Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་སོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་ལྔ་པ། དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ།
   
   


 
previousཉི་ཤུ་རྩ་ལྔ་པ། དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ། next

ཉི་ཤུ་རྩ་ལྔ་པ། དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ།


DKG039_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མི་དུས་ལྔ་བརྒྱ་ཐ་མ་ལ་ཅི་ནས་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་སྤྱོད་པར་བྱིན་གྱིས་བརླབས་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་ངས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལས་ཆོས་སྤ་བ་དང་། བསྲུང་པའི་གསང་སྔགས་ཀྱི་གཞི་གང་དག་ཐོས་པ་དེ་དག་ཁྱོད་ཀྱིས་དྲན་ནམ། གསོལ་པ། བཅོམ་ལྡན་འདས་དྲན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་སྤ་བ་དང་། བསྲུང་བའི་གསང་སྔགས་ཀྱི་གཞི་དེ་དག་ཁྱོད་ཀྱིས་འཁོར་འདི་ལ་རྗོད་ཅིག དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་འགྱུར་རོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ་མ་ཏི། ཛ་ཡ་ཤ་ཏྲུ། ཨ་ལེ། ཨ་མ་ལེ། ཨ་མུ་ལི་ཏེ། མ་མེ། མ་མ་མ་ཏི།


DKG039_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་མ་སན་དྷི། ཨུད་ཏ་མེ། ཨུད་ཏ་མ་ཏི། ཨུད་ཏ་ར་ཎི། ཨ་རེ་ཨ་ར་མ་ཎི། ཨ་རི་ཤ་མ་ཎི། ཨ་མཱུ་ལེ། ཨ་མཱུ་ལ། ཨ་བད་ཊི་ཏི། མཱུ་ལ་ཨ་ནུ་ག་ཏེ། ཨང་ཏེ་། མད་ཏེ། མ་ཊི་ཏེ། ཨ་ཊི། མ་ཊི་ཏེ། ཁུ་རུ་ཁུ་རུ། སན་དྷི་དྷརྨ་ཨ་ནུ་ག་ཏེ། དྷརྨ་ད་ཀྵེ། དྷརྨ་པྲ་བེ་ཤེ། ས་རེ་ས་རེ་ས་རེ། ཨ་བེ་དྷེ་བེ་ད་སན་དྷི། ཨེ་ི་། ཨེ་ི་ནི། ཨེ་ཏང་ཨ་ནུ་ག་མེ། བདུད་རྣམས་ཚར་གཅོད་པ། མུ་སྟེགས་ཅན་རྣམས་འཛོམས་པ། ཆོས་ལ་གནོད་པར་སེམས་པ་རྣམས་རྨུགས་པར་བྱེད་པ། ཉོན་མོངས་པ་རྣམས་སེལ་པ། ཆོས་ཀྱི་ཚུལ་རྣམས་འབར་བར་བྱེད་པ། ཆོས་སྨྲས་པ་རྣམས་ཀུན་དུ་སྲུང་། མྱ་ངན་ལས་འདས་པར་འཛུད་པ། བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་རྣམས་ཡོངས་སུ་འཛིན་པ། འཁོར་ཡང་དག་པར་འཇོག་པ། ཆོས་ཉན་པ་རྣམས་ལ་ལུས་སྦྱིན་པར་བྱེད་པ། ཡང་དག་པར་སོང་བ་རྣམས་ཀྱིས་བསམ་པ། ཡང་དག་པར་ཞུགས་པ་རྣམས་ཀྱིས་བལྟ་བ། གསང་སྔགས་ཀྱི་གཞི་རྣམས་མངོན་དུ་འགྱུར་བ་གསང་སྔགས་ཀྱི་མཚམས་འགུག་པ། བརྗོད་པ་ཤེས་པ། ཕྱང་པ། མི་ཐུལ་བ་བསྟན་པའི་ངོ་བོ་ཉིད་ཆུད་ཟ་བར་མ་གྱུར་ཅིག །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གསང་སྔགས་ཀྱིས་གཞི་འདི་དག་ཡོངས་སུ་བརྗོད་མ་ཐག་ཏུ་དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་འདི་རབ་ཏུ་གཡོས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བདུད་གང་དག་འཁོད་པ་དེ་དག་ཐམས་ཅད་དཔུང་དང་བཅས། གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་ལྷགས་ནས་ལུས་བཏུང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཆོས་སྨྲ་བ་སུའི་ཁའི་སྒོ་ནས་གསང་སྔགས་ཀྱི་གཞི་འདི་དགའ་བྱུང་བ་དེ་ལ་རིམ་འགྲོ་བགྱིའོ། །བསྙེན་བཀུར་བགྱིའོ། །བཅོམ་ལྡན་འདས་གསང་སྔགས་ཀྱི་གཞི་འདི་དག་གི་དཔལ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཟོད་པར་རྡོ་ཐོག་པ་མ་ལགས་སོ། །


DKG039_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བདག་ཅག་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྤ་བར་བགྱིའོ། །གླགས་ལྟ་བ་གཞན་དག་ཀྱང་ཚར་གཅད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཕྱོགས་བཞི་ཀུན་དུ་གཟིགས་ཏེ། དེའི་ཚེ་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། ཛ་ཡེ། དུར་ཛ་ཡེ། ཛ་མ་མ་ཏི། ཤ་མེ། ཤ་ཏྲུ་ནིར་གྷ་ཏ་ནི། ཨ་མཱུ་ལེ། ཨ་མཱུ་ལེ། མཱུ་པཱ་ལ་རི་ཚིན་ནེ། མཱ་ར་སཻ་ནྱ་བི་ཏྲ་ས་ནི། མུག་ཏེ་མུག་ཏ་བ་ཏི། ཤུད་དྷེ། ཨ་བེ་ཏེ། བྷ་ཡ་མོ་ཙ་ནི། བྷ་རོ་ཧ་རཎེ། ཏད་ཏྲེ་བྱ་དྱེ། བི་དྱ་བ་ར་ཨུད་ཏ་མེ། ཕ་རོལ་རྒོལ་བ་ཚར་གཅོད་པ། ཆོས་སྨྲས་པ་དག་ཀུན་སྡུད་པ། ཆོས་ཀྱི་མཛོད་ནི་ཀུན་སྲུང་བ། རིག་སྔགས་འདི་ནི་སངས་རྒྱས་གསུངས། ཨ་མེ་། ཨ་མ་མེ། མ་མ་ཙྪེ་དེ། ཨརྠེ་ཨརྠནི་རྠ་ར་ཎེ། འཇིག་རྟེན་སྐྱོང་བ་བཞི་དགུག་པའི་ཚིག་རྣམས་སྨྲས་པའོ། །དྷི་རེ། དྷི་ར་བ་ཏི། གུ་བ་ཏེ། ཤུ་བྷེ་ཤུ་བྷ་བ་ཏི། ས་མེ། ལྷའི་དབང་པོ་བརྒྱ་བྱིན་འདིར་དགུག་པར་བྱས་པའོ། །མཻ་ཏྲེ་སོ་མ་བ་ཏི། ཀྵན་ཏི་ཀྲྀ་པ་ཀཱ་རུ་ཎ་ཨུད་སྲ་དེ། པྲི་ཏི་ཨུ་པེ་ཀྵས་མ་པན་ཏེ། ཚངས་པ་ཡང་འདིར་དགུག་པར་བྱའོ། །་ཨ་རིཊེ་། ཨི་ར་ཊེ། ཁ་ཁེ་། ཨ་མཱུ་ལེ། མཱུ་ལ་ཤོ་དྷ་ནི། བདུད་ནི་ཚར་གཅོད་བྱ་བའི་ཕྱིར། གསང་སྔགས་གཞི་ནི་འདི་དག་སྨྲས། མདོ་སྡེ་ལེགས་པར་བཤད་པ་འདི། མི་ཡི་དབང་པོས་བྱིན་གྱིས་བརླབས། གང་ཚེ་ཤེས་པར་འགྱུར་པ་ན། དེ་ཡི་ཚེ་ན་སྤྱོད་པར་འགྱུར། གསང་སྔགས་འདི་དག་རབ་བརྗོད་པས། ས་ནི་རབ་ཏུ་གཡོས་པར་གྱུར། བདུད་རྣམས་ཐམས་ཅད་ལྷགས་གྱུར་ཏེ། འདི་སྐད་ཀྱི་ནི་ཚིག་སྨྲས་སོ། །ཕྱི་མའི་དུས་ན་མདོ་སྡེ་འདི། གང་དགལ་ག་ཏུ་མཆི་འགྱུར་པ། ཆོས་སྨྲ་མཁས་པ་དེ་དག་ནི། བདག་ཅག་རྣམས་ཀྱིས་བསྲུང་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱིན་གྱིས་བརླབས་པར་ཤེས་པར་གྱིས་ཤིག །བྱིན་གྱིས་བརླབས་འདི་ནི་སུས་ཀྱང་རྣམ་པར་དཀྲུག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་


DKG039_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྐལ་པ་མ་སྨད་པ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་མ་སྨད་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ་། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་ཟླ་བ་ཞེ་ས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་དེའི་གསུང་རབ་ལ་དགེ་སློང་ཆོས་སྨྲས་པ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་ཆེ་བ། ཤེས་རབ་འཕགས་ཞེས་བྱ་བ་དང་། བདེན་པས་བྱིན་ཞེས་བྱ་བ་གཉིས་བྱུང་སྟེ། ཆོས་སྨྲས་བ་དེ་གཉིས་ཀྱིས་དེ་བཞིན་གཤེགས་བ་དེ་ལས་གསང་སྔགས་ཀྱི་ཚིག་འདི་དག་བཟུང་ནས། བཅོམ་ལྡན་འདས་དེས་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐལ་པ་ཕྱེད་ཚད་པར་རྗེས་སུ་བསྐོར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་བྱེ་བ་ཕྲག་བརྒྱ་འཁོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཡོངས་སུ་སྨིན་པར་བྱས་ཏེ། བྱང་ཆུབ་ཡང་དག་འཛིན་དུ་བཅུག་གོ །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅ་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེ་བཞུགས་སམ། འོན་ཏེ་ཡོངས་སུ་མྱ་ངན་ལས་འདས་ལགས། བཅོམ་ལྡན་འདས་ཀྱིས་བཀལ་སྩལ་པ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེ་ནི་ཤར་ཕྱོགས་ལོགས་ཀྱིས་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་བཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་མ་སྨད་པ་ཞེས་བྱ་བ་ཞུགས་སོ། །དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་བསྐལ་པ་ཁྲི་ཐུབ་བོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བདུད་གང་དག་འཁོར་བ་དེ་དག་ཁྲོས་ཤིང་སྡང་བར་གྱུར་པ་དང་། དེ་བཞིན་གཤེགས་པ་དེས་གསང་སྔགས་ཀྱི་ཚིག་འདི་དག་གིས་དེ་དག་བཏུལ། ལེགས་པར་ཡོངས་སུ་བཏུལ་ཏེ། དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །རིགས་ཀྱི་བུ་ང་དང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གཉིས་ཀྱིས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེའི་གསུང་རབ་ལ་ཚངས་པར་སྤྱོད་པ་སྤྱད་ནས་བྱང་ཆུབ་ཏུ་ངེས་པར་བྱུང་སྟེ། ང་ནི་ཤེས་རབ་འཕགས་ཤེས་བྱ་བར་གྱུར་ཏོ། །གསང་བ་པའི་བདག་པོ་ནི་བདེན་བས་བྱིན་ཞེས་བྱ་བར་གྱུར་ཏོ། །ཞི་བའི་བློ་


DKG039_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་དེ་ལྟར་ངེད་གཉིས་ལྷན་ཅིག་ཏུ་འཐུན་བག་ཡོད་པར་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་དག་ལ་སྟི་སྟང་བྱེད་པར་འགྱུར་རོ། བླ་མར་བྱས་སོ། །རིམ་གྲོ་བྱས་སོ། །མཆོད་པ་བྱས་སོ། །ཞི་བའི་བློ་གྲོས་དེ་ལྟར་ན་གསང་སྔགས་ཀྱི་ཚིག་འདི་དག་ནི་བདུད་ཆར་གཅད་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གཅེས་སྤྲས་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྐལ་པ་གྲངས་མེད་པར་བསྒྲུབས་པའི་བྱང་ཆུབ་འདི་ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར་གཟུང་བ་དང་། ཡོངས་སུ་བསྲུང་བར་ཁྱེད་ཀྱི་ནང་ནས་སུ་སྤྲོ། དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལགས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ལུས་དང་སྲོག་ཀྱང་སྤང་བགྱིས་ལ་། རྣམ་པར་སྨིན་ལ་མི་རེ་བར་། འཇིག་རྟེན་མགོན་པོས་གསུངས་པ་ཡིན། མདོ་སྡེ་འདི་ནི་གཟུང་བར་བགྱི། རྒྱལ་པོ་བཟང་ལ་སོགས་པ་ལྷའི་བུ་ལྔ་སྟོང་གིས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་གཟུང་བར་བགྱིའོ། །དེའི་ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། །སེམས་ཅན་ཀུན་གྱི་དོན་སླད་དུ། སྙིང་རྗེ་བརྟན་པར་བསྐྱེད་ནས་ནི། སངས་རྒྱས་ཀྱིས་གསུངས་ཟབ་པ་ཡི། མདོ་སྡེ་འདི་ནི་གཟུང་བར་བགྱི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་གཙུག་པུད་ཅན་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ནད་ཀུན་ལས་ནི་ཐར་བགྱིད་པ། མདོ་འདི་སྨན་དང་འདྲ་བ་ལགས། སྟོན་པ་ལགས་པར་སེམས་བསྐྱེད་དེ། བདག་ཅག་གིས་ཀྱང་གཟུང་བར་བགྱི། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་གྲངས་མ་མཆིས་པར་བསྒྲགས་པ་འདི་གཟུང་བར་བགྱིའོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་


DKG039_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སོ། ཆོས་འདི་ཡི་གེ་མ་མཆིས་ན། མི་ཡི་དབང་པོས་ཐུགས་རྫེ་ཡིས། ཡི་གེ་རྣམས་ཀྱིས་རབ་བཤད་པ། དེ་ནི་བདག་གིས་གཟུང་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་གཙུག་པུད་ཅན་ལ་བཀའ་སྩལ་པ། ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པའོ། །བསོད་ནམས་ཚད་མེད་པ་འབྱུང་བའོ། །གསུམ་གང་ཞེ་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། གང་ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་ཉིད་དུ་སྒྲུབ་པ་སྟེ། ཚངས་པ་གསུམ་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད་པའོ། །ཚངས་པ་གལ་ཏེ་དེ་བཞིན་གཤེགས་པ་ཚེའི་ཚད་བསྐལ་པར་བཞུགས་པས་མཆོད་པའི་དངོས་པོ་གསུམ་པོ་འདི་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་པ་བསྐལ་པའི་བར་དུ་བསྟན་དུ་ཟིན་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། །ཚངས་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད་པས་མཆོད་པ་བྱེད་འདོད་པས་མཆོད་པའི་དངོས་པོ་གསུམ་པོ་འདི་དག་གིས་མཆོད་པར་བྱའོ། །ཚངས་པ་དེ་བཞིན་གཤེགས་པ་གཅིག་གི་དམ་པའི་ཆོས་ཀྱི་ཚིག་བཞི་པའི་ཚིགས་སུ་བཅད་པ་ཡོངས་སུ་བཟུང་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་བཟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་ཆོས་ལས་ངེས་པར་བྱུང་བ་ཡིན་པས་དེ་ཆོས་ཀྱིས་མཆོད་པར་བྱའི་ཟང་ཟིང་གིས་ནི་མ་ཡིན་ནོ། །དམ་པའི་ཆོས་ཀྱིས་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་བཤད་དོ། །དམ་པར་བཤད་དོ། །ཕུལ་དུ་བཤད་དོ། །ཚངས་པ་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་ང་རྒྱལ་པོའི་ཕོ་བྲང་ཞིག་ཏུ་སྐྱེས་ཏེ། རྒྱལ་བུ་གཞོན་ནུ་བློ་གྲོས་ལྡན་ཞེས་བྱ་བར་འགྱུར་པ་དེ་ནི་ང་གཉིད་ཀྱིས་ལོག་པའི་རྨི་ལམ་ན་ཚིགས་སུ་བཅད་པ་གཉིས་ཐོས་ནས་བཟུང་བ་དང་། ང་སང་ནས་འདི་སྙམ་དུ་བསམས་ཏེ། བདག་གིས་གཏེར་ཆེན་པོ་ཞིག་རྙེད་དོ་སྙམ་ནས་ངས་གཏེར་ཆེན་པོ་ཞིག་རྙེད་དོ་ཞེས་སྐད་ཆེར་བྱུང་བ་དང་། ངའི་ཕ་མ་གཉིས་ན་རེ་གཞོན་ནུ་གཏེར་ག་ལ་


DKG039_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཅེས་ཟེར་རོ། ། ངས་ཕ་མ་གཉིས་ལ་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་། རྐུན་པོ་མེ་ཆུ་བསླུས་པས་ཟད་པར་འགྱུར། དེ་བཞིན་གཤེགས་པ་རྣམས་ཀྱི་ཐོས་གཏེར་ནི། བསྐལ་པ་བྱེ་བ་མང་པོར་ཆུད་མི་ཟ། སེམས་ཅན་དོན་བརྩོན་བྱང་ཆུབ་སེམས་དང་ནི། ཚུལ་བཞིན་ཉིད་ཀྱིས་དབེན་སེམས་གང་ཡིན་དང་། རྟག་ཏུ་བག་ཡོད་འཆི་མེད་རྒྱུ་ཡིན་ཏེ། ཡོངས་སུ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ། ཚངས་པ་ཚིགས་སུ་བཅད་པ་འདི་གཉིས་ངས་རྨི་ལམ་དུ་ཐོས་ཏེ། ཚངས་པ་ངས་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་སེམས་ཅན་བརྒྱད་སྟོང་ནི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སྲོག་ཆགས་བཞི་ཁྲི་ཉིས་སྟོང་ནི་བདེ་འགྲོར་འགྲོ་བར་བྱས་སོ། །ཚངས་པ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་གང་དག་ཐོས་པ་ལ་བརྩོན་པ་དང་། བརྩོན་ནས་ཡང་དག་པར་བསྒྲུབ་བ་དང་། བསྒྲུབ་པ་ལ་གནས་ནས་ཀྱང་གཞན་ལ་ཕན་འདོགས་པ་དེ་དག་གིས་གཏེར་ཆེན་པོ་ཐོབ་པར་དེ་ལྟར་རིག་པར་བྱའོ། ཚངས་པ་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་དང་། ཐོས་པ་ཚོལ་བས་ཆོག་མི་ཤེས་པ་སྟེ། གཉིས་པོ་དེ་དག་གོ །ཚངས་པ་དེ་ལྟ་བས་ན་ཆོས་ཀྱི་ཚུལ་འདི་རྒྱུན་མ་བཅད་ཅིག །ཚངས་པ་ཁྱོད་ཀྱིས་བསྐལ་པ་བཟང་པོ་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་གྱིས་ཤིག །ཚངས་པ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་གཞན་འབྱུང་བར་འགྱུར་བ་དེ་དག་དེ་འདྲ་བར་ཡོངས་སུ་དག་པའི་སེམས་ཅན་དུ་འགྱུར་ན་ནི་དེར་ཁྱོད་བཏང་སྙོམས་ཅན་དུ་འགྱུར་རོ། ཚངས་པ་འདི་ལྟར་ཉོན་མོངས་པ་ཅན་གྱི་དུས་འདི་ན་སུ་ཞིག་ཉིན་གཅིག་གམ། མཚན་གཅིག་དམ་པའི་ཆོས་འཛིན་པ་དེ་ན་ཚེས་མང་གི །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་བསྐལ་པ་བརྒྱ་སྟོང་གིས་ནི་དེ་ལྟ་མ་ཡིན་ནོ། །ཚངས་པ་དེ་ལྟ་བས་ན་ཁྱོད་ཀྱིས་དུས་ངན་པ་འདིར་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་སུ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་


DKG039_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་གསང་བ་ལག་ན་རྡོ་རྗེའི་ལེའུ་ཀླུའི་གཟུངས་ཆེན་པོ་བསྟན་པ་འདི་ཡོང་ཤིག །ཟུང་ཤིག །ལྷོགས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟན་ཅིག །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་ཡོངས་སུ་གཏང་ངོ་། །དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་འདི་སྐྱེས་བོ་ཕལ་པ་ལ་མ་བཤད་ཅིག །ཀུན་དགའ་བོ་སེམས་ཅན་དམན་པ་ལ་མོས་པ་རྣམས་ནི་འདི་ལ་མགོ་རྨོངས་པར་འགྱུར་ཏེ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་དེ་ཙམ་དུ་མོས་པར་དཀའ་བ། དེ་ཙམ་དུ་རྟོགས་པར་དཀའ་བའོ། །སེམས་ཅན་གང་དག་ཅང་ཤེས་པ། སྦྱང་བ་ལེགས་པར་བྱས་པ་ཆོས་འདི་དག་གི་སྣོད་དུ་གྱུར་པ་མ་གཏོགས་ཏེ། དེ་དག་ནི་ཆོས་ཀྱི་ཚུལ་གྱི་རྒྱུད་འདི་ཐོས་ན་སྐྲག་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བླངས་ལགས་ཏེ། མཐུ་ཙམ་མཆིས་པས་རྡོ་ཅི་ཐོག །རྐུ་གཟུང་བར་བགྱིའོ། །བཤད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སེམས་ཅན་ཆེན་པོ་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལངས་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་པོ་འདི་དག་ཐམས་ཅད་ནི་ཁྱོད་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་ན་ཕན་འདོགས་པར་འགྱུར་བ་ཤ་སྟག་གོ །གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལག་ན་རྡོ་རྗེའི་ལེའུ་ཞེས་བྱ་བར་ཟུང་ཤིག འདི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །འདི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །འདི་བསོད་ནམས་ཚད་མེད་པ་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་སྐྱེས་བུ་གང་ཟག་གང་ཞིག་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སའི་སྟེང་ནས་བཟུང་སྟེ། སྲིད་


DKG039_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩེ་མོའི་བར་དུ་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་ནས་སྦྱིན་པ་བྱིན་ཏེ་དེའི་རྣམ་པར་སྨིན་པ་ལ་རེ་བ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཏོན་ཏེ། ཟང་ཟིང་མེད་པའི་སེམས་ཅན་ཀྱིས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་ན་འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་དང་། བསོད་ནམས་ཚད་མེད་པ་འབྱུང་བ་ཞེས་བྱའོ། །དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ་འདི་བསྟན་པ་ན་སྲོག་ཆགས་བྱེ་བ་བརྒྱ་ཕྲག་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་དགུ་ཁྲི་དྲུག་སྟོང་ནི་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ །དགེ་སློང་སྟོང་དྲུག་བརྒྱ་ནི་སེམས་རྣམ་པར་གྲོལ་ལོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་ནི་རབ་ཏུ་གཡོས་སོ། །ལྟ་བརྒྱ་སྟོང་དག་གིས་ནི་རོལ་མོ་སིལ་སྙན་བླངས་ཤིང་མེ་ཏོག་གི་ཆར་ཡང་རབ་ཏུ་ཕབ་སྟེ། འདི་སྐད་དུ་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུ་གླིང་དུ་ཤིན་དུ་ཡུན་རིང་དུ་གནས་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་དང་། ལྷའི་བུ་རྒྱལ་པོ་བཟང་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་བ་སྡེ་ཉི་ཤུ་རྩ་ལྟ་བུའོ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་ལེའུ་གསུམ་པ་རྫོགས་སོ། །རྒྱ་གར་གྱི་མཁན་པ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་དང་། མུ་ནེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་བཅོས་ནས་གཏན་ལ་ཕབ་པ།


previousཉི་ཤུ་རྩ་ལྔ་པ། དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ། next