Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་དྲུག་པ། འཐབ་བྲལ་བ་ལུང་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་དྲུག་པ། འཐབ་བྲལ་བ་ལུང་བསྟན་པའི་ལེའུ། next

བཅུ་དྲུག་པ། འཐབ་བྲལ་བ་ལུང་བསྟན་པའི་ལེའུ།


DKG042_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེའི་ཚེ་འཐབ་བྲལ་གྱི་ལྷ་བྱེ་བ་ཕྲག་བཞི་བཅུས་ལྷ་མ་ཡིན་རྣམས་ནས་སུམ་བཅུ་རྩ་གསུམ་རིས་ཀྱི་ལྷའི་བར་དེ་དག་མཆོད་པ་ཡང་མཐོང་། ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱང་ལུང་བསྟན་པ་ལ་ཐོགས་པ་མི་མངའ་བར་ཤེས་ཤིང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཉམས་དགའ་བ་སྟེ། དེ་དག་ཐོབ་ན་མ་ཤེས་པའམ། མ་མཐོང་བའམ། མ་རྟོགས་པའམ། མངོན་དུ་མ་བྱས་པའམ། སྐྱེ་བའམ། འགག་པའམ། ལས་སམ། ལས་ཀྱི་རྣམ་པར་སྨིན་པ་གང་ཡང་མེད་དོ་ཞེས་སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་བསྐྱེད་དོ། །འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་འདིར་ཟད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་མཛད་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ། །དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ། ཤེས་པར་བྱ་བ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ། མ་བསྟན་པ། རབ་ཏུ་མ་བསྟན་པ། མ་ཐོས་པ། ཐོས་པར་མ་བྱས་པ། མ་ཤེས་པ། རྣམ་པར་མ་ཤེས་པ། མ་བསྟན་པ། མ་མཐོང་བ། མ་བརྟགས་པ། འཛིན་དུ་མ་བཅུག་པ། རྟོགས་པར་མ་བྱས་པ། ཐོབ་པར་མ་བྱས་པ། མ་ཐོབ་པ། ཉེ་བར་མ་བསྟེན་པ། མ་བོར་བ། མ་བཞག་པ། མ་སྤངས་པ། བྱ་བ་མེད་པ། བྱེད་པ་མེད་པ། རབ་ཏུ་ཞི་བ་མེད་པ། མ་སྨད་པ། ཐོབ་པ་མ་ཡིན་པ། མ་ཐོབ་པ་མ་ཡིན་པ། བདེ་བ་མ་ཡིན་པ། སྡུག་བསྔལ་བ་མ་ཡིན་པ། སྙན་མ་ཡིན་པ། མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ། གཟུགས་


DKG042_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་མ་ཡིན་པ། གྲངས་མེད་པ། བགྲང་བ་མེད་པ། འཇིག་རྟེན་མེད་པ། འཇིག་རྟེན་དང་བྲལ་བ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ། རྣམ་པར་བྱང་བ་མེད་པ་འགྲོ་བ་མེད་པ། ལྡོག་པ་མེད་པ། མ་བརྟགས་པ། རྣམ་པར་མ་བརྟགས་པ། མ་གཡོས་པ། མ་བསམས་པ། མ་བསྐྱོད་པ། མངོན་པར་འདུས་མ་བྱས་པ། མ་སྤོས་པ། སྤྲོས་པ་དང་བྲལ་བ་སྟེ། འདི་ལྟར་གཟུགས་ཀྱི་མཚན་མ་མི་དམིགས་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མཚན་མ་མི་དམིགས་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་མཚན་མ་མི་དམིགས་པ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་མཚན་མ་མི་དམིགས་པ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་མ་མི་དམིགས་པ། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་མཚན་མ་མི་དམིགས་པ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་མཚན་མ་མི་དམིགས་པ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་གྱི་མཚན་མ་མི་དམིགས། །གཟུགས་ཀྱི་འདུ་ཤེས་ཀྱི་མཚན་མ་མི་དམིགས་པ། ཆོས་བའི་བར་གྱི་འདུས་ཤེས་ཀྱི་མཚན་མ་མི་དམིགས་པ། གཟུགས་སུ་སེམས་པའི་མཚན་མ་མི་དམིགས་པ། ཆོས་ཀྱི་བར་དུ་སེམས་པའི་མཚན་མ་མི་དམིགས་པ། ཡིད་ལ་བྱ་བའི་མཚན་མ་མི་དམིགས་པ། ས་དང་། ཆུ་དང་། མེ་དང་རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་མི་དམིགས་པ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་མཚན་མ་མི་དམིགས་པ། འདུས་བྱས་དང་། འདུས་མ་བྱས་ཀྱི་མཚན་མ་མི་དམིགས་པ་སྟེ། འདི་ལྟར་ཆོས་གང་དང་གང་བརྗོད་པའི་རང་བཞིན་དང་གང་གིས་བརྗོད་པའི་ཆོས་དེ་དག་དང་། དེ་བརྗོད་པའི་རང་བཞིན་དེ་དང་མི་བརྗོད་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ནི་དེ་ལྟར་ཉམས་དགའ་བ་ཡིན་ན་དེ་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མི་ཤེས་


DKG042_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་ཐོས་ན་འཇིགས་ཤིང་དངང་བ་དང་། སྐྲག་པར་འགྱུར་ཏེ། དེས་འཇིགས་པར་གྱུར་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་ཉམས་པར་འགྱུར་ཏེ། དེ་དག་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མྱ་ངན་དུ་བྱ་བ་སྟེ། འཁོར་བ་ན་ཡོད་པའི་སྡུག་བསྔལ་གྱི་རྒྱུན་ཏོ་ཞེས་ཏེ། དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་བསྐྱེད་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏོ། །དེ་དག་གིས་སུམ་བཅུ་རྩ་གསུམ་པའི་མཆོད་པ་ལས་ཁྱད་པར་འཕགས་པས་བཅོམ་ལྡན་འདས་ལ་མཆོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་འཐབ་བྲལ་གྱི་ལྷ་དེ་དག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་བསྟོད་པ། །རྒྱལ་བ་ཁྱོད་ཀྱིས་ཕུང་པོ་དབེན་པར་གཟིགས། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ཏེ། དབང་པོའི་གྲོང་ནི་མཚན་མས་དབེན་པ་དག །ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས། །འཇིག་རྟེན་མཁས་པའི་བདེན་པ་གཉིས་ཡིན་ཏེ། །ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །གང་གིས་བདེ་བར་གཤེགས་ལ་འགྲོ་བ་རྣམས། །བདེ་བའི་དོན་དུ་དད་པ་སྐྱེད་འགྱུར་བ། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །སེམས་ཅན་ཚོགས་ཀྱི་གྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དྭགས་དང་། །ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམའ་དེ་བཞིན་མཐོ་བའི་རིགས་རྣམས་དང་། །ཕྱུག་པོའི་ཁྱིམ་དང་དབུལ་པོའི་ཁྱིམ་དག་དང་། །བྲན་གྱི་ཚོགས་དང་དེ་བཞིན་གཡོག་གི་ཚོགས། །བུད་མེད་ཚོགས་དང་སྐྱེས་པ་མ་ནིང་དང་། །འགྲོ་བའི་ཁྱེད་པར་ཇི་སྙེད་གང་ཡང་རུང་། །མཚུངས་མེད་ཁྱོད་ཀྱིས་འཇིག་རྟེན་བསྟན་མཛད་པ། །ཀུན་རྫོབ་བདེན་པར་མཁས་པས་ཐུགས་ཆུད་ནས། །


DKG042_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཕན་པས་མི་ལ་དེ་བསྟན་ཏོ། །དེ་ལ་དགའ་བའི་འགྲོ་བ་འཁོར་བ་ན། །འགྲོ་བའི་ཆོས་བརྒྱད་དེ་ལ་མི་འབྱུང་སྟེ། །ཐོབ་དང་མ་ཐོབ་སྙན་དང་མི་སྙན་དང་། ། བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་ལོ། །ཐོབ་པ་རྙེད་ན་དེ་ལ་ཆགས་པ་སྐྱེད། །མ་ཐོབ་གྱུར་ན་ངེས་ཀྱང་འཁྲུག་པར་འགྱུར། །གང་གཞན་མ་བསྟན་ཚུལ་འདིས་ཤེས་པར་བྱ། །ནད་རྣམས་བརྒྱད་ཀྱིས་དེ་རྒྱུད་གནོད་པར་འགྱུར། །ཀུན་རྫོབ་དེ་ལ་དོན་དམ་སུ་སྨྲ་བ། །དེ་དག་ནོར་བའི་བློ་ལྡན་ཤེས་པར་བྱ། །མི་སྡུག་སྡུག་དང་སྡུག་བསྔལ་བདེ་བ་དང་། །བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང་། །མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ཅིང་། །དེ་ལ་དགའ་སྟེ་མཚན་མར་གང་གནས་པ། །དེ་དག་བདེ་གཤེགས་གསུང་ནི་ཐོས་གྱུར་ན། །འཇིགས་ཤིང་ཇི་བཞིན་མི་རྟོགས་སྤོང་བར་འགྱུར། །དེ་དག་བདེ་གཤེགས་གསུང་ནི་སྤངས་གྱུར་པས། །སེམས་ཅན་དམྱལ་བར་སྡུག་བསྔལ་མི་བཟད་མྱོང་། །དེ་དག་ཚུལ་མིན་བདེ་བ་ཚོལ་བགྱིད་ཀྱང་། །སྡུག་བསྔལ་བརྒྱད་དག་བྱིས་པས་མྱོང་བར་འགྱུར། །འཇིག་རྟེན་ཕན་པའི་བསྟན་པ་སུ་ཞིག་གིས། །མ་ལོག་བློས་ནི་རྣམ་པར་རྟོགས་གྱུར་ན། །སྦྲུལ་གྱི་ལྤགས་པ་རྙིང་ལྟར་རབ་སྤངས་ཏེ། །སྲིད་པ་ཀུན་ལས་འདས་ནས་ཞི་བར་འགྱུར། །ཆོས་འདི་ཐམས་ཅད་རང་བཞིན་དབེན་པ་སྟེ། །སྟོང་པ་མཚན་མ་མེད་པ་དོན་དམ་ཞེས། །གང་གིས་ཐོས་ནས་དགའ་བ་བསྐྱེད་འགྱུར་བ། །དེ་དག་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཇི་ལྟར་བདེ་བར་གཤེགས་པས་གསུངས་པའི་ཆོས། །དེ་ལ་ལྷ་རྣམས་ཐེ་ཚོམ་མ་མཆིས་ཏེ། །འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར། །དེ་དག་བླ་ན་མེད་པའི་བྱང་ཆུབ་ཚོལ། །བྱང་ཆུབ་བློ་ཅན་རྣམ་དག་བློ་ཅན་རྣམས། །སྐྱེས་བུ་མཆོག་གིས་དགའ་བ་བསྐྱེད་དུ་གསོལ། །དེ་ཐོས་འགྲོ་བ་ཀུན་ལ་སྨན་སླད་དུ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཐབ་བྲལ་རིས་ཀྱི་ལྷ་བྱེ་བ་ཕྲག་བཞི་བཅུ་པོ་དག་གིས་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་བརྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ།


DKG042_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཕན་པས་འཛུམ་པ་གང་མཛད་དེས། །ཁྱོད་ཀྱི་འཁོར་ནི་ཐེ་ཚོམ་འཚལ་བར་འགྱུར། །མི་མཆོག་འཛུམ་པའི་རྒྱུ་དེ་བཀའ་སྩལ་གསོལ། །དེས་ནི་འཁོར་འདིར་རབ་ཏུ་དགའ་བར་འགྱུར། །ལྷ་རྣམས་ལུང་བསྟན་དེ་ནི་ཐོས་གྱུར་ན། །འཁོར་འདི་ཤིན་ཏུ་དགའ་ཞིང་མགུ་བར་འགྱུར། །རིགས་པ་ལྡན་པ་བསྟན་པ་འདི་ཉིད་ལ། །བདེ་བར་ནན་ཏན་བགྱིད་ཅིང་རྩོམ་པར་འགྱུར། །རྒྱལ་བ་ཁྱོད་འཁོར་འདི་ནི་མཆོག་ལྡན་ཏེ། །དྲང་སྲོང་ཆེན་པོ་སངས་རྒྱས་ཡོན་ཏན་སྣོང་། །འགྲོ་བ་འདི་རྣམས་བསྡུ་བར་མཛད་སླད་དུ། །སྙན་པའི་གསུང་ནི་ལེགས་པར་བརྗོད་དུ་གསོལ། །སངས་རྒྱས་ཡོན་ཏན་མཐུ་དག་ཐོས་གྱུར་ན། །སྐྱེ་དགུ་ཀུན་ལ་རབ་ཏུ་སྨན་པར་འགྱུར། །བདེ་བར་གཤེགས་པས་ལུང་བསྟན་དེ་ཐོས་ན། །མཁས་པ་རྣམས་ནི་ཚུལ་བཞིན་རྩོམ་པར་འགྱུར། །མི་ཡི་དམ་པ་སྨྲ་བའི་མཆོག་གིས་འདིར། །ཐེ་ཚོམ་འཚལ་བའི་ནེམ་ནུར་ལེགས་པར་སོལ། །འཁོར་རྣམས་ཐམས་ཅད་ཐོས་པར་དགའ་ཞིང་སྡོང་། །ལྷ་རྣམས་ལུང་བསྟན་པ་ནི་བཀའ་སྩལ་གསོལ། །ཀུན་ཀྱང་རིམ་གྲོར་གུས་པར་རྣ་བླགས་ཏེ། །ཁྱོད་ཀྱིས་ལུང་བསྟན་རབ་ཏུ་དགའ་བ་ལ། །སྒྲིབ་པ་རབ་ཏུ་སྤངས་ཤིང་དེ་དག་ཉན། །འཇིག་རྟེན་ཕན་ཕྱིར་སྐྱེས་བུ་མཆོག་གིས་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །འཇིག་རྟེན་ཕན་ཕྱིར་མཁས་པས་འཛུམ་མཛད་པ། །རྟ་ཐུལ་ཁྱོད་ཀྱིས་དྲིས་པ་དུས་དང་ལྡན། །སངས་རྒྱས་ཡོན་ཏན་མཐུ་ནི་ཐོས་གྱུར་ན། །སྐྱེ་བོ་ཚོགས་ཆེན་རྣམས་ཀྱི་དོན་དུ་འགྱུར། །སངས་རྒྱས་ཡོན་ཏན་ཚོགས་ལ་བློ་ཞན་ཅིང་། །འདོད་ཆགས་བློ་དང་ཞེ་སྡང་བློ་ལྡན་དང་། །ཚེ་རབས་བརྒྱར་ནི་རྩོད་པའི་བློ་ཅན་དང་། །གཏི་མུག་བློ་ཅན་དགའ་བ་སྐྱེར་མི་འགྱུར། །གང་རྣམས་རྒྱལ་བས་བསྟན་ལ་དགའ་བ་དང་། །གང་གིས་རྒྱལ་བ་རྣམས་ལ་སྡོན་དྲིས་དང་། །གང་རྣམས་སྙིང་རྗེ་ཆེ་དང་ལྡན་པ་དག །དེ་ཀུན་སངས་རྒྱས་ཡོན་ཏན་ལྡན་པར་འགྱུར། །གང་གིས་འགྲོ་བ་གདོན་ཟིན་མཐོང་གྱུར་ཏེ། །མི་ཡི་སེང་གེ་སྙིང་རྗེ་སྐྱེད་བྱེད་པ། །དེ་དག་སངས་རྒྱས་ཡོན་ཏན་འདི་ཐོས་ནས། །ཨུད་པལ་ཕྲེང་


DKG042_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མགོ་ལ་ཁྱེར་བར་འགྱུར། །ང་ཡི་འཁོར་འདི་རབ་ཏུ་དགའ་འགྱུར་པ། །སྔོན་གྱི་རྒྱལ་ལ་བསྙེན་བཀུར་སྔོན་བྱས་ཏེ། །དེ་དག་སངས་རྒྱས་ཡོན་ཏན་ཡིད་མི་འོང་། །མེ་ཏོག་ཕྲེང་བཞིན་དེ་དག་ཡང་དག་ལྟ། །འཐབ་བྲལ་ལྷ་རྣམས་སྔོན་གྱི་རྒྱལ་ཀུན་ལ། །བསྙེན་བཀུར་བྱས་ཤིང་ཆགས་པ་སྤངས་པ་སྟེ། །ཉོན་མོངས་དམད་ཅིང་སངས་རྒྱས་བློ་ལྡན་འགྱུར། །སྙིང་རྗེ་ལྡན་ཞིང་ཉོན་མོངས་མེད་བློ་ལྡན། །རྒྱལ་བ་མི་ཡི་སེང་གེ་གང་གཱ་ཡི། །བྱེ་སྙེད་ཀུན་ལ་སྔོན་ཆད་བསྙེན་བཀུར་བྱས། །བྱང་ཆུབ་བླ་ན་མེད་པར་སྨོན་བྱེད་ཅིང་། །དགེ་བ་མཐའ་ཡས་འདི་དག་ཀུན་གྱིས་བྱས། །སེམས་ཅན་ཉོན་མོངས་འདམ་བྱིང་རིག་གྱུར་ནས། །སྡུག་བསྔལ་གྱུར་པ་རྣམས་ལ་སྙིང་རྗེ་སྐྱེད། །དེ་དག་མི་མཆོག་སེམས་ཅན་ཕན་མཛད་ལ། །ཆོས་ཚུལ་མཐའ་ཡས་ཡོངས་སུ་དྲིས་པར་འགྱུར། །གང་ཐོས་ནས་ནི་རྣམ་པར་འདྲེན་འགྱུར་བ། །རྣམ་འདྲེན་ཆོས་ལ་འཇུག་པ་འཆད་པར་འགྱུར། །མི་ཡི་ཉོན་མོངས་སྤྱོད་པ་རབ་མཁྱེན་ནས། །དེ་དག་རྣམས་ལ་རྒྱ་ཆེན་མོས་ཀྱང་འཆད། །རྣམ་འདྲེན་སྐྱེས་བུ་དམ་པའི་མཆོག་དེ་དག། །རང་བཞིན་མེད་པ་སྟོང་པ་ཉིད་ཀྱང་འཆད། །དེ་དག་རྒྱལ་བའི་གསུང་དེ་ཐོས་གྱུར་ནས། །འགྲོ་བ་ཐམས་ཅད་སྟོང་པར་རབ་ཏུ་རྟོགས། །མིས་སྟོང་ཞེ་ན་མཚན་མའི་རྣམ་པས་སྟོང་། །རང་བཞིན་མེད་ཅིང་མཚན་མ་མེད་པ་སྨྲ། །རྒྱལ་བའི་ཆོས་རྣམས་དེ་ལྟར་ཤེས་གྱུར་ནས། །ཀུན་ཀྱང་སངས་རྒྱས་ཡོན་ཏན་རྣམས་ལ་གནས། །དེ་དག་གང་ལ་མཆོད་པ་རྒྱ་ཆེན་བྱས། །བདག་གིས་ཆོས་བཞིན་དུ་ནི་ལུང་བསྟན་ནས། །སྐར་ཚོགས་མཉམ་པའི་བསྐལ་པ་དམ་པ་ལ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་། །བདེ་གཤེགས་མཉམ་པ་མེད་པ་བྱེ་བ་ཕྲག །ཉི་ཤུ་ཉི་ཤུས་ཡོངས་སུ་གང་བར་འགྱུར། །བློ་གྲོས་དག་ཅེས་བྱ་བའི་གྲངས་སུ་འགྲོ །སེམས་ཅན་བསམ་ཡས་ཡོངས་སུ་སྦྱོད་པར་འགྱུར། །འཐབ་བྲལ་འཁོད་པའི་ལྷ་ཡི་བསམ་པ་རྣམས། །རྟ་ཐུལ་གྱིས་ནི་ཡོངས་སུ་ཞུས་བྱས་པ། །རྒྱལ་བ་དགྲ་རྒྱལ་དྲང་སྲོང་ཆེན་པོ་ཡིས། །ལུང་བསྟན་ལྷ་དང་བཅས་པའི་འཇིག་རྟེན་དགའ། །


DKG042_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་བྲལ་བ་ལུང་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།


previousབཅུ་དྲུག་པ། འཐབ་བྲལ་བ་ལུང་བསྟན་པའི་ལེའུ། next