལྷགས་ཏེ། འདི་སྐད་དུ་བདག་ཅག་ནི་ཁྱོད་ཀྱི་ལེགས་པ་དང་ཡོན་ཏན་སྙན་པ་ཐོས་ནས། གྲོང་དང་གྲོང་ཁྱེར་དང་། ལྗོངས་དང་ཁམས་དང་རྒྱལ་པོའི་གནས་དུ་མ་ནས། ཁྱོད་ནི་གདོན་མི་ཟ་བར་བདག་ཅག་གི་བསམ་པ་ཡོངས་སུ་ཚིམ་པར་བྱེད་པར་འགྱུར་སྙམ་སྟེ། འདིར་ཕྱིན་ན་བྱམ་བུ་ཁྱོད་ཀྱིས་བདག་ཅག་གི་བསམ་པ་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་ནས། ལ་ལ་ནི་བདག་ཅག་ལ་རིན་པོ་ཆེ་བདུན་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་གླིང་བཞི་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་བུ་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་མིག་གཉིས་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་ལག་པ་གཉིས་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་རྐང་པ་གཉིས་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་ཤ་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་ཁྲག་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་མགོ་དགོས་སོ་ཞེས་ཟེར། ལ་ལ་ནི་བདག་ཅག་ལ་རྒྱལ་པོའི་སྙིང་དགོས་སོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སྡུག་པ་དང་ཡིད་དུ་འོང་བ་ཐམས་ཅད་དང་བྲལ་ཞིང་བྱེ་བར་ཡང་འགྱུར་ཏེ།


DKG035_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གང་གི་བསམ་པ་ཡོངས་སུ་ཚིམ་པར་མ་གྱུར་གྱིས། ད་ནི་བདག་གི་ལུས་འབྲལ་བར་འགྱུར་བའི་ཆོས་ཅན་འདིས་སེམས་ཅན་དེ་དག་གི་ཆགས་སེམས་རྩེ་ཞིལ་བར་བྱ་བའི་ཕྱིར། བསམ་པ་ཡོངས་སུ་ཚིམ་པར་བྱའོ། བཅོས་པ་དང་ལྡན་པའི་ཆོས་ཀྱི་གནས་སུ་ནི་སེམས་བསྐྱེད་པར་མི་བྱའོ། །ཞེས་ནས། དེ་དག་ཐམས་ཅད་བཏང་ཡང་དེའི་ཕྱིར་དེ་ལ་སེམས་བསྐྱེད་པ་གཅིག་ཙམ་ཡང་འགྱོད་པར་འགྱུར་བ་མེད་དེ། སེམས་ཅན་གང་ལ་ཡང་། རིམ་གྲོ་མེད་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་གཏོང་བའོ།། །།སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་བརྒྱད་པ། དེ་ལ་བྱང་ཆུབ་སེམས་དཔའ་འདས་པ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས། འདས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོས་པ་དང་། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཉན་ཅིང་ཐོས་ནས། དེ་དག་ཐམས་ཅད་ལ་ཆགས་པར་མི་བྱེད། འབྲལ་བར་མི་བྱེད། དམིགས་སུ་མེད་པས་རབ་ཏུ་འཇུག་སྟེ། རྟོག་པར་མི་བྱེད་དེ། རྣམ་པར་རྟོག་པར་མི་བྱེད། ཡོངས་སུ་རྟོག་པར་མི་བྱེད། སྨོན་པར་མི་བྱེད། ཆགས་པར་མི་བྱེད། ཞེན་པར་མི་བྱེད། རྟེན་པའི་སེམས་ཀྱིས་གནས་པར་མི་བྱེད། རྨི་ལམ་གྱི་ཆོས་དེ་ལྟ་བུ་ཐོབ་པར་བྱེད་ཀྱང་། དགེ་བའི་རྩ་བ་དེ་དག་ལ་སྙིང་པོ་མེད་པའི་འདུ་ཤེས་མི་བསྐྱེད་དོ། །དགེ་བའི་རྩ་བ་དེ་དག་ལ་རྟེན་པའི་འདུ་ཤེས་སུ་མི་བྱེད་དོ། །འོན་ཀྱང་རྟེན་པའི་སེམས་ཅན་རྣམས་གཟུད་པ་དང་། སངས་རྒྱས་ཀྱི་ཆོས་ཀྱང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྗོད་དོ། །འཆད་དོ། །སྟོན་ཏོ། །འདས་པའི་ཆོས་ཉིད་ལ་བརྟགས་ན་ཤར་ཕྱོགས་སུ་རྗེས་སུ་མི་མཐོང་ངོ་། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་


DKG035_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྗེས་སུ་མི་མཐོང་ངོ་། །བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་སུ་རྗེས་སུ་མི་མཐོང་སྟེ། དེ་འདི་སྙམ་དུ་གང་ཅི་ཡང་རུང་མ་བཏང་བ་དེ་ནི་བཏང་བའོ་སྙམ་དུ་སེམས་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་འདས་པ་གཏོང་བའོ། །དེ་ལ་བྱང་ཆུབ་སེམས་དཔའི་མ་འོངས་པ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་རྣམས་ཀྱི་སྤྱོད་པ་ཉན་ན། མཚན་མའི་ཚུལ་དང་། དངོས་པོར་འཛིན་པས་མི་འཛིན་ཏེ། འཇིག་རྟེན་གྱི་ཁམས་གཞན་ལ་བརྩོན་པར་མི་བྱེད་པ་ཡིན། ཚོལ་བ་མི་མངའ་བ་ཡིན། འདོད་ཆགས་པའི་སེམས་ཀྱིས་མི་སྨོན་པ་ཡིན། དེ་ལ་སེམས་མི་སྡུད་པ་ཡིན་ཏེ། མྱོང་བར་མི་བྱེད་དོ། །སྨོན་པར་མི་བྱེད་དོ། །དེ་དག་ཏུ་དགེ་བའི་རྩ་བ་རྣམས་མི་གཏོང་ངོ་། །དེ་དག་ཏུ་དགེ་བའི་རྩ་བ་རྣམས་འཇུག་པར་མི་བྱེད་དེ། སྤྱོད་པ་ཡང་རྒྱུན་གཅོད་པར་མི་བྱེད་དོ། །འོན་ཀྱང་དམིགས་པ་དེས་སངས་རྒྱས་ཀྱི་ཆོས་སུ་འགྲུབ་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ཀྱི་བསམ་པ་དང་། ཚོགས་སྡུད་པ་བྱེད་ཅིང་ཆོས་ཉིད་ཀྱང་རབ་ཏུ་སྡུད་དོ། །ཆོས་དེ་ནི་ཡུལ་ན་ཡང་མི་གནས། ཕྱོགས་ན་ཡང་མི་གནས། ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། རྒྱང་རིང་པོ་ན་འང་མ་ཡིན་ནོ། །དྲུང་ན་འང་མ་ཡིན་ནོ་ཞེས་དེ་འདི་སྙམ་དུ་སེམས་ཏེ། གང་དུ་ཡང་ནམ་ཡང་སྤྱད་པ་མེད་པར་བྱའོ། །སྙམ་པ་འདི་ནི་མ་འོངས་པ་གཏོང་བའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ད་ལྟར་བྱུང་བའི་གཏོང་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་


DKG035_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་པ་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། འོད་ཆུང་དང་། ཚད་མེད་སྣང་བ་དང་། ཤིན་ཏུ་སྣང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ནས། ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་དག་ཀྱང་ཉན་ཏེ། དེས་དེ་དག་ཐོས་ནས་ཀྱང་རྨོངས་པར་མི་འགྱུར། ཤིན་ཏུ་རྨོངས་པར་མི་འགྱུར། རབ་ཏུ་རྨོངས་པར་མྱི་འགྱུར། ཞུམ་པར་མི་འགྱུར། ཀུན་ནས་ཞུམ་པར་མི་འགྱུར། རྣམ་པར་ཞུམ་པར་མི་འགྱུར། ཤིན་ཏུ་ཞུམ་པར་མི་འགྱུར། དམའ་བར་མི་འགྱུར་ཏེ། འདི་ལྟར་དེ་ནི་ཤེས་པས་འདུ་བྱེད་དུ་གཏོགས་པ་ཐམས་ཅད་རྨི་ལམ་ལྟ་བུར་མངོན་དུ་བྱེད་དོ། །དེ་འདི་སྙམ་དུ་གང་སྦྱིན་པར་བྱ་བ་འདི་ནི་སུའི་ཡང་མ་ཡིན་ནོ་སྙམ་སྟེ། ངན་སོང་གི་ལམ་ཉེ་བར་གནས་པ་བཟློག་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པའི་ཕྱིར་ཆོས་སྟོན་ཀྱང་། བྱང་ཆུབ་སེམས་དཔའི་ལམ་མངོན་དུ་གྱུར་པའི་ཕྱིར་དེ་ལ་སེམས་རྒྱུ་བ་མེད་དེ། འདི་ནི་ད་ལྟར་བྱུང་བའི་གཏོང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤིན་ཏུ་གཏོང་བ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་མིག་དང་མི་ལྡན་པ་དང་། རྣ་བ་དང་མི་ལྡན་པ་དང་། སྣ་དང་མི་ལྡན་པ་དང་། ལྕེ་དང་མི་ལྡན་པ་དང་། ལུས་དང་མི་ལྡན་པ་གྲངས་མེད་པ་ཞིག་གིས་འདི་སྐད་དུ་བདག་ཅག་ལ་ཅི་མེད་པ་དེ་ཁྱོད་ཀྱིས་བྱིན་ལ། ངེད་མི་ལྡན་པ་མེད་པར་གྱིས་ཤིག །ཁྱོད་ནི་བསྐལ་པ་གྲངས་མེད་པར་མི་ལྡན་པར་འདུག་ཅིག་ཅེས་ཟེར་ན། བྱང་ཆུབ་སེམས་དཔའ་ནི་དེ་ཐོས་མ་ཐག་ཏུ་སེམས་ཅན་དེ་དག་མི་ལྡན་པ་མེད་


DKG035_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒྲུབ་སྟེ། བསྐལ་པ་གྲངས་མེད་པར་དབང་པོ་དང་མི་ལྡན་པ་དེ་ཡང་ཉམས་སུ་ལེན་ཏོ། །དེ་མའི་ལྟོ་ན་འདུག་པའི་ཚེ་ཇི་ལྟ་བུར་སྤྱོད་པ་དང་། མེར་མེར་པོར་འདུག་པ་ཇི་ལྟ་བུ་ཡིན་པ་དང་རྡོས་པར་གྱུར་པ་ཇི་ལྟ་བུ་ཡིན་པ་དང་། འཁྲེགས་པར་གྱུར་པ་ཇི་ལྟ་བུ་ཡིན་པ་དང་། དབང་པོ་གྲུབ་པ་ཇི་ལྟ་བུ་ཡིན་པ་དང་། སྐྱེས་པ་ཇི་ལྟ་བུ་ཡིན་པ་དང་། རྒས་པ་ཇི་ལྟ་བུ་ཡིན་པ་དང་། ན་བ་ཇི་ལྟ་བུ་ཡིན་པ་དང་། ཤི་བ་ཇི་ལྟ་བུ་ཡིན་པ་དང་། ལུས་ཀྱི་རང་བཞིན་ཐོག་མ་དང་། བར་མ་དང་། ཐ་མ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རབ་ཏུ་ཤེས་སོ། །ངོམ་དུ་མི་རུང་བ་དང་། ངོ་ཚ་སྐྱེ་བ་འཕགས་པ་མ་ཡིན་པ། དྲི་མི་ཞིམ་པ། རྗེན་པའི་དྲི་ཅན་རོར་འགྱུར་བ། རུས་པ་སྩོགས་པ་ཤ་དང་ཁྲག་གིས་གཡོགས་པ། རྨ་དགུ་ནས་རྟག་ཏུ་ཟག་པའོ། །ཞེས་དེ་ནི་སེམས་བསྐྱེད་པ་གཅིག་ཙམ་གྱིས་ཀྱང་། དེ་དོན་དུ་གཉེར་བར་མི་སེམས་ཏེ། སེམས་བསྐྱེད་པ་གཅིག་གིས་ཀྱང་ཆགས་པ་མི་བསྐྱེད་དོ། །དེ་ཤིན་ཏུ་གཏོང་བ་དེས་འཛིན་པ་མེད་པའི་ཡིད་དང་ལྡན་པ་ཡིན་ཏེ། ལུས་འདི་ནི་དེ་ལྟར་སྙིང་པོ་མེད་པ་ཡིན་ན། བདག་གིས་ལུས་འདི་སྙིང་པོ་མེད་པར་མཐོང་བ་བཞིན་དུ་ལུས་ལ་ཆགས་པ་ཇི་ལྟར་བྱ། སེམས་ཅན་འདི་དག་གི་བསམ་པ་དེ་བཞིན་དུ་ཡོངས་སུ་ཚིམ་པར་བྱའོ། །ལུས་སྙིང་པོ་མེད་པ་འདིས་འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱའོ། །འགྲོ་བ་ཐམས་ཅད་ཀྱིས་ཀྱང་ཤེས་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་གང་ཡང་རུང་བ་ལ་ཡང་མི་གནས་པའི་ཚུལ་གྱིས་གཞག་པར་བྱའོ་ཞེས་ནས་ལུས་ཀྱི་འདུ་ཤེས་ཀྱང་མེད། སེམས་ཀྱི་འདུ་ཤེས་ཀྱང་མེད་དེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་གཏོང་བའི་གཏེར་ཏེ་དྲུག་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་གཏེར་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཟུགས་རབ་ཏུ་ཤེས་སོ། །


DKG035_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །གཟུགས་ཀྱི་འགོག་པ་རབ་ཏུ་ཤེས་སོ། །གཟུགས་འགོག་པར་འགྲོ་བའི་ལམ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པའི་ཀུན་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མ་རིག་པ་རབ་ཏུ་ཤེས་སོ། །མ་རིག་པ་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །མ་རིག་པ་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མ་རིག་པ་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་རབ་ཏུ་ཤེས་སོ། །སྲེད་པ་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །སྲེད་པ་འགོག་པ་རབ་ཏུ་ཤེས་སོ། །སྲེད་པ་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉན་ཐོས་རབ་ཏུ་ཤེས་སོ། །ཉན་ཐོས་ཀྱི་ཆོས་རབ་ཏུ་ཤེས་སོ། །ཉན་ཐོས་ཀྱི་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །ཉན་ཐོས་ཀྱི་མྱ་ངན་ལས་འདའ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རང་སངས་རྒྱས་རབ་ཏུ་ཤེས་སོ། །རང་སངས་རྒྱས་ཀྱི་ཆོས་རབ་ཏུ་ཤེས་སོ། །རང་སངས་རྒྱས་ཀྱི་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའི་ཀུན་འབྱུང་བ་རབ་ཏུ་ཤེས་སོ། ། བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟར་ཤེས་ཤེ་ན་ལས་དང་ལས་ཀྱི་རྣམ་པར་སྨིན་པ་དང་། བྱ་བ་དང་། མངོན་པར་འདུ་བྱེད་པ་དང་།


DKG035_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བ་དང་། གསོག་དང་། སྙིང་པོ་མེད་པ་དང་། བདག་མེད་པར་རབ་ཏུ་ཤེས་ཏེ། ཆོས་གང་ཡང་སྙིང་པོ་ཅན་དུ་ཤེས་པ་མེད་དོ། །ཆོས་གང་ལ་ཡང་རང་བཞིན་དུ་འདོགས་པ་མེད་དེ། ངོ་བོ་ཉིད་མཐས་གཏུགས་པ་ཐམས་ཅད་རབ་ཏུ་ཤེས་སོ། །སེམས་ཅན་རྣམས་ལ་ཡང་དེ་བཞིན་ཉིད་ཀྱི་དོན་དུ་ཆོས་སྟོན་ཏེ་དེ་ཅི་སྟོན་ཅེ་ན། འཇིག་པ་མེད་པའི་ཕྱིར་ཆོས་སྟོན་ཏེ། གང་འཇིག་པ་མེད་པའི་ཕྱིར་ཞེ་ན། གཟུགས་འཇིག་པ་མེད་པའི་ཕྱིར། ཚོར་བ་འཇིག་པ་མེད་པའི་ཕྱིར། འདུ་ཤེས་འཇིག་པ་མེད་པའི་ཕྱིར། འདུ་བྱེད་འཇིག་པ་མེད་པའི་ཕྱིར། རྣམ་པར་ཤེས་པ་འཇིག་པ་མེད་པའི་ཕྱིར་ཆོས་སྟོན་ཏོ། །མ་རིག་པ་འཇིག་པ་མེད་པའི་ཕྱིར། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་འཇིག་པ་མེད་པའི་ཕྱིར་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་མ་སྐྱེས་པ། འདུ་མ་བྱས་པ། བྱེད་པ་པོ་མེད་པ། རྩོད་པ་མེད་པ། གནས་མེད་པ། མ་སྐྱེས་པ། མི་འབྱུང་བ། མ་བླངས་པ་ཉེ་བར་མ་བླངས་པ། བྱེད་པ་མེད་པ་སྟེ། དེ་ཤེས་རབ་ཀྱི་གཏེར་དེ་ལྟ་བུ་དང་ལྡན་པས་ལས་གྲོན་ཆུང་ངུས་ཆོས་ཐམས་ཅད་ལ་མཁས་པ། གཞན་གྱི་དྲིང་མི་འཇོག་པ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤེས་རབ་ཀྱི་གཏེར་དེ་ཡང་མི་ཟད་པ་ཡིན་ཏེ། དེ་ཡང་ཤིན་ཏུ་བསྟན་པ་བཅུས་མི་ཟད་པ་ཡིན་ནོ། །བཅུ་གང་ཞེ་ན། ཐོས་པ་ལ་མཁས་པས་མི་ཟད་དོ། །དགེ་བའི་བཤེས་གཉེན་ལ་བསྙེན་པས་མི་ཟད་དོ། །ཚིག་རབ་ཏུ་དབྱེ་བ་ལ་མཁས་པས་མི་ཟད་དོ། །ཆོས་ཀྱི་དབྱིངས་ལ་འཇུག་པ་མངོན་པར་བསྒྲུབས་པས་མི་ཟད་དོ། །རྒྱན་གཅིག་པའི་ཡེ་ཤེས་ཀྱི་རྗེས་སུ་ཞུགས་པས་མི་ཟད་དོ། །བསོད་ནམས་ཐམས་ཅད་ཤིན་ཏུ་བསྩགས་པས་མི་ཟད་དོ། །སྐྱོ་བ་མེད་པར་མངོན་པར་བསྒྲུབས་པས་མི་ཟད་དོ། །གཟུངས་ཐམས་ཅད་ཀྱི་


DKG035_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་ཞུགས་པས་མི་ཟད་དོ། །སེམས་ཅན་ཐམས་ཅད་ཀྱི་སྐད་དང་སྒྲ་དང་བརྗོད་པ་སྣ་ཚོགས་ཀྱི་ཕྱིར་མི་ཟད་དོ། །འགྲོ་བ་ཐམས་ཅད་ཀྱི་ཡིད་གཉིས་དང་། ནེམ་ནུར་དང་ཐེ་ཙོམ་ཡང་དག་པར་གཅོད་པའི་ཕྱིར་མི་ཟད་དོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་བསྟན་པས། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་དང་། ཡོངས་སུ་སྨྱིན་པར་བྱ་བ་དང་། གདུལ་བའི་སྤྱོད་པ་ཤིན་ཏུ་རྟོགས་པའི་ཕྱིར་མི་ཟད་དེ། མི་ཟད་པ་ཤིན་ཏུ་བསྟན་པ་བཅུ་པོ་དེ་དག་གིས་ཤེས་རབ་ཀྱི་གཏེར་ཏེ་མི་ཟད་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་གཏེར་ཡིན་ཏེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་དང་ཡེ་ཤེས་བླ་ན་མེད་པ་རྣམ་པར་འཚང་རྒྱའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་དྲན་པ་དང་ལྡན་པ་ཡིན་ཏེ། དེ་ཡང་རྒྱུད་རྨོངས་པ་མེད་པའི་དྲན་པས་སྔོན་གྱི་གནས་རྗེས་སུ་དྲན་ཏེ། འདི་ལྟར་ཚེ་གཅིག་ཀྱང་རྗེས་སུ་དྲན་ནོ། །ཚེ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། ཚེ་བརྒྱ་དང་སྟོང་དང་། ཚེ་བརྒྱ་ཕྲག་དུ་མ་དང་། ཚེ་སྟོང་ཕྲག་དུ་མ་དང་། ཚེ་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པའམ། འདུ་བའི་བསྐལ་པའམ། འཇིག་པ་དང་འདུ་བའི་བསྐལ་པའམ། འཇིག་པའི་བསྐལ་པ་དུ་མ་དང་། འདུ་བའི་བསྐལ་པ་དུ་མ་དང་། འདུ་བ་དང་། འཇིག་པའི་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་བརྒྱ་སྟོང་དང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མྱེད་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། ཀུན་ཏུ་མཐའ་ཡས་པ། མུ་མེད་པ། ས་མཚམས་མེད་པ། གཞལ་དུ་མེད་པ། བརྗོད་དུ་མེད་པ། གཉིས་


DKG035_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གསུམ་དང་། བཞི་དང་། ལྔ་དང་། གཞུང་དེ་བཞིན་དུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། སངས་རྒྱས་སྐྱེ་བར་ལུང་བསྟན་པ་ཤིན་ཏུ་བརྗོད་པ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས། སངས་རྒྱས་སྐྱེ་བར་ལུང་བསྟན་པ་ཤིན་ཏུ་བརྗོད་དུ་མེད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། སངས་རྒྱས་སྐྱེ་བ་གཅིག་བསྟན་ཏེ། དེ་དང་མཚམས་སྦྱོར་བའི་ལུང་བསྟན་པ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས། སངས་རྒྱས་སྐྱེ་བ་ཤིན་ཏུ་བསྟན་ཏེ། དེ་དང་མཚམས་སྦྱོར་བ་ལུང་བསྟན་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། མདོ་སྡེ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། འདི་ལྟར་འདས་པའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། ཆོས་རྨད་དུ་བྱུང་བ་བསྟན་པའི་སྡེ་དང་། མན་ངག་བསྟན་པའི་སྡེ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། འཁོར་འདུས་པ་གཅིག་དང་། ཆོས་ཀྱི་མཚམས་སྦྱར་བ་གཅིག་ནས། ཆོས་ཀྱི་མཚམས་སྦྱར་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། དབང་པོ་སྣ་ཚོགས་གཅིག་ནས་དབང་པོ་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། དབང་པོ་རྣམ་པ་ཐ་དད་པ་སྣ་ཚོགས་གཅིག་ནས། དབང་པོ་རྣམ་པ་ཐ་དད་པ་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། ཉོན་མོངས་པ་སྣ་ཚོགས་གཅིག་ནས་ཉོན་མོངས་པ་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། ཏིང་ངེ་འཛིན་སྣ་ཚོགས་གཅིག་ནས། ཏིང་ངེ་འཛིན་སྣ་ཚོགས་བརྗོད་དུ་མེད་


DKG035_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡང་བརྗོད་དུ་མེད་པའི་བར་དག་ཀྱང་དྲན་པ་དག་པ། དང་བ་རྙོག་པ་མེད་པ་དང་། རྣམ་པར་གསལ་བ་རྡུལ་མེད་པ། རྡུལ་དང་བྲལ་བ། དྲི་མ་མེད་པ། འོད་གསལ་བ། སང་སང་པོ། བསྒྲིབས་པ་མེད་པས་རྗེས་སུ་དྲན་ནོ། །བྱང་ཆུབ་སེམས་དཔའི་དྲན་པ་དེ་ནི་འཇིག་རྟེན་གྱི་འཁྲུག་པས་མི་འཕྲོགས་པ་ཡིན། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཉེ་བར་ཉོན་མོངས་པར་མི་ནུས་པ་ཡིན། སྔོན་གྱི་དགེ་བའི་རྩ་བས་ཤིན་ཏུ་སྦྱངས་པ་ཡིན། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ཡིན། བདུད་དང་མུ་སྟེགས་ཅན་དམིགས་པ་ལ་གནས་པ་གཞན་གྱིས་མི་ཆོད་པ་ཡིན། ཚེ་རབས་ཀུན་ཏུ་འཕོ་བའི་ལུས་ཤིན་ཏུ་བསྟན་པ་ཐམས་ཅད་ཀྱིས་བརྗོད་པར་མི་ནུས་པ་ཡིན། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་མཐས་རྣམ་པར་མི་ཆོད་པ་ཡིན། འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་དང་། གནས་པ་ཐམས་ཅད་ཀྱིས་སྐྱོན་དུ་མ་གྱུར་པ་ཡིན། སངས་རྒྱས་སྐྱེས་པའི་འཁོར་གྱི་དཀྱིལ་འཁོར་དུ་འཇུག་པ་ཤིན་ཏུ་བསྟན་པ་ཐམས་ཅད་ཀྱིས་ཐོགས་པ་མེད་པ་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་གཏེར་ཏེ་བརྒྱད་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་རྟོགས་པ་དང་ལྡན་པ་ཡིན་ཏེ། དེ་ཡང་ཡི་གེ་དེ་བཞིན་གཞན་མ་ཡིན་པས། མདོའི་ཚུལ་གྱི་ཆོས་སྟོན་ཏོ། །དེ་ནི་ཚེའི་རྒྱུད་གཅིག་པ་ཡང་ཡོངས་སུ་འཛིན་ཏོ། །ཚེའི་རྒྱུད་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་མཚན་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་མཚན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །བསྐལ་པ་གྲངས་མེད་


DKG035_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟན་པ་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །བསྐལ་པ་གྲངས་མེད་པ་བསྟན་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །དེ་བཞིན་གཤེགས་པར་ལུང་བསྟན་པ་བརྗོད་པ་གཅིག་ཀྱང་ཡོངས་སུ་འཛིན་ནོ། །དེ་བཞིན་གཤེགས་པར་ལུང་བསྟན་པར་བརྗོད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །མདོ་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །མདོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །འདུས་པ་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །འདུས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །ཆོས་ཀྱི་མཚམས་སྦྱར་བ་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །ཆོས་ཀྱི་མཚམས་སྦྱར་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །དབང་པོ་རྣམ་པ་ཐ་དད་པ་སྣ་ཚོགས་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །དབང་པོ་རྣམ་པ་ཐ་དད་པ་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །ཉོན་མོངས་པ་སྣ་ཚོགས་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །ཉོན་མོངས་པ་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །ཏིང་ངེ་འཛིན་སྣ་ཚོགས་གཅིག་ཀྱང་ཡོངས་སུ་འཛིན་ཏོ། །ཏིང་ངེ་འཛིན་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཡང་ཡོངས་སུ་འཛིན་ཏོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྟོགས་པའི་གཏེར་ཏེ་མི་ཟད་པ། ཀུན་ཏུ་མཐའ་ཡས་པ་དགང་དཀའ་བ། གཏིང་རྙེད་པར་དཀའ་བ། བསྒྲུབ་པར་དཀའ་བ། མི་འཕྲོག་པ། ཐུབ་པ་མེད་པ། བདག་ཉིད་ཆེ་བའི་སངས་རྒྱས་ཀྱི་ཡུལ་གྱི་རྗེས་སུ་སོང་བ་སྟེ། འདི་ནི་གཏེར་དགུ་པའོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བློ་གྲོས་ཀྱི་གཏེར་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །


DKG035_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྟོགས་པར་བྱེད་པའི་རྟོགས་པ་དང་ལྡན་ཞིང་བློ་གྲོས་དང་ལྡན་པ་ཡིན་ཏེ། མདོ་སྡེ་ཐམས་ཅད་དང་མི་འགལ་བས་དེ་ཆོས་སྟོན་པའི་ཚེ། དངོས་པོ་ཡོངས་སུ་ལྡོག་པ་གཅིག་ཀྱང་བརྩམས་ཏེ། ཆོས་སྟོན་པ་ནས་དངོས་པོ་ཡོངས་སུ་ལྡོག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་མཚན་གཅིག་ནས་ཚུལ་དེ་བཞིན་དུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དང་། འཇིག་རྟེན་གྱི་ཁམས་གཅིག་དང་། སངས་རྒྱས་སུ་ལུང་བསྟན་པ་གཅིག་དང་། མདོ་གཅིག་དང་། འཁོར་འདུས་པ་གཅིག་དང་། ཆོས་ཀྱི་མཚམས་སྦྱར་བ་གཅིག་དང་། དབང་པོ་རྣམ་པ་ཐ་དད་པ་སྣ་ཚོགས་གཅིག་དང་། ཉོན་མོངས་པ་སྣ་ཚོགས་གཅིག་དང་། ཏིང་ངེ་འཛིན་སྣ་ཚོགས་གཅིག་ཀྱང་བརྩམས་ཏེ། ཆོས་སྟོན་པ་ནས་ཏིང་ངེ་འཛིན་སྣ་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་བརྩམས་ཏེ་ཆོས་སྟོན་ཏོ། །ཉི་མ་གཅིག་ཀྱང་ཟད་པར་བྱེད་ཅིང་ཆོས་སྟོན་པ་ནས། ཟླ་བ་ཕྱེད་དང་། ཟླ་བ་གཅིག་དང་། ལོ་གཅིག་དང་། ལོ་བརྒྱ་དང་། ལོ་སྟོང་དང་། ལོ་བརྒྱ་ཕྲག་སྟོང་དང་། བསྐལ་པ་དང་། བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་བརྒྱ་ཕྲག་སྟོང་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དང་། བསྐལ་པ་ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པ་དང་། བསྐལ་པ་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མཚུངས་པ་མེད་པ་དང་། ཀུན་ཏུ་མཐའ་ཡས་པ་དང་། མུ་མེད་པ་དང་། ས་མཚམས་མེད་པ་དང་། གཞལ་དུ་མེད་པ་དང་། བརྗོད་དུ་མེད་པ་དག་ཀྱང་ཟད་པར་བྱེད་ཅིང་ཆོས་སྟོན་ན། ཚིག་དང་ཡི་གེ་གཅིག་བརྩམས་ཀྱང་དོན་དང་ཚིག་དང་ཡི་གེའི་མཐར་ཐུག་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་གཏེར་བཅུ་རབ་ཏུ་ཐོབ་པའི་ཕྱིར་ཏེ། གཏེར་དེ་དག་ཐོབ་པས་གཟུངས་ཀྱི་སྙིང་པོའི་སྒོ་ཆོས་


DKG035_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཡང་དག་པར་གཞོལ་བ་ཞེས་བྱ་བ། གཟུངས་བརྒྱ་སྟོང་གྲངས་མེད་པའི་འཁོར་ཅན་མངོན་དུ་གྱུར་ཏེ། དེ་གཟུངས་ཀྱི་འཁོར་བརྒྱ་སྟོང་གྲངས་མེད་པ་སྟོན་པར་བྱེད་དོ། །ཆོས་སྣང་བ་ཤིན་ཏུ་བསྟན་པ་ཐོབ་པས་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་ཏོ། །ཆོས་ཀྱི་སྒོ་སྣང་བའི་ཆོས་ཅན་ལྕེ་ཡངས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་གོ་བར་བྱེད་པ་དང་། དབྱངས་ཀྱི་ཡན་ལག་ལ་མཁས་པས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་མགུ་བར་བྱེད་པ་དང་། ཉོན་མོངས་པ་དང་ཀུན་ནས་འཁོར་བ་ཐམས་ཅད་རྣམ་པར་བཟློག་པ་དང་། སྒྲ་དང་ཚིག་རྣམ་པ་ཐ་དད་པ་ཐམས་ཅད་ལ་རབ་ཏུ་ཞུགས་པ་དང་། ཡི་གེ་ཐམས་ཅད་ཀྱི་སྤོབས་པས་སྟོན་པའི་རྗེས་སུ་སོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་ས་བོན་གང་པོ་ཡོངས་སུ་ཤེས་པའི་བསམ་པ་ཅན་དུ་བྱེད་པས་ཆོས་སྟོན་ཏེ་ཐོགས་པར་མི་བྱེད་དོ། །སྐྱོ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔས་ནམ་མཁའི་ཁམས་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་རྒྱས་པར་བྱེད་པའི་ལུས་རབ་ཏུ་ཐོབ་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་གཏེར་བཅུས་བློ་གྲོས་མི་ཟད་པ། ཐུབ་པ་མེད་པ་འདྲེས་པ་མེད་པ་རྣམ་པར་མི་ཆོད་པ། རྒྱུན་གཅད་པར་མི་ནུས་པ་ཕྱིར་མི་ལྡོག་པ། གཏིང་རྙེད་པར་དཀའ་བ། རིང་དུ་གྱུར་པ། སྒོ་ཀུན་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་ཞུགས་པའོ། །ཀྱེ་རྒྱལ་བའི་སྲས་དག །བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་ཏེ། མི་ཟད་པའི་རྣམ་པ་བཅུས་མི་ཟད་པ་ཡིན་ནོ། །བླ་ན་མེད་པ་ཡིན་ནོ། །མཐར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །བཅུ་གང་ཞེ་ན། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་དང་། སྔོན་གྱི་སྨོན་ལམ་ལེགས་པར་ཡོངས་སུ་བསྔོས་པ་དང་། བསྐལ་པ་


DKG035_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་གྲངས་གཅད་དུ་མེད་པ་དང་། ནམ་མཁའི་དབྱིངས་དང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པའི་ཕྱིར། སེམས་ཚད་མེད་པ་དང་། འདུས་བྱས་ཀྱིས་མ་གོས་པའི་ཕྱིར། འདུས་མ་བྱས་ལ་ཡོངས་སུ་བསྔོས་པ་དང་། དེ་མ་ཐག་པའི་ཡུལ་དུ་གྱུར་པས་ཆོས་ཐམས་ཅད་ཟད་མི་ཤེས་པ་དང་། སྨོན་ལམ་ཆེན་པོ་ཐ་དད་པ་མེད་པ་དང་། སྤྱོད་པ་ལ་གནས་པའི་སྟོབས་ཤིན་ཏུ་འཛིན་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འཇུག་པ་མཐའ་དང་དབུས་མེད་པ་ལ་ཞུགས་པ་སྟེ། མི་ཟད་པའི་རྣམ་པ་བཅུ་པོ་འདི་དག་གིས། འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཟད་མི་ཤེས་པའི་གཏེར་ཆེན་པོར་འགྱུར་རོ། །གཏེར་མི་ཟད་པ་བཅུ་བསྟན་པའི་ལེའུ་སྟེ། ཉི་ཤུ་བདུན་པའོ།། །།


previousཉི་ཤུ་རྩ་བདུན་པ། གཏེར་མི་ཟད་པ་བཅུ་བསྟན་པའི་ལེའུ། next