Nitartha Digital Library
Tibetan
 
previousསུམ་ཅུ་རྩ་གཉིས་པ། ཀུན་ཏུ་བཟང་པོས་བསྟན་པའི་ལེའུ། next

སུམ་ཅུ་རྩ་གཉིས་པ། ཀུན་ཏུ་བཟང་པོས་བསྟན་པའི་ལེའུ།


DKG036_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གཉིས ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་གནས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འཁོད་པ་བཅུ་འཐོན་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འཁོད་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་མིང་འདི་ཞེས་བྱ་བ་དག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བའི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོའི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ཀྱི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་སྒྲ་ཟབ་མོ་རྣམ་པ་ཐ་དད་པའི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་མི་ཕྱེད་པའི་གཙུག་གི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་


DKG036_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མྱི་གཡོ་བར་ཀུན་ཏུ་འགྲོ་བའི་འོད་གཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་སྙན་པ་ཀུན་ཏུ་རྣམ་པར་གྲགས་པའི་འོད་ཀྱི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིའི་རྒྱལ་པོ་མི་གཡོ་བའི་འོད་ཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་བལྟ་བའི་གཟུགས་རྣམ་པར་དམིགས་པའི་འོད་གཟེར་གྱི་རྒྱལ་པོ་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་བཅུ་རྣམ་པར་དག་པ་ཐུབ་པ་མེད་པའི་འོད་གཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་ལྟར་འཐོན་མ་ཐག་ཏུ་དེའི་མོད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་མ་གཏོགས་པར་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱང་ལངས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་འོད་མ་གཏོགས་པར་འོད་ཐམས་ཅད་ཀྱང་མི་སྣང་བར་གྱུར་ཏེ། ཐམས་ཅད་ཀྱང་ཟིལ་གྱིས་གནོན་པར་གྱུར་ཏོ། །སངས་རྒྱས་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་མང་པོའང་མངོན་པར་བྱུང་བར་གྱུར་ཏེ། འདི་ལྟར་སྤོས་ཀྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །མེ་ཏོག་གི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་ཆ་མངོན་པར་བབ་པར་གྱུར་ཏོ། །བྱུག་པའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་


DKG036_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །གདུགས་ཀྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །གོས་ཀྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །རིན་པོ་ཆེའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །རྒྱལ་མཚན་གྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །བ་དན་གྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །འོད་གཟེར་གྱི་དྲ་བ་སྣང་བ་ཆེན་པོའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་མེད་ཁང་གི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་ཕྱེ་བའི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་སྣང་བའི་གོས་ཀྱི་སྤྲིན་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་ཁྱབ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་མངོན་པར་བབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སེང་གེའི་ཁྲི་མང་པོ་དེ་དག་ལས་བྱང་


DKG036_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་རེ་རེའི་སེང་གེའི་ཁྲིའི་རྒྱན་རིན་པོ་ཆེ་རྣམ་པར་དག་པ་རེ་རེ་དང་དམྱིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམིགས་པ་རེ་རེ་ལས་ཀྱང་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །དམིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམིགས་པ་རེ་རེ་ཞིང་ཡང་སེམས་ཅན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །དམིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམྱིགས་པ་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །དམིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམིགས་པ་རེ་རེ་ཞིང་ཡང་བྱང་ཆུབ་སེམས་དཔའ་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །དམིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམིགས་པ་རེ་རེ་ཞིང་ཡང་དུས་འབྱམ་ཀླས་པ་ཐམས་ཅད་ཡོངས་སུ་སྣང་བར་གྱུར་ཏོ། །དམིགས་པ་མང་པོ་དེ་དག་ཐམས་ཅད་ལས་དམིགས་པ་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་འདས་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སངས་རྒྱས་འབྱུང་བ་དང་བཅས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་བཅས་པ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། སེམས་ཅན་འདུལ་བ་དང་བཅས་པ། མིང་གི་འཁོར་ལོ་དང་བཅས་པ། མང་པོ་ཡོངས་སུ་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་གྱི་མཐའི་མུར་ཐུག་པའི་དུས་དག་ཏུ་འཇིག་རྟེན་གྱི་ཁམས་གང་དང་གང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་གྱུར་པ་དེ་དག་ཀྱང་ཡོངས་སུ་སྣང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་གི་ཞབས་ཀྱི་དྲུང་ན། འཁོད་ཅིང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་སྦྱོང་བ་ཡང་ཡོངས་སུ་སྣང་བར་གྱུར་ཏོ། །དམིགས་


DKG036_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་པོ་དེ་དག་ཐམས་ཅད་ལས་དམྱིགས་པ་རེ་རེ་ཞིང་ཡང་ཕྱི་མའི་མཐའི་མུར་ཐུག་པའི་དུས་ཀྱི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སངས་རྒྱས་སྐྱེ་བ་དང་བཅས་པ་ཆོས་ཀྱི་འཁོར་ལོ་དང་བཅས་པ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ། སེམས་ཅན་འདུལ་བ་དང་བཅས་པ། མིང་གི་འཁོར་ལོ་དང་བཅས་པ་མང་པོ་ཡོངས་སུ་སྣང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ཕྱི་མའི་མཐའི་མུར་ཐུག་པའི་དུས་དག་ཏུ་འཇིག་རྟེན་གྱི་ཁམས་གང་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་གྱུར་པ་དེ་དག་ཀྱང་ཡོངས་སུ་སྣང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་གི་ཞབས་ཀྱི་དྲུང་ན་འཁོད་ཅིང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་བྱེད་པ་དག་ཀྱང་ཡོངས་སུ་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་འདི་དག་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ནི་གང་དང་གང་ནས་ལྷགས། དེ་བཞིན་གཤེགས་པ་ནི་གང་དང་གང་གི་ཞབས་ཀྱི་དྲུང་ནས་ཕྱིན་སྙམ་སྟེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་འདི་དག་ལྷགས་ནི་གང་ནས་ལྷགས། འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ནི་གང་ཤེད་ནས། དེ་བཞིན་གཤེགས་པ་ནི་གང་ཞིག་གི་ཞབས་ཀྱི་དྲུང་ནས་འདིར་ཕྱིན། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་བས་ན་ཁྱེད་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་འདི་དག་འཇིག་རྟེན་གྱི་ཁམས་ནི་གང་ནས་ལྷགས། དེ་བཞིན་གཤེགས་པ་ནི་གང་གི་ཞབས་


DKG036_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དྲུང་ནས་ཕྱིན་པ་ཡོངས་སུ་བརྟག་པ་དང་། ཡོངས་སུ་དཔྱད་པ་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་ཆགས་པ་མེད་པའི་མིག་གིས་ཀུན་ཏུ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་དང་། མངོན་པར་ཤེས་པ་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་དང་། དམིགས་པ་ཐམས་ཅད་ཤིན་ཏུ་རྣམ་པར་ཕྱེ་བའི་སྙིང་པོ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་གཞི་རབ་ཏུ་རྟོགས་པ་ཞེས་བྱ་བ་དག་ལ་མཉམ་པར་གཞག་གོ །དེ་ལྟར་དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ལ་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་མཉམ་པར་གཞག་སྟེ། ཀུན་གྱིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གཞན་དང་གཞན་ཤ་སྟག་ལ་མཉམ་པར་གཞག་ཀྱང་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དེ་དག་ཀྱང་མ་མཐོང་། དེ་བཞིན་གཤེགས་པ་གང་གི་ཞབས་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའ་དེ་དག་ཚངས་པའི་སྤྱད་པ་སྤྱོད་པ་དེ་དག་ཀྱང་མ་མཐོང་ནས། ཏིང་ངེ་འཛིན་དེ་དག་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ལ་མཉམ་པར་གཞག་ཀྱང་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དེ་དག་ཀྱང་མ་མཐོང་། བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས་བཅོམ་ལྡན་འདས་གང་གི་ཞབས་ཀྱི་དྲུང་ན་ཚངས་པར་སྤྱོད་པའི་དེ་བཞིན་གཤེགས་པ་དེ་དག་ཀྱང་མ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས། ཡང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །


DKG036_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ད་དུང་དུ་བྱང་ཆུབ་སེམས་དཔའ་དེ་དག་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་གང་ནས་ལྷགས་པ་དང་། དེ་བཞིན་གཤེགས་པ་གང་གི་ཞབས་ཀྱི་དྲུང་ནས་ལྷགས་པ་བརྟག་པར་གྱིས་ཤིག་དཔྱད་པར་གྱིས་ཤིག །འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དེ་དག་ནི་མཐོང་བར་དཀའོ། །སངས་རྒྱས་བཅོམ་ལྡན་འདས་གང་གི་ཞབས་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའ་འདི་དག་ཚངས་པའི་སྤྱད་པ་སྤྱོད་པའི་དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བས་ཀྱང་ཤིན་ཏུ་མཐོང་བར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ལས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་མཉམ་པར་གཞག་གོ །དེ་ལྟར་མཉམ་པར་གཞག་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་གིས་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དེ་དག་ཀྱང་མ་མཐོང་། སངས་རྒྱས་བཅོམ་ལྡན་འདས་གང་གི་ཞབས་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའ་དེ་དག་ཚངས་པའི་སྤྱད་པ་སྤྱོད་པའི་དེ་བཞིན་གཤེགས་པ་དེ་དག་ཀྱང་མ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་དེ་དག་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བདག་ཅག་བྱང་ཆུབ་སེམས་དཔའ་རེ་རེས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་མཉམ་པར་གཞག་ཀྱང་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་དེ་དག་ཀྱང་མ་མཐོང་ངོ་། །གང་གི་ཞབས་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའ་དེ་དག་ཚངས་པའི་སྤྱད་པ་སྤྱོད་པའི་དེ་བཞིན་གཤེགས་པ་དེ་དག་ཀྱང་མ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟན་དེ་ལས་ནམ་མཁའི་དབྱིངས་སུ་འཕགས་ཏེ། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་


DKG036_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པའི་སྐུ་ཆགས་པ་མི་མངའ་བའི་རྒྱན་དང་ལྡན་པ་དུས་གསུམ་མཚུངས་པར་མཉམ་པར་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཀུན་ཏུ་ཁྱབ་པ་ཆོས་ཀྱི་དབྱིངས་ཁོངས་སུ་ཆུད་པ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམིགས་པ་འདི་ལ་ལྟོས་ཤིག་དང་དེ་ལ་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་གྱུར་པར་སྣང་ངོ་། །དེ་བཞིན་གཤེགས་པ་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་གྱུར་པར་སྣང་ངོ་། །བྱང་ཆུབ་སེམས་དཔའ་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་གྱུར་པར་སྣང་ངོ་། །སེམས་ཅན་གྱི་ཁམས་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་གྱུར་པར་སྣང་ངོ་། །ལམ་གྱི་རྒྱུད་འབྱམ་ཀླས་པ་ཐམས་ཅད་ཀྱང་གཟུགས་བརྙན་དུ་གྱུར་པར་སྣང་ངོ་། །ཀྱེ་རྒྱལ་བའི་སྲས་དག་དེ་བས་ན་ཁྱོད་ཀྱིས་རང་གི་ལུས་ཀུན་ཏུ་ལྟ་བའི་མྱིག་དང་ལྡན་པར་བྱིན་གྱིས་རློབས་ལ་ཤེས་རབ་ཀྱི་མིག་ནམ་མཁའི་དབྱིངས་ཀྱིས་ཀླས་པར་བྱིན་གྱིས་རློབ་སྟེ། ཡེ་ཤེས་ཡངས་པའི་མིག་དམིགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་ལ་ཁོང་དུ་ཆུད་པར་གྱིས་ལ་ཕྱོགས་འབྱམ་ཀླས་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་རློབ་སྟེ། དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་དུ་མི་གནས་པ་འདི་ལ་གནས་པ་ཐམས་ཅད་ཡོངས་སུ་བསྩལ་བའི་ལྟ་བས་ལྟོས་ཤིག ། མངོན་པར་ཞེན་པ་ཐམས་ཅད་ལས་གྱེན་དུ་འཕགས་པ་དང་སྲིད་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་ཤིན་ཏུ་ཕྲ་བའི་ཚུལ་གྱིས་སྟོབས་བཅུའི་སྟོབས་ཡོངས་སུ་ནོན་པ་དང་། དམིགས་པ་ཆུང་ངུ་ལ་རྒྱ་ཆེན་པོར་འཇུག་པའི་བལྟ་བས་ལྟོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་


DKG036_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཀུན་ཏུ་བཟང་པོའི་གདམས་ངག་བཞིན་དུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སེམས་ཤིང་རྟོག་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་གཉིས་ཀྱི་འཁོར་ལོ་རྩིབས་སྟོང་ཡོད་པ་ལ་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ཞེས་བྱ་བ་ཡོད་པ་མཐོང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་རྒྱན་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བ་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ །བཅོམ་ལྡན་འདས་ཀྱི་ཞབས་བྱིན་པ་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་གཉིས་ལ་འཇིག་རྟེན་གྱི་ཁམས་ཆགས་པ་མེད་པའི་སྙིང་པོ་ཅན་ཞེས་བྱ་བ་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་འོད་རྒྱ་མཚོ་ཆགས་པ་མེད་ཅིང་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་། །ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཟབ་མོའི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ། འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ །དེ་བཞིན་གཤེགས་པའི་ཞབས་པུས་མོ་གཉིས་ཀྱི་ལྷ་ང་ལ་འཇིག་རྟེན་གྱི་ཁམས་ས་ལེ་སྦྲམ་ཡོད་པ་ཞེས་བྱ་བ་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་གསེར་འབར་བ་དམ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །


DKG036_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་དཔལ་གྱི་གཟི་བརྗིད་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ། འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ །བཅོམ་ལྡན་འདས་ཀྱི་སྐུ་སྟེ་ཟུར་གྱི་དཀྱིལ་འཁོར་ལ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱི་སྙིང་པོ་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགེ་བ་སྣ་ཚོགས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་སྤྲིན་སྒྲ་ཟབ་མོ་རྣམ་པ་ཐ་དད་པའི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ །བཅོམ་ལྡན་འདས་ཀྱི་སྐུ་ལྟེ་བའི་དཀྱིལ་འཁོར་ན་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བའི་སྙིང་པོ་ཅན་ཞེས་བྱ་བ་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་མི་ཕྱེད་པའི་གཙུག་གི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་སྙིང་པོ་ཅན་ལ་འདུག་གོ །བཅོམ་ལྡན་འདས་ཀྱི་ཐུགས་ཀ་ན་འཇིག་རྟེན་གྱི་ཁམས་དཔལ་གྱི་འོད་


DKG036_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གཟེར་སྙིང་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དཔལ་གྱི་བེའུ་རྒྱན་གྱིས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ངག་གི་ལམ་མི་གཡོ་བར་ཀུན་ཏུ་འགྲོ་བའི་འོད་གཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པས་བརྒྱན་པའི་སྙིང་པོ་ཅན་ལ་འདུག་གོ །བཅོམ་ལྡན་འདས་ཀྱི་སྐུ་ཕྲག་པའི་ལྷུན་གཉིས་ལ་འཇིག་རྟེན་གྱི་ཁམས་གསེར་ཡོད་པ་ཞེས་བྱ་བ་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་གསེར་འབར་བའི་སྙིང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་གྲགས་པ་སྙན་པར་ཀུན་ཏུ་རྣམ་པར་གྲགས་པའི་འོད་ཀྱི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས། སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞལ་གྱི་གསུང་གི་དབྱངས་ལ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་འོད་གཟེར་དཔག་ཏུ་མེད་པའི་གཟི་བརྗིད་ཀྱིས་རབ་ཏུ་བརྒྱན་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་རིའི་རྒྱལ་པོ་མི་གཡོ་བའི་འོད་གཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་


DKG036_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་བྱས་ཏེ་འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྨིན་མཚམས་ན་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་མི་ཟད་པའི་མཛོད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡེ་ཤེས་དུས་གསུམ་དུ་མི་ཟད་པའི་མཛོད་ཅེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཀུན་ནས་བལྟ་བའི་གཟུགས་རྣམ་པར་དམིགས་པའི་འོད་གཟེར་གྱི་རྒྱལ་པོ་སྣང་བའི་གཟི་བརྗིད་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ། འོངས་ནས་སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དབུ་ལ་འཇིག་རྟེན་གྱི་ཁམས་གཞི་སྤྱིའུ་ཚུགས་ཀྱི་ལྷུན་ཡོངས་སུ་འཛིན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོག་བརྩེགས་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་ཆོས་སྟོན་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་སྟོབས་བཅུ་རྣམ་པར་དག་པ་ཐུབ་པ་མེད་པའི་འོད་གཟེར་སྣང་བའི་གཟི་བརྗིད་ཀྱི་མཛོད་ཀྱི་སྙིང་པོས་བྱུང་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་འོངས་ནས། སེང་གེའི་ཁྲི་ཆགས་པ་མེད་པའི་རྒྱན་གྱི་སྙིང་པོ་ཅན་ལ་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དེ་དག་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དེ་དག་དང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དེ་དག་


DKG036_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལ་སྩོགས་པ་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་གཟུངས་ཆོས་ཐམས་ཅད་ཀྱི་ས་ལས་སྩོགས་པ་གཟུངས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡུལ་དང་བྲལ་བའི་སྙིང་པོ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་སྟོབས་ཀྱི་གློག་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གློག །སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐོབ་པར་གྱུར་ཏོ། །ཀྱེ་རྒྱལ་བའི་སྲས་དག་ཆོས་ཀྱི་སྒོ་འདི་དག་ནི་བསམ་པ་རྡོ་རྗེ་དམ་པ་ལྟ་བུར་བྱས་ཏེ། ཡོངས་སུ་ཆུབ་པར་བྱའོ། །རིམ་གྲོ་ཆེན་པོ་དང་ལྡན་པའི་བསམ་པས་ཡོངས་སུ་བསྲུང་བར་བྱའོ། །ཀྱེ་རྒྱལ་བའི་སྲས་ཆོས་ཀྱི་སྒོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཞུགས་པ་རྣམས་མ་གཏོགས་པར་གཞན་གྱི་རྣ་ལམ་དུ་འགྲོ་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡིད་དགའ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་སྨྲས་པ་ལ་མངོན་པར་དགའོ། །ཀུན་ཏུ་བཟང་པོས་བསྟན་པའི་ལེའུ་ཞེས་བྱ་བ་སྟེ། སུམ་ཅུ་རྩ་གཉིས་པའོ།། །།


previousསུམ་ཅུ་རྩ་གཉིས་པ། ཀུན་ཏུ་བཟང་པོས་བསྟན་པའི་ལེའུ། next