Nitartha Digital Library
Tibetan
 
previousསུམ་ཅུ་རྩ་བརྒྱད་པ། བྱང་ཆུབ་སེམས་དཔའི་གནས་ཀྱི་ལེའུ། no next

སུམ་ཅུ་རྩ་བརྒྱད་པ། བྱང་ཆུབ་སེམས་དཔའི་གནས་ཀྱི་ལེའུ།


DKG036_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོས་ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །ཤར་ཕྱོགས་ལོགས་ན་སྔན་ཅད་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་དྲང་སྲོང་འབྱུང་བ་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་དཔལ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སུམ་བརྒྱ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག་ལྷོ་ཕྱོགས་ལོགས་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་དཔལ་གྱི་ཕུང་པོ་ཞེས་བྱ་བ་


DKG036_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་ལྔ་བརྒྱ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག་ནུབ་ཕྱོགས་ལོགས་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་རྡོ་རྗེའི་འོད་འཕྲོ་བ་ཅན་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེང་གེའི་འགྲོས་སུ་འགྲོ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སུམ་བརྒྱ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཕྱོགས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་སྤོས་ཀྱི་ཕུང་པོ་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སྟོང་ཕྲག་གསུམ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །ཤར་ཕྱོགས་ལོགས་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་སྤང་རི་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སྟོང་ཕྲག་བཅུ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །བྱང་དང་ཤར་གྱི་ཕྱོགས་མཚམས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་རྒྱ་མཚོ་ཆེན་པོ་བཞིའི་གནས་རྡོ་རྗེའི་རི་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཀྱིས་འཕགས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་བརྒྱ་ཕྲག་བཅུ་གཉིས་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །ཤར་དང་ལྷོའི་ཕྱོགས་མཚམས་ལོགས་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་མཆོད་རྟེན་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ལྷའི་ཕུང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སྟོང་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་


DKG036_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དག །ལྷོ་དང་ནུབ་ཀྱི་ཕྱོགས་མཚམས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་སྐར་མའི་འོད་ཅེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་བཟང་པོའི་དཔལ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སྟོང་ཕྲག་གསུམ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །ནུབ་དང་བྱང་གི་ཕྱོགས་མཚམས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་སྤོས་ཀྱི་ངད་ཅན་ཞེས་བྱ་བ་ཡོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་སྟོང་ཕྲག་ལྔ་དང་ལྡན་པ་ཆོས་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །རྒྱ་མཚོ་ཆེན་པོའི་ནང་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་ཕུག་བཟང་པོ་ཞེས་བྱ་བ་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དག །ཡུལ་ཤིན་ཏུ་ཡངས་པའི་ལྷོ་ཕྱོགས་ལོགས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་རྩ་བ་ཤིན་ཏུ་བརྟན་པ་ཞེས་བྱ་བ་ཡོད་དོ། །ཡུལ་པ་ཏ་ལའི་བུ་ཞེས་བྱ་བ་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་དགེ་འདུན་གྱི་ཀུན་དགའ་ར་བ་གསེར་གྱི་གླིང་ཞེས་བྱ་བ་ཡོད་དོ། །ཡུལ་མ་དུ་ར་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་ཚིམ་པར་བྱེད་པའི་ཕུག་ཅེས་བྱ་བ་ཡོད་དོ། །ཡུལ་རིལ་བ་གཏོང་བ་ཞེས་བྱ་བ་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་ཆོས་ཀྱི་སྟན་ཞེས་བྱ་བ་ཡོད་དོ། །ཡུལ་དགེ་བའི་ཕུལ་དུ་ཕྱིན་པ་ཞེས་བྱ་བ་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་བཏང་བཟུང་གི་ཕུག་ཅེས་བྱ་བ་ཡོད་དོ། །ཡུལ་བེའུ་ར་ཞེས་བྱ་བ་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་ཐུ་བ་ཞེས་བྱ་བ་ཀླུས་བཙུགས་པ་ཡོད་དོ། །ཡུལ་ཀམ་པོ་ཙ་ན་སྔོན་


DKG036_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས། བྱམས་པས་འཕགས་པ་ཞེས་བྱ་བ་ཡོད་དོ། །རྒྱ་བའི་གནས་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི། གནས་མཐུ་བོ་ཆེའི་ཕུག་པ་ཅེས་བྱ་བ་ཡོད་དོ། །ཡུལ་ཁ་ཤ་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས། བ་ལང་གི་མགོ་བོ་ཞེས་བྱ་བ་ཡོད་དོ། །ཁ་ཆེའི་ཡུལ་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི། གནས་ཤིན་ཏུ་སྟོན་པ་ཞེས་བྱ་བ་ཡོད་དོ། །ཡུལ་དགའ་བ་འཕེལ་བ་ཞེས་བྱ་བ་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས། གནས་བརྟན་གྱི་ཕུག་ཅེས་བྱ་བ་ཡོད་དོ། །ཡུལ་ཆུ་འཛིན་ཅེས་བྱ་བ་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི། གནས་ཁྱོར་པོ་སྟོན་པ་ཞེས་བྱ་བ་ཡོད་དོ། །ཡུལ་ས་འཛིན་གྱི་དཀྱིལ་འཁོར་ན། སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས། བརྒྱགས་ཀྱི་ཕུག་ཅེས་བྱ་བ་ཡོད་དོ། །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་གནས་ཀྱི་ལེའུ་ཞེས་བྱ་བ་སྟེ། སུམ་ཅུ་བརྒྱད་པའོ།། །


previousསུམ་ཅུ་རྩ་བརྒྱད་པ། བྱང་ཆུབ་སེམས་དཔའི་གནས་ཀྱི་ལེའུ། no next