Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་དགུ་པ།


   
   
   
   
   
   
   
   
   
བདུན་པ། དེ་བཞིན་གཤེགས་པའི་སྐུའི་གསང་བའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ། དེ་བཞིན་གཤེགས་པའི་སྐུའི་གསང་བའི་ལེའུ། next

བདུན་པ། དེ་བཞིན་གཤེགས་པའི་སྐུའི་གསང་བའི་ལེའུ།


DKG039_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་དེ་བཞིན་གཤེགས་པའི་གསང་བ་ཅི་འདྲ། དེ་བཞིན་གཤེགས་པའི་གསང་བ་པའི་ཕྱོགས་


DKG039_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་ལ་ཁྱོད་སྤོབས་པར་གྱིས་ཤིག་།དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲ་ས་སོ། །སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བསྟན་གྱིས་རིགས་ཀྱི་བུ་ཉོན་ཅིག །ཞི་བའི་བློ་གྲོས་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་གསང་བའོ། །གསུམ་གང་ཞེ་ན་འདི་ལྟ་སྟེ། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བ་འོ། །ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པའི་སྐུའི་གསང་བ་གང་ཞེ་ན། ཞི་བའི་བློ་གྲོས་འདི་ལ་དེ་བཞིན་གཤེགས་པ་ནི་མི་དགོངས་ཤིང་རབ་ཏུ་མི་རྟོག་བར་སྤྱོད་ལམ་ཐམས་ཅད་ཀྱང་ཀུན་ཏུ་སྟོན་ཏེ། རིགས་ཀྱི་བུ་དེ་ལ་ལྷ་དང་མི་ཁ་ཅིག་འདུག་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་བཞུགས་པར་མཐོང་ང་ོ། །ལྷ་དང་མི་ཁ་ཅིག་འཆག་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་འཆག་པར་མཐོང་ངོ། །ལྷ་དང་མི་ཁ་ཅིག་འགྲེང་བ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་འགྲང་བར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་ཉལ་བ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་མནལ་བར་མཐོང་ང་ོ། ལྷ་དང་མི་ཁ་ཅིག་ཆོས་སྟོན་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཐོང་ངོ། །ལྷ་དང་མི་ཁ་ཅིག་མི་སྨྲ་བར་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་མི་གསུང་བར་གྱུར་བར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་བསམ་གཏན་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་བསམ་གཏན་ལ་སྙོམས་པར་ཞུགས་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་ལངས་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་བཞེངས་པར་མཐོང་ང་ོ། །ལྷ་དང་མི་ཁ་ཅིག་མིག་མི་འཛད་པར་མཐོང་ང་ོ། །ལྷ་དང་མི་ཁ་ཅིག་དེ་བཞིན་གཤེགས་པ་སྤྱན་མི་འཛུམས་པར་གཟིགས་པར་མཐོང་ངོ། །ལྷ་དང་མི་ཁ་ཅིག་འཛུམ་པ་བྱེད་པ་གཙོ་བོར་འཛིན་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་འཛུམ་པ་མཛད་པར་མཐོང་ངོ་། །ལྷ་དང་མི་ཁ་ཅིག་མདོག་གསེར་གྱི་ཁ་དོག་ལྟ་བུ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་སྐུ་མདོག་གསེར་གྱི་ཁ་དོག་ལྟ་


DKG039_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བུར་མཐོང་ངོ། །དེ་བཞིན་དུ་ལ་ལས་ནི་དངུལ་གྱི་མདོག་ཏུ་མཐོང་ངོ། །དེ་བཞིན་དུ་ཤེས་གྱི་མདོག་དང་། བཻ་དཱུ་ཪྻའི་མདོག་དང་། རྡོའི་སྙིང་པོའི་མདོག་དང་། སྤུང་གི་མདོག་དང་། མུ་ཏིག་དམར་པོའི་མདོག་དང་། མུ་ཏིག་དཀར་པོའི་མདོག་དང་། མདོག་དམར་པོ་དང་། མདོག་དཀར་པོ་དང་། བཙོད་ཀའི་མདོག་དང་། མདོག་སྔོན་པོ་དང་། མདོག་སེར་པོ་དང་། ཟླ་བའི་མདོག་དང་། ཉི་མའི་མདོག་དང་། མེའི་མདོག་དང་། འོད་ཀྱི་མདོག་དང་། བརྒྱ་བྱིན་གྱི་མདོག་དང་། ཚངས་པའི་མདོག་དང་། བ་མོའི་མདོག་དང་། སྡོང་རོས་ཀྱི་མདོག་དང་། མཚལ་གྱི་མདོག་ཏུ་མཐོང་ངོ་། །ལ་ལས་ནི་ཆུའི་མདོག་དང་། ལ་ལས་ནི་མྱ་ངན་འཚང་གི་མེ་ཏོག་གི་མདོག་དང་། ཙམ་པ་ཀའི་མདོག་དང་། གནའ་མའི་མེ་ཏོག་གི་མདོག་དང་། བར་ཤི་ཀའི་མདོག་དང་། པདྨའི་མདོག་དང་། ཀུ་མུ་དའི་མདོག་དང་། པདྨ་དཀར་པོའི་མདོག་དང་། དཔལ་གྱི་མདོག་དང་། རྣམ་ཐོས་ཀྱི་བུའི་མདོག་དང་།དང་པའི་རྒྱལ་པོ་དང་སྐྱའི་མདོག་དང་། པདྨ་སར་པའི་མདོག་དང་། དཔལ་གྱི་སྙིང་པོའི་མདོག་དང་། རིན་པོ་ཆེ་བྱེ་རུའི་མདོག་དང་། ནོར་བུ་རིན་པོ་ཆེའི་མདོག་དང་། ཨན་ད་རྙིལ་གྱི་མདོག་དང་། ནམ་མཁའ་དག་པའི་གཟི་བརྗིད་ཀྱི་མདོག་དང་། ལྷ་དང་མ་ཁ་ཅིག་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པར་མོས་པ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པ་དང་ལྡན་པར་མཐོང་ང་ོ། །ཞི་བའི་བློ་གྲོས་དེ་ལྟར་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དང་། གང་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་མིའི་ལུས་ཐོས་བར་གྱུར་ལ་། དེའི་ནང་ནས་སེམས་ཅན་གཅིག་གིས་སེམས་ཅན་དེ་དག་ཇི་སྙེད་པ་དེ་སྙེད་ལ་དེ་བཞིན་གཤེགས་པའི་སྐུའི་གཟུགས་དང་། མདོག་དང་། རྟགས་དང་། དབྱིབས་དང་སྤྱོད་ལམ་སེམས་ཤིང་མོས་ཏེ་མངོན་པར་སྒྲུབ་ལ་སེམས་ཅན་གཅིག་གིས་ཇི་ལྟར་བ་དེ་བཞིན་དུ་སེམས་ཅན་དེ་དག་ཐམས་ཅད་རེ་རེས་ཀྱང་དེ་སྙེད་ལ་དེ་བཞིན་གཤེགས་པའི་སྐུའི་གཟུགས་དང་། མདོག་དང་།


DKG039_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་། དབྱིབས་དང་། སྤྱོད་ལམ་དུ་སེམས་ཤིང་མོས་ཏེ་མངོན་པར་སྒྲུབ་ལ། སེམས་ཅན་གཅིག་གི་སེམས་ཀྱི་མོས་པ་གང་ཡིན་པ་དེ་སེམས་ཅན་གཉིས་པའི་མ་ཡིན་ཏེ། ཞི་བའི་བློ་གྲོས་རྣམ་གྲངས་དེས་ན་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་མོས་པ་ཚིམ་པར་མཛད་དེ། ཇི་ལྟར་མོས་པ་བཞིན་དུ་སེམས་ཅན་བདེ་དག་གིས་དེ་བཞིན་གཤེགས་པའི་སྐུའི་གཟུགས་དང་། མདོག་དང་རྟགས་དང་དབྱིབས་དང་སྤྱོད་ལམ་དུ་ཤེས་མོད་ཀྱི། དེ་ལ་དེ་བཞིན་གཤེགས་པའི་སྐུ་འམ། ཐུགས་ཀྱི་མཛད་བ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་སྔོན་གྱི་སྤྱོད་པ་ཡོངས་སུ་སྦྱངས་པའི་ཁྱད་པར་གྱིས་ལྷུན་གྱིས་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་མཛད་པའི་གཟུགས་དང་། མདོག་དང་རྟགས་དང་དབྱིབས་དང་སྤྱོད་ལམ་གྱིས་ཀུན་དུ་བཞུགས་པའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་། མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པ་ལ་གཟུགས་སུ་སྣང་བ་ཅི་འདྲ་བ་ཉེ་བར་གཞག་པ་དེ་འདུ་བ་ཉིད་ཀྱི་གཟུགས་བརྙན་དེ་ན་ལྷག་ཆད་མེད་པར་མཚུངས་པར་སྣང་ཡང་མེ་ལོང་གི་དཀྱིལ་འཁོར་ནི་མི་སེམས་མི་རྟོག་གོ །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མི་དགོང་མི་རྟོག་པར་ལྷུན་གྱི་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པའི་རྣམ་པར་རིག་པ་ཚིམ་པར་མཛད་དེ། །ཞི་བའི་བློ་གྲོས་འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའོ།།ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་སྐུའི་ནི་ཕུང་པོས་རབ་ཏུ་ཕྱེ་བ་མ་ཡིན། ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ལས་ལས་བྱུང་བ་མ་ཡིན་། ཉོན་མོངས་པ་ལས་བྱུང་བ་མ་ཡིན། ཕ་མ་ལས་བྱུང་བ་མ་ཡིན། འབྱུང་བ་ཆེན་པོའི་ནུར་ནུར་པོ་ལས་བྱུང་བ་མ་ཡིན། ཤ་དང་ཁྲག་གིས་གཡོགས་པ་མ་ཡིན། རུས་པ་དང་ཆུ་བའི་པོག་རེས་སྤྲེལ་པ་མ་ཡིན། དབུགས་ཕྱིན་དུ་རྒྱུ་བ་དང་། སྲོག་དང་འབྲེལ་པ་མ་ཡིན་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་སྐུ་མེད་པ་སྟེ། ཆོས་ཀྱི་སྐུ་དང་། གཟུགས་དང་མཚན་མ་མེད་པའི་སྐུ་དང་། སྤྲོས་པ་མེད་ཅིང་རྒྱུན་མེད་པའི་སྐུ་ཡིན་ཡང་དེ་


DKG039_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་མཚན། གཙོ་བོར་བྱེད་པའི་བའི་སེམས་ཅན་སྐུ་བསྟན་པས་འདུལ་བ་རྣམས་ཀྱི་མིག་ལ་སྣང་བར་འགྱུར་རོ། །གཟུགས་ལས་དབེན་པ་ཆོས་ཀྱི་མཚན་ཉིད་གཙོ་བོར་བྱེད་པའི་སེམས་ཅན་རྣམས་ལ་ནི་ལྷའི་མིག་གིས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་བལྟར་སྣང་བར་མི་འགྱུར་རོ།། །ཞི་བའི་བློ་གྲོས་དེ་ལ་འཁོར་གཅིག་ཏུ་འདུས་པའི་སེམས་ཅན་གྱི་ནང་ནས་ཀྱང་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་། ཁ་ཅིག་གིས་ནི་མཐོང་། ཁ་ཅིག་གིས་ནི་རྒྱང་རིང་པོ་ན་འདུག་ཀྱང་མཐོང་། ཁ་ཅིག་གིས་ནི་ཉེ་བར་འདུག་ཀྱང་མི་མཐོང་། ཁ་ཅིག་གིས་ནི་ཐག་རིང་པོ་ན་འདུག་ཀྱང་མཐོང་ང་ོ། །ཁ་ཅིག་གིས་ནི་ཉེ་བ་ན་འདུག་ཀྱང་མི་མཐོང་ང་ོ། །ལ་ལས་ནི་དྲན་པའི་རྣམ་པར་མཐོང་ལ་གཡེང་བའི་རྣམ་པར་མི་མཐོང་ང་ོ། །ལ་ལས་ནི་གཡེང་བའི་རྣམ་པས་མཐོང་ལ་དྲན་པའི་རྣམ་པས་མི་མཐོང་ང་ོ། །ལ་ལས་ནི་གཞན་གྱིས་ཉེ་བར་བསྟན་པས་མཐོང་ཞིང་བདག་གིས་བལྟས་པས་མི་མཐོང་ངོ་། །ལ་ལས་ནི་བདག་གིས་བལྟས་པས་མཐོང་ལ་གཞན་གྱི་བསྟན་པས་མི་མཐོང་ང་ོ། །ལ་ལས་ནི་རྨི་ལམ་ན་མཐོང་ལ་སད་པ་ན་མི་མཐོང་ངོ་། །ལ་ལས་ནི་སད་པ་ན་མཐོང་ལ་རྨི་ལམ་ན་མི་མཐོང་ངོ་། །ལ་ལས་ནི་མཉམ་པར་བཞག་ན་མཐོང་ལ་ལངས་ན་མི་མཐོང་ངོ་། །ལ་ལས་ནི་ལངས་ན་མཐོང་ལ་མཉམ་པར་བཞག་ན་མི་མཐོང་ངོ། ལ་ལས་ནི་སྡུག་པའི་རྣམ་པར་མཐོང་ལ་མི་སྡུག་པའི་རྣམ་པར་མ་ཡིན་ནོ། །ལ་ལས་ནི་མི་སྡུག་པའི་རྣམ་པར་མཐོང་ལ་སྡུག་པའི་རྣམ་པར་མ་ཡིན་ནོ། །ལ་ལས་ནི་མ་བཙལ་བས་མི་མཐོང་ལ་བཙལ་བས་མཐོང་ངོ། །ལ་ལས་ནི་མ་བཙལ་པས་མཐོང་ལ་བཙལ་བས་མི་མཐོང་ངོ། །ལ་ལས་ནི་བསྒྲིམས་ན་མཐོང་ལ་མ་བསྒྲིབས་ན་མ་ཡིན་ནོ། ། ལ་ལས་ནི་མ་བསྒྲིམས་ན་མཐོང་ལ་བསྒྲིམས་པ་ན་མ་ཡིན་ནོ། །ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་འདི་དག་དང་། གཞན་ཡང་ཚད་མེད་པའི་རྣམ་པར་སྟོན་པ་མཛད་དོ། །གང་ཡང་གཟུགས་ན་སྤྱོད་པའི་ལྷ་བུ་ལུས་དང་། སྤྱོད་པ་དང་སྤྱོད་ལམ་རབ་ཏུ་ཞི་བ། མཉམ་པར་བཞག་པ། ལུས་ཞི་བ་དུལ་བ་དེ་དག་གི་མིང་ཀྱང་འཁྲུལ་པར་འགྱུར་ཏེ་། དེ་བཞིན་གཤེགས་


DKG039_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་ལ་དཔག་པར་བྱས་འམ། མཚན་མ་གཟུང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་ཁ་དོག་ཐ་དད་པས་ཚད་མེད་པའོ། །ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་ནམ་མཁའ་དང་མཚུངས་སོ། །ཞི་བའི་བློ་གྲོས་ནམ་མཁའ་ཇི་ཙམ་དུ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་བོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཐམས་ཅད་རྗེས་སུ་སོང་བའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སྤྲོས་པ་མེད་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སྤྲོས་པ་མི་མངའ་བའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ཡང་འགྱུར་བ་མི་མངའ་ཞིང་རྣམ་པར་རྟོག་པ་མི་མངའ་འོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ནམ་མཁའི་ནང་དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་འདུས་སོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་ནགས་ཚལ་ཐམས་ཅད་རྣམ་པར་འཕེལ་ལོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩྭ་བ་དག་རྣམ་པར་འཕེལ་ལོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཏེ་ཅིར་ཡང་བརྗོད་པ་མ་ཡིན་ནོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་


DKG039_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡང་རྟག་པ་ཡང་མ་ཡིན་། མི་རྟག་པ་ཡང་མ་ཡིན་ཏེ། ཅིར་ཡང་བརྗོད་པ་མ་ཡིན་ནོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྤྱི་གཙུག་བལྟར་མི་མཐོང་བ་སྟེ། ཞི་བའི་བློ་གྲོས་གང་དེ་བཞིན་གཤེགས་པའི་སྤྱི་གཙུག་མཐོང་བར་ནུས་པ་དེ་ནི་ཁོ་བོས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་དགེ་སྤྱོད་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་གནས་པའི་འཇིག་རྟེན་ན་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་ཁོ་བོས་འདི་ལྟར་མངོན་པར་ཤེས་ཏེ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་ཏ་ེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་གྲོང་ཁྱེར་བཱ་ར་ཎ་སཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནང་ན་བཞུགས་པའི་དུས་གཅིག་ན་ཤར་ཕྱོགས་ལོགས་ཀྱི་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དགྲ་འདུལ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་ཞེས་བྱ་བ་དེ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཛད་འདིར་འོངས་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བྱ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །་དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ཤུགས་འཆང་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྱི་གཙུག་བ་ལྟར་མི་མཐོང་ལ་སྐུ་ཚད་མེད་ཅིང་མཐའ་ཡས་ཀྱང་། བདག་གིས་དེ་བཞིན་གཤེགས་པའི་སྐུའི་ཚད་དང་མཐའ་ཡོངས་སུ་བཙལ་བར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་རང་གི་ལུས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་བྱིན་ཀྱིས་བརླབས་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་བལྟས་ནས་དེས་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་འབུམ་ཕྲག་དྲུག་བཅུ་རྩ་བརྒྱད་པར་མཐོང་ནས་དེས་འདི་སྙམ་དུ་བསམས་ཏེ། བདག་ནི་མངོན་པར་ཤེས་པ་ཐོབ་པ་རྫུ་འཕྲུལ་གྱི་རྐང་པས་རྣམ་པར་རྩེ་བ་ཡིན་གྱིས་བདག་གིས་དེ་བས་ཀྱང་རྒྱ་ཆེར་དེ་བཞིན་


DKG039_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་སྐུའི་ཚད་བཙལ་བར་བྱའོ་སྙམ་ནས་དེ་སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་སྟེང་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་འདས་ཏེ་འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་པདྨའི་དཔལ་གྱི་རྒྱལ་པོའི་སྙིང་པོ་ཞེས་བྱ་བར་བལྟ་ན་བཞུགས་ཤིང་འཚོལ་གཞེས་ཏེ། ཆོས་ཀྱང་སྟོན་པ་དེར་བྱང་ཆུབ་སེམས་དཔའ་ཤུགས་འཆང་ཕྱིན་ནས་དེ་འཇིག་རྟེན་གྱི་ཁམས་དེར་གནས་ཀྱང་། དེ་བཞིན་གཤེགས་པའི་སྤྱི་གཙུག་མཐོང་བར་མ་ནུས་ཤིང་། དེ་བཞིན་གཤེགས་པའི་སྐུའི་ཚད་དམ་མཐའ་ཡང་མི་དམིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨ་མའི་དཔལ་གྱི་རྒྱལ་པོའི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་པདྨའི་དཔལ་གྱི་རྒྱལ་པོའི་སྙིང་པོ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་དེའི་སྤྱན་སྔར་འདུག་སྟེ། དེས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཇི་སྲིད་ཅིག་ནས་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་གང་གཱའི་ཀླུང་གི་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་ཀྱིས་སངས་རྒྱས་ཀྱི་ཞིང་འདས་པ་ནས་ཁྱོད་འཇིག་རྟེན་གྱི་ཁམས་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་ཤུགས་འཆད་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་རིང་མོ་ཞིག་ནས་མཆིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེའི་དབུའི་གཙུག་མཐོང་བར་ཡང་རྔོམ་ཐོག་ལ། སྐུའི་ཚད་དམ་མཐའ་རྟོགས་པར་ཡང་རྔོམ་ཐོག་ལགས་སོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་གལ་ཏེ་ཤུགས་འདི་ཉིད་དང་། རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་འདི་ཉིད་ཀྱིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སྟེང་གི་ཕྱོགས་ལོགས་སུ་སོང་དུ་ཟིན་ཀྱང་བཅོམ་ལྡན་འདས་དེའི་སྐུའི་མཐའ་རྟོགས་པར་མི་ནུས་སོ། །རིགས་ཀྱི་བྱ་གང་ཡང་དཔེ་གཞན་པ་ཇི་སྙེད་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དཔེ་བྱ་བ་འམ། ཏིང་ངེ་འཛིན་དང་། ཤེས་རབ་དང་།


DKG039_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། སྐུ་དང་གསུང་དང་ཐུགས་དང་། གཟུགས་དང་མཚན་གི་དཔེར་བྱ་བའི་དཔེ་དགོད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པའོ། །དཔེ་གཅིག་ནི་མ་གཏོགས་ཏེ། འདི་ལྟར་དཔེ་ནམ་མཁའོ། །ནམ་མཁའ་ཇི་ཙམ་པར་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱང་དེ་ཙམ་མོ། །ཏིང་ངེ་འཛིན་ཀྱང་དེ་ཙམ་མོ། །ཤེས་རབ་ཀྱང་དེ་ཙམ་མོ། །རྣམ་པར་གྲོལ་བ་ཡང་དེ་ཙམ་མོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་དེ་ཙམ་མོ། །སྐུ་ཡང་དེ་ཙམ་མོ། །གསུང་ཡང་དེ་ཙམ་མོ། །ཐུགས་ཀྱང་དེ་ཙམ་མོ། །གཟུགས་ཀྱང་དེ་ཙམ་མོ། །མཚན་ཀྱང་དེ་ཙམ་མོ། །དེ་བས་ན་ནམ་མཁའ་ཚད་མེད་པས་དེ་བཞིན་གཤེགས་པའི་སྐུ་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་ཏོ། །ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆད་གིས་བཅོམ་ལྡན་འདས་དེ་ལས་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ། ཚིམ་ཞིང་མགུ་ལ་ཡི་རང་ནས་རབ་ཏུ་དགའ་སྟེ་། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་ནས་མི་སྣང་བར་གྱུར་བ་དང་། སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཀྱི་རྣམ་པར་རྟོག་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་ཐལ་མོ་སྦྱར་ཏེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ནམ་མཁའ་མཚུངས་ཤིང་འདུ་བ་ཡི། སངས་རྒྱས་ཆོས་ལ་མི་གང་ཞིག །ཕ་རོལ་ཏུ་ནི་འཆི་འཚལ་བ། དེ་ནི་ཉམ་ཐག་འགྱུར་བ་ལགས། སངས་རྒྱས་སྐུ་ནི་བལྟ་སླད་དུ། གང་གཱ་བྱེ་བ་ཕྲག་བརྒྱ་ཡི། བྱེ་མ་ཇི་སྙེད་དེ་སྙེད་ཀྱི། ཞིང་རྣམ་སུ་ནི་བདག་མཆིས་སོ། །དེ་སྙེད་ཞིང་དུ་མཆིས་ནས་ནི། །པདྨ་ཅན་གྱི་ཞིང་དུ་མཆིས། འོན་ཀྱང་ཁྱོད་ཀྱི་དབུ་


DKG039_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་དང་། སྐུ་ཡི་ཚད་ཀྱང་མ་མཐོང་ལགས། ཞིང་དེ་ན་ནི་འདྲེན་བཞུགས་པ། མཚན་ནི་དཔལ་གྱི་སྙིང་པོ་ལགས། དེ་ཡིས་བདག་གི་བསམ་མཁྱེན་ནས། འདི་སྐད་དུ་ནི་བཀའ་སྩལ་ཏོ། །ལ་ལ་སངས་རྒྱས་ཆོས་རྣམས་ལ། དཔེ་དགོང་ཇི་སྙེད་བྱེད་པ་ནི། དེ་དག་སངས་རྒྱས་མི་འཚམ་སྟེ། དེ་དག་རྒྱལ་ལ་སྐུར་བ་འདེབས་། འདི་ལ་དཔེ་གཅིག་ཡང་དག་སྟེ། ནམ་མཁའི་ཁམས་སུ་བསྟན་པ་ལགས། དེ་ནི་སངས་རྒྱས་ཆོས་དང་འཐུན། གང་ནའང་དེའི་ཚད་མ་མཆིས། ནམ་མཁའི་འདི་ནི་ཇི་ཙམ་པར། སངས་རྒྱས་ཀྱིས་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་རྣམ་གྲོལ་དང་། རྣམ་གྲོལ་ཡེ་ཤེས་མཐོང་དེ་ཙམ། ནམ་མཁའི་ཚད་ནི་ཇི་ཙམ་པ། སངས་རྒྱས་གཟུགས་ཀྱང་དེ་ཙམ་སྟེ། འཇིག་རྟེན་མགོན་པོའི་དབུ་གཙུག་ཀྱང་། ནམ་མཁའི་ཁམས་དང་མཚུངས་པ་ལགས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། སྐུ་ཡིས་ནི་ཇི་སྙེད་ཁྱབ་གྱུར་པ། འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། གསུང་གིས་ཇི་སྙེད་ཁྱབ་གྱུར་པ། ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། ཐུགས་གྱིས་ཇི་སྙེད་ཁྱབ་གྱུར་བ། བྱམས་པས་ཀྱང་ནི་དེ་སྙེད་ཁྱབ། བྱམས་པས་ཇི་སྙེད་ཁྱབ་གྱུར་པ། ཡེ་ཤེས་ཀྱིས་ནི་དེ་སྙེད་ཁྱབ། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། གང་གིས་བྱང་ཆུབ་བློ་བསྐྱེད་པ། དེ་སྙེད་བསོད་ནམས་ཁྱབ་པར་བགྱིད། བྱང་ཆབ་སེམས་ཀྱི་བསོད་ནམས་གང་། དེ་ལ་གལ་ཏེ་གཟུགས་མཆིས་ན། ནམ་མཁའི་ཁམས་ནི་ཀུན་གང་སྟེ། དེ་ནི་དེ་བས་ལྷག་པར་འགྱུར། སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། ཕུང་པོ་ཇི་སྙེད་ཡོངས་བཟུང་བ། དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། བྱང་ཆུབ་སེམས་ལས་རབ་ཏུ་བྱུང་། བྱང་ཆུབ་སེམས་ཀྱི་བསོད་ནམས་ཀྱི། ཕུང་པོ་ཇི་སྙེད་བརྗོད་པ་བས། དམ་པའི་ཆོས་ནི་ཡོངས་འཛིན་ན། དེ་བས་བསོད་ནམས་ཆེས་མང་ངོ་། །དམ་ཆོས་འཛིན་པའི་བསོད་ནམས་ནི། སངས་རྒྱས་ཀུན་གྱིས་ནན་ཏན་དུ། བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །


DKG039_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མར་ཕྱིན་པར་འགྱུར་མ་ལགས། དམ་པའི་ཆོས་ནི་འཛིན་པ་དང་། བྱང་ཆུབ་སེམས་ཀྱི་བསོད་ནམས་དེ། སྟོང་པ་ཉིད་ལ་མོས་པ་ཡིས། བཅུ་དྲུག་ཆ་ཡང་མི་རི་ལགས། སྟོང་པ་ཉིད་ལ་འདིར་མོས་ནས། བྱང་ཆུབ་སེམས་ཀྱང་མི་གཏོང་དང་། དམ་པའི་ཆོས་ནི་འཛིན་བགྱིད་པ། དེ་ནི་བསོད་ནམས་སྡུད་པ་ལགས། བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། ཆོས་ཀྱི་རྟོགས་པ་འདི་ཐོས་ནས། དེ་ཡིས་བྱང་ཆུབ་སྤྱད་སྤྱོད་ཅིང་། སངས་རྒྱས་ཡོན་ཏན་ཐོབ་པར་འགྱུར། ཚིགས་སུ་བཅད་པ་བརྗོད་པ་ན། ཞིང་རྣམས་བྱེ་བ་རབ་ཏུ་གཡོས། ལྷ་ནི་བྱེ་བ་ཕྲག་སྟོང་གིས། རོལ་མོ་སིལ་སྙན་བྱེ་བ་བླངས། སངས་རྒྱས་ཀྱི་ནི་ཆེ་བ་ཉིད། ཤུགས་འཆད་གིས་ནི་བཤད་ཐོས་ནས། སྲོག་ཆགས་བྱེ་བ་ཕྲག་སྟོང་དག །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །སངས་རྒྱས་ཐམས་ཅད་གཟིགས་པ་པོ། །རང་འབྱུང་རྣམས་ཀྱི་གསང་པའི་གནས་སོ། །གནས་འདི་བསམ་གྱིས་མི་ཁྱབ་སྟེ། དཔག་ཡས་བླ་ན་མ་མཆིས་ལགས། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བའོ། །བམ་པོ་བཞི་པ ཞི་བའི་བློ་གྲོས་དེ་ན་སེམས་ཅན་དུ་མ་འཁོར་གཅིག་ཏུ་འདུས་པ་དག་ལས་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་ངོ་། །ཁ་ཅིག་གིས་ནི་མ་མཐོང་ངོ་། །དེ་ལ་གང་དག་གིས་མཐོང་བ་དེ་དག་ནི་དགའ་བ་སྐྱེས་ནས་ལྷའོ། །གང་དག་གིས་མ་མཐོང་བ་དེ་དག་ནི་ཅང་མི་སྨྲ་བར་གྱུར་ཅིང་སྡོད་དོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་ཞལ་ཟས་མི་གསོལ་མོད་ཀྱི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཞལ་ཟས་གསོལ་བར་མཐོང་ངོ། །ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་ཀྱི་རིམ་གྲོ་པའི་ལྷ་གཟི་བརྗིད་ཀྱི་སྟོབས་ཞེས་བྱ་བ་དག་རྟག་ཏུ་དེ་བཞིན་གཤེགས་པའི་ཞབས་འབྲིང་དུ་འབྲང་ཞིང་དེ་དག་དེ་བཞིན་གཤེགས་པའི་ཞལ་ཟས་སྣོད་དུ་ཟེད་ན་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་ཁམ་ཚད་དུ་བླངས་ཏེ་གསོལ་བར་མཐོང་ང་ོ། །དེ་བཞིན་གཤེགས་པས་ཁམས་ཚད་དུ་བླངས་པ་དེ་ཡང་སྣོད་དེ་ཉིད་ན་འདུག་པ་དེ་ལྷ་དེ་དག་གིས་ཁྱེར་ནས་དེ་བཞིན་གཤེགས་པས་


DKG039_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་སེམས་ཅན་སྔོན་དགེ་བའི་རྩ་བ་བསྐྱེད་པ། ལས་ཀྱི་སྒྲིབ་པའི་དབང་གིས་སྐྱེ་གནས་དེ་དང་དེ་དག་ཏུ་འཕངས་པ། བཟའ་བ་དང་། བཏུང་བ་དང་། ཟས་མི་རྙེད་པ། བཀྲེས་པས་ཉམ་ཆུང་བར་གྱུར་པ་ཇི་སྙེད་པ་དེ་དག་ལ་དེ་བཞིན་གཤེགས་པའི་བཤོས་ཀྱི་ཕམ་བབས་དེ་བྱིན་ནས་སེམས་ཅན་དེ་དག་གིས་ཀྱང་ཟས་དེ་ཟོས་པ་དང། བཀྲེས་སྐོམ་དང་བྲལ་ཏེ། བདེ་ཞིང་དུ་ལུས་ཚིམ་ནས་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །གང་དག་ལོག་པར་ལྷུང་པ་ཡི་དགས་སམ་ཤིན་རྗེའི་འཇིག་རྟེན་ན་གནས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་ནུས་པ་དེ་དག་ལ་ཡང་དེ་ཉིད་མྱ་ངན་ལས་འདས་པའི་བར་གྱི་རྒྱུར་འགྱུར་རོ། །ཞི་བའི་བློ་གྲོས་རྣམ་གྲངས་འདིས་ན་ཡང་ཁྱོད་ཀྱིས་ཇི་ལྟར་དེ་བཞིན་གཤེགས་པ་ཞལ་ཟས་མི་གསོལ་ཞིང་དེ་བཞིན་གཤེགས་པ་ཆོས་ཀྱི་ཞལ་ཟས་ཅན་དུ་དེ་ལྟར་རིག་པར་བྱ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་སྲེད་མེད་ཀྱི་བུ་ལྟར་མཁྲེགས་པ། སྲ་བ་སྙིང་པོ་ཅན། མི་ཤིགས་པ། རྡོ་རྗེའི་རང་བཞིན་ནོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ལ་ནི་ཕོ་བ་དང་ལོང་ཀ་མེད་དོ། །རྣག་གམ། ཁྲག་གམ། མཆི་མ་འམ། ངར་སྣབས་སམ། ངན་སྐྱུགས་སམ། མི་གཙང་བ་མེད་ཀྱི་ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་འཛམ་བུའི་ཆུ་བོའི་གསེར་གྱི་གར་བུ་ལྟ་བུ་སྟེ། ཁོང་སྟོང་མ་ཡིན་པ། བུ་ག་མེད་པ། ཁ་ན་མ་ཐོ་བ་མེད་པའོ། །ཞི་བའི་བློ་གྲོས་འདི་ལྟར་ལྕི་ཁྱད་རྡོ་རྗེ་དང་འདྲ་ཡང་འཇམ་ཁྱད་ཀ་ཙམ་ལི་དི་ཀ་ལྟར་རེག་ན་བདེ་བར་འགྱུར་བས་དེ་བཞིན་གཤེགས་པའི་སྐུའི་ཆེ་བ་ཉིད་ལ་ལྟོས་ཞི་བའི་བློ་གྲོས་གང་གི་ཚེ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷའི་བུ་རྣམས་དང་། ལྷའི་བུ་མོ་རྣམས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་བ་ན་སྔོན་མ་རེག་པའི་རེག་པ་རེག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། །དེ་དག་ཉོན་མོངས་བསྐྱེད་པར་མི་འགྱུར་བའི་དུས་དེ་དང་ཚོད་དེ་ཡོད་དོ། །ཞི་བའི་བློ་གྲོས་སེམས་ཅན་འདོད་ཆགས་ལ་སྤྱོད་པ་གང་དག་གིས་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དེ་དག་དེ་བཞིན་གཤེགས་པའི་སྐུ་མཐོང་མ་ཐག་ཏུ་བདག་ཉིད་འདོད་ཆགས་དང་བྲལ་


DKG039_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤེས་སོ། །ཞེ་སྡང་ལ་སྤྱོད་པ་གང་དག་གིས་མཐོང་ན་དེ་དག་བྱམས་པ་འཐོབ་པ། གཏི་མུག་ལ་སྤྱོད་པ་གང་དག་གིས་མཐོང་ན་དེ་དག་ཡེ་ཤེས་ཀྱི་སྣང་བ་འཐོབ་བོ། །ཆ་མཉམ་པ་ལ་སྤྱོད་པ་གང་དག་གིས་མཐོང་ན་དེ་དག་ཉོན་མོངས་པ་དང་བྲལ་བར་ཤེས་སོ། །སེར་སྣ་ཅན་གང་དག་གིས་མཐོང་ན་དེ་དག་གཏོད་བ་ལ་མོས་པར་འགྱུར་རོ། །ཚུལ་ཁྲིམས་འཚལ་པ་གང་དག་གིས་མཐོང་ན་དེ་དག་ཚུལ་ཁྲིམས་ལ་མོས་པར་འགྱུར་རོ། །གནོད་སེམས་ཅན་གང་དག་གིས་མཐོང་ན་དེ་དག་བཟོད་པ་འཐོབ་བོ། །ལེ་ལོ་ཅན་གང་དག་གིས་མཐོང་ན་དེ་དག་བརྩོན་འགྲུས་ལ་མོས་པར་འགྱུར་རོ། །སེམས་གཡེང་བ་གང་དག་གིས་མཐོང་ན་དེ་དག་ཏིང་ངེ་འཛིན་འཐོབ་བོ། །ཤེས་རབ་འཆལ་པ་གང་དག་གིས་མཐོང་ན་དེ་དག་ཤེས་རབ་ལ་མོས་པར་འགྱུར་རོ། །རིགས་ཀྱི་བུ་མདོར་ན་སེམས་ཅན་དཀར་པོའི་ཆོས་གང་དང་གང་དག་དང་བྲལ་བ་དག་གིས་དེ་བཞིན་གཤེགས་པའི་སྐུ་མཐོང་ན་དེ་དང་དེ་དག་དེ་བཞིན་གཤེགས་པའི་སྐུ་མཐོང་མ་ཐག་ཏུ་མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་ཆད་ནས་དགེ་བའི་སེམས་ལ་རབ་ཏུ་གནས་པར་འགྱུར་ཏེ་དེ་ལ་ཡང་དེ་བཞིན་གཤེགས་པ་རྣམ་པར་རྟོག་པ་མི་མངའ་ཞིང་བཏང་སྙོམས་པ་སྟེ། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བ་འོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་སྤྲུལ་པ་གང་སྤྲུལ་པ་དེ་ཡང་ལྷུན་གྱིས་འགྲུབ་ཅིང་བསྒྲིམ་པ་མི་མངའ་བ་དང་། མངོན་པར་འདུ་མཛད་པ་མི་མངའ་བས་མཛད་དེ་དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་སྤྲུལ་བ་དག་སྤྲུལ་ཏོ། །སྤྲུལ་ལོ། །སྤྲུལ་པར་བྱའོ་སྙམ་དུ་མི་དགོངས་མོད་ཀྱི་འོན་ཀྱང་སྤྲུལ་པས་འདུལ་བའི་སེམས་ཅན་ཇི་སྙེད་པར་འཇིག་རྟེན་གྱི་ཁམས་འདིའམ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱ་སྟོང་དེ་དང་དེ་དག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་དེ་སྙེད་དུ་བཞུད་དེ། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བའོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དོན་དུ་སྐུ་ལས་འོད་ཁ་དོག་དུ་མ། ཁ་དོག་ཐ་དད་པ།


DKG039_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་བརྒྱ་སྟོང་པ་ཕྱུང་སྟེ། འོད་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་བྱེད་པ་དེ་ཡང་ལྷུན་གྱིས་འགྲུབ་ཅིང་བསྒྲིམ་པ་མི་མདའ་བ་དང་། མངོན་པར་འདུ་མཛད་པ་མི་མདའ་བས་མཛད་དེ། ཞི་བའོ་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བ་དང་། སྐུའི་ཕྲིན་ལས་ཏེ། སྐུའི་ཕྲིན་ལས་ཡོངས་སུ་དག་པ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བསྟན་དུ་ཟད་ཀྱི་བསྐལ་པ་འམ། དེ་བས་ལྷག་པར་བརྗོད་ཀྱང་དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཡོངས་སུ་དག་པའི་ཡོན་ཏན་བསྔགས་པའི་མཐར་ཕྱིན་པར་མི་ནུས་སོ། །དེ་དེ་བཞིན་གཤེགས་པའི་གསུང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་འདི་བཤད་པ་ན་སྲོག་ཆགས་ཁྲིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དེས་ཀྱང་དེ་བཞིན་གཤེགས་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ལྷ་དང་མིའི་མེ་ཏོག་རྣམས་ཀྱིས་མངོན་པར་གཏོར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་སྤྱི་བོ་ལ་བཞག་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པས་ཀྱང་གནད་ཞིང་རྗེས་སུ་དགྱེས་སོ། །ལེགས་སོ་ཞེས་བྱ་བ་གནད་དོ། །དེ་བཞིན་གཤེགས་པའི་སྐུའི་གསང་བའི་ལེའུ་སྟེ་འདུན་བའོ། །


previousབདུན་པ། དེ་བཞིན་གཤེགས་པའི་སྐུའི་གསང་བའི་ལེའུ། next