Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུམ་ཅུ་པ། རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བའི་ལེའུ། སྟོད་ཆ།


 
previousསུམ་ཅུ་པ། རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བའི་ལེའུ། སྟོད་ཆ། no next

སུམ་ཅུ་པ། རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བའི་ལེའུ། སྟོད་ཆ།


DKG035_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་སུམ་ཅུ་པ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་དེའི་ཚེ། སངས་རྒྱས་ཀྱི་མཐུས། ཏིང་ངེ་འཛིན་ཡེ་ཤེས་སྣང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡེ་ཤེས་སྣང་བ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་མ་ཐག་དུ། དེའི་ཚེ་ཕྱོགས་བཅུའི་ཕྱོགས་རེ་རེར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པའི་ཕ་རོལ་ནས། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཞལ་བསྟན་པ་མཐོང་སྟེ། དེ་དག་ཀྱང་འདི་ལྟ་སྟེ། མཚན་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་ཤ་སྟག་གོ །ཕྱོགས་གཅིག་ནས་ཇི་ལྟ་བ་ལྟར་ཕྱོགས་བཅུ་ནས་ཀྱང་དེ་བཞིན་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རྡོ་རྗེའི་རྒྱལ་མཚན་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡེ་ཤེས་སྣང་བ་ལ་སྙོམས་པར་ཞུགས་པ་ལེགས་སོ་ལེགས་སོ། །འདི་ལྟར་ཡང་རིགས་ཀྱི་བུ་ཁྱོད་ལ་ཕྱོགས་བཅུ་ནས། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ཀྱང་མཚན་འཐུན་པ་ཤ་སྟག་གིས། འདི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདིའི་སྔོན་གྱི་སྨོན་ལམ་དང་། སྔོན་གྱི་བྱིན་གྱི་རླབས་དང་། ཁྱོད་ཀྱི་ཡེ་ཤེས་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བས་བརྟན་པའི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མི་འཇིགས་པ་རྣམ་པར་དག་པར་བྱ་བ་དང་། སྤོབས་པ་ཆགས་པ་མེད་པར་བྱ་བ་དང་། ཡེ་ཤེས་ཀྱིས་བསྒྲིབས་པ་མྱེད་པའི་སར་འཇུག་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་སེམས་ཡངས་པ་ལ་རབ་ཏུ་འཇུག་པར་བྱ་བ་དང་། དགེ་བའི་རྩ་བ་མྱི་ཟད་པ་ཕུན་སུམ་ཚོགས་པར་བྱ་བ་དང་། བསྒྲིབས་པ་མྱེད་པའི་ཆོས་དཀར་པོ་ཡོངས་སུ་རྫོགས་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ལ་སྒོ་ཀུན་ནས་འཇུག་པར་བྱ་བ་དང་།


DKG035_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་ཆོ་འཕྲུལ་བསྟན་པར་བྱ་བ་དང་། སྔོན་གྱི་མཐའི་མུར་ཐུག་པའི་ཡེ་ཤེས་དང་། དྲན་པ་རྒྱུན་མི་ཆོད་པར་རྣམ་པར་དག་པར་བྱ་བ་དང་། དབང་པོ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པར་བྱ་བ་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་བསྟན་པར་བྱ་བ་དང་། ཤེས་པ་ཀུན་ཏུ་གཟུང་བར་བྱ་བ་དང་། འདི་ལྟ་སྟེ། ཡོངས་སུ་བསྔོ་བ་བཅུ་ཡོངས་སུ་རྫོགས་པར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་གཟུང་བར་བྱ་བ་དང་། འཇིག་རྟེན་ལས་འདས་པའི་ཚོགས་རྣམས་རབ་ཏུ་བསྟན་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་ཆོད་པར་བྱ་བ་དང་། སྨོན་ལམ་ཆེན་པོའི་སྐབས་དབྱེ་བར་བྱ་བ་དང་། དོན་ཤིན་ཏུ་བསྟན་པ་ལ་འཇུག་པར་བྱ་བ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡིད་རབ་ཏུ་དགའ་བར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སྲིད་པ་གསུམ་གྱི་དགེ་བའི་རྩ་བ་འཐུན་པ་ལ་བསྟེན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་བྱིན་གྱིས་བརླབ་པ་མཛད་ཀྱིས། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱིས་བརྟན་པ་དང་། གཟུངས་ཀྱི་སྣང་བ་ལ་ཞུགས་པ་དང་། སངས་རྒྱས་ཀྱི་ཆོས་བསྒྲིབས་པ་མེད་པ་ལ་ཞུགས་པ་དང་། ཆོས་ཀྱི་དབྱིངས་སྣང་བའི་ཆོས་ཉིད་དུ་བྱ་བ་དང་། ཁ་ན་མ་ཐོ་བ་མེད་པའི་ཆོས་དཀར་པོ་ཡང་དག་པར་བསྒྲུབ་པར་བྱ་བ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡངས་པ་ལ་གནས་པ་དང་། བསྒྲིབས་པ་མེད་པའི་ཆོས་སྣང་བ་ལ་གནས་པས་ཆོས་བསྟན་པ་འདི་བརྗོད་པ་དང་། བསྟན་པའི་ཕྱིར་སྤོབས་པར་གྱིས་ཤིག །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱི་ཡེ་ཤེས་ཚད་མེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །སྤོབས་


DKG035_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆགས་པ་མྱེད་པ་དང་། ཚིག་རབ་ཏུ་དབྱེ་བ་ལ་མཁས་པ་ཉེ་བར་བསྒྲུབ་པ་མཛད་དོ། །བསྒྲིབས་པ་མེད་པའི་ཆོས་ཀྱི་སྣང་བ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གཅིག་པ་ཉེ་བར་བསྒྲུབ་པ་མཛད་དོ། །ཚད་མེད་པའི་དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པར་ཉེ་བར་བསྒྲུབ་པ་མཛད་དོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་རྣམ་པར་དབྱེ་བ་ལ་མཁས་པ་ཉེ་བར་བསྒྲུབ་པ་མཛད་དོ། །དགེ་བའི་རྩ་བ་ཐམས་ཅད་ཉམས་པ་མེད་པར་ཡོངས་སུ་བསྔོ་བའི་ཡེ་ཤེས་ཉེ་བར་བསྒྲུབ་པ་མཛད་དོ། །ཆོས་ཐམས་ཅད་ཀྱི་ལྷག་མཐོང་མངོན་པར་བསྐྱེད་པ་ལ་མཁས་པ་ཉེ་བར་བསྒྲུབ་པ་མཛད་དོ། །ཆོས་ཐམས་ཅད་བསྟན་པའི་གནས་རྒྱུན་མི་ཆད་པ་ཉེ་བར་བསྒྲུབ་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་འདི་ཉིད་ཀྱི་དགེ་བའི་རྩ་བའི་གཟི་བརྗིད་ཀྱི་ཕྱིར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཕྱག་གཡས་པས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱི་སྤྱི་བོ་ལ་བྱུག་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ལ་རེག་མ་ཐག་ཏུ་ཏིང་ངེ་འཛིན་དེ་ལས་རྣམ་པར་ལངས་ཏེ་ལངས་ནས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་ལྟ་སྟེ། འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། ཀྱེ་རྒྱལ་བའི་སྲས་དག །དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་བ་ལ་སློབ་བོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་བ་ལ་སློབ་པར་འགྱུར་རོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོངས་སུ་བསྔོ་བ་ལ་སློབ་བོ། །


DKG035_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྔོ་བ་གང་ལ་བསམས་ཏེ་དེ་སྐད་དུ་སྨྲས་པ་དེ་དག་ནི་གང་། ཀྱེ་རྒྱལ་བའི་སྲས་དག་ཡོངས་སུ་བསྔོ་བའི་གྲངས་དུ་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །བསྔོ་བ་བཅུ་པོ་འདི་དག་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་འདུ་ཤེས་འགོག་ཅིང་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དང་པོ་དང་། མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་གཉིས་པ་དང་། སངས་རྒྱས་ཐམས་ཅད་ལ་ཡང་དག་པར་བསྐྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་གསུམ་པ་དང་། ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཞི་པ་དང་། བསོད་ནམས་ཀྱི་མཛོད་མི་ཟད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་ལྔ་པ་དང་། དགེ་བའི་རྩ་བ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དྲུག་པ་དང་། འགྲོ་བ་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བདུན་པ་དང་། དེ་བཞིན་གཤེགས་པའི་མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བརྒྱད་པ་དང་། ཆགས་པ་མེད་ཅིང་བཅིངས་པ་དང་དགྲོལ་བ་མྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དགུ་པ་དང་། ཆོས་ཀྱི་དབྱིངས་ཚད་མེད་པའི་རྗེས་སུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཅུ་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་བཅུ་པོ་དེ་དག་ནི། འདས་པ་དང་མ་བྱོན་པ་


DKG035_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་དང་པོ་སེམས་ཅན་རྣམས་ཀྱི་འདུ་ཤེས་འགོག་ཅིང་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་རབ་ཏུ་སྦྱོར་བའམ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྦྱོང་བའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྩོམ་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་དཔྱོད་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའམ། བྱམས་པ་བསྒོམ་པ་ཡང་དག་པར་སྐྱེད་པའམ། སྙིང་རྗེས་སྙིང་བརྩེ་བར་བྱེད་པའམ། དགའ་བ་ལ་རབ་ཏུ་དགའ་བར་བྱེད་པའམ། བཏང་སྙོམས་ལ་ཤིན་ཏུ་གནས་པ་བྱེད་ཀྱང་རུང་སྟེ། དགེ་བའི་རྩ་བ་རྣམས་ལ་ཤིན་ཏུ་བསམས་ནས། དགེ་བའི་རྩ་བ་དེ་དང་དེ་དག་ལ་རབ་ཏུ་སྦྱོར་ཞིང་། དགེ་བའི་རྩ་བ་ཚད་མྱེད་པ་རྣམ་པར་ཕྱེ་ནས། འདི་ལྟར་དགེ་བའི་རྩ་བ་གང་གིས་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་ངན་སོང་རྒྱུན་ཆད་པར་འགྱུར་བ་དང་། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་རྣམས་ཀྱི་སྡུག་བསྔལ་གྱི་ཕུང་པོ་རྣམ་པར་ལྡོག་པར་འགྱུར་བའི་དགེ་བའི་རྩ་བ་འགྲོ་བ་ཐམས་ཅད་ལ་རྣམ་པར་དག་པའི་མཐར་ཕྱིན་པར་ཕན་འདོགས་པ་གང་ཡིན་ཞེས་སེམས་སྐྱེད་དོ། །དེ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡང་དག་པར་བསྐྱེད་པ་ན། འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་རྣམ་པར་བཟློག་པའི་ཕྱིར་བདག་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་ཅིག །ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་དགྲོལ་བའི་ཕྱིར་བདག་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་ཅིག །འཇིགས་པ་ཀུན་ལས་བསྲུང་བའི་ཕྱིར་བདག་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་


DKG035_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཐམས་ཅད་མཁྱེན་པའི་ས་ཐོབ་པར་བྱ་བའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་ལམ་དུ་གྱུར་ཅིག །ཤིན་ཏུ་བདེ་བ་དང་ལྡན་པ་ཐོབ་པར་བྱ་བའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཅིག །རབ་རིབ་མྱེད་པའི་ཡེ་ཤེས་སྣང་བ་ཡང་དག་པར་བསྟན་པའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་སྣང་བར་གྱུར་ཅིག །མ་རིག་པའི་མུན་པ་རྣམ་པར་བསལ་བའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་སྒྲོན་མར་གྱུར་ཅིག །ཤིན་ཏུ་དག་པ་ལ་རབ་ཏུ་དགོད་པའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་མར་མེར་གྱུར་ཅིག །ཆོས་ཀྱི་ཚུལ་ལ་གཟུད་པའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་ཅིག ། བསྒྲིབས་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་བསྟན་པའི་ཕྱིར། བདག་སེམས་ཅན་ཐམས་ཅད་ཀྱི་ཡོངས་སུ་འདྲེན་པར་གྱུར་ཅིག་ཅེས། དེ་དེ་ལྟར་འགྲོ་བ་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཤིན་ཏུ་ཐུག་པར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། ཇི་ལྟར་མཛའ་བ་བསྲུང་བའི་ཕྱིར་ཡོངས་སུ་བསྔོ་བ་དེ་ལྟར་མི་མཛའ་བ་བསྲུང་བའི་ཕྱིར་ཡང་ཡོངས་སུ་བསྔོའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བདག་ཏུ་བྱ་བའི་བསམ་པས་མི་མཛའ་བ་ནི་གང་ཡང་མྱེད་དེ། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཡང་དག་པར་བྱུང་བ་སྟེ། དེ་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ལ་མི་མཛའ་བའི་དོན་བྱེད་པ་དེ་དག་ཐམས་ཅད་ནི་བདག་གི་རྒྱུད་ལ་དགོད་དགོད་པ་ཡིན་ནོ་ཞེས་ཏེ། དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཡུལ་ཐམས་ཅད་ལ་ཞེ་སྡང་བ་མྱེད་པའི་མིག་གིས་ལྟའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འགྲོ་བ་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་ཏེ། སེམས་ཅན་ཐམས་ཅད་ལ་དགེ་བའི་ཆོས་ཡང་དག་པར་བསྟན་པའི་ཕྱིར་འཇུག་གོ །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་དུག་ཐམས་ཅད་ཀྱིས་གདུག་པར་བྱ་བར་མི་ནུས་སོ། །


DKG035_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དྲིན་མི་གཟོ་བ་དང་། བློ་ཞེན་པ་དང་། སེམས་འཁྲུག་པ་དང་། རྙོག་པ་དང་། མུན་པར་གྱུར་པ་དང་། རང་བཞིན་སྟོར་བ་དང་། རློམ་སེམས་དང་ལྡན་པ་དང་། སྒྲུབ་པ་ཉམས་པ་དང་། སེམས་རྨུས་ལོང་ལྟ་བུར་གྱུར་པའི་སེམས་ཅན་བྱིས་པ་ཐམས་ཅད་ཀྱིས་སྐྱོན་ཅན་དུ་མི་ནུས་སོ། །འདི་ལྟ་སྟེ་དཔེར་ན། ལྷའི་བུ་ཉི་མ་འཆར་བ་དེ་ནི་རྨུས་ལོང་གི་སྐྱོན་གྱིས་འཆར་བ་ལ་ཐོགས་པར་མི་འགྱུར་རོ། །དྲི་ཟའི་གྲོང་ཁྱེར་གྱི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །གླིང་བཞི་འཇིག་རྟེན་གྱི་ཁམས་ཀྱི་སའི་རྡུལ་གྱི་སྐྱོན་གྱིས་ཐོགས་པར་མྱི་འགྱུར་རོ། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །དུ་བ་འཁྲིགས་པའི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །འཛམ་བུའི་གླིང་གི་ཉེ་བའི་ཉོན་མོངས་པའི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །གྲིབ་མ་སྣ་ཚོགས་ཀྱི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །དུག་གི་རིའི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །ཁམས་ཀྱི་ཉེ་བའི་ཉོན་མོངས་པའི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །དུས་ཡོངས་སུ་འགྱུར་བའི་སྐྱོན་གྱིས་ཐོགས་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཅན་ཡང་དག་པར་ཤེས་པ་དང་ལྡན་པ། སེམས་ཀྱི་བདག་ཉིད་ཆེ་བ་ཉིད་ཤིན་ཏུ་ཟབ་ཅིང་ཡངས་པ་ཡིད་ལ་ཡང་དག་པར་རྟོག་པ། མི་ཞན་པ་ཡོན་ཏན་སྤྱད་པས་ཡེ་ཤེས་མཐར་གྱུར་པ་ཆོས་ལ་ཤིན་ཏུ་དད་པའི་སེམས་མངོན་པར་སྐྱེས་པ། ཆོས་ཀྱི་སྣང་བའི་འོད་ཀྱིས་རབ་ཏུ་སྣང་བ་དོན་ཐམས་ཅད་མཐོང་བ་ཆོས་མངོན་པར་ཤེས་པ་ཡེ་ཤེས་རིག་པ་སྤྱོད་པ་མེད་པ་ལྷུར་བྱེད་པ། སེམས་ཅན་ཐམས་ཅད་དགེ་བའི་ཆོས་སྤྱོད་པ་ལ་རབ་ཏུ་སྦྱོར་བ། སེམས་ཅན་ཐམས་ཅད་ཀྱིས་ཉེས་པར་སེམས་བསྐྱེད་པ་ལ་འཁྲུལ་པ་མེད་པ་དེ་ཡང་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ན། གནོད་པར་བྱེད་པ་ཐམས་ཅད་ཀྱི་སྐྱོན་གྱིས་ཐོགས་པར་མྱི་འགྱུར་རོ། །སེམས་ཅན་མི་སྲུན་པའི་ཚུལ་གྱིས་ལྡོག་པར་མྱི་


DKG035_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །སེམས་ཅན་གྱི་ལྟ་བའི་རྙོག་པས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་བྲལ་བར་མི་འགྱུར་རོ། །སེམས་ཅན་གྱི་སེམས་འཁྲུགས་པས་ལྡོག་པར་མི་འགྱུར་རོ། །སེམས་ཅན་གྱི་སེམས་ཀྱི་རྒྱུད་སྟོར་བས་བྱང་ཆུབ་སེམས་དཔའི་གོ་ཆ་ཆེན་པོ་བགོས་པ་ལས་རིང་བར་མི་འགྱུར་རོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྨོན་ལམ་དཀྲུགས་མའི་རྙོག་པ་ཐམས་ཅད་ཀྱིས་བཅིལ་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་རྩོམ་པ་ཆེན་པོ་སེམས་ཅན་དྲིན་དུ་མི་གཟོ་བ་མཐོང་བས་ལྷོད་པར་མི་འགྱུར་རོ། །བྱང་ཆུབ་ཏུ་དམྱིགས་པའི་དགེ་བའི་རྩ་བ་སེམས་ཅན་མི་སྲུན་པའི་དབང་པོས་ཞུམ་པར་མི་འགྱུར་རོ། །དགེ་བའི་རྩ་བ་ཇི་ལྟ་བ་བཞིན་ལས་བྱིས་པའི་སྐྱེ་བོ་དང་འགྲོགས་པ་ལས་འཕང་བར་མི་འགྱུར་རོ། །སེམས་ཅན་གཞན་གྱི་སྐྱོན་གྱིས་སྐྱོ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་འདི་ནི་བསྒྲིབས་པ་མེད་པར་འགྲོ་བ་ཐམས་ཅད། རྣམ་པར་དག་པར་བྱ་བའི་ཕྱིར་འབྱུང་བ་སྟེ། །སེམས་ཅན་གཅིག་ལ་དམྱིགས་ཤིང་། བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་མ་ཡིན། འདི་ལྟ་སྟེ། ཞིང་རྣམ་པར་དག་པར་བྱ་བའི་ཕྱིར་ཞིང་གཅིག་ལ་དམྱིགས་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་མངོན་པར་སྤྲོ་བ་མ་ཡིན། འདི་ལྟ་སྟེ། སངས་རྒྱས་ལྟ་བ་རྣམ་པར་དམིགས་པའི་ཕྱིར་སངས་རྒྱས་གཅིག་ལ་དམྱིགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དད་པ་སྐྱེ་བ་མ་ཡིན། འདི་ལྟ་སྟེ་ཡེ་ཤེས་གཅིག་རྗེས་སུ་རྟོགས་པའི་ཕྱིར་ཡེ་ཤེས་གཅིག་ལ་དམྱིགས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་སྐྱེ་བ་མ་ཡིན་གྱི་འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། །ཞིང་ཐམས་ཅད་ཡོངས་སུ་སྦྱང་བའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་རིམ་


DKG035_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གྲོར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་བལྟ་བ་ལ་དམྱིགས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དད་པ་སྐྱེའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱིས་རྗེས་སུ་རྟོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་རྣམས་ཀྱི་སྨོན་ལམ་སྐྱེའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྟོབས་ལ་དམིགས་པ་ལ་སེམས་ཡངས་པ། བསམ་པ་མ་འཁྲུགས་པ། བསྐལ་པ་ཐམས་ཅད་དུ་ཤིན་ཏུ་དཀོན་པའི་སེམས་རིན་པོ་ཆེ་དང་ལྡན་པ་རྣམས་ཀྱི་སེམས་ནི་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར་རབ་ཏུ་སྐྱེས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་དེ་དག་ཡང་དག་པར་མཐོང་ནས། སེམས་དད་པ་ཆེན་པོ་རྣམ་པར་དག་པ་དང་། སྙིང་རྗེ་ཆེན་པོས་བརྟན་པས་བསྔོ་ཞིང་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་སྟེ་དེ་ཡང་ཚིག་ཙམ་དུ་མ་ཡིན་གྱི་བསམ་པ་ཐག་པས་ཡོངས་སུ་བསྔོའོ། །དེ་ཡང་དགའ་བའི་སེམས་དང་། རབ་ཏུ་དགའ་བའི་སེམས་དང་། དད་པའི་སེམས་དང་། མོས་པའི་སེམས་དང་། འཇམ་པའི་སེམས་དང་། བྱམས་པའི་སེམས་དང་། ཉེ་བའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། ཕན་གདགས་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །དེ་ཡང་འདི་ལྟར་ཡོངས་སུ་བསྔོ་སྟེ། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་རྣམ་པར་དག་པར་གྱུར་ཅིག །སྐྱེ་བ་ཡོངས་སུ་དག་པར་གྱུར་ཅིག །བསོད་ནམས་ཀྱི་བདག་ཉིད་ཆེ་བ་ཡོངས་སུ་རྫོགས་པར་གྱུར་ཅིག །ཟིལ་གྱིས་མི་ནོན་པར་གྱུར་ཅིག །མི་ཟད་པར་གྱུར་ཅིག །ཐུབ་པར་དཀའ་བའི་སེམས་སུ་གྱུར་ཅིག །དྲན་པ་ཉམས་པ་མེད་པར་གྱུར་ཅིག །རྟོགས་པ་ངེས་པར་གྱུར་ཅིག །བློ་ཚད་མེད་པར་


DKG035_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ལུས་ཀྱི་ལས་དང་ངག་གི་ལས་དང་། ཡིད་ཀྱི་ལས་ཀྱི་ཡོན་ཏན་གྱི་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པར་གྱུར་ཅིག །མཉེས་པར་བྱས་ནས་ཀྱང་ཐུགས་འབྱུང་བ་མེད་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མི་ཕྱེད་པའི་དད་པ་ཡང་ཐོབ་པར་གྱུར་ཅིག །དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཐོབ་པར་གྱུར་ཅིག །ཐོས་ནས་ཀྱང་ཐེ་ཙོམ་དང་ཡིད་གཉིས་མེད་པར་གྱུར་ཅིག །ཡང་དག་པར་འཛིན་ཅིང་ནན་ཏན་གྱིས་བསྒྲུབ་པར་གྱུར་ཅིག སེམས་ཅན་གྱི་དགའ་བ་ཉིད་ཀྱང་ཐོབ་པར་གྱུར་ཅིག །ཁ་ན་མ་ཐོ་བ་མེད་པའི་ལུས་ཀྱི་ལས་ཀྱང་ཡང་དག་པར་གྲུབ་པར་གྱུར་ཅིག །དགེ་བའི་རྩ་བ་ཆེན་པོ་ལ་བདག་རབ་ཏུ་གཞོག་པར་གྱུར་ཅིག །ཤིན་ཏུ་དབུལ་བ་དང་རྣམ་པར་བྲལ་བར་གྱུར་ཅིག །ནོར་བདུན་འཐོབ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ཡང་སློབ་པར་གྱུར་ཅིག །དགེ་བའི་དབང་པོ་འཐོབ་པར་བྱ་བ་འང་ཐོབ་པར་གྱུར་ཅིག །མོས་པ་ཆེན་པོའི་མཉམ་པ་ཉིད་ཀྱང་ཡོངས་སུ་རྫོགས་པར་གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་ཡང་རྙེད་པར་གྱུར་ཅིག །འགྲོ་བ་ཐམས་ཅད་དུ་ཉམས་པ་མེད་པའི་མིག་ཀྱང་རྙེད་པར་གྱུར་ཅིག །མཚན་གྱིས་བརྒྱན་པའི་ལུས་ཡོངས་སུ་རྫོགས་པ་ཡང་ཐོབ་པར་གྱུར་ཅིག །ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་ཚིག་རྣམ་པར་དག་པ་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །དབང་པོ་བསྡམས་ཤིང་སྟོབས་བཅུ་དང་ལྡན་པའི་སེམས་དགེ་བ་ཡང་ཡང་དག་པར་གྲུབ་པར་གྱུར་ཅིག །གནས་མེད་པར་སྤྱོད་པ་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །སངས་རྒྱས་ཐམས་ཅད་བདེ་བའི་རིམ་གྲོ་གང་དང་ལྡན་པའི་བདེ་བའི་རིམ་གྲོ་དེ་དག་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །


DKG035_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་གནས་རབ་ཏུ་ཐོབ་པས་ཚད་མེད་པའི་གནས་སུ་གྱུར་ཅིག །སེམས་ཅན་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་སྒྲིབ་པའི་ལས་སྣ་ཚོགས་ལས་བྱུང་བ། སྒྲིབ་པའི་ལས་དེ་དག་གིས་བསྒྲིབས་པས་སངས་རྒྱས་མི་མཐོང་བ་དང་། ཆོས་མི་ཐོས་པ་དང་། དགེ་འདུན་མི་ཤེས་པའི་བསྒྲིབས་པའི་ལས་རྣམ་པ་སྣ་ཚོགས་ཀྱིས་བསྩགས་པའི་སྡུག་བསྔལ་གྱི་ཕུང་པོ་དེ་དག་བདག་གི་ལུས་འདིས་སེམས་ཅན་དམྱལ་བའི་སྐྱེ་གནས་དང་། ངན་སོང་གི་སའི་གནས་དེ་དང་དེ་དག་དུ་བླང་བར་བྱའོ། །སེམས་ཅན་དེ་དག་ཐམས་ཅད་ནི་དགེ་བའི་རྩ་བ་འདིས་དེ་ནས་བཏོན་ཏེ། བདག་གིས་དེ་དག་གི་སྡུག་བསྔལ་དང་ཉོན་མོངས་པ་དེ་དག་བླང་བར་བྱའོ། །སྤྲོ་བར་བྱའོ། །མི་ལྡོག་པར་བྱའོ། །དེ་ལས་མི་འབྲོས་པར་བྱའོ། །མི་སྐྲག་པར་བྱའོ། །མི་འཇིགས་པར་བྱའོ། །ཕྱིར་མི་ལྡོག་པར་བྱའོ། །ཞུམ་པ་མེད་པར་བྱའོ། །མི་སྐྱོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་ཅན་ཐམས་ཅད་བསྒྲལ་བར་སྨོན་ལམ་བཏབ་པས་ན་སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་དགོས་སོ། །འདི་ལྟར་བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བར་བྱའོ། །འདི་ལྟར་བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ། །སྐྱེ་བའི་དགོན་པ་དང་། རྒ་བ་དང་ན་བའི་དགོན་པ་དང་། འཆི་བའི་དགོན་པ་དང་། འཆི་འཕོ་དང་སྐྱེ་བའི་དགོན་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱི་དགོན་པ་དང་། མི་ཁོམ་པ་ཐམས་ཅད་ཀྱི་དགོན་པ་དང་། འཁོར་བ་ཐམས་ཅད་ཀྱི་དགོན་པ་དང་། ལྟ་བའི་ཐིབས་པོ་ཐམས་ཅད་ཀྱི་དགོན་པ་དང་། དགེ་བའི་ཆོས་ཐམས་ཅད་སྟོང་བའི་དགོན་པ་དང་། མི་ཤེས་པ་ལས་བྱུང་བའི་དགོན་པ་དང་། དགོན་པ་དེ་དག་ཐམས་ཅད་ནས་བདག་གིས་སེམས་ཅན་སྲིད་པའི་དྲ་བས་འཁྲིགས་པ། མ་རིག་པའི་སྒྲིབ་པས་བསྒྲིབས་པ། སྲིད་པའི་སྲེད་པ་དང་ལྡན་པ། ཞེན་པའི་མཐར་གྱུར་པ། སྡུག་བསྔལ་གྱི་ཤིང་ཐགས་ཀྱིས་བསྐོར་བ། བདུད་ཀྱི་ལས་ལ་རྟེན་པ། མི་མཁས་པ། བསོད་ནམས་


DKG035_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ། ཐེ་ཙོམ་དུ་གྱུར་པ། རྟག་ཏུ་ཡིད་གཉིས་དང་ལྡན་པ། མི་བདེ་བ་མཐོང་བ། འབྱུང་བ་ལ་མི་མཁས་པ། ཚུབ་མས་བསྐོར་བའི་ལོ་མ་ལྟ་བུར་འཁོར་ཞིང་འཕྱན་པ་དེ་དག་ཐམས་ཅད་ཡོངས་སུ་ཐར་བར་བྱའོ། །ཞེས་དེ་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཡོངས་སུ་རྒྱས་པའི་སེམས་དང་ལྡན་པས་སེམས་ཅན་གྱི་ཁམས་འཁོར་བའི་འདམ་དུ་བྱིང་བ་མཐོང་ནས། སེམས་ཅན་དེ་དག་ལ་སྙིང་བརྩེ་བ་ཆེན་པོ་སྐྱེས་པ། ཕན་ཆེར་གདགས་པའི་སེམས་རབ་ཏུ་བསྐྱེད་པ། སེམས་ཅན་རྣམས་ཀྱི་དོན་ཆེན་པོ་བྱ་བར་དགའ་བ་སེམས་ཅན་མང་པོ་རབ་ཏུ་འགྲོལ་བར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ། ཡོངས་སུ་བསྔོ་བ་ཆེན་པོ་ལ་ཞུགས་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་ལ་རབ་ཏུ་ཞུགས་པ། བསྔོ་བ་ཆེན་པོའི་མདོས་སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ། སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་བྱ་བར་སེམས་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཀུན་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པར་ཡོངས་སུ་བསྔོ་བ་དེ་སེམས་འདི་ལྟ་བུ་དང་ལྡན་པར་གྱུར་ཏེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱལ་སྲིད་ལ་རབ་ཏུ་གཞག་པའི་ཕྱིར་བདག་སྤྱོད་དེ། བདག་ནི་བདག་འབའ་ཤིག་ཡོངས་སུ་དགྲོལ་བ་ལ་མངོན་པར་ཞུགས་པ་མ་ཡིན་གྱིས། བདག་གིས་སེམས་ཅན་འདི་དག་ཀུན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་རབ་ཏུ་སྣང་བས་འཁོར་བའི་དགོན་པ་བརྒལ་དཀའ་བ་ནས་གདོན་པར་བྱའོ། །གཡང་ས་ཆེན་པོ་ནས་བླང་བར་བྱའོ། །གནོད་པ་ཐམས་ཅད་ལས་ཡོངས་སུ་དགྲོལ་བར་བྱའོ། །འཁོར་བའི་རྒྱུད་ལས་རབ་ཏུ་བསྒྲལ་བར་བྱའོ། །བདག་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་བླང་བར་སྤྲོ་བར་བྱའོ། །བདག་གིས་སེམས་ཅན་དེ་དག་ཐམས་ཅད་འཁོར་བའི་སྡུག་བསྔལ་ཆེན་པོའི་སའི་འོག་ནས་དྲང་བར་བྱའོ། །འཇིག་རྟེན་གྱི་ཁམས་


DKG035_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐར་ཐུག་པ་ཐམས་ཅད་ཀྱི་ངན་སོང་ཀུན་གྱི་སྡུག་བསྔལ་ཐམས་ཅད་བླངས་ཏེ་ཉམས་སུ་མྱོང་བར་བྱ་བ་ལ་བདག་གིས་སྤྲོ་བར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལས་མི་སྤང་བར་བྱའོ། །སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར་བདག་ངན་སོང་གཅིག་ནས་ཕྱི་མའི་མཐར་ཐུག་པའི་བསྐལ་པར་གནས་པར་སྤྲོ་བར་བྱའོ། །ངན་སོང་གཅིག་ཏུ་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་ངན་སོང་ཐམས་ཅད་དུ་གནས་པར་སྤྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀྱི་ཧུད་སེམས་ཅན་འདི་དག་ཐམས་ཅད་སྡུག་བསྔལ་གྱི་གནས་སུ་ལྷུང་བ་བས་ནི་བདག་གཅིག་པུ་སྡུག་བསྔལ་མྱོང་བར་བླའི་བདག་གིས་དེར་བདག་ཉིད་གཏར་བཅུག་སྟེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་དགོན་པ་ནས། འགྲོ་བ་ཐམས་ཅད་བླུས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡུག་བསྔལ་ཚོར་བའི་ཕུང་པོ་འདི་དག་ཐམས་ཅད་བདག་གིས་ལུས་འདིས་མྱོང་བར་བྱའོ། །བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་གཉའ་བདེན་པར་སྨྲ་བ་དང་། ཡིད་ཆེས་ཤིང་མི་བསླུ་བར་སྤྲོ་བར་བྱའི་བདག་ལ་ནི་སེམས་ཅན་ཐམས་ཅད་ཀྱིས་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར། བདག་གིས་ཐམས་ཅད་མཁྱེན་པའི་སེམས། སེམས་ཅན་ཐམས་ཅད་ལ་དམྱིགས་པ་སྐྱེ་སྟེ། བདག་ཉིད་འདོད་པའི་ཕྱིར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ཞུགས་སོ། །འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་སྤྱོད་པའི་ཕྱིར་ཡང་མ་ཡིན་ནོ། །འདོད་པའི་ཡུལ་ལ་བསྙེན་པའི་ཕྱིར་ཡང་མ་ཡིན་ནོ། །འདོད་པའི་ཁམས་སུ་གཏོགས་པའི་དགའ་བ་མང་པོ་གཞན་བླང་བའི་ཕྱིར་ཡང་བྱང་ཆུབ་ཀྱི་སྤྱོད་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་དགའ་བ་འདི་དག་ཐམས་ཅད་ནི་དགྲ་ཡིན་ནོ། །འདོད་པ་ལ་བསྟེན་པ་འདི་ནི་བདུད་ཀྱི་ཡུལ་ལོ། །


DKG035_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ལ་བསྟེན་པ་དེ་ནི་བློ་ངན་པས་བསྟན་པའི་ལམ་མོ། །སངས་རྒྱས་ཐམས་ཅད་ཀྱིས་སྨད་པའི་ཡུལ་ལོ། །དེ་དག་ལ་བསྟེན་པ་དེ་ལས་སྡུག་བསྔལ་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་ལས་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་འདི་དག་ཐམས་ཅད་ཀྱང་འབྱུང་བར་འགྱུར་རོ། །དེ་ལས་སེམས་ཅན་རྣམས་འཐབ་པ་དང་། འཚང་འདྲུ་བ་དང་། རྩོད་པ་དང་། གནད་ལ་འབེབས་པ་དང་། འཁྲུག་པ་དང་། ཀུན་ཏུ་འཁྲུག་པ་རྣམས་ཀྱང་རབ་ཏུ་འབྱུང་ངོ་། །སེམས་ཅན་འདི་དག་ནི་འདོད་པ་ལ་བསྟེན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་རིང་དུ་གྱུར་པ་སྟེ། འདོད་པ་དེ་དག་ནི་མཐོ་རིས་སུ་སྐྱེ་བ་ལ་ཡང་བར་དུ་གཅོད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་། དགའ་བ་ཐམས་ཅད་ཀྱི་ཡང་བར་ཆད་དུ་འགྱུར་རོ། །དེ་ལྟར་བདག་གིས་འདོད་པ་ནི་རོ་ཆུང་ཞིང་ཚད་མེད་པའི་ཉེས་པ་ཅན་དུ་མཐོང་ན། ཅི་ཡང་དེ་དག་སྤྱོད་པའི་ཕྱིར་འཇུག་གམ། དེ་ཅིའི་ཕྱིར་ཞེ་ན། བདག་ནི་དོན་འདི་དག་གི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་མ་ཡིན་ནོ། །འདོད་པ་ལ་དགའ་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མི་སྤྱོད་དེ། དེ་བས་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་ཞུགས་པའི་སེམས་བསྐྱེད་དེ། བདག་ནི་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་དག་ཉིད་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང་། བསྔོ་ཞིང་བསྒྲུབ་པའི་ཕྱིར་དོན་དེ་ལ་ཞུགས་པ་སྟེ། དེ་བས་ན་བདག་གིས་སེམས་ཅན་སྡུག་བསྔལ་གྱི་ཞགས་པས་བཅིངས་པ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཞགས་པ་བཅད་དེ། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་དགྲོལ་བར་བྱའོ། །སྡུག་བསྔལ་གྱི་རྒྱུད་ལས་རྣམ་པར་བཟློག་པར་བྱའོ། །བདག་གིས་ཇི་ལྟ་ཇི་ལྟར་སེམས་ཅན་འདི་དག་ཐམས་ཅད་ཤིན་


DKG035_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བདེ་བ་དང་། ཕན་པར་འགྱུར་བའི་བདེ་བ་དང་། ཚོར་བ་མེད་པའི་བདེ་བ་དང་། ཞི་བའི་བདེ་བ་དང་། མི་གནས་པའི་བདེ་བ་དང་། མི་གཡོ་བའི་བདེ་བ་དང་། ཚད་མེད་པའི་བདེ་བ་དང་། མ་ཉམས་པའི་བདེ་བ་དང་། མི་འགག་པའི་བདེ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་བདེ་བ་རབ་ཏུ་འཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱའོ། །བདག་ཁ་ལོ་སྒྱུར་བ་དང་། བདག་མགོན་པོ་དང་། བདག་མེ་སྒྲོན་འཛིན་པ་དང་། བདག་ལམ་བདེ་བ་སྟོན་པ་དང་། བདག་ཁོམ་པ་རྙེད་པ་དང་། བདག་ཐབས་ལ་མཁས་པ་དང་། བདག་དོན་ཤེས་པ་དང་། བདག་འཁོར་བའི་རྒྱ་མཚོ་ལ་ཐམས་ཅད་མཁྱེན་པའི་གྲུ་བོ་ཆེའི་མཉན་པར་གྱུར་པ་དང་། བདག་ཡོངས་སུ་བསྔོ་བ་ལ་མཁས་པ་དང་། བདག་ཕ་རོལ་སྟོན་པས་དགེ་བའི་རྩ་བ་དེ་དག་ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་ཀྱི་སྐྱབས་སུ་འགྱུར་བ་དང་། འཁོར་བར་གྱུར་པ་རྣམས་ཡོངས་སུ་རྒལ་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་འགྱུར་བ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲིབས་པ་མེད་པར་འགྱུར་བ་དང་། བདུད་ཀྱི་ཡུལ་རྣམས་ལ་མི་གནས་པར་འགྱུར་བ་དང་། སྡིག་པ་མི་དགེ་བའི་གྲོགས་པོ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་བ་དང་། དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟེན་པར་འགྱུར་བ་དང་། ལས་རྣམ་པར་དག་པ་ལ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་དང་། སྤྱད་པ་ཆེན་པོའི་སྨོན་ལམ་རྣམས་ཡང་དག་པར་བསྒྲུབ་པར་འགྱུར་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟ་དེ་ལྟར་ཡོངས་སུ་བསྔོའོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ན་སེམས་འདི་སྙམ་དུ་བསྐྱེད་དེ། ཀྱེ་མ་གླིང་བཞིའི་འཇིག་རྟེན་གྱི་ཁམས་སྣང་བར་བྱ་བའི་ཕྱིར། གླིང་བཞིའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་པ་དེ་སྙེད་ཀྱི་ཉི་མ་ནི་མི་འཆར་གྱི་གླིང་བཞིའི་འཇིག་རྟེན་སྣང་བར་བྱ་བའི་ཕྱིར་ཉི་མ་འདི་ཉིད་


DKG035_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་འཆར་ཏེ། སེམས་ཅན་གླིང་བཞིར་གཏོགས་པ་དེ་དག་རང་རང་གི་ལུས་ལས་ཀྱང་སྣང་བ་གང་གིས་དེ་དག་གིས་ཉི་མའི་གྲངས་ཤེས་པར་འགྱུར་བའམ། རང་གི་དོན་བསྒྲུབ་པར་འགྱུར་བའམ། ལོ་ཏོག་ཡོངས་སུ་སྨིན་པར་འགྱུར་བའམ། ཉིན་གཅིག་ཉིན་གཅིག་ཅིང་བཟའ་ཤིང་གི་ར་བ་དང་། གྲོང་ཁྱེར་དག་ཏུ་དགའ་བ་དང་། རྩེ་བའི་ལོངས་སྤྱོད་མྱོང་བར་འགྱུར་བའམ། ཕྱོགས་སྣང་བར་འགྱུར་བའམ། གྲོང་དང་གྲོང་ཁྱེར་དང་ལྗོངས་དང། ཕོ་བྲང་འཁོར་དང་། རྒྱལ་པོའི་གནས་དག་ཏུ་འགྲོ་བ་དང་འོང་བར་བྱ་བའམ། སྤྱོད་པའི་དོན་སྦྱར་བར་བྱ་བའི་སྣང་བ་མི་འབྱུང་སྟེ། སེམས་ཅན་དེ་དག་རང་རང་གི་ལུས་ལ་ཡང་འོད་གང་གིས་དེ་དག་གི་དོན་བསྒྲུབ་པའི་འོད་དེ་ལྟ་བུ་མི་གཏོང་སྟེ། འདི་ལྟར་ལྷའི་བུ་ཉི་མའི་དཀྱིལ་འཁོར་གཅིག་པུ་གཉིས་སུ་མེད་པ་དེ་ནི་གླིང་བཞིའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་རྣམས་ལ་སྣང་བར་བྱ་བའི་ཕྱིར་འཆར་ཞིང་རབ་ཏུ་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ན་སེམས་འདི་ལྟར་སྐྱེ་སྟེ། སེམས་ཅན་འདི་དག་ཐམས་ཅད་ལ་གང་གིས་དེ་དག་བདག་ཉིད་ཡོངས་སུ་བསྐྱབ་པར་བྱ་བ་དེ་ཉིད་ཀྱང་མེད་ན། གཞན་བསྐྱབ་པ་ལྟ་ཅི་སྨོས་ཀྱི་བདག་ཉིད་གཅིག་པུ་གཉིས་སུ་མེད་པས། སེམས་ཅན་ཐམས་ཅད་ཀྱི་ཕྱིར་འདི་ལྟར་སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་སྣང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་གསལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཤེས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་གཟུང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་བསྡུ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་བསྐྱེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་དད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར། དགེ་བའི་རྩ་བ་རྣམས་ཡང་དག་པར་བསྡུའོ། །དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །བདག་གིས་ནི་


DKG035_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་དཀྱིལ་འཁོར་དེ་ལྟ་བུར་བྱ་སྟེ། གཞན་ལས་ཕན་པའི་ལན་རེ་བར་མི་བྱའོ། །གཞན་གྱིས་སྐབས་མི་རྙེད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཕྱིར་གོ་ཆ་མི་འདོར་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྲོ་བ་མི་བཟློག་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྒྲུབ་པའི་ཡོངས་སུ་བསྔོ་བ་ལས་ཕྱིར་ལྡོག་པར་མི་བྱའོ། །དགེ་བའི་རྩ་བ་ཆུང་ངུ་ཡང་བསྡུ་བར་བྱ་སྟེ། ཡོངས་སུ་བསྔོ་བ་ཆུང་ངུས་ཡོངས་སུ་བསྔོ་ཞིང་དགའ་བར་བྱའོ། །དགེ་བའི་རྩ་བ་ཕན་པར་མི་འགྱུར་བ་རྣམས་ནི་སེམས་ཅན་རྣམས་ལ་བསྔོ་བར་མི་བྱ་སྟེ། ཅི་ནས་ཀྱང་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ལ་བདེ་བར་འགྱུར་བ་དེ་ལྟར་བསྔོའོ། །མངོན་པར་ཆགས་པ་མེད་པའི་ཆོས་ཉིད་ལ་རྟེན་ཏེ། ཡོངས་སུ་བསྔོ་བར་བྱའོ། །སེམས་ཅན་རྣམས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ་ཞེས་ཏེ། དེ་ནི་འཕོ་བའི་ཚུལ་གྱིས་ཡོངས་སུ་བསྔོ་བ་ལ་གནས་པ་མ་ཡིན། སྲིད་པ་ལ་མངོན་པར་ཆགས་པའི་ཕྱིར་དགེ་བའི་རྩ་བ་དེ་དག་ལ་མི་གནས་སོ། །མཚན་མའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་མི་བསྔོའོ། །དངོས་པོ་ལ་མངོན་པར་ཆགས་པའི་ཕྱིར་ལས་ཀྱི་རྣམ་པར་སྨིན་པ་ལ་ཡོངས་སུ་མི་རྟོག་གོ །ཕུང་པོ་རྣམས་ཀྱི་འདུ་ཤེས་ལ་གནས་ཤིང་ཡོངས་སུ་མི་བསྔོའོ། །ཕུང་པོ་འཇིག་པ་ལ་གནས་ཤིང་ཡོངས་སུ་མི་བསྔོའོ། །ལས་རྣམ་པར་རྟོག་པ་ལ་གནས་ཤིང་ཡོངས་སུ་མི་བསྔོའོ། །རྣམ་པར་སྨིན་པ་ལ་རེ་བས་མ་ཡིན་ནོ། །བརྟེན་པས་བསྙེམས་ཤིང་མ་ཡིན་ནོ། །འབྲེལ་པར་འབྱུང་བ་ལ་ཀུན་ཏུ་རྟོག་པས་མ་ཡིན་ནོ། །གྲགས་པ་ལ་གནས་པས་མ་ཡིན་ནོ། །གནས་ཀྱི་འདུ་ཤེས་ལ་གནས་པས་མ་ཡིན་ནོ། །གནས་སུ་རྟོག་པ་ལ་གནས་པས་མ་ཡིན་ནོ། །ཆོས་ལ་རྣམ་པར་རྟོག་པ་ལ་གནས་པས་མ་ཡིན་ནོ། །སེམས་ཅན་གྱི་འདུ་ཤེས་ལ་གནས་པས་མ་ཡིན་ཏེ། ཁམས་ཀྱི་ཚུལ་རྣམ་པ་ཐ་དད་པའི་རྗེས་སུ་སོང་བས་ཡོངས་སུ་མི་བསྔོའོ། །སེམས་ཀྱི་ཀུན་ཏུ་རྟོག་པ་ལ་གནས་ཏེ། ཡོངས་སུ་མི་བསྔོའོ། །སེམས་ཀྱི་ཕྱིན་


DKG035_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་ལ་གནས་ཏེ་ཡོངས་སུ་མི་བསྔོའོ། །འདུ་ཤེས་ཕྱིན་ཅི་ལོག་ལ་གནས་ཏེ་ཡོངས་སུ་མི་བསྔོའོ། །ལྟ་བ་ཕྱིན་ཅི་ལོག་ལ་གནས་ཏེ་ཡོངས་སུ་མི་བསྔོའོ། །ཚིག་གི་ལམ་ལ་གནས་ཏེ་ཡོངས་སུ་མི་བསྔོའོ། །དེ་ནི་འདི་ལྟར་ཆོས་རྣམས་ཇི་ལྟ་བ་བཞིན་རྣམ་པར་དཔྱོད་ཅིང་ཡོངས་སུ་བསྔོའོ། །སེམས་ཅན་རྣམས་ཀྱི་མཉམ་པ་ཉིད་ལ་སེམས་ཤིང་ཡོངས་སུ་བསྔོའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱས་བཏབ་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །འདོད་ཆགས་དང་བྲལ་བ་དང་མཉམ་པའི་ཆོས་ཀྱིས་ཡོངས་སུ་བརྟགས་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཆོས་ཐམས་ཅད་ལ་སྒྲོ་གདགས་པ་མེད་པར་དགེ་བའི་རྩ་བ་དེ་དག་རྗེས་སུ་རྟོགས་པར་བྱེད་དོ། །གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ལ་ཡང་དག་པར་ལྟ་ཞིང་ཡོངས་སུ་བསྔོ་བ་དེ་དག་ལ་རབ་ཏུ་འཇུག་སྟེ། ཆོས་གང་ཡང་སྐྱེ་བའམ། འགག་པར་བྱེད་པ་མེད་དོ། །དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་སྟེ། གཉེན་པོས་ཡོངས་སུ་དག་པས་བསྔོ་བ་དེ་དག་ལ་ཡང་དག་པར་སྤྱོད་དོ། །འཇིག་རྟེན་ལས་འདས་པ་འབྱམ་ཀླས་པའི་རྗེས་སུ་སོང་བའི་དགེ་བའི་རྩ་བ་དེ་དག་མཐོང་སྟེ། གཉིས་ཀྱི་ཚུལ་གྱིས་ནི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཁོང་དུ་ཆུད་པར་མི་བྱེད་དོ། །ལས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་མི་སྤྱོད་དོ། །ལས་ལས་གཞན་དུ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་མི་བསྔོའོ། །ལས་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལས་ཀྱི་ལམ་དང་བྲལ་བས་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་ཐོབ་པར་མི་འགྱུར་ཏེ་ལས་ཀྱི་གཟུགས་བརྙན་གྱིས་རྣམ་པར་སྨིན་པའི་གཟུགས་བརྙན་ཡོངས་སུ་དག་པར་འགྱུར་རོ། །རྣམ་པར་སྨིན་པའི་གཟུགས་བརྙན་ཡོངས་སུ་དག་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཡོངས་སུ་བསྔོ་བ་དེ་གཡོ་བ་དང་། རློམ་སེམས་དང་རྣམ་པར་སྤྱོད་པ་དང་བྲལ་བར་ཡང་རབ་ཏུ་ཤེས་སོ། །དེས་ཀྱང་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཡོངས་སུ་བསྔོ་བ་འདིས་


DKG035_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྔོས་པས་སེམས་ཅན་རབ་ཏུ་དགྲོལ་བ་རྒྱུན་ཆད་པར་མི་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་འདིས་ཡོངས་སུ་བསྔོ་བ་ན། ཆོས་ཀྱི་མཚན་ཉིད་ལ་གནས་པའང་མི་གཏོང་སྟེ། ལས་དང་རྣམ་པར་སྨིན་པ་མེད་པའི་ཆོས་ཐམས་ཅད་ལ་ཉོན་མོངས་པ་མེད་པའི་ཡོངས་སུ་བསྔོ་བའི་ཚུལ་གྱིས་ལས་དང་རྣམ་པར་སྨིན་པ་བསྒྲུབ་པ་ལ་མངོན་པར་མཁས་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྗེས་སུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་སེམས་ཅན་རྣམས་ཀྱི་འདུ་ཤེས་འགོག་ཅིང་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་སྟེ་དང་པོའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱིས། འཁོར་ཐམས་ཅད་ལ་རྣམ་པར་བལྟས་ཏེ། ཆོས་ཀྱི་དབྱིངས་ལ་རྣམ་པར་བལྟས་ནས། དོན་དང་ཚིག་དང་ཡི་གེ་ལ་འཇུག་པར་བྱ་བ་དང་། སེམས་རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་ཡོངས་སུ་བསྒོམ་པ་དང་། འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ཁྱབ་པར་བྱ་བ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་གདུང་ལ་སེམས་ཡང་དག་པར་འབྲེལ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་དང་ཡོན་ཏན་ཐམས་ཅད་ལ་འཇུག་པར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ལུས་ཡང་དག་པར་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རབ་ཏུ་དབྱེ་བ་དང་། དགེ་བའི་རྩ་བ་བསྐྱེད་པའི་དུས་ལ་ཇི་ལྟར་འབབ་པ་ཡང་དག་པར་བལྟ་བ་དང་། ཆོས་ཀྱི་ལས་དང་འཐུན་པའི་གཟུགས་ཀྱི་ལུས་ཡོངས་སུ་དག་པ་ཡང་དག་པར་བསྟན་པར་བྱེད་ཅིང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་ཞིག་བསམ་ཡས་བསྐལ་པར་སྤྱོད་པ་དག །སེམས་ཅན་ཕན་


DKG035_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྟག་ཏུ་ཞུགས་པ་སྟེ། །དེ་དག་བརྩོན་བརྟན་ཆགས་མེད་ཡིད་ལྡན་པ། །སངས་རྒྱས་ཡོན་ཏན་རྟག་ཏུ་སྦྱོར་ཞིང་ཚོལ། །གང་ཞིག་མཚུངས་མེད་སྐྱེས་བུ་འདུལ་དྲུང་དུ། །བསམ་པ་དྲི་མ་མེད་པར་རྣམ་སྦྱངས་ཤིང་། །ཆོས་མཁས་འགྲོ་བ་བསྐྱབ་པའི་སེམས་ལྡན་པ། །དེ་དག་ཡོངས་བསྔོའི་མཛོད་དུ་ཞུགས་པ་ཡིན། །བརྩོན་འགྲུས་སྟོབས་དང་དེ་དག་ཉེར་ལྡན་ཞིང་། །ཡེ་ཤེས་སྟོབས་ཀྱིས་རྣམ་དག་ཡིད་གཞུང་སྟེ། །བཟོད་པའི་སྟོབས་ལྡན་སྒུལ་བར་མི་ནུས་པ། །དེ་དག་འགྲོ་བ་ཀུན་སྐྱོབ་མངོན་པར་བརྩོན། །ཤིན་ཏུ་ཡིད་བརྟན་མཚུངས་པ་མེད་པ་དང་། །བསམ་པ་རྣམ་དག་དགའ་བའི་བློ་ལྡན་པ། །དེ་དག་ས་དང་འདྲ་བའི་བཟོད་སྟོབས་ཀྱིས། །འགྲོ་བ་ཀུན་ལ་ཕན་ཕྱིར་མངོན་པར་བརྩོན། །བདག་ལ་བདེ་བ་ཚོལ་བར་མི་བྱེད་དེ། །སྙིང་རྗེ་ཅན་གྱིས་བསམ་པ་དེ་འདྲའོ། །འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་སེམས་ཅན། །ཆགས་མེད་གྱུར་པར་དེ་དག་ཞུགས་པ་ཡིན། །ཕྱོགས་བཅུའི་སེམས་ཅན་ཇི་སྙེད་གང་ཡང་རུང་། །འགྲོ་བ་ཀུན་ནས་མ་ལུས་བསྡུ་བྱས་ཏེ། །དེ་དག་དོན་དུ་བརྟན་སེམས་ལྡན་པ་རྣམས། །དེ་དག་ཡོངས་སུ་བསྔོ་ཚུལ་བསླབས་པ་ཡིན། །དགའ་བའི་སེམས་ཀྱིས་སྦྱིན་པ་གཏོང་བར་བྱེད། །སྐྱེས་བུ་དམ་པ་ཚུལ་ཁྲིམས་རྣམ་དག་པ། །བརྩོན་འགྲུས་སྟོབས་ལ་བརྟན་པར་གནས་པའི་སེམས། །དེ་དག་ཡེ་ཤེས་དགེ་བས་ཡོངས་སུ་བསྔོ། །དེ་དག་བློ་གྲོས་ཡངས་ཤིང་མཐའ་ཡས་པ། །བཟོད་པའི་སྟོབས་ལ་རྟག་པར་རབ་ཏུ་ཞུགས། །བསམ་གཏན་སྟོབས་ལ་རྗེས་སུ་སེམས་པས་ན། །མཁས་པ་དེ་དག་ཤེས་རབ་བསམ་མི་ཁྱབ། །ཕྱོགས་བཅུའི་འཇིག་རྟེན་ཀུན་ན་གང་ཡོད་པའི། །དགེ་བ་དེ་དག་ཡང་དག་བསྒྲུབ་པ་ན། །འགྲོ་བ་ཀུན་ལ་ཕན་དང་བདེ་སེམས་ཀྱིས། །ཡེ་ཤེས་མཁས་ལ་དེ་དག་ཡོངས་སུ་བསྔོ། །དགེ་བ་དེ་དག་གང་ལ་ཚད་མེད་པ། །བརྟན་པ་དེ་དག་ཡོངས་སུ་སྡུད་པའི་ཚེ། །དེ་ལ་རྟག་བརྩོན་དམ་པའི་བློ་གྲོས་ཅན། །


DKG035_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་ཡེ་ཤེས་ལ་ནི་རབ་ཏུ་གཞོག །དེ་དག་འགྲོ་བའི་དོན་དུ་མནར་མེད་པར། །བསྐལ་པ་བསམ་གྱིས་མི་ཁྱབ་གནས་པར་སྤྲོ། །དེ་དག་ཡིད་ནི་ཞུམ་པར་མི་འགྱུར་ཏེ། །དེ་དག་བསྔོ་རྟོགས་བསམ་པའི་ཡིད་དང་ལྡན། །གཟུགས་ཚོལ་མི་བྱེད་སྒྲ་དང་དྲི་མ་ཡིན། །རོ་དང་རེག་པ་དེ་བཞིན་མི་ཚོལ་ཏེ། །འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་སེམས་ཀྱིས། །ཡེ་ཤེས་དམ་པའི་སྟོབས་ནི་རྟག་ཏུ་ཚོལ། །མཁས་པ་དེ་དག་ཡེ་ཤེས་མཁའ་འདྲ་བས། །མཐའ་དང་དབུས་མེད་སྤྱད་པ་སྤྱོད་པ་བྱེད། །རྒྱལ་བའི་ཆོས་ཀྱི་ཆོས་ཉིད་ཅི་འདྲ་བ། །མཐའ་ཡས་གྲགས་པའི་སྤྱོད་པ་དེ་འདྲའོ། །དེ་དག་གང་དང་གང་དུ་འདོང་བྱེད་པ། །འགྲོ་ལ་བདེ་བ་རྒྱ་ཆེན་རབ་ཏུ་སྒྲུབ། །རྟག་ཏུ་མཆོག་བརྩོན་དགའ་བ་བྱེད་པ་སྟེ། །བྱང་ཆུབ་སྤྱོད་པས་དགའ་བ་ཚོལ་བ་མེད། །གདུག་མེད་སེམས་ལ་གནས་ཤིང་ཞུགས་པ་རྣམས། །ཡེ་ཤེས་དམ་པ་མཆོག་ལ་རྗེས་སུ་སེམས། །དེ་དག་བདག་ལ་བདེ་བར་མི་འདོད་དེ། །འགྲོ་བ་ཀུན་ལ་བདེ་དང་དགའ་ཕྱིར་བརྩོན། །དེ་དག་ཡོངས་སུ་བསྔོ་བ་མཐར་ཕྱིན་དང་། །བསམ་པ་གདུག་མེད་རྣམ་པར་དག་ཡིད་ཀྱིས། །དུས་གསུམ་རྒྱལ་བ་གང་ན་བཞུགས་བཞུགས་པའི། །ཆོས་ཀྱི་གྲོང་རྡལ་དེ་ན་རབ་ཏུ་གནས། །གཟུགས་དང་ཚོར་བ་དག་ལ་མི་གནས་ཤིང་། །འདུ་ཤེས་འདུ་བྱེད་ཡིད་ལ་འདམ་ཡིན་ཏེ། །སྲིད་པ་གསུམ་ལས་ཡོངས་སུ་ཡིད་བསྐྱོད་དེ། །བསོད་ནམས་གཏེར་ལ་དེ་དག་ཡོངས་སུ་བསྔོ། །སེམས་ཅན་ཇི་སྙེད་རྒྱལ་བས་སད་བྱས་པ། །འགྲོ་བ་ཀུན་ནས་མ་ལུས་བསྡུ་བྱས་ཏེ། །སྐྱེས་བུ་དམ་པ་དེ་དག་དགྲོལ་བའི་ཕྱིར། །སྤྱོད་པའི་མཆོག་ལ་གང་ཞིག་བརྩོན་བྱེད་པ། །དེ་དག་རྣམ་པ་ཀུན་ཏུ་སེམས་བརྟན་ཏེ། །དེ་དག་བློ་གྲོས་ཡངས་པ་གཞལ་དུ་མེད། །དེ་དག་དྲན་པའི་དབང་པོ་མ་ཉམས་པ། །དེ་དག་མཉམ་གཞག་བསམ་པ་རྣམ་པར་


DKG035_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

དག །འཇིག་རྟེན་འདིའི་ནང་དང་ཕྱི་རྣམས་སུ། །གང་དུའང་དེ་དག་གནས་འཆར་མི་བྱེད་དེ། །མཁའ་ལ་རླུང་དང་རླུང་མར་ཅི་འདྲ་བ། །ཕྱོགས་རྣམས་ཀུན་དུ་སེམས་ནི་དེ་བཞིན་ནོ། །དེ་དག་ལུས་ཀྱི་ལས་རྣམས་བརྩོན་བྱེད་པ། །དེས་ནི་རྒྱལ་བ་མངོན་པར་མཉེས་པར་བྱེད། །རྒྱལ་བ་རྣམས་ལ་ངག་ཀྱང་བསྡམས་པ་སྟེ། །ཡིད་ཀྱིས་དེ་དག་ཞུགས་པ་གང་ཡང་མེད། །མི་ཡི་དབང་པོ་གང་ན་བཞུགས་པའི་ཞིང་། །མཐའ་ཡས་ཞིང་དུ་དེ་དག་འདོང་བྱེད་ཅིང་། །དེ་དག་ཀུན་ཏུ་ཐུགས་རྗེ་རྒྱལ་བ་མཐོང་། །རྒྱལ་བ་རིམ་གྲོ་བྱས་ཤིང་དེ་ནས་འདོང་། །དེ་དག་རྟག་ཏུ་ཁ་ན་མ་ཐོ་མེད། །འགྲོ་བ་ཀུན་ན་དེ་དག་འཇིགས་པ་མེད། །དེ་དག་སྲིད་གསུམ་འདི་ན་མུ་སྟེགས་བྱེད། །དེ་དག་བདེ་གཤེགས་ལམ་ལ་གནས་པ་ཡིན། །དེ་དག་རྣམ་པར་སྒོམ་ཞིང་མངོན་བརྩོན་པ། །སྐྱེ་དང་འཇིག་པའི་ཚུལ་ལ་རྗེས་སུ་སེམས། །ཆོས་ཀྱི་ངོ་བོ་ཉིད་ལ་རབ་ཏུ་ཞུགས། །ཉོན་མོངས་མེད་པའི་ཚུལ་ལ་རབ་ཏུ་ཞུགས་པ་ཡིན། །གང་གིས་སྤྱོད་པ་རབ་ཏུ་བརྟན་གྱུར་ཅིང་། །འགྲོ་བ་ཀུན་ལས་ཤེས་པ་མི་ལྡོག་པ། །དེ་འདྲའི་ཆོས་ཉིད་དེ་དག་རྗེས་སུ་སེམས། །དེས་ནི་དུས་གསུམ་ཆགས་པ་མེད་པར་འགྱུར། །གང་རྣམས་འགྲོ་བ་རྣམ་པར་དག་བྱེད་པ། །དེ་དག་ཡོངས་སུ་བསྔོ་བའི་ཕ་རོལ་ཕྱིན། །དེ་དག་གནས་རྣམས་ཐམས་ཅད་ཕྱིར་བཟློག་པས། །དེ་ཕྱིར་དེ་དག་སྤྱོད་ལ་མི་གནས་སོ། །འགྲོ་བ་ཀུན་ཀྱི་ཚིག་ལམ་ཇི་སྙེད་དང་། །སྐྱེ་དགུ་ཐམས་ཅད་སྨྲ་ཞིང་མངོན་བརྗོད་པ། །དེ་དག་སྨྲ་ཡང་རློམ་སེམས་མེད་པ་ཡིན། །ཆགས་མེད་ཡིད་ལྡན་སྤྱོད་པ་འདི་འདྲའོ། །བསོད་ནམས་ཚུལ་ལ་བློ་གྲོས་མཐའ་ཡས་པ། །དེ་དག་འདི་ལྟར་ཡོངས་སུ་བསྔོ་བས་ན། །ཕྱོགས་བཅུའི་འཇིག་རྟེན་བཞུགས་པ་ཇི་སྙེད་པའི། །མི་ཡི་དབང་པོ་དེ་དག་མཉེས་པ་ཡིན། །འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་སྟེ། ཡོངས་སུ་བསྔོ་བ་དང་པོའོ། །


DKG035_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་གཉིས་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བའི་ཕྱིར། སངས་རྒྱས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། དགེ་བའི་རྩ་བ་དང་། རྒྱུད་ཀྱི་ཚུལ་གཅིག་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་གཅིག་ཐོབ་པ་ཡན་ཆད་ཀུན་ལ་ཡང་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། ལྷག་པའི་བསམ་པས་རབ་ཏུ་ཞུགས་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། བསྟན་པ་ཡང་དག་པར་གཟུང་ཞིང་བསྲུང་བའི་ཕྱིར། དེ་དང་དེ་དག་དུ་སྐྱེས་པའི་སངས་རྒྱས་ཀྱི་བསྟན་པ་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། སྡང་བ་མེད་པའི་མིག་རབ་ཏུ་འཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། མཐའ་ཡས་པའི་དགེ་བའི་རྩ་བ་མངོན་པར་འདུ་བྱ་ཞིང་། ཡང་དག་པར་བསྒྲུབ་པའི་ཕྱིར་ཆོས་དཀར་པོ་ཐམས་ཅད་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། ལྷག་པའི་བསམ་པ་དང་། མོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོངས་སུ་བསྔོ་བ་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། སྟོན་པའི་འདུ་ཤེས་ཡོངས་སུ་མ་རྒྱས་པ་རྒྱས་པར་བྱ་བའི་ཕྱིར། ཆོས་སྨྲ་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མི་ཕྱེད་པར་དད་པ་ཡིན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ལ་དད་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་དང་།


DKG035_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ལ་མི་ཕྱེད་པར་དད་པ་ཡིན། བྱང་ཆུབ་སེམས་དཔའི་ཐབས་མཁས་པའི་སྤྱོད་པ། རྣམ་པ་ཐ་དད་པ་སྣ་ཚོགས་ཀྱིས་ཡང་དག་པར་གཟུང་བ་དམིགས་པ་ཀུན་ཏུ་རྒྱུ་བ། གཞན་དང་གཞན་ཅན་དེ་དག་ཐམས་ཅད་ལ་མི་ཕྱེད་པར་དད་པ་ཡིན་ཏེ། དེ་ལྟར་མི་ཕྱེད་པའི་གནས་རབ་ཏུ་ཐོབ་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་ཅི་ཡང་རུང་སྟེ། སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་སམ། རང་སངས་རྒྱས་སམ། སངས་རྒྱས་ཀྱི་བསྟན་པ་འམ། སེམས་ཅན་རྣམས་ལ་དམྱིགས་པ་གང་དགེ་བའི་རྩ་བ་སྣ་ཚོགས་སམ། དགེ་བའི་རྩ་བ་རྣམ་པ་ཐ་དད་པ་འམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པར་འཕེལ་བར་བྱ་བ་འམ། བྱམས་པ་བསྒོམ་པའི་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པས་ཀྱང་རུང་སྟེ། སྙིང་རྗེ་ཆེན་པོ་ཡངས་པ། ཚད་མེད་པ། ཡང་དག་པར་མཐོང་བས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡངས་པར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་བསླབ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ནན་ཏན་དུ་བྱ་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྡུ་བ་དང་། དོན་ཤེས་པ་ལ་ཡང་དག་པར་འཇུག་པར་བྱ་བ་དང་། བསོད་ནམས་ཀྱི་ཚོགས་ཡང་དག་པར་བསྒྲུབ་པ་དང་། སྦྱིན་པའི་ཚོགས་རབ་ཏུ་བརྩམ་པ་དང་། ཡོན་ཏན་ཐམས་ཅད་ཀྱི་ཚོགས་ལ་རབ་ཏུ་འཇུག་པར་བྱ་བ་དང་། དུས་གསུམ་མཉམ་པ་ཉིད་དུ་རྣམ་པར་དཔྱོད་པར་བྱེད་ཅིང་། དེ་དགེ་བའི་རྩ་བ་དེ་དག་ཐམས་ཅད་མཁྱེན་པའི་ཚོགས་བསག་པའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཐམས་ཅད་བལྟ་བ་དང་མི་འབྲལ་བ་ཡོངས་སུ་རྫོགས་པར་བྱ་བ་དང་། དགེ་བའི་བཤེས་གཉེན་ཐམས་ཅད་དང་མི་འབྲལ་བ་རབ་ཏུ་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མི་འབྲལ་བར་འགྲོགས་པ་དང་། ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་ཡིད་ལ་བྱ་བ་དང་མི་འབྲལ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་གཟུང་ཞིང་བསྲུང་བ་


DKG035_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་འབྲལ་བ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་མི་འབྲལ་བ་དང་། འཇིག་རྟེན་ལས་འདས་པར་སེམས་བསྐྱེད་ཅིང་ཡོངས་སུ་བསྔོ་བ་དང་མི་འབྲལ་བ་དང་། ཆོས་སྨྲ་བ་ཐམས་ཅད་ཕུ་དུད་དུ་བྱ་བ་དང་མི་འབྲལ་བ་དང་། ཆོས་ཀྱི་སྣང་བ་ཐམས་ཅད་ཐོབ་པ་དང་མི་འབྲལ་བ་དང་། སྨོན་ལམ་ཆེན་པོ་རབ་ཏུ་བརྩོན་པར་བྱ་བ་དང་མི་འབྲལ་བར་ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་ཡང་དག་པར་སྒྲུབ་ཅིང་། ཡང་དག་པར་སྡུད་པ་དང་། ཉེ་བར་བསྩོགས་པ་དང་། མངོན་པར་འདུ་བྱེད་པ་དང་། སེམས་པ་དང་། དམྱིགས་པར་བྱེད་པ་དང་། རབ་ཏུ་རྟོག་པ་དང་། ཡང་དག་པར་སྨོན་པ་དང་། ཀུན་ཏུ་སྤྱོད་པ་དང་། ཉེ་བར་སྟོན་པའི་ཚེ། འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདི་དག་འདི་ལྟར་བསྒྲུབས་པ་ལས། དགེ་བའི་རྩ་བ་དང་རྒྱུ་འཐུན་པའི་འབྲས་བུ་གང་བྱུང་བའི་དགེ་བའི་རྩ་བ་དང་། རྒྱུ་འཐུན་པའི་འབྲས་བུ་དེས་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཀྱི་སྐད་ཅིག་རེ་རེ་ལ་བརྗོད་དུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་གྱུར་ཅིག །དེ་དག་ཀྱང་མཉེས་པར་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་། སངས་རྒྱས་ཀྱི་རིམ་གྲོ་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག །རིན་པོ་ཆེ་གྲངས་མེད་པ་དང་། མེ་ཏོག་གྲངས་མེད་པ་དང་། དྲི་གྲངས་མེད་པ་དང་། འཕྲེང་བ་གྲངས་མེད་པ་དང་། ན་བཟའ་གྲངས་མེད་པ་དང་། གདུགས་གྲངས་མེད་པ་དང་། རྒྱལ་མཚན་གྲངས་མེད་པ་དང་། བ་དན་གྲངས་མེད་པ་དང་། རྒྱན་གྲངས་མེད་པ་དང་། ལྷབ་ལྷུབ་གྲངས་མེད་པ་དང་། རིམ་གྲོ་གྲངས་མེད་པ་དང་། བྱུག་པ་གྲངས་མེད་པ་དང་། རྣམ་པར་བྱུག་པ་གྲངས་མེད་པ་དང་། མེ་ཏོག་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། སྤོས་ཐམས་ཅད་ཀྱི་གདན་གྲངས་མེད་པ་


DKG035_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཕྲེང་བ་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། ཙན་དན་བཟང་པོ་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། གོས་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། རྡོ་རྗེ་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། རིན་པོ་ཆེའི་སྤང་ལེབ་ཐམས་ཅད་ཀྱི་གདན་གྲངས་མེད་པ་དང་། རིན་པོ་ཆེའི་ཁ་དོག་གི་གདན་གྲངས་མེད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་འཆག་ས་གྲངས་མེད་པ་དང་། མེ་ཏོག་ཐམས་ཅད་ཀྱི་འཆག་ས་གྲངས་མེད་པ་དང་། སྤོས་ཐམས་ཅད་ཀྱི་འཆག་ས་གྲངས་མེད་པ་དང་། ཕྲེང་བའི་རྒྱན་ཐམས་ཅད་ཀྱི་འཆག་ས་གྲངས་མེད་པ་དང་། གོས་ཐམས་ཅད་ཀྱི་འཆག་ས་གྲངས་མེད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱིས་སྣ་ཚོགས་སུ་སྤྲས་པའི་འཆག་ས་གྲངས་མེད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་སྤང་ལེབ་བཏིང་བའི་འཆག་ས་གྲངས་མེད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཤིང་ཏ་ལའི་ཕྲེང་བ་བསྒྲེང་བའི་འཆག་ས་གྲངས་མེད་པ་དང་། རིན་པོ་ཆེའི་སྟེགས་བུས་བསྐོར་བའི་འཆག་ས་གྲངས་མེད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲིལ་བུའི་དྲ་བས་ཀུན་ནས་ཡོག་པར་བྱེད་པའི་འཆག་ས་གྲངས་མེད་པ་དང་། ལྷ་རྫས་ཐམས་ཅད་ལས་ཤིན་ཏུ་འདས་པའི་རིན་པོ་ཆེའི་གཙུག་ལག་ཁང་གྲངས་མེད་པ་དང་། ལྷ་རྫས་ཐམས་ཅད་ལས་ཤིན་ཏུ་འདས་པའི་མེ་ཏོག་ཐམས་ཅད་ཀྱི་གཙུག་ལག་ཁང་གྲངས་མེད་པ་དང་། ལྷ་རྫས་ལས་ཤིན་ཏུ་འདས་པའི་སྤོས་ཐམས་ཅད་ཀྱི་གཙུག་ལག་ཁང་གྲངས་མེད་པ་དང་། ལྷ་རྫས་ལས་ཤིན་ཏུ་འདས་པའི་ཕྲེང་བ་ཐམས་ཅད་ཀྱི་གཙུག་ལག་ཁང་གྲངས་མེད་པ་དང་། ལྷ་རྫས་ལས་ཤིན་ཏུ་འདས་པའི་ཙནྡན་ཐམས་ཅད་ཀྱི་གཙུག་ལག་ཁང་གྲངས་མེད་པ་དང་། ལྷ་རྫས་ལས་ཤིན་ཏུ་འདས་པའི་སྤོས་དང་གདུག་པ་མཆོག་དམ་པ་ཐམས་ཅད་ཀྱི་གཙུག་ལག་ཁང་གྲངས་མེད་པ་དང་། ལྷ་རྫས་ཐམས་ཅད་


DKG035_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཤིན་ཏུ་འདས་པའི་རྡོ་རྗེའི་གཙུག་ལག་ཁང་གྲངས་མེད་པ་དང་། ནོར་བུ་རིན་པོ་ཆེའི་གཙུག་ལག་ཁང་གྲངས་མེད་པ་དང་། སྤོས་ཀྱི་ཤིང་དང་། གོས་ཀྱི་ཤིང་དང་། རོལ་མོའི་ཤིང་དང་། ལྷབ་ལྷུབ་ཀྱི་ཤིང་དང་། ཤིང་སྣ་ཚོགས་ཀྱིས་ཀུན་ནས་བསྐོར་བའི་གཙུག་ལག་ཁང་གྲངས་མེད་པ་དང་། ཡིད་དུ་འོང་བའི་སྒྲ་འབྱུང་བའི་ཤིང་གྲངས་མེད་པ་དང་། སྣམ་བུ་རིན་པོ་ཆེ་སྦྱངས་པའི་ཤིང་གྲངས་མེད་པ་དང་། རིན་པོ་ཆེ་མང་པོའི་ཤིང་གྲངས་མེད་པ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་ཐམས་ཅད་གྲངས་མེད་པ་དང་། ཤིང་ཐམས་ཅད་ཀྱིས་བརྒྱན་པའི་གཙུག་ལག་ཁང་གྲངས་མེད་པ་དང་། བ་གམ་གྱི་རྒྱན་གྲངས་མེད་པ་དང་། སྐར་ཁུང་གི་རྒྱན་གྲངས་མེད་པ་དང་། རྟ་བབས་ཀྱི་རྒྱན་གྲངས་མེད་པ་དང་། པུ་ཤུའི་རྒྱན་དང་། ཟླ་གམ་གྱི་རྒྱན་དང་། ཁང་པ་བརྩེགས་པའི་རྒྱན་དང་། བླ་རེའི་རྒྱན་གྲངས་མེད་པ་དང་། གསེར་གྱི་དྲ་བའི་ཁབ་གྲངས་མེད་པ་དང་། སྤོས་དང་། བདུག་པ་དམ་པ་ཐམས་ཅད་ཀྱི་རྒྱན་གྲངས་མེད་པ་དང་། གོས་ཐམས་ཅད་གདིང་བར་བཏིང་བའི་རྒྱན་གྱིས་ཐམས་ཅད་རབ་ཏུ་བརྒྱན་པའི་གཙུག་ལག་ཁང་གྲངས་མེད་པས་བསྙེན་བཀུར་བྱེད་པར་གྱུར་ཅིག །དེ་ལྟར་མཆོད་པ་རྒྱ་ཆེན་པོ་སྦྱར་ཏེ། སངས་རྒྱས་ཐམས་ཅད་ལ་ཡིད་ཀྱི་དབང་པོ་ཤིན་ཏུ་དད་པས་མཆོད་པ་དང་། རིམ་གྲོ་རྒྱུན་མི་འཆད་པ་དང་། སངས་རྒྱས་ཕུ་དུད་དུ་བྱ་བའི་ཕྱིར་མི་ལྡོག་པ་ལས་བྱུང་བས་ཕྱག་འཚལ་ཞིང་མཆོད་པ་དང་བསྙེན་བཀུར་བྱས་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རིམ་གྲོ་བྱ་བས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཟད་པར་གྱུར་ཅིག །འགྲོ་བ་ཐམས་ཅད་དད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་དག་པར་བསྡུ་བ་དང་། འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་རྣམ་པར་བཟློག་པ་དང་། སེམས་རྒྱ་ཆེན་པོ་བསྐྱེད་པ་


DKG035_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས་པར་བྱ་བ་དང་། རྒྱན་ཆེན་པོས་ཡང་དག་པར་བརྒྱན་པ་དང་། ཚད་མེད་པར་རྣམ་པར་བྲེ་བའི་རྒྱན་དང་། བརྩམས་པ་མཐར་ཕྱིན་པར་བྱ་བ་དང་། སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན་པ་བརྗོད་པར་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་རྫོགས་པར་བྱ་བ་དང་། མཆོད་རྟེན་སྣ་ཚོགས་བསྙེན་བཀུར་བར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་གཟུང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་བཞུགས་ཤིང་འཚོ་སྐྱོང་བ་ལ་དེ་ལྟ་བུའི་རིམ་གྲོ་བྱེད་པ་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། སངས་རྒྱས་དེ་དག་ཐམས་ཅད་ཀྱི་སྐུ་གདུང་མཆོད་པ་ལ་རབ་ཏུ་བརྩོན་པར་བྱ་བས། བསྐལ་པ་གྲངས་མེད་པ་ཟད་ཀྱང་། དེ་བཞིན་གཤེགས་པ་དེ་དག་མཆོད་པ་དང་བསྙེན་བཀུར་བའི་རྒྱན་དང་། བརྗོད་པ་ཡོན་ཏན་མཐའ་ཡས་པ་བསྔགས་པས་བསྒྲུབས་པ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་བསྒྲུབས་པ་དེ་དག་མཐར་ཐུག་པར་མ་གྱུར་ཅིག །དེ་ལྟར་རིམ་གྲོར་བྱེད་པ་ལས་ཕྱིར་ལྡོག་པར་མ་གྱུར་ཅིག །རྒྱུན་གཅོད་པར་མ་གྱུར་ཅིག །སེམས་ཡོངས་སུ་སྐྱོ་བ་མེད་པར་གྱུར་ཅིག །མངོན་པར་ཆགས་པའི་འདུ་ཤེས་རྣམ་པར་སྤངས་པ་དང་། མི་གནས་པའི་ཆོས་ཉིད་དང་། དགེ་བའི་རྩ་བ་རློམ་སེམས་ཐམས་ཅད་བཅོམ་པས། རློམ་སེམས་མེད་པར་གྱུར་པ་དང་། ཆོས་འགྱུར་བ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱིས་རྒྱས་བཏབ་པའི་ཆོས་ཀྱི་སྒོ་དང་། ཚེ་དང་སྐྱེ་བ་ཐམས་ཅད་དུ་འཁོར་བར་གྱུར་པའི་སངས་རྒྱས་ཀྱི་སྤྱོད་པ་དང་། སྐྱེ་བ་མེད་པའི་རང་བཞིན་ལ་སྤྱོད་ཅིང་། དམིགས་པའི་ཆོས་ཀྱིས་རྒྱས་བཏབ་པའི་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ཡོངས་སུ་བསྔོ་བ་དང་། ཆོས་ཀྱི་རང་བཞིན་ལ་རབ་ཏུ་བརྩོན་པའི་ཡོངས་སུ་བསྔོ་བ་མཉམ་པ་ཉིད་དང་། མངོན་པར་འདུ་བྱ་བ་མེད་པའི་ཚུལ་ལ་ཞུགས་པའི། མངོན་པར་འདུ་བྱ་བ་མེད་


DKG035_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

པར་མངོན་པར་བསྒྲུབ་པ་དང་། དངོས་པོ་ཐམས་ཅད་ཀྱི་འདུ་ཤེས་དང་བྲལ་བའི་བསྔོ་བའི་ཚུལ་དང་། བསྔོ་བ་ལ་མཁས་པའི་རྣམ་པ་ཚད་མེད་པ་དང་། བྱང་ཆུབ་སེམས་དཔའི་བསྔོ་བ་སྲིད་པ་ཀུན་ལས་འཕགས་པ་དང་། བསྒོམ་པའི་སྒོ་མཚན་མ་ལ་མཁས་པས་གནས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དགེ་བའི་རྩ་བ་ཉེ་བར་ལེན་པའི་བྱིན་གྱི་རླབས་ཅན་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྔོ་བ་ཆེན་པོས་ཡོངས་སུ་སྦྱངས་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ། གནས་པའི་མོས་པ་ཡོངས་སུ་རྒྱས་པས། གནས་ཐམས་ཅད་ཡང་དག་པར་བཅོམ་པར་གྱུར་ཅིག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་བའི་རྩ་བ་དེ་དག་འདི་ལྟར་ཅི་ནས་ཀྱང་། འཁོར་བའི་རྒྱུད་དུ་ཆུད་ཟོས་པར་མི་འགྱུར་བ་དང་། ཅི་ནས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ། སེམས་བསྐྱེད་པ་ཆུད་ཟོས་པར་མི་འགྱུར་བ་དང་། ཅི་ནས་ཀྱང་སྲིད་པའི་འདུ་འཛིས་ཆུད་ཟོས་པར་མི་འགྱུར་བ་དང་། ཅི་ནས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་བསྒྲལ་བ་དང་། ཅི་ནས་ཀྱང་སྐྱེ་བ་དང་། འཆི་འཕོས་སྐྱོན་དུ་མི་འགྱུར་བ་དང་། ཅི་ནས་ཀྱང་ཆགས་པ་མེད་པའི་ཡེ་ཤེས་ཀྱི་སྒོ་སྟོར་བར་མི་འགྱུར་བ་དང་། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུ་ཟད་པར་མི་འགྱུར་བ་དང་། ཅི་ནས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་ཀུན་ཏུ་བླངས་པར་མི་འགྱུར་བ་དང་། ཅི་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རྣམ་པར་དག་པར་འགྱུར་བ་དང་། ཅི་ནས་ཀྱང་ཐམས་ཅད་མཁྱེན་པའི་སྟོབས་ཕུན་སུམ་ཚོགས་པར་འགྱུར་བར་ཡོངས་སུ་བསྔོ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་མུན་པ་མེད་པ་དང་ལྡན་པ་ནི། ཆོས་དཀར་པོ་སྣང་བར་གྱུར་


DKG035_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཉེ་བར་བརྟན་ཅིང་ཡོངས་སུ་བསྔོ་བའི་མཆོག་སྐྱེས་བུ་དམ་པས་སྤྱད་པ་དང་ལྡན་པ་དང་། ཡོངས་སུ་དག་པའི་ཡིད་ཀྱིས་ཡང་དག་པར་རྟོག་པ་དང་། སེམས་དང་འདྲ་བའི་ཆོས་ཐམས་ཅད་ལ་ཞུགས་པ་དང་། སྒྱུ་མ་དང་འདྲ་བའི་ལས་ཡོངས་སུ་ཤེས་པ་དང་། མིག་ཡོར་ལྟ་བུའི་ལས་ཀྱི་རྣམ་པར་སྨིན་པ་ལ་མོས་པ་དང་། སྤྲུལ་པ་ལྟ་བུའི་མངོན་པར་འདུ་བྱེད་པ་ལ་གནས་པ་དང་། སྒྲ་བརྙན་ལྟ་བུའི་ལས་ལ་རྟེན་པ་དང་། གྲིབ་མ་ལྟ་བུའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་སོང་བ་དང་། ཆགས་པ་མེད་པའི་ཆོས་ཀྱི་མིག་རབ་ཏུ་སྐྱེས་པ་དང་། བྱ་བ་མེད་པ་འབྱམ་ཀླས་པའི་རྗེས་སུ་སོང་བ་དང་། ཞི་བའི་རིགས་རབ་ཏུ་ཐོབ་པ་དང་། གཉིས་སུ་མེད་པ་དང་ལྡན་པའི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་ཞུགས་པ་དང་། ཆོས་མ་ནོར་བའི་མཚན་མ་ཐོབ་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། མཚན་མ་ཐམས་ཅད་ལ་ཞེན་པ་མེད་པ་དང་། ཐུན་མོང་གི་ལས་ལ་མཁས་པའི་རྗེས་སུ་སོང་བ་དང་། ཆོས་དཀར་པོ་ཐམས་ཅད་རྒྱུན་མ་ཆད་པ་དང་། ཆགས་པ་ཐམས་ཅད་ཀྱིས་མངོན་པར་མ་ཞེན་པ་དང་། ཆགས་པ་མེད་པར་འགྲོ་བ་ལ་རྟེན་པ་དང་ལྡན་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་བསམ་པའི་བློ་དང་ལྡན་པ། དགེ་བའི་རྩ་བ་ལ་རྨོངས་པ་མེད་པ། ཆོས་ཐམས་ཅད་དང་འགལ་བ་མེད་པའི་ཆོས་ཅན་རྒྱུ་དང་ལས་དང་བྱ་བ་དང་། འགལ་བ་མེད་པ་ཡང་དག་པར་མཐོང་བ་ཡོངས་སུ་བསྔོ་བ་ལ་མཁས་པ། ངོ་བོ་ཉིད་ཀྱི་ཆོས་ཀྱི་ཚུལ་དང་ལས་རྣམ་པར་སྨིན་པ་མངོན་པར་བསྒྲུབས་པའི། ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ལ་རྣམ་པར་ལྟ་ཞིང་། རྣམ་པར་དཔྱོད་པའི་ཡེ་ཤེས་དང་ལྡན་པ། ཡོངས་སུ་བསྔོ་བའི་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པ་ལ་ཤིན་ཏུ་རིག་པའི་དགེ་བའི་རྩ་བ་དང་


DKG035_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། མངོན་པར་འདུ་བྱ་བ་མེད་པར་སྤྱོད་པའི་སེམས་དགེ་བའི་རྩ་བ་དང་ལྡན་པ། དེ་དགེ་བའི་རྩ་བ་དེ་དག་འདི་ལྟར་ཅི་ནས་ཀྱང་། འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བ་དང་། སངས་རྒྱས་ཀྱི་རིགས་བདུད་ཀྱི་ལས་དང་བྲལ་བ། ལས་ཀྱི་རྣམ་པར་ཡོངས་སུ་བྱང་བའི་བདག་ཉིད་ཅན་ཐམས་ཅད་མཁྱེན་པ་ཉིད་དུ་མོས་ཤིང་། རྗེས་སུ་སོང་བའི་སེམས་དང་ལྡན་པར་འགྱུར་བར་ཡོངས་སུ་བསྔོའོ། །བསྔོ་བ་དེ་ཡང་ཚད་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡང་དག་པར་མཐོང་བར་བྱེད་དེ། དགེ་བའི་རྩ་བ་དེ་དག་འཇིག་རྟེན་གྱི་ཡུལ་དང་རྣམ་པར་བྲལ་བ་ཉོན་མོངས་པ་ཐམས་ཅད་དང་རྣམ་པར་བྲལ་བར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་བྱང་བའི་ཕྱིར་ཡང་ཡོངས་སུ་བསྔོ་སྟེ། ཡེ་ཤེས་རྣམ་པར་དག་པའི་མཐར་ཐུག་པར་ཟབ་པའི་ཚུལ་གྱིས། དགེ་བའི་རྩ་བ་དེ་དག་ཅི་ནས་ཀྱང་འཁོར་བའི་ཆོས་ཀྱིས་མི་བསྐྱོད་ཅིང་། སངས་རྒྱས་ཀྱི་དགེ་བ་མངོན་པར་འབྱུང་བར་སེམས་བསྐྱེད་པ་དང་ལྡན་པར་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བའི་ཚེ་ཡང་བདུད་ཀྱི་ལས་ཐམས་ཅད་ལས་རྣམ་པར་བཟློག་སྟེ། ཆོས་མཉམ་པ་ཉིད་ཀྱི་རྒྱ་ཡོངས་སུ་བསྔོ་བའི་ཡེ་ཤེས་ཀྱི་རྗེས་སུ་སོང་བ་ལས་རྒྱས་འདེབས་པར་བྱེད་དོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལོངས་སྤྱོད་ཀྱི་ཕྱིར་ཡང་། ཆོས་ཐམས་ཅད་འཇིག་རྟེན་ལས་འདས་པར་ཁོང་དུ་ཆུད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ནི། ཐམས་ཅད་མཁྱེན་པའི་ཐེག་པའི་དཀྱིལ་འཁོར་ཡོངས་སུ་གྲུབ་པས། འགྱོད་པ་མེད་པའི་དགེ་བའི་རྩ་བ་དང་ལྡན་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་སྟེ་གཉིས་པའོ། །ཡོངས་སུ་བསྔོ་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་


DKG035_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ཐམས་ཅད་ཡོངས་སུ་བསྔོ་ཞིང་། སངས་རྒྱས་གྲངས་མེད་པ་མངོན་སུམ་དུ་བྱ་བ་ཐོབ་པར་འགྱུར་རོ། །ཆོས་བརྗོད་དུ་མེད་པ་ཡོངས་སུ་དག་པ་ཡང་ཡོངས་སུ་རྫོགས་པར་བྱེད་དེ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱང་ཁོང་དུ་ཆུད་པར་བྱེད་དོ། །ཆོས་ཐམས་ཅད་ལ་འཇུག་པ་རྨོངས་པ་མེད་པ་ལ་ཡང་རབ་ཏུ་འཇུག་གོ །སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས། བདུད་ཀྱི་ལས་ཐམས་ཅད་རབ་ཏུ་འཇོམས་པ་ཡང་ཡོངས་སུ་སྒྲུབ་བོ། །མངོན་པར་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཡོངས་སུ་རྫོགས་པར་འགྲུབ་པར་འགྱུར་རོ། །ཆགས་པ་མེད་པ་ལ་རབ་ཏུ་འཇུག་པའི་ཕྱིར། གཞན་གྱི་དྲིང་མི་འཇོག་པ་ཡང་ཡང་དག་པར་འགྲུབ་པོ། །ཆོས་ཐམས་ཅད་ཀྱི་དོན་མཐོང་བ་ཡང་རབ་ཏུ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་རྗེས་སུ་སོང་བའི་འདུ་ཤེས་ཀྱི་གནས་ཀྱང་རབ་ཏུ་རྟོགས་པར་བྱེད་དོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྣང་བར་བྱ་བའི་ཡོངས་སུ་དག་པ་འང་ཡོངས་སུ་སྒྲུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་གྱིས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་ཡིད་ནི་དབྱེ་བ་མེད་བསྒྱུར་ཅིང་། །ཇི་སྙེད་ལས་རྣམས་ཡང་དག་རྩོམ་བྱེད་ཀུན། །ཅི་ནས་རྒྱལ་བ་མངོན་པར་མཉེས་འགྱུར་བ། །དེ་ལྟར་འཇིག་རྟེན་མཁས་ལ་ཡོངས་སུ་བསྔོ་བར་བྱེད། །སངས་རྒྱས་བསམ་དུ་མེད་པ་བསྙེན་བཀུར་ཅིང་། །སྦྱིན་དུལ་སྡོམ་པ་མཆོག་གི་ཚུལ་ཁྲིམས་རྣམས། །ཅི་ནས་འགྲོ་ཀུན་རྣམ་པར་དག་འགྱུར་བ། །དེ་ལྟར་འཇིག་རྟེན་ཕན་ཕྱིར་ཡོངས་སུ་བསྔོ། །ཇི་སྙེད་འདི་ནི་སྤོས་ཀྱི་གཞལ་མེད་ཁང་། །མེ་ཏོག་རྣམ་པ་ན་བཟའི་རྣམ་པ་དང་། །ལྷབ་ལྷུབ་རྣམ་པ་གདུགས་ཀྱི་རྣམ་པ་དག །དེས་ནི་ཡེ་ཤེས་མཁས་ལ་བསྙེན་བཀུར་བྱེད། །དེ་ལྟར་སྐྱེས་བུའི་སེང་གེ་དྲང་སྲོང་རྣམས། །བསྐལ་པ་བསམ་ཡས་བསྙེན་


DKG035_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བཀུར་བྱས་ཀྱང་། །རྒྱལ་བ་སྐྱེས་བུ་འདུལ་བ་མཆོད་བྱས་པས། །ནམ་ཡང་ངོམས་པར་ཚོར་བར་མྱི་འགྱུར་རོ། །དེ་དག་རྒྱལ་བ་ཀུན་ལ་མོས་བྱེད་ཅིང་། །ཕྱོགས་རྣམས་ཀུན་གྱི་འཇིག་རྟེན་སྒྲོན་མ་རྣམས། །མི་ཡི་སེང་གེ་མཚུངས་མེད་ཇི་སྙེད་དུ། །འཇིག་རྟེན་ཕྱོགས་བཅུ་དག་ན་བཞུགས་པར་མཐོང་། །བསྐལ་པ་བསམ་གྱིས་མྱི་ཁྱབ་རྣམ་མང་དུ། ། མི་ངོམས་ཡིད་ཀྱིས་སྦྱིན་པ་གཏོང་བྱེད་ཅིང་། །དགེ་བ་དེ་ལ་རྗེས་སུ་སེམས་བྱེད་པས། །བསྐལ་པ་བརྒྱར་ཡང་ངོམས་པར་མི་ཚོར་རོ། །འགྲོ་བའི་འདུ་ཤེས་རྣམ་རྟོག་རབ་ཤེས་ཀྱང་། །དེ་ལ་དེ་ནི་མི་རྟོག་རྣམ་མི་རྟོག །དེ་དག་འགྲོ་བའི་དབང་པོ་མ་ལུས་ཤེས། །དེ་དག་ཕན་ཕྱིར་རྟག་ཏུ་འཇུག་པར་བྱེད། །དེ་དག་དགའ་ཞིང་མཉམ་པར་གཞག་པའི་སེམས། །དད་པ་འོད་གསལ་སྲི་ཞུ་ལྡན་པ་རྣམས། །བསམ་ཡས་བསྐལ་པར་འཇིག་རྟེན་འགྲོ་ཕན་ཕྱིར། །ཡོངས་སུ་དགྲོལ་བའི་སེམས་ཀྱིས་སྤྲོ་བར་བྱེད། །དེ་དག་བདེ་གཤེགས་མྱ་ངན་འདས་པ་ལས། །སྣ་ཚོགས་རྣམ་པ་ཐ་དད་ཡིད་འོང་བའི། །མཆོད་རྟེན་བསམ་གྱིས་མི་ཁྱབ་རྩིག་བྱེད་ཅིང་། །མཆོད་པ་བྱེད་ཀྱང་ནམ་ཡང་ཚིམ་པ་མེད། །མཚུངས་མེད་དེ་དག་སྐུ་གཟུགས་རྣམ་དག་པ། །རབ་ཏུ་འོད་འབར་གསེར་གྱི་སྙིང་པོ་ཅན། །རྒྱལ་བའི་སྐུ་གཟུགས་རི་རབ་མཉམ་པ་དག །བྱེ་བ་བརྒྱ་ཕྲག་མཐའ་ཡས་རབ་ཏུ་བྱེད། །ཟིལ་ནོན་དམ་པ་རྙེད་པ་དེ་དག་ནི། །བསོད་ནམས་ཡངས་པའི་སྟོབས་དེ་སྒྲུབ་པ་ན། །དེ་དག་ཡོངས་བསྔོའི་ཤེས་པ་རབ་རྟོགས་ཤིང་། །དངོས་དང་དངོས་མེད་ཐམས་ཅད་རབ་ཏུ་བསྒོམ། །འདི་འདྲའི་ཡེ་ཤེས་ཚུལ་ལ་ཡོངས་བསྔོས་པས། །དེ་ཕྱིར་འཁོར་བས་ཟད་པར་མི་འགྱུར་ཏེ། །ཆོས་ཉིད་ཡེ་ཤེས་མཆོག་དང་དམ་པ་དག །དེ་ལ་ཆོས་རྣམས་སྐྱེ་བ་གང་ཡང་མྱེད། །དེས་ནི་འཇིག་རྟེན་མཁྱེན་པ་རྣམ་དག་


DKG035_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །སེམས་ཀྱང་རབ་ཏུ་རྣམ་པར་དག་པར་འགྱུར། །དེས་ནི་མི་ཟད་མཐར་ཕྱིན་ཚུལ་རྟོགས་པའི། །འདུས་བྱས་བསོད་ནམས་ཟད་པར་འགྱུར་བ་མེད། །གང་རྣམས་བྱང་ཆུབ་སེམས་དང་ལྡན་འགྱུར་ཅིང་། །འཇིག་རྟེན་ཀུན་ལ་གནས་པ་མེད་པ་དག །འགྲོ་བ་ཀུན་ལ་ཆགས་པ་མེད་པ་ཡིན། །ཕྱོགས་རྣམས་ཀུན་ཏུའང་མཐའ་ཡས་རབ་ཏུ་འགྲོ། །གང་གིས་མི་ཡི་དབང་པོ་ཀུན་འབྱུང་བ། །དེ་འདྲའི་སེམས་སུ་ཡོངས་སུ་བསྔོ་བ་བྱེད། །འགྲོ་བ་ཐམས་ཅད་སེམས་དང་མཉམ་རྟོགས་ཀྱང་། །འགྲོ་བ་ཀུན་ཏུ་སེམས་ནི་དམིགས་པ་མེད། །དེ་དག་དངོས་པོ་ཐམས་ཅད་མ་ལུས་པར། །ཆོས་རྣམས་དངོས་མེད་ཇི་བཞིན་འཇུག་པ་བྱེད། །ཅི་ནས་འཇིག་རྟེན་ལམ་དུ་ཉམས་མེད་པར། །རྣམ་དག་མིག་ཅན་ཡོངས་སུ་བསྔོ་བ་བྱེད། །དེས་ནི་སྲིད་རྣམས་ཡོངས་སུ་དག་པར་བསྔོ། །དངོས་སུ་སྲིད་ལ་རྟོག་པར་མི་བྱེད་དེ། །དངོས་དང་དངོས་མེད་ཚུལ་ནི་ཤེས་བྱེད་ཅིང་། །འོད་གསལ་དང་བས་སེམས་ཀྱང་ཚིམ་པར་བྱེད། །སངས་རྒྱས་ཞིང་གཅིག་གནས་པར་མི་བྱེད་དེ། །ཞིང་རྣམས་མ་ལུས་ཀུན་ལའང་གནས་མི་འཆའ། །འདུས་བྱས་ཆོས་ཀྱིས་སྙེམས་པར་མི་བྱེད་དེ། །དེ་དག་རང་བཞིན་ལ་འང་མི་གནས་སོ། །ཅི་ནས་རྒྱལ་བ་ཀུན་གྱི་ཀུན་མཁྱེན་དང་། །ཅི་ནས་བླ་མེད་སངས་རྒྱས་རྒྱན་ཐོབ་ཅིང་། །ཅི་ནས་རྒྱལ་བ་ཐམས་ཅད་མཉེས་འགྱུར་བ། །དེ་ལྟར་དེ་དག་ལས་ནི་ཡོངས་སུ་བསྔོ། །ཡེ་ཤེས་དམ་པའི་རྣམ་པ་ཚུལ་ཤེས་པ། །དེ་དག་རྐང་གཉིས་དམ་པ་དྲན་བྱེད་ཅིང་། །དེ་འདྲའི་ཆོས་རྣམས་གནས་མེད་རབ་ཤེས་པས། །དེ་འདྲའི་བསོད་ནམས་གནས་པ་མེད་པར་འགྱུར། །དེ་དག་འགྲོ་བ་ཀུན་གྱི་སྐྱབས་ཡིན་ཏེ། །ལས་ཀྱི་མཐའ་རྣམས་ཐམས་ཅད་རྣམ་པར་སྦྱངས། །འགྲོ་བ་ཀུན་ལ་ཕན་དང་བདེ་སེམས་ཀྱིས། །


DKG035_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཡོངས་སུ་སྤང་བ་གང་ཡང་མེད། །ཆོས་དང་བར་དུ་མྱ་ངན་འདའ་བ་དག །གང་ཕྱིར་གཞན་མིན་འགྲངས་པའི་ས་ལ་སྲུང་། །གང་གིས་རྒྱལ་འགྱུར་སངས་རྒྱས་གྱུར་པའི་རྣམས། །དེ་ལྟར་དགེ་བ་དེ་དག་ཡོངས་སུ་བསྔོ། །འཇིག་རྟེན་འགྲོ་བའི་རྒྱུད་ལ་རློམ་སེམས་མེད། །འདུས་བྱས་རྣམས་ལའང་དེ་དག་ཆགས་པ་མེད། །ཚིག་གི་ལམ་ལ་དེ་དག་གནས་པ་མེད། ། ཚིག་མེད་ལམ་ལའང་ནམས་ཀྱང་མི་གནས་སོ། །ཆོས་རྣམས་ཐམས་ཅད་མ་ལུས་བསྡུ་མཛད་དེ། །མི་ཡི་དམ་པ་སངས་རྒྱས་ཇི་སྙེད་པས། །འགྲོ་རྒྱུད་ཐམས་ཅད་རྣམ་པར་ཕྱེ་བས་མཁྱེན། །ཐུགས་ཀྱིས་རྣམ་པར་དབྱེ་དང་རྟོག་མི་མངའ། །རྒྱན་གཅིག་ལས་ནི་རྒྱན་རྣམས་ཀུན་འབྱིན་ཀྱང་། །རྣམ་པར་རྟོག་པའི་ཆོས་སུ་མི་བྱེད་དེ། །དེ་དག་ཐམས་ཅད་དངོས་མེད་སྤྱོད་མེད་པར། །འཇིག་རྟེན་རྟོག་པ་མེད་པར་རབ་ཏུ་ཤེས། །མི་ཕྱེད་པ་དང་ལྡན་པ་ཞེས་བྱ་བ་སྟེ་ཡོངས་སུ་བསྔོ་བ་གཉིས་པའོ།། །


previousསུམ་ཅུ་པ། རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བའི་ལེའུ། སྟོད་ཆ། no next