Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་གང་པོས་ཞུས་པ་ཞེས་བྱ་བའི་མདོ་ལས། དང་པོ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ།
   
   
   
   
   
   
   
   
   


 
previousའཕགས་པ་གང་པོས་ཞུས་པ་ཞེས་བྱ་བའི་མདོ་ལས། དང་པོ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ། next

འཕགས་པ་གང་པོས་ཞུས་པ་ཞེས་བྱ་བའི་མདོ་ལས། དང་པོ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ།


DKG042_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བདུན་པ་སྟེ་གང་པོས་ཞུས་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱཪྻ་པཱུརྞ་པ་རི་པྲྀཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། །བོད་སྐད་དུ། འཕགས་པ་གང་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་དགེ་སློང་དག་འདུན་ཆེན་པོ་མང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་ཚད་མེད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་བསྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཞུ་བ་ཅུང་ཟད་ཅིག་མཆིག་ནས་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ་རྗེས་སུ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། བྱམས་མའི་བུ་གང་པོ་ཁྱོད་ཅི་འདོད་པ་དྲིས་ཤིག །ངས་ཡང་དག་པར་བསྟན་ནས་ཁྱོད་ཀྱི་སེམས་རངས་པས་བྱའོ། །ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་ཡོན་ཏན་མཆོག་མངོན་པར་བསྒྲུབས་པ། གྲགས་པ་ཤིན་དུ་མཐོ་ཞིང་རྒྱང་རིང་བ། རྟག་པར་སེམས་ཅན་གྱི་བདེ་བ་ཡོངས་སུ་གཉེར་བར་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་ཞུ་བ་མཆིས་ལགས་སོ། །དེ་ནས་ཚེ་དང་ལྡན་པ་བྱམས་པའི་བུ་གང་པོས་ཚིགས་སུ་བཅད་དེ་གསོལ་པ། ཡོན་ཏན་མཆོག་ནི་རབ་བསྒྲུབས་ནས། །གྲགས་པ་མཐོ་ཞིང་རྒྱང་རིང་དང་། ཚུལ་ཁྲིམས་གཙང་ཞིང་ཆོས་མོས་པའི། །སྤྱོད་པ་གང་ལགས་བདག་ཞུ་ལགས། །ཇི་ལྟར་སེམས་ནི་སྤྱོད་བར་བགྱིད། ཇི་ལྟར་སྦྱིན་པ་རྒྱ་ཆེར་བཏང་། ཇི་ལྟར་སེམས་ཅན་རབ་སྐོལ་ཅིང་། དགའ་སེམས་རྟག་ཏུ་ལམ་སྒོམ་ལགས། ཡང་བཅོམ་ལྡན་འདས་ལ་བྱམས་པའི་བུ་གང་པོས་གསོལ་པ། །བཅོམ་ལྡན་འདས་དེང་བདག་ནི་སྐྱེས་བུ་དམ་


DKG042_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་གི་སླད་དུ་དངོས་པོ་དེ་ལྟ་བུ་དག་ཞུ་བ་ལགས་ན་བྱང་ཆུབ་སེམས་དཔས། ཇི་ལྟར་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པས་ཡོངས་སུ་གཏུགས་པར་མི་འགྱུར་ལགས། ཇི་ལྟར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་ལགས་དེ་ནས་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། མང་ཐོས་རྒྱ་མཚོ་ལྟ་བུ་ཚོ་ལ། །ཆོས་ལ་ངེས་པའི་དོན་ཐོབ་ནས། །བྱང་ཆུབ་ལམ་ནི་ལེགས་རྟོགས་འགྱུར། །ཇི་ལྟ་བུར་ན་ཚིག་གཅིག་གིས། ཚད་མེད་དོན་ནི་རབ་རྟོགས་ཏེ། །འདི་ལྟར་ཤེས་རབ་སྟོབས་དག་གིས། །ཆོས་རྣམས་ཐམས་རྟོགས་འགྱུར་ལགས། །མང་ཐོས་མཐར་ཐུག་མ་མཆིས་པས། །རྒོ་བ་མཆིས་ཀྱང་སེམས་མི་གཡོ། །སྙིང་བརྩེ་སླད་དུ་ཆོས་བསྟན་པ། །སེམས་ཅན་ཐེ་ཚོམ་གཅོད་བགྱིད་ལགས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཡང་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་སའི་རྗེས་སུ་འབྲང་བའི་ཡེ་ཤེས་ཀྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ལ་ཞུ་བ་གསོལ་བ་ལགས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ལྡོག་པར་མི་འགྱུར་ལགས། དེ་ནས་ཡང་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་མི་ཁོམ་ཡོངས་སྤངས་ནས། སངས་རྒྱས་མང་པོ་ཕྲད་གྱུར་ལགས། སངས་རྒྱས་མང་པོ་མཐོང་ནས་ཀྱང་། །ཤིན་དུ་དང་བ་མྱུར་འཐོབ་ལགས། བླ་མེད་དང་བ་ཐོབ་གྱུར་ནས། །ཤིན་དུ་བཏང་དགའ་གཏོག་བར་འགྱུར། ཐམས་ཅད་ཡོངས་སུ་བཏང་ནས་ཀྱང་། སྟོབས་ཀྱིས་ཐོགས་མེད་ལམ་སྤྱོད་ལགས། ཇི་ལྟར་རབ་འབྱུང་མོས་གྱུར་ནས། དབེན་གནས་སྟོང་པའི་ཡེ་ཤེས་སྒོམ། ཇི་ལྟར་ཆོས་དང་འགལ་མི་བགྱིད། དངོས་པོ་འདི་ནི་བཀས་བཤད་གསོལ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཡང་གསོལ་པ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་རྣམས་མཁྱེན་པ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། རྫུ་འཕྲུལ་ཐམས་ཅད་ཀྱི་ཕ་རོལ་དུ་བྱོན་པ་དང་། ཁམས་གསུམ་ན་མཆོག་ཏུ་གྱུར་


DKG042_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པས་དཔེ་ཟླ་མ་མཆིས་པའི་ཡེ་ཤེས་ཆེན་པོ་གྱ་ནོམ་པ་བརྙེས་ནས་ཆོས་རྣམས་ལ་སྤྱོད་པ་ཐོགས་པ་མི་མངའ་བར་ཁོང་དུ་ཆུད་པས་ན་དེའི་སླད་དུ་དེང་བདག་དངོས་པོ་འདི་དག་ཞུ་བ་ལགས་སོ། །དེ་ནས་ཡང་ཚིགས་སུ་བཅད་དེ་གསོལ་པ། བཅོམ་ལྡན་ཡོན་ཏན་མཆོག་བཞུགས་པས། རྫུ་འཕྲུལ་ཕ་རོལ་ཏུ་བྱོན། །ཐོགས་པ་མི་མངའི་མཁྱེན་བརྙེས་པས། དཔའ་བོ་ཁྱོད་ལ་བདག་ཞུ་ལགས། ཆོས་རྣམས་ཐམས་ཅད་ལེགས་བསླབས་པས། ཡོན་ཏན་མཐོ་ཞིང་མངོན་པར་འཕགས། མུན་བཅོམ་ཤེས་རབ་སྣང་བསྐྱེད་པས། འཁོར་མང་ཐམས་ཅད་དགའ་བར་མཛད། །དགྲ་ཟིན་བྱམས་སྡང་མི་མངའ་ཞིང་། །མྱ་ངན་མི་མངའ་སྐུ་མི་མངའ། །འཆི་བདག་ལས་ནི་རབ་རྒྱལ་ཞིང་། །བདུད་དཔུང་བདག་ནི་ཕམ་པར་མཛད། །མཚོན་ཆ་ཐོགས་པ་མི་མངའ་བར། །དགྲ་རྣམས་ཐམས་ཅད་ཕམ་པར་མཛད། །རྟག་པར་བྱམས་པའི་ཐུགས་ལྡན་ཞིང་། །ཚུལ་ཁྲིམས་རྣམ་དག་བརྟན་པར་གནས། །བཅོམ་ལྡན་གཡོ་སྒྱུ་མི་མངའ་ཞིང་། །ང་རྒྱལ་མི་མངའ་དྲེགས་མི་མངའ། །རྣམ་གྲོལ་རིག་པ་བརྙེས་པས་ན། །ཡོན་ཏན་ཀུན་གྱི་མཆོག་ཏུ་གྱུར། །ཇི་ལྟར་སྔོན་ནི་ལམ་སྦྱང་ནས། །མཁྱེན་པ་མཆོག་ནི་བརྙེས་པ་དང་། །ཇི་ལྟར་སྤྱད་ནས་སངས་རྒྱས་པ། །བདག་ལ་དེང་ནི་བཀས་བཤད་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དངོས་པོ་དེ་ལྟ་བུ་དག་ཞུས་པ་དེ་ལེགས་སོ་ལེགས་སོ། །ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ན་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐམས་ཅད་མངོན་པར་སྒྲུབ་པ་ཡང་དག་པར་བསྟན་པར་བྱའོ། །དེ་ན་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་དེང་བྱང་ཆུབ་སེམས་དཔའ་རྣམས། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །རབ་ཏུ་བརྩོན་པའི་སྟོབས་དག་གིས། །བྱང་ཆུབ་ལམ་སྦྱང་བཤད་པར་བྱ། །བྱང་ཆུབ་སེམས་དཔའ་སྦྱང་པ་ཡི། །ལྷག་པའི་བསམ་པ་སྣ་ཚོགས་ཀྱིས། སངས་རྒྱས་ལུང་ནི་བསྟན་གྱུར་པ། །དངོས་པོ་དེ་དག་མདོར་བསྟན་ཏོ། །ལྷག་པའི་བསམ་པས་


DKG042_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མོས་སེམས། །ཚད་མེད་མཐའ་ཡས་ཡོང་མ་ཡིན། །སྤྱོད་པ་སྣ་ཚོགས་སྟོན་བྱེད་པ། །དངོས་པ་གཅིག་གིས་འགྲུབ་མི་འགྱུར། །དགའ་སེམས་ནང་ནི་རབ་རྒྱས་པས། །སྦྱིན་པ་དག་ནི་གཏང་བར་བྱེད། །སྦྱིན་པ་གཏོང་ཡང་འགྱོད་མེད་པས། དེའི་སེམས་ནི་དགའ་བར་འགྱུར། །བྱང་ཆུབ་སེམས་དཔའ་འདི་སྙམ་དུ། །སེམས་ཅན་རྟག་ཏུ་རྒུད་པས་ན། །མང་དུ་ཐོས་པའི་ནོར་མི་ལྡན། །བདག་གིས་བཙལ་བྱ་སྙམ་དུ་སེམས། །སེམས་ཅན་རྟག་ཏུ་རྒུད་པ་ཡང་། །ལེ་ལོའི་དབང་ལས་གྱུར་པས་ན། །བདག་གིས་བརྩོན་འགྲུས་རབ་བསྐྱེད་དེ། །བྱང་ཆུབ་ཐོབ་བྱ་སྙམ་དུ་སེམས། །བདག་གིས་སེམས་ཅན་ཆེད་དུ་ནི། །ཡིད་བཞིན་བཟོད་པ་རབ་བསྐྱེད་དེ། །ཚིག་ངན་སྨྲ་འབེབས་བརྡེགས་གྱུར་ཀྱང་། །ལན་ཡང་མི་སྨྲ་སྙམ་དུ་སེམས། །བདག་ལ་སྨྲ་འབེབས་སུ་ཞིག་ཡིན། །སྨྲ་འབེབས་དམིགས་པར་མི་འགྱུར་བས། །སྨྲ་འབེབས་ཁོང་ཁྲོ་བྱེད་པ་ཡི། །དངོས་པོ་ཐམས་ཅད་སྟོང་སྙམ་སེམས། །དེ་ལྟར་ཡིད་ལ་སེམས་པས་ན། །སེམས་ལ་ཁོང་ཁྲོ་ཁོན་འཛིན་མེད། །རྟག་ཏུ་བཟོད་པ་བསྒོམས་པས་ན། །དེས་ན་མངོན་པར་འཚང་ཡང་རྒྱ། །སེམས་ཅན་དགེ་སེམས་མེད་པ་ལ། །འཇིག་རྟེན་སྒྲོན་མ་བྱས་ནས་ནི། །མགོན་དང་སྐྱབས་ནི་བྱེད་པས་ན། །ནོར་མེད་ནོར་དང་ལྡན་པར་བྱེད། །སེམས་ཅན་ལམ་ལོག་སྤྱོད་པ་ནི།། །དེ་དག་སྙིང་བརྩེའི་གནས་ཡིན་པས། །བདག་གིས་ཡོངས་སུ་བཟླས་ནས་ནི། །མྱ་ངན་འདས་ལ་གཞག་སྙམ་སེམས། །སེམས་ཅན་ཐམས་ཅད་རྒུད་པས་ན། །ཤེས་རབ་ནོར་དང་ཡོང་མི་ལྡན། །བདག་གིས་ཐམས་ཅད་མཁྱེན་ཐོབ་ནས། །དེ་དག་ཚིམ་པར་བྱ་སྙམ་སེམས། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས། །སེམས་ཅན་ཡོངས་སུ་བཟླ་བའི་ཕྱིར། །སེམས་བསྐྱེད་བྱང་ཆུབ་ཚོལ་བ་ན། །དེ་འདྲའི་སྨོན་ལམ་འདེབས་པར་བྱེད། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་བཀའ་སྩལ་པ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྒྱུ་རྐྱེན་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་ལ་ཆོས་སྟོན་པར་བྱེད་ཀྱང་ཆོས་འགའ་ཙམ་ལ་ཡང་གནས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། །བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་


DKG042_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཡང་ཡང་དག་པར་བསླབས་ནས་དེའི་འོག་ཏུ་མངོན་པར་རྫོགས་པར་འཚལ་རྒྱ་བར་འགྱུར་བས་སོ། །བྱང་ཆུབ་སེམས་དཔའ་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་རྣམ་པ་བཞི་དང་ལྡན་པས་ཆོས་གཞན་ཡང་དངོས་པོ་འདི་ལས་ལྷག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་རྩོམ་པར་བྱེད་པ་གང་ཡིན་པ་འདི་ནི་མཚར་དུ་བྱུང་བའི་དངོས་པོ་དང་པོ་ཞེས་བྱའོ། །ཁོང་ཁྲོའི་སེམས་ཅན་ནན་པོ་ཆེ་དག་གི་ནང་ན་བཟོད་པ་སྒོམ་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་གཉིས་པ་ཞེས་བྱའོ། །སེམས་ཅན་ལམ་ལོག་པ་ལ་སྤྱོད་པ་དག་མཐོང་ནས་བདག་ཉིད་ཡང་དག་པའི་ལམ་ལ་བརྩོན་པར་བྱེད་པ་གང་ཡིན་པ་དེ་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་ཞེས་བྱའོ། །སེམས་ཅན་འཁོར་བ་ལས་ཡོངས་སུ་བཟླ་བའི་ཕྱིར་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་ཞེས་བྱའོ། །གང་པོ་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་མཆོག་ཅེས་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། སེམས་ཅན་ལེ་ལོ་ཅན་མཐོང་ན། །བརྩོན་འགྲུས་སེམས་ནི་སྐྱེད་བྱེད་པས། །བདག་གིས་དེ་ལ་ཆོས་མིན་པའི། །དངོས་པོ་བསྟན་སྙམ་ཡོང་མི་སེམས། །ཁོང་ཁྲོ་སྟོན་པར་མི་བྱེད་དེ། །ཁོང་ཁྲོ་སངས་རྒྱས་ལམ་མིན་ཞེས། །རྟག་ཏུ་བྱམས་སེམས་སྒོམ་པས་ན། །བྱང་ཆུབ་དེ་ལས་སྐྱེ་བར་འགྱུར། །སེམས་ཅན་ལམ་ལོག་མོས་པས་ན། །ལོག་པའི་ལམ་ལ་གནས་པར་བྱེད། །བྱང་ཆུབ་སེམས་དཔའ་ཡག་དག་ལམ། །བཙལ་ནས་སེམས་ན་འགོད་པར་བྱེད། །འཁོར་བའི་ཉེས་དམིགས་མཐོང་བས་ན། །རྩེ་གཅིག་སངས་རྒྱས་ཡེ་ཤེས་ཚོལ། །བླ་མེད་གཏེར་ནི་ཐོབ་པར་འགྱུར། །སེམས་ཅན་བཟླ་བྱ་སྙམ་དུ་སེམས། །རྨད་བྱུང་དངོས་པོ་འདི་དག་ལས། །ལྷག་པའི་གཞན་ནི་སུ་ཡང་མེད། །དེ་ལྟ་བས་ན་ཐོགས་མེད་ཆོས། །འཐོབ་པར་འགྱུར་བར་རིག་པར་བྱ། །


DKG042_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་གོས་ནི་ཚིག་པ་དང་། །མགོ་ཐོད་མེ་ནི་འབར་བ་བཞིན། །ལེ་ལོའི་སེམས་ནི་སྐྱེས་གྱུར་ན། །མྱུར་བ་ཉིད་དུ་སེལ་བར་བྱེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དགའ་བའི་སེམས་སྐྱེ་བར་འགྱུར་རོ། །བཞི་གང་ཞེ་ན། །སེམས་ཅན་རྣམས་ནི་འཁོར་བ་ན་གནས་ཤིང་བརྩོན་འགྲུས་མི་རྩོམ་པར་མཐོང་ལ་བདག་ཉིད་ནི་སངས་རྒྱས་ཀྱི་ལམ་ལ་གནས་ནས་བརྩོན་འགྲུས་རྩོམ་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང་། སེམས་ཅན་རྣམས་ནི་རྟག་པར་ལེ་ལོ་ཅན་དུ་གྱུར་པར་མཐོང་བ་བདག་ཉིད་ནི་སངས་རྒྱས་ཀྱི་བསྟན་པ་ལ་གནས་ནས་བརྩོན་འགྲུས་རྩོམ་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང་། སེམས་ཅན་རྣམས་ནི་ཁོང་ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། ཕྲག་དོག་ཅན་དུ་གྱུར་པར་མཐོང་ལ་བདག་ཉིད་ནི་ཁོང་ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། ཕྲག་དོག་མེད་ཅིང་རྟག་པར་བྱམས་པའི་སེམས་དང་ལྡན་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབ་པར་བརྩོན་པར་གཞན་སུ་ཡང་བདག་དང་མཚུངས་པ་མེད་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་གང་ཡིན་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་བཅད་དེ་བཀའ་སྩལ་པ། སེམས་ཅན་ལེ་ལོ་ཅན་མཐོང་ན། །བདག་ཉིད་བརྩོན་འགྲུས་རྩོམ་བྱེད་པས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །བདག་ཉིད་དགའ་སེམས་འཐོབ་པར་འགྱུར། །འཁོར་བའི་ཉེས་དམིགས་མཐོང་བས་ན། །སྐྱོ་བའི་སེམས་ནི་རབ་ཏུ་སྐྱེ། །ཁམས་གསུམ་བརྩོན་རར་འཇིགས་པས་ན། །བརྩོན་པའི་སེམས་ཀྱིས་སྤོང་བར་བྱེད། །སེམས་ཅན་ཁོང་ཁྲོ་འཁོན་འཛིན་དགའ། །བདག་ཉིད་བྱམས་སེམས་གནས་པས་ན། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །དགའ་བདེ་སེམས་ནི་སྐྱེ་བར་འགྱུར། ། སེམས་ཅན་རྣམས་ཀྱིས་གང་བྱས་པ། །དེ་དག་ཐམས་ཅད་མི་བྱ་བར། །དེ་ཕྱིར་བདག་གིས་བླ་མེད་པའི། །སངས་རྒྱས་ལམ་ནི་བཙལ་སྙམ་སེམས། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི། །ཡང་དག་ཡེ་ཤེས་གང་ཡིན་པ། །བདག་གིས་ཡེ་ཤེས་དེ་བསླབས་ནས། །


DKG042_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་གྱི་སྐྱབས་བྱ་སེམས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །རྟག་ཏུ་དགའ་སེམས་སྐྱེ་བས་ན། །འདུས་བྱས་མི་བདེན་དག་ལས་ནི། །ཡང་དག་ཆོས་ནི་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མི་ཁོམ་པ་རྣམས་དང་བྲལ་ཏེ། དལ་བ་ཕུན་སུམ་ཚོགས་པ་ཐོབ་ནས་སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབས་པ་ཆུད་ཟ་བར་མི་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་དམན་ཞིང་ཤིན་དུ་མཉེན་པས་ན་སེམས་ཅན་དག་མཐོང་བར་གྱུར་པའི་ཚེ་རྟག་པར་བདེ་བར་འོངས་སམ་ཞེས་མདངས་དང་ལྡན་པས་གསོང་པོར་སྨྲ་ཞིང་ཕན་ཚུན་ཚིག་སྦྱིན་པར་བྱེད་པས་རྟག་པར་འཛུམ་པ་དང་ལྡན་པ་ཡིན། སེམས་རྩེ་གཅིག་ཏུ་ཆོས་གཉེར་ཞིག་རྟག་པར་འདི་རྟོག་ལ་རབ་ཏུ་མོས་པས་ན་དགེ་བའི་དོན་ཚོལ་ཞིང་བརྩོན་པ་ལ་ཆོག་ཤེས་པ་མེད་པ་ཡིན། དབེན་པའི་གནས་ལ་མོས་ཤིང་གཅིག་པུ་འདུག་པ་ལ་དགའ་བ་ཡིན། བདག་ཉིད་བྱང་ཆུབ་ཀྱི་ལམ་ལ་གནས་ཤིང་སེམས་ཅན་གཞན་ཡང་བྱང་ཆུབ་ཀྱི་ལམ་ན་གནས་པར་འཛུད་པ་ཡིན། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན་མི་ཁོམ་པ་རྣམས་དང་བྲལ་ཏེ། དལ་བ་ཕུན་སུམ་ཚོགས་པ་ཐོབ་ནས་སངས་རྒྱས་ཀྱི་མངོན་པར་བསྒྲུབས་པ་ཆུད་ཟ་བར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཉེན་པའི་སེམས་དང་རབ་ལྡན་ཞིང་། །རྟག་པར་བྱམས་སེམས་སྒོམ་པས་ན། །སེམས་ཅན་དག་དང་སྨྲ་བའི་ཚེ། །སེམས་དམན་གསོང་པོར་སྨྲ་བར་བྱེད། །རྟག་ཏུ་སངས་རྒྱས་བསྔགས་པ་ཡི། །ཟབ་མོ་གྱ་ནོམ་ཆོས་ཀྱི་ཚོལ། །རྟག་པར་ཚུལ་ཁྲིམས་གཙང་སྲང་ཞིང་། །སྦྱངས་པའི་སྤྱོད་ལ་མོས་པ་ཡིན། །སྦྱངས་པའི་ཆོས་ལ་རབ་གནས་ཀྱང་། །ཤེས་རབ་ཟབ་མོས་སྤྱོད་པས་ན། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །མི་ཁོམ་རབ་སྤངས་དལ་དང་ལྡན། །རྟག་ཏུ་སངས་རྒྱས་རྣམས་ལ་ནི། །ཆོས་ཟབ་མོ་རྣམས་ནི་ཞུ་བྱེད་པས། །དེ་ཕྱིར་ཤེས་རབ་འཕེལ་གྱུར་ནས། །མི་ཁོམ་གནས་སུ་སྐྱེ་མི་འགྱུར། །རྟག་པར་དགོན་པར་གནས་མོས་ཤིང་། །རྣམ་དག་སྦྱངས་པ་


DKG042_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས་ན། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །མི་ཁོམ་རབ་སྤངས་ཁོམ་དང་ལྡན། །བློ་ལྡན་མཁས་པ་གང་དག་གིས། །ཆོས་འདི་གཞི་ལ་སྟེན་བྱེད་ན། །མི་ཁོམ་ཐམས་ཅད་རབ་སྤངས་ནས། །སངས་རྒྱས་མང་པོ་མཐོང་བར་འགྱུར་སངས་རྒྱས་མང་པོ་མཐོང་ནས་ཀྱང་། མི་འཇིགས་དང་ངད་ལྡན་པས་ན། བརྩོན་འགྲུས་མཆོག་ནི་བར་བསྐྱེད་ནས། །སངས་རྒྱས་ཡེ་ཤེས་ཚོལ་བར་འགྱུར། །དེ་ཕྱིར་ཡེ་ཤེས་གཉེར་བ་དག །ཡང་དག་ཆོས་ནི་བསླབ་པར་བྱ། །ཡང་དག་ཆོས་ནི་བསླབས་གྱུར་ནས། །བྱང་ཆུབ་ལམ་ནི་འཐོབ་མི་དཀའ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་སྟེ་དང་པོའོ།།


previousའཕགས་པ་གང་པོས་ཞུས་པ་ཞེས་བྱ་བའི་མདོ་ལས། དང་པོ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ། next