Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསུམ་པ། ཕྱིར་མི་ལྡོག་པའི་ལེའུ།
   
   
   
   
   
   
   


 
previousགསུམ་པ། ཕྱིར་མི་ལྡོག་པའི་ལེའུ། next

གསུམ་པ། ཕྱིར་མི་ལྡོག་པའི་ལེའུ།


DKG042_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་ན་དོན་གྱི་ཚུལ་རབ་ཏུ་སེམས་པར་བྱེད་ཀྱི་འདི་མ་ཡིན་ནོ་ཞེས་སྨྲ་བར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བདག་གི་ཡིད་ངང་མི་འགའ་བའི། །མ་ཐོས་ཆོས་ནི་ཐོས་གྱུར་ན། །དོན་གྱི་ཚུལ་ནི་སེམས་བྱེད་ཀྱི། །


DKG042_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མིན་ཞེས་ནི་སྨྲ་མི་བྱེད། །གལ་ཏེ་སྟོང་པའི་ཆོས་ཐོས་ན། །རྟག་ཏུ་དོན་ཚུལ་ཚོལ་བྱེད་པས། །དེ་ཕྱིར་ཤེས་རབ་འཕེལ་འགྱུར་ཞིང་། །བྱང་ཆུབ་ལམ་ནི་དེ་ནས་སྐྱེ། །དོན་གྱི་ཚུལ་ནི་ཚོལ་བྱེད་པས། །བྱང་ཆུབ་ལས་ནི་མི་ལྡོག་ཅིང་། །ཤེས་རབ་དག་ནི་འཕེལ་བར་འགྱུར། །མ་ཐོས་ཆོས་ནི་ཐོས་གྱུར་ན། །ང་རྒྱལ་དག་པའི་སེམས་མི་འབྲང་། །གཡོ་སྒྱུ་དག་ཀྱང་སྐྱེད་མི་བྱེད། །གཡོ་སྐྱེད་པ་ནི་བྱང་ཆུབ་མིན། །མ་ཐོས་ཆོས་ནི་ཐོས་གྱུར་ན། །དེ་ཡི་དོན་ནི་ཚོལ་བྱེད་པས། །སྔོན་ཆད་ཐོས་པར་མ་གྱུར་ཀྱང་། །རྩེ་གཅིག་ཏུ་ནི་སེམས་པར་བྱེད། །གང་ཟག་ངས་ནི་ཆོས་ཐོས་ཚེ། །ཡང་དག་ཆོས་ནི་ཐོས་འགྱུར་ཞིང་། །རྟག་པར་སངས་རྒྱས་མང་མཐོང་བས། །བྱང་ཆུབ་ལས་ནི་ལྡོག་མི་འགྱུར། །སངས་རྒྱས་མང་པོ་མཐོང་ནས་ཀྱང་། ། ཚུལ་བཞིན་ཞུ་བ་ཞུ་བྱེད་པས། །ཉན་ཐོས་དག་གིས་ཐོས་ན་ཡང་། །ཐམས་ཅད་རབ་ཏུ་དགའ་བར་འགྱུར། །འདི་ནི་ངོ་མཚར་རྨད་ལྡན་པས། །འདི་འདྲའི་ཞུ་བ་ཞུ་བར་བྱེད། །བདག་ཅག་བསམ་པའང་ཡོད་མིན་ན། །དངོས་པོ་འདི་ཐོས་ཅི་སྨོས་ཟེར། །ཉན་ཐོས་ངོ་མཚར་བརྗོད་པས་ན། །ལྷ་ཀླུ་ཐམས་ཅད་དགའ་འགྱུར་ཞིང་། །སངས་རྒྱས་བསྔགས་པ་བརྗོད་འགྱུར་བ། །འདི་ནི་མང་ཐོས་འབྲས་བུ་ཡིན། །ཞུ་བ་གང་ཡོད་ཞུས་པའི་ཚེ། །སངས་རྒྱས་དེ་བཞིན་ལན་འདེབས་པས། །འཁོར་འདུས་མང་པོ་ཚད་མེད་པ། །ཐམས་ཅད་ཕན་པ་ཆེ་ཐོབ་འགྱུར། །བྱང་ཆུབ་སེམས་དཔའ་ལན་འདེབས་པ། །མང་ཐོས་འདི་ནི་ཐོས་གྱུར་ན། །འཁོར་མང་ཚད་མེད་ཐམས་ཅད་ཀྱིས། །བླ་མེད་ཆོས་མིག་ཐོབ་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་རྒྱུ་རྐྱེན་དེས་ན་བྱང་ཆུབ་སེམས་དཔས་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་པ་ན་མངོན་པར་ཡིད་ཆེས་པས་དང་དུ་ལེན་ཅིང་འགལ་བ་མེད་པའི་སངས་རྒྱས་ཀྱིས་ཚུལ་བཞིན་དུ་བསམས་ནས་འདི་ནི་མ་ཡིན་ནོ་ཞེས་སྨྲ་བར་མི་བྱེད་ན། དེས་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྱེད་པར་འགྱུར་བར་རིག་པར་བྱའོ། །གང་པོ་སྔོན་འདས་པའི་སྐལ་པ་གྲངས་མེད། ཚད་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་


DKG042_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། །སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། གང་པོ་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་རྒྱལ་པོ་དེའི་སྐུ་ཚེའི་ཚད་ནི་བྱེ་བ་ཕྲག་བརྒྱད་བཅུ་ཐུབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེའི་འཁོར་དུས་པ་རེ་རེ་ལ་ཡང་ཉན་ཐོས་ཀྱི་དགེ་འདུན་གང་གཱའི་ཀླུང་བརྗོད་ཀྱི་མི་ལང་བའི་བྱེ་མ་སྙེད་ཆོས་རྣམས་ལ་ལེན་པ་མེད་ཅིང་ཟག་པ་ཟད་ནས་སེམས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་གཉིས་གའི་ཆ་ལས་རྣམ་པར་གྲོལ་བ་ཤ་སྟག་བྱུང་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གྲངས་ཀྱང་དེ་བཞིན་ནོ། །གང་པོ་བཅོམ་ལྡན་འདས་དེ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནི་ལོ་དྲུག་ཁྲིར་གནས་པར་གྱུར་ཏོ། །དེ་ཡོངས་སུ་མྱ་ངན་ལས་འདས་སུ་ཉེ་བའི་ཚེ་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་མང་པོ་ཐམས་ཅད་རྫུ་འཕྲུལ་གྱི་སྟོབས་ཀྱིས་དམ་པའི་ཆོས་བསྲུང་བའི་ཕྱིར་འཛམ་བུའི་གླིང་བྱེ་བ་བརྒྱ་ཕྲག་མང་པོ་ཀུན་ནས་ཁྱབ་པར་གྱུར་པས་འཛམ་བུའི་གླིང་རེ་རེ་ན་ཡང་བྱང་ཆུབ་སེམས་དཔའ་རེ་རེ་གནས་པར་གྱུར་ཏོ། །གང་པོ་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་ཉན་ཐོས་རྣམས་ཁད་ཀྱིས་ལེ་ལོ་དང་། སྙོམ་ལས་ཅན་དུ་གྱུར་ནས་འདི་ལྟ་བུའི་མདོ་སྡེ་ཟབ་མོ་དག་ཁ་ཏོན་དུ་འདོན་ཅིང་ཡོངས་སུ་འཛིན་པ་མེད་པར་གྱུར་བས་ཆོས་རྣམས་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་དང་། ཚུལ་ཁྲིམས་རྣམ་པར་དག་ཅིང་སྦྱངས་པའི་ཡོན་ཏན་དང་ལྡན་པའི་མདོ་སྡེ་ཐམས་ཅད་ཀྱང་མཐར་གྱིས་ནུབ་པར་གྱུར་ཏེ། དེ་དག་གིས་བཀླག་པ་དང་། ཁ་ཏོན་དུ་འདོན་པ་དང་། རྣམ་པར་བཤད་པ་མ་བྱས་པའི་ཕྱིར་དེའི་བསྟན་པ་ལས་ཆོས་ཀྱི་སྡེ་སྣོད་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་བརྒྱད་ཁྲི་བཞི་སྟོང་ཡོད་ལ། ཆོས་ཀྱི་སྡེ་སྣོད་རེ་རེ་ལ་ཡང་མདོ་སྡེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་ཡོད་དེ་མདོའི་སྡེ་རེ་རེ་ལ་ཡང་ཆེད་དུ་བརྗོད་པའི་སྡེ་སུམ་ཁྲི་དྲུག་བརྒྱ་ཡོད་དེ། ཆེད་དུ་བརྗོད་པའི་སྡེ་རེ་རེ་ལ་ཡང་ཚིགས་སུ་བཅད་པ་བྱེ་བ་ཕྲག་དྲུག་ཁྲི་བདུན་བརྒྱ་ཡོད་དེ། གང་པོ་དེའི་ཚེ་དེའི་


DKG042_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཐ་མ་ལ་དམ་པའི་ཆོས་ནུབ་ཏུ་ཉེ་བ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྣོད་མང་པོ་དེ་དག་ལས་མདོའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་འབའ་ཞིག་ལུས་པར་གྱུར་ཏོ། །དེའི་ཚེ་ཆོས་སྨྲ་བའི་དགེ་སློང་མཐུ་བོ་ཆེ་ཞེ་བྱ་བ་ཞིག་ཡོད་དེ། འཛམ་བུའི་གླིང་གླིང་འདིར་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མཐུས་དམ་པའི་ཆོས་བསྲུང་བའི་ཕྱིར་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་མང་དུ་ཐོས་ཤིང་རྒྱ་ཆེ་བ། ཆོས་ལེགས་པར་སྟོན་པ། ཚིག་རྒྱན་དང་ལྡན་པ། དོན་གྱི་ཚུལ་གསལ་བར་རྟོགས་པ་དེས་རྟག་པར་སྔོན་མ་ཐོས་པའི་ཆོས་བསྒྲགས་པ་ལ་མོས་པར་གྱུར་ཏོ། །དེས་ཆོས་བསྒྲགས་པར་གྱུར་པ་ན་སྐྱེ་བོ་མང་པོ་ཕལ་ཆེར་སྐུར་འདེབས་ཤིག་འགལ་བར་བྱས་པར་གྱུར་པས་ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་དེ་འདི་སྙམ་དུ་འདི་ལྟར་སྐྱེ་བོ་མང་པོ་འདི་དག་སྔོན་མ་ཐོས་པའི་ཆོས་ཐོབ་པར་གྱུར་ཀྱང་མངོན་པར་ཡིད་མི་ཆེས་བསམ་མཉན་པ་དང་། ལེན་པར་མོས་པ་ཡང་མེད་ལ། གལ་ཏེ་ཐོས་པར་གྱུར་ན་ཡང་ཁོང་དུ་མ་ཆུད་པས་རྗེས་སུ་འབྲང་བར་མི་བྱེད་ཅིང་འགལ་བར་བྱས་ནས་སྐྱོན་འབྱིན་པར་བྱེད་པས་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ལ། སྟོན་པ་ཆེན་པོ་བསྟན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གིས་སྟོན་ཆད་ནམ་ཡང་སློབ་དཔོན་དང་། མཁན་པོ་ལས་འདི་ལྟ་བུའི་མདོ་སྡེ་མ་ཐོས་ལ། གཞན་ཡང་དགེ་སློང་གནས་བརྟན་རྒན་རབས་གང་ཡང་སློབ་དཔོན་དང་། མཁན་པོ་ལས་འདི་ལྟ་བུ་རྒྱུ་དེ་ཐོས་པར་མི་སྨྲ་བས་སོ་ཞེས་དགེ་སློང་མང་པོ་དེ་སྐད་ཀྱང་ཟེར་ལ། མདོའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་ཙམ་ལས་མ་ལུས་པས་དེང་བདག་ཅིའི་ཕྱིར་གཅིག་པུ་གནས་དབེན་པར་མི་འགྲོ་སྙམ་མོ། །གང་པོ་ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་དེ། དེ་སྙམ་དུ་བསམས་ནས་གཅིག་པུ་རི་ཕུག་དབེན་པར་གནས་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་ན་བསྐལ་པ་ཆགས་ཚུན་ཆད་གྲོང་ཁྱེར་ཆེན་པོ་ཆུར་དཔག་ཚད་བཅུ་གཉིས་ཡོད་པ། ཞེང་དུ་དཔག་ཚད་བདུན་ཡོད་ཅིང་རབ་ཏུ་མཛེས་པར་བྱས་པ། ལམ་སྲང་རྣམས་ཐད་ཀར་འབབ་པ། སྐྱེ་མོ་མང་པོས་གང་བ། ལོ་ལེགས་ཤིག་བདེ་བར་གྱུར་པ་དྲུག་ཁྲི་བརྒྱ་སྟོང་ཡོད་པར་གྱུར་ཏོ། །དེའི་འོག་ཏུ་ཕྱིས་ཡང་གྲོང་ཁྱེར་ཆུད་ངུ་ཁ་ཅིག་ནི་དཔག་ཚད་


DKG042_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཡོད་པ། ཁ་ཅིག་ནི་དཔག་ཚད་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་ཡོད་པ་ནང་གི་ཆུད་པའི་ཚད་ཀྱང་དཔག་ཚད་གཅིག་ཡོད་བྱེ་བ་ཕྲག་བརྒྱད་བཅུ་རྩ་བཞི་བྱས་པར་གྱུར་ཏེ། གང་པོ་དེའི་ཚེ་འཛམ་བུའི་གླིང་ན་གྲོང་ཁྱེར་ཆེན་པོ་རབ་ཏུ་དབེན་པ་ཞེས་བྱ་བ་ན་བདག་ཤ་ནི་ཞེས་བྱ་བ་ཞིག་བྱུང་བ་དེའི་བུ་ནི་མ་ཧཱ་ཤུམ་ཏ་ཞེས་བྱ་སྟེ། ཁྱིམ་བདག་དེའི་བུ་དེ་དབེན་པ་ན་གནས་པ་ལས་ལྷ་ཞིག་འོངས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་ནན་ཏན་ཆོས་དག་ལ། །བཙལ་ནས་ཚུལ་བཞིན་སོམས་ཤིག་དང་། དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ། །ཁྱོད་འཚང་རྒྱ་བར་ལུང་སྟོན་ཏོ། །གང་པོ་ལྷ་ངེས་ཚིགས་སུ་བཅད་པ་འདི་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་གི་བུ་དེ་ཕའི་དྲུང་དུ་སོང་ནས་རྐང་པ་མོག་པོས་ཕྱག་བྱས་ཏེ། འདི་སྐད་དུ་བདག་ནི་རབ་ཏུ་བྱུང་ནས་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོའི་བསྟན་པ་ལ་ཚངས་པའི་སྤྱོད་པར་འདོད་དོ་ཞེས་སྨྲས་པ་དང་། དེ་ནས་ཁྱིམ་བདག་ཤ་ནས་ཚིགས་སུ་བཅད་དེ་སྨྲས་པ། །ངའི་ཁྱིམ་ན་རིན་ཆེན་མང་། །གསེར་དངུལ་དག་ནི་ཚད་ཀྱང་མེད། །འཛམ་བུའི་གླིང་ན་མེད་པ་ཀུན། །ང་ཡི་ཁྱིམ་ན་ལྡན་པར་ཡོང་། །ངས་ནི་རིན་ཆེན་བཙལ་བ་ཡང་། །བུ་འདོད་སྤྱོད་ཕྱིར་བཙལ་བཙལ་ན། །ཅི་ཕྱིར་རབ་ཏུ་འབྱུང་བྱེད་ཅིང་། །འཇིག་རྟེན་སློང་ལ་དགའ་བར་བྱེད། །དེ་ནས་ཁྱིམ་བདག་གི་བུ་དེས་ཚིག་སུ་བཅད་དེ་ཕ་ལ་སྨྲས་པ། །བདག་ནི་རྟག་ཏུ་ཆོས་ཚོ་ལ་མོས། །བཙལ་ནས་ཡང་དག་ཚུལ་བཞིན་སེམས། །ལོངས་སྤྱོད་མྱོང་བར་མི་དགའ་བས། །འཇིག་རྟེན་འདྲེན་པ་བྱེད་པར་དགའ། །ཁྱིམ་གྱི་རིན་ཆེན་མི་དགོས་པས། །བདག་ནི་འདོད་པ་ཉུང་ལ་མོས། །ཆོས་ཀྱི་གཏེར་ནི་དབྱུང་བའི་ཕྱིར། །རབ་ཏུ་འབྱུང་བར་མོས་པ་ཡིན། །སངས་རྒྱས་འབྱུང་བ་རབ་ཏུ་དཀོན། །ཆོས་བསྟན་པ་ཡང་རབ་ཏུ་དཀོན། །དེང་བདག་སངས་རྒྱས་བསྟན་ཕྲད་ན། །ཅི་ཡི་ཕྱིར་ན་གདང་བར་བྱ། །གང་པོ་དེ་ནས་ཁྱིམ་བདག་གི་བུ་དེས་ཕའི་རྐང་པ་ལ་ཕྱག་བྱས་ཏེ་བསྐོར་བ་བྱས་ནས་ཕྱིར་བྱུང་སྟེ་འགྲོ་བའི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕ་ནི་བྱེ་བ་འབུམ་ཡོད་ཅིང་། མ་ནི་བྱེ་བ་བརྒྱ་ཡོད་ཀྱང་། །དེང་བདག་རབ་ཏུ་འབྱུང་བའི་སེམས། །གང་གིས་ཀྱང་ནི་


DKG042_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་མི་ནུས། །དེང་བདག་ལུས་སྲོག་ཕ་མ་དང་། གཉེན་མང་བ་ཀུན་ནི་རབ་སྤངས་ནས། །སངས་རྒྱས་ཆོས་ནི་མི་སྤོང་བར། །རབ་བྱུང་སྤྱོད་པ་གཉེར་བར་བྱེད། །གང་པོ་དེའི་ཚེ་ཁྱིམ་བདག་གི་བུ་དེས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས་རབ་ཏུ་བྱུང་བར་གྱུར་ཏེ། ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་ག་ལ་བ་དེར་སོང་ནས་ཆོས་མཉན་པ་གཉེར་བས་གྱུར་བ་དང་། དེ་ནས་དའི་ཚེ་སྨྲ་བ་མཐུ་ཆེན་པོ་ཐོབ་པས་ཀྱང་དེ་ལ་སྔོན་མ་ཐོས་པའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ནས་དགེ་སློང་མ་ཧཱ་ཤུ་མ་ཏས་སྔོན་མ་ཐོས་པའི་མདོ་སྡེ་ཐོས་པར་གྱུར་ནས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་འདི་ལྟ་བུའོ་མདོ་སྡེ་སྔོན་ཆད་མ་ཐོས་ན་མདོ་སྡེ་འདི་ལྟ་བུ་འདི་སུས་ནི་ཀློག་པར་བྱེད། །སུས་ནི་འདུན་པར་བྱེད། སུས་ནི་ཡང་དག་པར་བླངས་ནས་འཛིན་པར་བྱེད། གནས་གང་དུ་ནི་ཐོས་པར་འགྱུར། །མཐུ་ཆེན་ཐོབ་པས་སྨྲས་པ། བདག་གིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པའི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱིས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོའི་བྱིན་གྱིས་བརླབས་ཀྱི་མཐུའི་དབང་གིས་འདི་ལྟ་བུའི་མདོ་སྡེ་ཟབ་མོ་རང་གི་ངང་གིས་སེམས་ལ་གནས་པར་གྱུར་ཏོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་མ་ཏས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ལྷག་པའི་བསམ་པ་བསྐྱེད་དེ་རྗེས་སུ་བསམ་པས་ཤེས་རབ་ཀྱི་མཐུ་སྐྱེས་པས་ཤེས་རབ་དང་། ཐབས་མཁས་པ་ཆེན་པོའི་སྟོབས་ཀྱིས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་དྲི་བ་དྲིས་པ་དང་། མཐུ་ཆེན་ཐོབ་པས་ཀྱང་དོན་གྱི་རྗེས་སུ་ལན་ཡང་དག་པར་བཏབ་ནས་འདི་སྐད་སྔོན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལ་དགེ་སློང་ཞིག་གིས་དངོས་པོ་འདི་དེང་ཁྱོད་ཀྱིས་ཇི་སྐད་དྲིས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་ལ་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་ཀྱང་དེ་བཞིན་དུ་ཡང་དག་པར་ལན་བཏབ་པ་དགེ་སློང་དེས་ཐོས་པར་གྱུར་ནས་ཤིན་ཏུ་དགའ་བར་གྱུར་ཏོ་ཞེས་སྨྲས་སོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་ཡང་དེ་སྐད་དུ་དྲིས་པ་དང་། མཐུ་ཆེན་ཐོབ་པས་འདི་སྐད་དུ་སྔོན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལ་དགེ་སློང་ཞིག་གིས་དངོས་པོའི་འདི་དེང་ཁྱེད་ཀྱིས་ཇི་སྐད་དྲིས་པ་དེ་བཞིན་དུ་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་ཀྱང་དེ་བཞིན་དུ་ལན་


DKG042_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་དགེ་སློང་དེས་ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཏོ་ཞེས་སྨྲས་སོ། །དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་ཡང་འདི་སྐད་དུ་དྲིས་པ་དང་། མཐུ་ཆེན་པོ་ཐོབ་པས་ཀྱང་འདི་སྐད་དུ་སྔོན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལ་དགེ་སློང་ཞིག་གིས་དངོས་པོ་འདི་དེང་ཁྱོད་ཀྱིས་ཇི་སྐད་དྲིས་པ་དེ་བཞིན་དུ་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་ཀྱང་དེ་བཞིན་དུ་ལན་བཏབ་པ་ཡང་དག་པར་བཏབ་པ་དགེ་སློང་དེས་ཐོས་ནས་ཤིན་དུ་དགའ་བར་གྱུར་ཏོ་ཞེས་སྨྲས་སོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་དམ་པ་སྔོན་དེ་བཞིན་གཤེགས་པ་ལས་ཞུས་པ་དང་། ལན་འདེབས་པའི་དངོས་པོའི་དེ་ལྟ་བུ་ལན་དུ་ཞིག་ཐོས་པར་གྱུར། མཐུ་ཆེན་ཐོབ་པས་སྨྲས་པ། དངོས་པོ་འདི་ནི་ཤིན་དུ་ཡིད་ཆེས་པར་དཀའ་བས་དངོས་པོའི་འདི་མ་དྲི་བར་ཞོག་ཤིག །གཞན་ཡང་གང་ལུས་ཀྱི་ཆོས་ཀྱི་ཁྱད་པར་འཕགས་པ་མངོན་སུམ་དུ་མ་བྱས་པ་དག་གིས་ཤིན་དུ་ཡིད་ཆེས་པར་དཀའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་མ་ཧཱ་ཤུ་མ་ཏས་ཀྱེ་སྐྱེས་བུ་དམ་པ་སྔོན་དེ་བཞིན་གཤེགས་པ་ལས་ཞུས་པ་དང་། ལན་འདེབས་པའི་དངོས་པོ་འདི་ལྟ་བུ་ལན་དུ་ཞིག་ཐོས་པར་གྱུར། མཐུ་ཆེན་ཐོབ་པས་སྨྲས་པ། དངོས་པོ་འདི་མ་དྲི་བར་ཞོག་ཤིག གལ་ཏེ་ཁོང་དུ་མ་ཆུད་པར་གྱུར་ན་དེང་ཁྱོད་ལ་དཔེས་ཉེ་བར་མཚོན་པར་བྱ་སྟེ། བློ་དང་ལྡན་པ་དག་ནི་དཔེས་ཉེ་བར་མཚོན་ན་རབ་ཏུ་རྟོགས་པར་འགྱུར་རོ། །དགེ་སློང་བདག་གིས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལས་སེམས་ཅན་གྱི་རང་བཞིན་ཐོས་པ་ནི་ས་ཆེན་པོའི་རྣམ་པ་བས་ཆེས་མང་ངོ་། །དགེ་སློང་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་སེམས་ཅན་གྱི་རྣམ་པ་གཟུགས་ཅན་ནམ། གཟུགས་ཅན་མ་ཡི་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་མེད་འདུ་ཤེས་མེད་མིན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་མིའི་ལུས་ཐོབ་ནས་ཤེས་རབ་ཀྱི་སྟོབས་


DKG042_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་རེ་རེས་ཀྱང་ཡུན་སེ་གོལ་གཏོགས་པ་གཅིག་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དྲི་བ་སོ་སོ་ནས་མི་མཐུན་པ་དག་དྲིས་པར་གྱུར། གཞན་ཡང་གང་ཟག་གཅིག་གིས་སེ་གོལ་གཏོགས་པ་གཅིག་ལ་གང་ཟག་དེ་སྙེད་ཀྱི་དྲི་བ་ཐ་དད་ཅིང་འཐུན་པ་ཐམས་ཅད་དྲིས་པར་གྱུར། དེ་བཞིན་དུ་གཞན་ཡང་གང་ཟག་གཅིག་གིས་སེམས་ཅན་མ་ལུས་པ་མཐར་ཐུག་པ་སྙེད་ཀྱི་དྲི་བ་སྣ་ཚོགས་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ལྷག་པའི་བར་དུ་དྲིས་པར་གྱུར་ན། འདི་ཇི་སྙམ་དུ་སེམས། དྲི་བ་དེ་དག་ཅི་མང་བ་ཡིན་སྙམ་འམ་སྨྲས་པ། དེ་ཤིན་དུ་མང་བས་དཔེར་སླ་བ་ཡང་མ་ཡིན་ནོ། །མཐུ་ཆེན་ཐོབ་པས་དགེ་སློང་མ་ཧཱ་ཤུ་མ་ཏ་ལ་སྨྲས་པ། བདག་གིས་དེང་ཁྱོད་ལ་ཡང་དག་པར་སྨྲས་པ་ཡིན་གྱིས་ཐེ་ཚོམ་མ་ཟ་ཤིག །ཇི་ལྟར་སེམས་ཅན་མ་ལུས་པ་དེ་དག་ཐམས་ཅད་ཀྱི་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ལྷག་པའི་བར་དུ་ཐེ་ཚོམ་དྲིས་པ་བས་བདག་གིས་དེ་བཞིན་གཤེགས་པ་ལས་ཆོས་ཀྱི་རྣམ་གྲངས་གཅིག་ཐོས་པའི་སྒོ་ནས་ལན་བཏབ་པ་དེས་ཀྱང་ཆེས་མང་ངོ་། །དེ་བཞིན་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་བཅུ་དང་། བཞི་བཅུ་དང་། ལྔ་བཅུ་ནས། བརྒྱ་དང་། སྟོང་དང་། ཁྲི་དང་། འབུམ་ལ་སོག་པའི་བར་དུ་ཡང་དེ་བཞིན་ཏེ། དགེ་སློང་བདག་གིས་མདོ་ཙམ་དུ་བསྟན་ན་བགྲད་པའི་མིང་དང་། ཡི་གེ་ཇི་སྙེད་པ་ཐམས་ཅད་ནི་ཚད་མེད་པ། མཐར་ཐུག་པ་མེད་པ། བསམ་གྱིས་མི་ཁྱབ་པས་གྲངས་དེ་དག་ལས་ཡང་དག་པར་འདས་པར་གྱུར་ཀྱང་བདག་གིས་མ་ལུས་པར་ཁ་ཏོན་དུ་བཏོན་ནས་ཡོངས་སུ་བཟུང་ངོ་། དགེ་སློང་དྲིས་པ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་རྣམ་གྲངས་གཅིག་ཏུ་འདུས་པར་བདག་གིས་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོས་ཡང་དག་པར་གསུངས་པའི་ལམ་གྱི་ཚིག་དང་།


DKG042_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྒོའི་ཚིག་དང་། ཕྱག་རྒྱའི་ཚིག་དང་། དངོས་གཞིའི་ཚིག་དང་། རྡོ་རྗེ་ལྟ་བུའི་ཚིག་དང་། རབ་ཏུ་ལྕི་བའི་ཚིག་དང་། མ་གཡོ་བའི་ཚིག་དང་། གཏི་མུག་དཀའ་བའི་ཚིག་ཡིན་པའོ། །དགེ་སློང་སྒོ་གཅིག་ཏུ་ཆོས་ཐམས་ཅད་སྡུད་པ་ནི་འདི་ལྟ་སྟེ། མངོན་པར་འདུ་བྱེད་པ་མེད་པའི་སྒོ་དག་ཡིན་པས་ཆོས་ཐམས་ཅད་དང་། ཚིག་ཐམས་ཅད་ཀྱང་སྒོ་དེས་གཞི་བྱེད་པའི་ཐམས་ཅད་སྒོ་དེར་འཇུག་པར་འགྱུར་རོ། །མདོའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་ཐམས་ཅད་ཀྱི་སྒོ་དེར་ཞུགས་ནས་ཡི་གེ་གཅིག་རྣམ་པར་ཕྱེ་སྟེ་ཡི་གེ་མང་པོ་ལ་འཇུག་པར་འགྱུར་རོ། །དགེ་སློང་དེ་བཞིན་དུ་གཟུངས་ཀྱི་སྒོ་བདུན་ཁྲི་བརྒྱད་སྟོང་པོ་ཐམས་ཅད་ལ་ཡང་འཇུག་པར་འགྱུར་ཏེ། དེ་ལ་ཡང་དབང་པོ་རྣམས་ཀྱི་བྱེ་བྲག་དགུ་ཁྲི་ཉིས་སྟོང་ཡོད་དོ། །སེམས་ཅན་གྱི་སྤྱོད་པའི་སྒོ་ནས་གཟུངས་ཀྱི་ཁ་དོག་བརྒྱད་ཁྲི་ཡོད་དོ། །ལམ་གྱི་བྱེ་བྲག་གིས་ཐ་དད་པའི་གཟུངས་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མིང་གང་ཡིན་པ་ཡང་བདག་གིས་རབ་ཏུ་ཤེས་སོ། །གཟུངས་དེ་དག་རེ་རེ་ལ་ཡང་མིང་བརྒྱ་ཡོད་པ་དང་། དེ་བཞིན་དུ་མིང་ཉིས་བརྒྱ་དང་། མིང་སུམ་བརྒྱ་ཡོད་པ་ནས་མིང་བརྒྱ་སྟོང་དུ་མ་ཡོད་པའི་བར་དག་ཀྱང་བདག་གིས་རབ་ཏུ་ཤེས་སོ། །འཛམ་བུའི་གླིང་ན་ཡོད་པ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ལས་འདས་པའི་བར་དག་ན་ཡོད་པའི་དམིགས་པ་ཐ་དད་པ་དང་། མིང་ཐ་དད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་གིས་རབ་ཏུ་ཤེས་སོ། །མདོར་ན་དེ་བཞིན་གཤེགས་པའི་མཐུས་ཆོས་རྣམས་སོ་སོ་ཐ་དད་པའི་བྱེ་བྲག་དང་། དྲིས་པ་དང་། ལན་གྱི་བྱེ་བྲག་ཇི་སྙེད་ཡོད་པ་རྣམས་ཀྱང་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོའི་བྱིན་གྱི་བརླབས་ཀྱི་མཐུས་བདག་གིས་རབ་ཏུ་ཤེས་སོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་སླར་གྲོང་དང་། གྲོང་ཁྱེར་དང་། གྲོལ་རྡལ་དུ་གཤེགས་ཏེ། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོས་ཡང་དག་པར་གསུངས་པའི་ཆོས་ཀྱི་འཁོར་ལོ་ཡང་དག་པར་རྗེས་སུ་བསྐོར་ཅིང་བདག་གིས་གསོལ་བ་བཏབ་པ་བཞིན་དུ་གནང་བར་མཛད་དུ་གསོལ། བདག་གིས་ཡང་དག་པར་བསྲུང་ཞིང་ཆོས་མཉན་པར་འཚལ་


DKG042_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །མཐུ་ཆེན་ཐོབ་པས་སྨྲས་པ། ད་ལྟར་གྱི་དུས་ཀྱི་དགེ་སློང་རྣམས་ནི་ཐམས་ཅད་ཀྱང་ལེ་ལོའི་དང་སྙོམ་ལས་ཅན་དུ་གྱུར་ཏེ། དགེ་བའི་ཆོས་ལ་སོགས་པའི་ལྷག་པའི་བསམ་པ་མེད་པས་ཁྱོད་དེ་སྐད་མ་ཟེར་ཅིག །མ་ཧཱ་སུ་མ་ཏས་སྨྲས་པ། བདག་ནི་དེང་ཕྱིན་ཅད་དགེ་བའི་ཆོས་ལ་ལྷག་པའི་བསམ་པ་བསྐྱེད་ནས་ཆོས་དེ་གཉེར་བར་བགྱིད་པས་ལེ་ལོ་མི་བགྱིད་དོ། །གང་པོ་དགེ་སློང་མ་ཧཱ་སུ་མ་ཏས་མཐུ་ཆེན་ཐོབ་པ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དུ་འཇུག་ཅིང་ཡང་དག་པའི་ཆོས་བཤད་པར་གསོལ་བ་བཏབ་ནས་རྗེས་སུ་བསྲུང་བ་བྱས་ཏེ་སྔོན་མ་ཐོས་པའི་ཆོས་ཡང་དག་པར་མཉན་ཏོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏ་སྐྱེ་བོ་རྣམས་ཀྱིས་རིམ་གྲོ་དང་། བསྙེན་བཀུར་བྱས་ཏེ་མང་པོ་ཀུན་གྱིས་ཚུལ་ཁྲིམས་སྲུང་བ་དང་། ཤེས་རབ་དང་ལྡན་པ་དང་། མང་དུ་ཐོས་པའི་ཡོན་ཏན་མཆོག་ཚད་མེད་པ་དང་ལྡན་པའོ་ཞེས་བརྗོད་པར་གྱུར་ཏོ། །དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དག་ཏུ་སོང་ནས་སེམས་ཅན་མང་པོ་ཡང་དག་པའི་ཆོས་ལ་གཟུང་བ་དང་། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ཀུན་དུ་སྤེལ་བའི་ཆེད་དུ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པའི་བསྔགས་པ་ཡང་རབ་ཏུ་བརྗོད་པར་གྱུར་ཏོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་སྐྱེ་བོ་མང་པོ་རྣམས་ཡང་དག་པར་བསྐུལ་ནས་ཆོས་ལ་མཆོད་པར་བྱ་བ་དང་། དམ་པའི་ཆོས་མཉན་པའི་ཕྱིར་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་བསྙེན་བཀུར་བ་དང་། རིམ་གྲོ་དང་། ཡང་དག་པར་བསྲུང་བ་བྱེད་དུ་བཅུག་གོ །གང་པོ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ཡང་དགེ་སློང་མ་ཧཱ་ཤུ་མ་ཏས་ཡང་དག་པར་བསྲུང་བ་བྱས་པས་ཕྱིས་གྲོང་དང་། གྲོང་ཁྱེར་དང་། གྲོལ་རྡལ་དག་ཏུ་སོང་ནས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོས་བསྐལ་པ་གྲངས་མེད་པ་རྣམས་སུ་བྱང་ཆུབ་མངོན་པར་བསྒྲུབས་པ་གང་ཡིན་པ་དེ་དག་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རྒྱ་ཆེར་ཡང་དག་པར་བཤད་དེ། ཀུན་ཏུ་རྒྱ་ཆེར་རབ་ཏུ་སྤེལ་ཏོ། གང་པོ་འདི་ལྟར་དགེ་སློང་མ་ཧཱ་སུ་མ་ཏས་ཀྱང་ལོ་བརྒྱའི་བར་དུ་རྟག་པར་ཆོས་སྨྲ་བ་མཐུ་ཆེན་ཐོབ་པའི་རྗེས་སུ་འབྲངས་ནས་ཆོས་རྣམས་ཡང་དག་པར་དྲིས་ཀྱང་རྟག་པར་གསར་དུ་ཐ་དད་པའི་ཆོས་ཡང་དག་པར་བསྟན་གྱི །ནམ་ཡང་ཟློས་བུ་སྨྲས་པར་མ་གྱུར་


DKG042_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། གང་པོ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ཡང་དགེ་སློང་མ་ཧཱ་སུ་མ་ཏས་ཡང་དག་པར་རབ་ཏུ་བསྲུངས་པའི་ཕྱིར་སེམས་ཅན་ཚད་མེད་པ་སྙེད་འཕགས་པའི་བསྟན་པ་ལ་ཡང་དག་པར་བཙུད་ནས་སེམས་ཅན་ཚད་མེད་པ་སྙེད་སངས་རྒྱས་ཀྱི་བྱང་ཆུབ་ལ་ཡང་དག་པར་བཀོད་དོ། གང་པོ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་ཆོས་སྨྲ་བ་མཐུ་ཆེན་ཐོབ་པས་དམ་པའི་ཆོས་ཡང་དག་པར་བསྲུངས་ཤིང་ཆོས་ལེགས་པར་བཤད་པ་དེ་གཞན་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་བྱམས་པའི་དེ་ཉིད་ཡིན་ནོ། །གང་པོ་དགེ་སློང་མ་ཧཱ་ཤུ་མ་ཏ་ཡང་ཆོས་སྨྲ་བ་ཡང་ཡང་དག་པར་བསྲུངས་ཤིང་གསོལ་བ་བཏབ་པ་དང་། གྲོགས་བྱས་པའི་བསོད་ནམས་ཀྱི་མཐུས་ཤི་བའི་འོག་ཏུ་འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བཅུ་པ་དེ་བཞིན་གཤེགས་པ་འཁོར་མཆོག་ཏུ་གྱུར་པ་ཞེས་བྱ་བའི་ཞིང་དུ་སྐྱེས་ནས་དེ་བཞིན་གཤེགས་པ་དེ་ལ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཡོངས་སུ་གཅོད་པ་ཞེས་བྱ་བའི་མདོ་སྡེའི་ཡང་དག་པར་ཞུས་པ་དང་། དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་པ་ལན་བརྒྱ་སྟོང་དུ་མ་བརྗོད་ནས་ཆོས་ཐམས་ཅད་སྡུད་ཅིང་འབྱུང་བར་བྱེད་པའི་སྒོ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་བསྟན་ཏོ། མདོ་སྡེ་འདི་ཡང་དག་པར་བསྟན་པ་ན་སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཡང་དག་པ་ཉིད་དུ་སེམས་པ་ལ་རབ་ཏུ་ཞུགས་པར་གྱུར་ཏོ། །གང་པོ་དགེ་སློང་མ་ཧཱ་ཤུ་མ་ཏ་འཆི་བའི་དུས་བྱས་པའི་འོག་ཏུ་གཞན་ཡང་དེ་བཞིན་གཤེགས་པ་རི་རབ་ཅེས་བྱ་བ་དང་ཕྲད་ནས་དེ་བཞིན་གཤེགས་པ་དེ་ལ་ཆོས་ཐམས་ཅད་སྡུད་ཅིག་འབྱུང་བར་བྱེད་པ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་ཞུས་པ་དང་། དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་པ་ལན་བརྒྱ་སྟོད་དུ་མ་བརྗོད་ནས་དེ་ལ་ཆོས་ཐམས་ཅད་སྡུད་ཅིང་འབྱུང་བར་བྱེད་པའི་སྒོ་ཞེས་པ་བའི་མདོ་སྡེ་ཡང་དག་པར་བསྟན་ཏོ། མདོ་སྡེ་འདི་ཡང་དག་པར་བསྟན་པ་ན་སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། དེ་ནས་ཡང་འཆི་བའི་དུས་བྱས་ཏེ་དེ་བཞིན་གཤེགས་པ་རིའི་རྒྱལ་པོ་ཞེས་བྱ་བ་དང་ཕྲད་ནས་དེ་བཞིན་གཤེགས་པ་དེ་ལ་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱ་བའི་མདོ་སྡེ་


DKG042_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་ཞུས་པ་དང་དེའི་དེ་དེ་བཞིན་གཤེགས་པ་ངེས་ཀྱང་ལེགས་སོ་ཞེས་བྱ་བའི་སྔགས་པ་ལན་བརྒྱ་སྟོང་དུ་མ་བརྗོད་ནས་དེ་ལ་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱ་བའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། མདོ་སྡེ་འདི་དག་ཡང་དག་པར་བསྟན་པ་ན་སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། དེ་ན་ཡང་འཆི་བའི་དུས་བྱས་ཏེ་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་ཤེས་བྱ་བ་དང་ཕྲད་ནས་དེ་བཞིན་གཤེགས་པ་དེ་ལ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་ཞུས་པ་དང་། དེའི་ཚེ་དེ་བཞིན་གཤེགས་པ་ངེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་པ་བརྗོད་ནས་དེ་ལ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་བྱ་བའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་བསྟན་ཏོ། མདོ་སྡེ་འདི་ཡང་དག་པར་བསྟན་པ་ན་སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། གང་པོ་དགེ་སློང་མ་ཧཱ་ཤུ་མ་ཏས་དེ་བཞིན་གཤེགས་པ་གཅིག་ནས་གཅིག་ཏུ་སངས་རྒྱས་མང་པོ་དང་ཕྲད་ནས་མདོ་སྡེ་མང་པོ་ཞུས་པ་དང་། སེམས་ཅན་ཡོངས་སུ་བཟླས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་གང་ཡིན་པ་དེ་དག་ངས་གལ་ཏེ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བརྗོད་པར་གྱུར་དོན་ཡང་སངས་རྒྱས་མང་པོ་དེ་དག་གི་མཚན་དང་། སེམས་ཅན་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བཀོད་པ་དེ་དག་མཐར་ཐུག་པར་མི་འགྱུར་རོ། །གང་པོ་དགེ་སློང་མ་ཧཱ་ཤུ་མ་ཏས་ཇི་ཙམ་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་མངོན་དུ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ཀྱི་བསྟན་པ་རྣམས་ཡང་དག་པར་བསྲུངས་པའི་གྲངས་ནི་བརྗོད་ཀྱིས་ཀྱང་མི་ལང་ངོ་། །གང་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྔོན་མ་ཐོས་པའི་ཆོས་ཐོས་ནས་ཡིད་ལ་བྱེད། སེམས་པར་བྱེད་ན་ཡོན་ཏན་རྒྱ་མཚོ་ཆེན་པོ་དེ་ལྟ་བུ་དག་ཐོབ་པར་འགྱུར་བར་རིག་པར་བྱའོ། །གང་པོ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལས་སྔོན་མ་ཐོས་པའི་ཆོས་ཐོས་ནས་


DKG042_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ཚུལ་གྱི་རྗེས་སུ་འབྲངས་པར་གྱུར་བ་དེ་བཞིན་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཀེའུ་ཝེར་དུ་ཞེས་བྱ་བའི་འདི་ཉིད་ཡིན་ཏེ། དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་ཡང་དག་པའི་ཆོས་བསྲུངས་པ་དང་། སྔོན་མ་ཐོས་པའི་ཆོས་མཉན་ནས་དོན་གྱི་རྗེས་སུ་འབྲང་ཞིང་ཚིག་ལ་མངོན་པར་ཞེན་པ་མེད་པའི་རྒྱུ་དང་རྐྱེན་གྱིས་སངས་རྒྱས་མང་པོ་དང་ཕྲད་ནས་མདོ་སྡེ་ཟབ་མོ་ཤིན་དུ་གྱ་ནོམ་པ་མང་པོ་ཐོས་པ་དང་། སྔོན་གྱི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་དེང་འདི་དག་ལ་ཡང་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་རྒྱ་མཚོ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བའི་མདོ་སྡེ་ཞུས་པ་ལས་ཀྱང་ངས་ཡང་དག་པར་བསྟན་པས་སེམས་ཅན་ཚད་མེད་པ་སྙེད་ཕན་པ་ཆེན་པོ་ཐོབ་པར་གྱུར་བ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་ནི་འདི་ཉིད་ཡང་བསྟན་པའི་ཚིགས་སུ་བཅད་དེ་བཀའ་སྩལ་པ། །བྱང་ཆུབ་སེམས་དཔས་མ་ཐོས་ཆོས། །ཐོས་ནས་དོན་ཚུལ་བསམ་བྱ་ཡི། །བདག་གི་སྔོན་ཚད་མ་ཐོས་ཞེས། །དེ་སྐད་དུ་ནི་མྲི་མི་བྱ། །མ་ཐོས་ཆོས་ནི་ཐོས་གྱུར་ན། །ཡང་དག་དྲན་པས་དོན་སེམས་ན། །རྒྱ་མཚོར་འབབ་ཆུ་ཤོང་བ་བཞིན། །དེ་ཕྱིར་ཤེས་རབ་འཕེལ་བར་འགྱུར། །མང་དུ་ཐོས་པ་འཕེལ་འགྱུར་ཞིང་། །ཤེས་རབ་དག་ཀྱང་འཕེལ་བར་འགྱུར། །སངས་རྒྱས་མཛད་པ་ཐོབ་འགྱུར་ཞིང་། །རྒྱ་ཆེར་སེམས་ན་ཕན་ཡང་འདོགས། །མང་ཐོས་རྒྱ་མཚོ་སོགས་འགྱུར་ཞིང་། །ཤེས་རབ་དག་ཀྱང་གཏུགས་མི་འགྱུར། །ཚིག་གི་དོན་ནི་རབ་ཤེས་པས། །ཁྱད་པར་ནང་ན་མཆོག་ཏུ་འགྱུར། །དེ་ཕྱིར་སྔོན་ཆད་མ་ཐོས་ཆོས། །ཡང་དག་པར་ནི་མཉན་པར་བྱ། །མ་ཐོས་ཆོས་ནི་ཉན་བྱེད་ན། །དེ་འདྲའི་རྣམ་སྨིན་ཐོབ་པར་འགྱུར། །བམ་པོ་གཉིས་པ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་དུ་ཐོས་པ་ཡོངས་སུ་གཉེར་བ་ལ་ཤིན་དུ་འདུན་པའི་བསམ་པ་བསྐྱེད་ཅིང་གནས་དབེན་པར་གནས་པ་ལ་མོས་པའི་བསམ་པ་རབ་ཏུ་བསྐྱེད་ནས་སེམས་རྩེ་གཅིག་ཏུ་ནན་ཏན་བརྩོན་འགྲུས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་བྱའོ། །ཡོངས་སུ་གཉེར་ནས་ཀྱང་ཞེ་སྡང་ཡོངས་སུ་སྤང་བའི་ཕྱིར་བྱམས་པ་བསྒོམ་པར་བྱའོ། །འདོད་


DKG042_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཡོངས་སུ་སྤང་བའི་ཕྱིར་མི་སྡུག་པ་བསྒོམ་པར་བྱའོ། །གཏི་མུག་ཡོངས་སུ་སྤང་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པར་བྱའོ། །གང་པོ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི་གང་ཡིན། བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བརྩོན་འགྲུས་རྩོམ་པར་བྱེད་ཅེ་ན། གང་པོ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ཉུང་བ་ཞིག་ཏུ་འགྲོ་པ་གཅིག་གམ། བསྐལ་པ་གཅིག་ལས་ཉུང་བ་ཞིག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་དང་། དཀའ་ཐུབ་སྤྱད་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པར་གྱུར་ཀྱང་དམིགས་པའི་དངོས་པོའི་རྗེས་སུ་འདོད་པའི་སེམས་བསྐྱེད་ན་ཡང་དག་པའི་མཚན་ཉིད་དང་བྲལ་བར་གྱུར་ན་འདི་ལྟ་བུ་ཡང་དག་པའི་བརྩོན་འགྲུས་ཤེས་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའི་ཡང་དག་པའི་བརྩོན་འགྲུས་དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར་ཞིང་འཇིག་རྟེན་པའི་མཁས་པ་རྣམས་ཀྱིས་སྨད་པར་མི་འགྱུར་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔས་སྔོན་མ་ཐོས་པའི་ཆོས་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། མཚན་མ་ཅུང་ཟད་ཙམ་ཡང་མེད་ཅིང་དོན་དམ་པའི་རྗེས་སུ་འཐུན་པ་དེ་ལྟ་བུའི་མདོ་སྡེ་ཟབ་མོ་ཐོས་པར་གྱུར་ན་མི་མཐུན་ཞིང་འགལ་བ་མེད་པར་དེའི་དོན་གསལ་བར་རྟོགས་པར་བྱ་བའི་ཕྱིར་ན་ནན་ཏན་བརྩོན་འགྲུས་བསྐྱེད་ནས་སེམས་ལ་ནུར་བ་མེད་པར་ཉན་པ་དང་། ལེན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། གཞན་ལ་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་བརྩོན་འགྲུས་ཤེས་བྱའོ། །བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །མདོ་སྡེ་ཟབ་མོ་ཐོས་ནས་དེའི་དོན་རབ་ཏུ་རྟོགས་ཏེ་མི་མཐུན་པ་མེད་ཅིང་


DKG042_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་མེད་པའི་བརྩོན་འགྲུས་དེ་ལྟ་དེ་ལ་ནི་སངས་རྒྱས་རྣམས་ཀྱིས་བསྔགས་པར་འགྱུར་ཞིང་འཇིག་རྟེན་པའི་མཁས་པ་རྣམས་ཀྱིས་ཀྱང་སྨད་པར་མི་འགྱུར་བས་དེའི་ཕྱིར་གང་པོ་བྱང་ཆུབ་སེམས་དཔའ་ཇི་ལྟར་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱིས་གཏིང་མི་རྙེད་པ་གང་ཡིན་པ་དེ་བདག་གིས་འདི་གཏིང་གི་མཐར་ཐུག་པར་མི་བྱའོ། །འཇིག་རྟེན་པའི་སེམས་ཅན་རྣམས་བྱེད་པར་གྱུར་པའི་གནས་གང་ཡིན་པ་དེ་བདག་གིས་བྱིང་བར་མི་བྱའོ། །འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་འཇིག་གནས་གང་ཡིན་པ་དེ་དག་ལ་བདག་གིས་འཇིགས་པར་མི་བྱའོ་སྙམ་པའི་གོ་ཆ་བགོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་གོ་ཆ་བགོས་པ་ནི་འཇིག་རྟེན་པ་དང་རྗེས་སུ་འཐུན་པ་མ་ཡིན་པས་འཇིག་རྟེན་པའི་ཆོས་སྤང་བའི་ཕྱིར་གོ་ཆ་བགོས་པ་ཡིན། འཇིག་རྟེན་པའི་ཆོས་སྤྱོད་པའི་ཕྱི་གོ་ཆ་བགོས་པ་མ་ཡིན་གྱི །འཇིག་རྟེན་པའི་སྤྱོད་པ་མི་སྤྱད་པར་བྱ་བའི་ཕྱིར་གོ་ཆ་བགོས་པ་ཡིན། འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འབྲང་བར་ཕྱིར་ཆ་བགོས་པ་མ་ཡིན་གྱི །འཇིག་རྟེན་པའི་ཆོས་བཟློག་པའི་ཕྱིར་གོ་ཆ་བགོས་པ་ཡིན་ནོ་སྙམ་དུ་སེམས་བསྐྱེད་པ་གང་ཡིན་པ་འདི་ནི་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡང་དག་པའི་བརྩོན་འགྲུས་ཤེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། །བྱང་ཆུབ་སེམས་དཔའ་ཆོས་གཉེར་བ། །རྟག་པར་བརྩོན་འགྲུས་རབ་བསྐྱེད་དེ། །དོན་གྱི་ཚུལ་ནི་སེམས་བྱེད་པ། །སྒྲ་ཡི་རྗེས་སུ་ཡོང་མི་འབྲང་། །བྱང་ཆུབ་སེམས་དཔའ་ཚིག་མི་འབྲང་། །ཆོས་རྣམས་སྟོང་པར་ཤེས་པའི་ཕྱིར། །དགེ་བའི་ཚིག་ནི་ཚོལ་བར་བྱེད། །བསྐལ་པ་དག་ནི་གྲངས་མེད་པ། །བྱེ་བ་སྟོང་ཕྲག་མང་པོར་ནི། །ཉིན་མཚན་རྟག་པར་འདུག་གྱུར་ཏེ། །སེམས་བསྐྱེད་དཀའ་བ་རབ་སྤྱོད་ཀྱང་། །སྔོན་ཆད་མ་ཐོས་མདོ་སྡེ་དག །ཡིད་མི་ཆེས་ན་བརྩོན་འགྲུས་མིན། །དོན་ཟབ་གཏིང་ནི་གང་རྙེད་པ། །ལེ་ལོ་ཅན་ཞེས་མི་བྱའོ། །དེ་འདྲའི་བརྩོན་འགྲུས་


DKG042_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །འཇིག་རྟེན་གཏིང་མི་རྙེད་པ། །དེ་གཏིང་བྱང་ཆུབ་སེམས་དཔས་རྙེད། །འཇིག་རྟེན་འཇིགས་ཤིང་བྱིང་གྱུར་ཀྱང་། །བྱང་ཆུབ་སེམས་དཔའ་འཇིག་བྱེད་མེད། །བརྩོན་པའི་སེམས་ཀྱིས་རྟག་ཏུ་ནི། །སྟོན་དབེན་བྱང་ཆུབ་ཚོལ་བར་བྱེད། །སྟོང་པའི་ཆོས་ལ་འཇིགས་མེད་པས། །ལྡོག་ཅིང་བྱིང་བར་གྱུར་པའང་མེད། །བདག་ཆོས་མཚན་ཉིད་གནས་པ་ལས། །དེ་ཕྱིར་འཇིགས་བྱིང་རབ་ཏུ་སྐྱེ། །ཆོས་རྣམས་ཐམས་ཅད་འཇིག་འཐོར་པ། །དེ་ནི་བྱང་ཆུབ་ལམ་ཞེས་བྱ། །ནན་ཏན་བརྩོན་འགྲུས་གང་སྐྱེད་པ། །མང་ཐོས་རྒྱ་མཚོ་མྱུར་དུ་འགྲུབ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་མཁས་པར་བྱ། ། སྐྱེ་མཆེད་བཅུ་གཉིས་ལ་མཁས་པར་བྱ། །ལམ་བཅུ་བརྒྱད་ལ་མཁས་པར་བྱ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་མཁས་པར་བྱའོ། །ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅུ་བརྒྱད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བརྒྱད་བཅུ་གཉིས་པོ་ལ་རབ་ཏུ་མཁས་པར་གྱུར་ན་གནས་པ་མེད་པའི་ཡེ་ཤེས་ཡོངས་སུ་འགྲུབ་པར་འགྱུར་རོ། །གནས་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ལ་མི་སེམས་ཤིང་རྣམ་པར་རྟོག་པར་ཡང་མི་བྱེད་དོ། །མི་སེམས་ཤིག་རྣམ་པར་མི་རྟོག་པས་སེམས་ཅན་ལ་ཆོས་བསྟན་ནས་ལྟ་བ་ཐམས་ཅད་འཇིག་ཅིང་འཇིག་ཚོགས་ལ་ལྟ་བ་རབ་ཏུ་འདུལ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། །བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། །བྱང་ཆུབ་སེམས་དཔས་ཕུང་པོ་ལྔ། །སྐྱེ་མཆེད་བཅུ་གཉིས་སྟོང་པར་ཤེས། །ཁམས་ནི་བཅོ་བརྒྱད་རབ་འབྱེད་ཅིང་། །རྟེན་འབྲེལ་བཅུ་གཉིས་རབ་ཏུ་རྟོགས། །ལྔ་ཕུང་རྗེས་སུ་མི་འབྲང་ཞིང་། །ལུས་ནི་མི་བདེན་ཉིད་དུ་རིག །ཕྱི་ནང་སྐྱེ་མཆེད་ཐམས་ཅད་ཀུན། །རང་བཞིན་དག་ནི་སྟོང་པར་ཤེས། །དེ་ལྟར་ཆོས་རྣམས་ཤེས་ནས་ཀྱང་། །གཞན་དག་ལ་ནི་སྟོན་བྱེད་པས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །ཤེས་རབ་རྒྱ་ཆེར་འཕེལ་བར་འགྱུར། །གཞན་ཡང་གང་


DKG042_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཇི་ལྟར་ཚུལ་ཁྲིམས་བཅས་པ་དང་། ཇི་ལྟར་འདུལ་བ་ལ་ཡང་དག་པར་བསྟན་པ་བཞིན་དུ་ལེགས་པར་རྗེས་སུ་སློབ་པར་བྱེད་པས་ཡོངས་སུ་ཉམས་པར་མི་བྱེད་དེ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ཚུལ་ཁྲིམས་ལ་སློབ་པར་བྱེད་ཅེ་ན། ཆོས་ཐམས་ཅད་སློབ་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་སློབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་སློབ་པར་བྱེད་པ་གང་ཡིན་པ་དེས་ནི་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་ལ། ཆོས་ཤེས་པས་དེས་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཐོབ་པར་འགྱུར་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་དེས་དངོས་པོ་ཐམས་ཅད་ཤེས་པར་འགྱུར་པས་སོ། །ཇི་ལྟར་དངོས་པོ་ཐམས་ཅད་ཤེས་པར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ནང་གི་དངོས་པོ་ཐམས་ཅད་དང་། ཕྱི་རོལ་གྱི་དངོས་པོ་ཐམས་ཅད་རབ་ཏུ་ཤེས་པ་གང་ཡིན་པའོ། །གང་པོ་ཅིའི་ཕྱིར་ནད་ཞེས་བྱ་ཞེ་ན། ནད་ཞེས་བྱ་བ་ནི་ཇི་ཙམ་དུ་མྱོང་བ་དང་བཅས་པ་འདོད་ཆགས་པར་བྱ་བའི་གནས་འདི་ལྟ་སྟེ། ནང་གི་ལུས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ལས་སྐྱེས་ཤིང་དེ་ལ་ཀུན་རྫོབ་ཏུ་བཏགས་པའི་མིང་ཙམ་དུ་ཡོད་པ་འདི་ནི་མིག་གོ །འདི་ནི་རྣ་བའོ། །འདི་ནི་སྣའོ། །འདི་ནི་ལྕེའོ། །འདི་ནི་ལུས་སོ། །འདི་ནི་ཡིད་དོ་ཞེས་བརྗོད་པ་གང་ཡིན་པ་འདི་དག་ནི་ནང་ཞེས་བྱའོ། །ཆོས་དེ་དག་ལ་སོ་སོའི་སྐྱེ་བ་རྣམས་མངོན་པར་ཞེན་པར་བྱེད་པའི་ཕྱིར་ནང་ཞེས་བྱ་སྟེ། འདི་སྐད་དུ་བདག་གིས་མིག་འདི་ལྟ་བུ་ཐོབ་པར་བྱའོ་ཞེས་བརྗོད་ཀྱང་དེ་ལྟ་བུའི་མིག་མངོན་པར་འདུ་བྱེད་པ་མེད་ལ། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ཡིད་ཐོབ་པར་བྱའོ་ཞེས་བརྗོད་ཀྱང་འདི་ལྟར་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མངོན་པར་འདུ་བྱེད་པ་མེད་པར་ཡང་དེ་ནས་ལས་ཀྱི་རྐྱེན་སྤོང་ཞིག་རྣམ་པར་སྨིན་པ་རབ་ཏུ་སྐྱེས་པས་དེའི་ཕྱིར་ནང་ཞེས་བྱའོ། །དེའི་བྱེ་བྲག་ལ་སོ་སོའི་སྐྱེ་བོ་མངོན་པར་ཞེན་ནས་འདི་ནི་མིག་གོ །འདི་ནི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དོ་ཞེས་ཟེར་བ་ཐམས་ཅད་ནི་ནང་ཞེས་བྱའོ། །གཞན་ཡང་གང་པོ་ནང་ཞེས་བྱ་བས་དངོས་པོ་གཉིས་མངོན་པར་འདུ་བྱེད་པ་ཡང་མིབདེན་


DKG042_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སླུ་བར་བྱེད་པ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་མངོན་པར་ཞེན་པས་ཡང་དག་པར་བླངས་ནས་རྩོད་པ་སྐྱེད་པར་བྱེད་ཀྱི །གང་པོ་དེ་བཞིན་གཤེགས་པས་ནི་འདི་དག་གཟོད་མ་ཉིད་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས་མངོན་པར་ཞེན་པར་མི་མཛད་དོ། །དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས་མངོན་པར་ཞེན་པར་མི་མཛད་ཅེ་ན། དེ་བཞིན་གཤེགས་པ་ནི་ཆོས་འདི་དག་ལ་ཕྱོགས་པར་མི་མཛད་དོ། །གང་ཞིག་ལ་ཕྱོགས་པར་མི་མཛད་ཅེ་ན། འདི་ལྟ་སྟེ། མིག་འདི་ནི་སྲིད་པ་འཆིང་བ་ཡིན་ནོ་ཞེས་ཕྱོགས་པར་མི་མཛད་ལ། མིག་དང་བྲལ་བ་ཡང་ཕྱོགས་པར་མི་མཛད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ཡང་ཕྱོགས་པར་མི་མཛད་ལ། ཡིད་དང་བྲལ་བ་ཡང་ཕྱོགས་པར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་དེ་བཞིན་གཤེགས་པ་ནི་ཆོས་འདི་དག་ལ་ནང་ཞེས་བྱ་བ་ཡང་མི་དམིགས་ལ། ཕྱི་རོལ་ཞེས་བྱ་བ་མི་དམིགས་པས་དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་འདི་དག་ལ་ཕྱོགས་པར་མི་མཛད་དོ། དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ་ཡིན་པས་འདི་སྐད་དུ་དགེ་སློང་དག་མིག་ནི་བདག་ཀྱང་མ་ཡིན་ལ་གཞན་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །ཆོས་གང་ནི་མིག་ཡིན། མིག་ནི་སུའི་ཡིན། ཆོས་གང་ནི་རྣ་བ་དང་། སྣ་དང་། ལྕེ་དང་། ཡིད་ཡིན། ཡིད་ནི་སུའི་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཉིད་དང་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །གང་པོ་མིག་ཀྱང་དེར་སོ་སོར་རབ་ཏུ་བརྟགས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་དེང་སོ་སོར་བརྟགས་ན་ཆོས་གང་ལ་ཡང་མངོན་པར་ཞེན་ཅིང་ལེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་ཇི་ཙམ་དུ་ཆོས་ལ་ལེན་པ་དང་བཅས་པ་དེས་ནི་སྡུག་བསྔལ་སྐྱེད་པར་བྱེད་ལ། སྡུག་བསྔལ་སྐྱེས་པའི་ཕྱིར་ནི་བདེ་བ་མེད་པར་འགྱུར་བས་དེའི་ཕྱིར་གང་པོ་ཇི་ཙམ་དུ་ཆོས་ལ་ལེན་པ་དང་བཅས་པ། ཐམས་ཅད་ནི་སྡུག་བསྔལ་མྱོང་བར་འགྱུར་ལ། གང་སྡུག་བསྔལ་མྱོང་བར་འགྱུར་བ་དེ་ནི་སྡུག་བསྔལ་སྤོང་བར་མི་བྱེད་པས་གང་པོ་འདི་ནི་མིག་སོ་སོར་བརྟགས་པ་དང་། རྣ་བ་དང་།


DKG042_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དང་། ལྕེ་དང་། ལུས་དང་། ཡིད་འཇུག་པའི་གནས་མེད་པར་སོ་སོར་བརྟག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་གལ་ཏེ་འཇུག་པའི་གནས་ཡོད་པར་གྱུར་ན་འབྱུང་བའི་གནས་ཀྱང་ཡོད་པར་འགྱུར་བས་དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མིག་ནི་སྟོང་ཞིང་བདག་དང་བདག་གི་བ་མེད་དེ། རང་བཞིན་གྱིས་དེ་འདྲ་ཞིང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་སྟོང་ཞིང་བདག་དང་བདག་གིས་བ་མེད་དེ། རང་བཞིན་གྱིས་དེ་འདྲ་བས་ངོ་བོ་ཉིད་མེད་དེ། འདི་ལྟར་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ལ་ནི་མངོན་པར་འདུ་བྱ་བ་ཡང་མེད་ལ་འཇིག་པ་ཡང་མེད་དོ་ཞེས་གསུངས་སོ། །གང་པོ་ཆོས་ཉིད་འདི་ལྟ་བུ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པ་བྱུང་ཡང་རུང་། དེ་བཞིན་གཤེགས་པ་མ་བྱུང་ཡང་རུང་སྟེ། ངོ་བོ་ཉིད་འདི་ནི་རྟག་ཏུ་གནས་པ་ཉིད་དོ། །དེ་བཞིན་གཤེགས་པ་ནི་ཆོས་རྣམས་སྐྱེ་ཡང་མི་སྐྱེ་བ་ཉིད་དུ་ཐུགས་སུ་ཆུད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ་ཡིན་པས་འདི་སྐད་དུ་དེ་བཞིན་གཤེགས་པ་བྱུང་ཡང་རུང་། དེ་བཞིན་གཤེགས་པ་མ་བྱུང་ཡང་རུང་སྟེ། ངོ་བོ་ཉིད་འདི་ནི་རྟག་ཏུ་གནས་པ་ཉི་དོ་ཞེས་གསུང་ངོ་། །གང་པོ་ཅིའི་ཕྱིར་མི་སྐྱེ་བ་ཞེས་བྱ། ཅིའི་ཕྱིར་ནི་མི་སྐྱེ་བའི་ཡེ་ཤེས་ཞེས་བྱ་ཞེ་ན། གང་པོ་ཆོས་རྣམས་མཉམ་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཞེས་བྱའོ། །ལམ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཡེ་ཤེས་ཞེས་བྱའོ། །སྡུག་བསྔལ་ཟད་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཞེས་བྱའོ། །ལམ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཡེ་ཤེས་ཞེས་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པས་བདེན་པ་གཉིས་པོ་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཡོད་པར་གསུངས་པ་ཞེས་བྱའོ། །གང་པོ་དེ་བཞིན་གཤེགས་པས་སྡུག་བསྔལ་གྱི་མཚན་ཉིད་ཅེས་གང་གསུང་པ་དེ་ཉིད་ནི་མཚན་ཉིད་མེད་པ་ཞེས་གསུངས་སོ། །སྡུག་བསྔལ་གྱི་མཚན་ཉིད་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། འདུས་མ་བྱས་ཀྱི་མཚན་ཉིད་གང་ཡིན་པའོ། །འདུས་མ་བྱས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་མཚན་ཉིད་མེད་པ་ཡིན་པས་མཁས་པ་རྣམས་ཀྱིས་འདུས་མ་བྱས་དེ་ཉིད་མཚན་ཉིད་མེད་པ་ཡིན་པར་རབ་ཏུ་ཤེས་སོ། །གང་པོ་མཁས་པ་རྣམས་ཀྱིས་


DKG042_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འདུས་མ་བྱས་དེ་ཉིད་མཚན་མ་མེད་པ་ཡིན་པར་རབ་ཏུ་ཤེས་པར་འགྱུར་ཞེ་ན། འདི་ལྟར་འདུས་མ་བྱས་ཀྱི་ཆོས་ནི་སྟོང་པར་ཡང་ཤེས། རབ་ཏུ་དབེན་པ་ཡིན་པར་ཡང་ཤེས། སྐྱབས་སུ་འགྲོ་བའི་གནས་ཡིན་པར་ཡང་ཤེས། ཕན་པ་མཆོག་ཡིན་པར་ཡང་ཤེས། ཡོངས་སུ་གདུང་བ་མེད་པར་ཡང་ཤེས་ཏེ། མཁས་པ་རྣམས་ཀྱིས་དེ་ལྟར་འདུས་མ་བྱས་རབ་ཏུ་ཤེས་ཀྱང་ཡེ་ཤེས་དེ་ལ་སྐྱེ་བའི་མཚན་མ་མེད་དོ། །གང་པོ་མཁས་པ་རྣམས་ནི་མཚན་མ་རྣམས་ཡོངས་སུ་སྤངས་པས་དོན་མཆོག་དམ་པ་མངོན་པར་འདུ་བྱེད་པ་མེད་པ། །འཇིག་པ་མེད་པ་ཐོབ་པར་འགྱུར་རོ། །གང་པོ་གང་མངོན་པར་འདུ་བྱེད་པ་དང་བཅས་པ་དེ་ལ་ནི་འཇིག་པ་ཡོད་ཀྱི། གང་མངོན་པར་འདུ་བྱེད་པ་མེད་པ་དེ་ལ་འཇིགས་པ་ཡང་མེད་དོ། །འཇིགས་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་མཚན་མ་མེད་པ་ཡིན་ནོ། །འཇིག་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་སྨོན་པ་མེད་པ་ཡིན་ནོ། །གང་གིས་ཀྱང་མངོན་པར་འདུས་མ་བྱས་ལ། གང་གིས་ཀྱང་འཇིག་པ་མེད་པར་དབྱེར་མེད་པ་གང་ཡིན་པ་དེ་ནི་གང་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཇིག་པའི་མཚན་ཉིད་ཅེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མེད་པ་གང་ཡིན་པའོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མ་མཆིས་པ་དེ་ཉིད་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མེད་པ་ཡིན་ནོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟ་ན་ནི་ཆོས་ཐམས་ཅད་ཀྱང་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཡིན་ཡང་བྱང་ཆུབ་དེ་ནི་ཆོས་ཐམས་ཅད་ཅེས་མི་བྱའོ། །ཆོས་ཐམས་ཅད་ནི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཡིན་ནོ། །


DKG042_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ཡང་ཀུན་རྫོབ་ཏུ་བཏགས་པ་ཙམ་དུ་བརྗོད་པར་ཟད་དེ། དེ་ནི་ལེ་ལོ་ཅན་རྣམས་ཀྱིས་རྟོགས་པར་དཀའ་ཞིང་རིག་པར་དཀའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་ཅན་གང་ཡིན་པ་དེ་དག་ནི་ཆོས་རྣམས་མཉམ་པ་ཉིད་དུ་མངོན་པར་སྒྲུབ་པར་མི་བྱེད་ལ། །མཉམ་པར་མ་གྱུར་པ་གང་ཡིན་པ་དེ་དག་ནི་སངས་རྒྱས་དང་རྩོད་པར་བྱེད་པས་སོ། །གང་པོ་གང་དག་མཉམ་པ་ཉིད་མངོན་པར་སྒྲུབ་པར་མི་བྱེད་ཅེ་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན་རྒྱུ་དང་རྐྱེན་དེའི་ཕྱིར་མདོ་སྡེ་འདི་དག་ལས་ཆོས་ཐམས་ཅད་ནི་ཡང་དག་པའི་གནས་སྐབས་སུ་ཐམས་ཅད་ཀྱང་ངེས་པ་ཉིད་དུ་ཞུགས་པ་ཡིན་པས་དེ་ནི་ངེས་པར་བྱང་ཆུབ་ཀྱི་སྒོར་ཞུགས་པ་ཞེས་བསྟན་པ་ཡིན་ཏེ། དེའི་ཕྱིར་གང་པོ་ཆོས་ཐམས་ཅད་བྱང་ཆུབ་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས་པ་དེ་ནི་ངེས་པ་ཡང་ལགས། །མ་ངེས་པ་ཡང་ལགས། །ཚིག་འབྲུ་དང་ཡི་གེར་ཞུགས་པ་ཡང་ལགས། །ཚིག་འབྲུ་དང་ཡི་གེར་མ་ཞུགས་པ་ཡང་ལགས། ཚིག་ལ་ཞུགས་པ་ཡང་ལགས། །ཚིག་ལ་མ་ཞུགས་པ་ཡང་ལགས་པ་དེ་ནི་ཤིན་ཏུ་ངོ་མཚར་ཆེ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེང་བདག་གིས་བཅོམ་ལྡན་འདས་ལས་མདོ་སྡེ་འདི་ལྟ་བུ་ཐོས་པས་ཆོས་ཐམས་ཅད་ལ་རྣམ་པར་ངེས་པའི་སྣང་བ་ཐོབ་ལགས་སོ། །བཅོམ་ལྡན་འདས་དེང་བདག་གིས་ཆོས་རྣམས་ལ་རྣམ་པར་ངེས་པའི་སྣང་བ་ཐོས་པས་དངོས་པོ་གཅིག་ལས་ཀྱང་དངོས་པོ་ཐམས་ཅད་རྟོགས་པར་གྱུར་ལ། དངོས་པོ་ཐམས་ཅད་ལས་ཀྱང་དངོས་པོ་གཅིག་རྟོགས་པར་གྱུར་པས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། །གང་པོ་ཁྱོད་ཀྱིས་འདི་ལྟར་མྱུར་བ་ཁོ་ནར་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དོན་


DKG042_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རབ་ཏུ་ཞུགས་པར་གྱུར་བ་ལེགས་སོ་ལེགས་སོ། །འདི་ཡང་ཁྱོད་ཀྱི་སྔོན་འདས་པའི་དུས་སུ་སངས་རྒྱས་མང་པོ་རྣམས་པ་མཆོད་ཅིང་རིམ་གྲོ་བྱས་པ་དང་། །དགེ་བའི་རྩ་བ་རྣམས་བསྐྱེད་ནས་ཉེ་བར་བསྟེན་ཏེ་ཞུ་བདག་ཞུས་པ་ལས་གྱུར་བ་ཡིན་པར་རིག་པར་བྱའོ། །གང་པོ་ངས་མངོན་པར་དྲན་ཏེ་འདས་པའི་དུས་ཀྱི་ཆེ་ཞིང་འདི་ཉིད་ཀྱི་ནམ་མཁའི་ཕྱོགས་གཅིག་ན་ཁྱོད་ཀྱིས་སངས་རྒྱས་དྲུག་ཁྲི་བརྒྱད་སྟོང་ལས་མདོ་སྡེ་འདི་ཐོས་པའི་དགེ་བའི་རྩ་བའི་ཡོན་ཏན་གྱི་རྒྱུ་དང་རྐྱེན་གྱི་དབང་གིས་ཁྱོད་ཀྱིས་ཆོས་རྣམ་པར་ངེས་པའི་སྣང་བ་ཐོབ་པ་ཡིན་ནོ། །བཅོམ་ལྡན་འདས་གལ་ཏེ་བདག་གིས་སངས་རྒྱས་མང་པོ་ལས་མདོ་སྡེ་འདི་སྔོན་ཐོས་པར་གྱུར་བ་ཞིག་ལགས་ན། ཅིའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་དྲན་པའི་བསམ་པ་གཅིག་ཙམ་ཡང་མ་མཆིས་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ངས་མངོན་པར་དྲན་ཏེ་འདས་པའི་དུས་ཀྱི་ཚེ་ཁྱོད་ཀྱིས་བསྐལ་པ་གཅིག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སླར་ལོག་ཅིང་ཉམས་པར་གྱུར་ཀྱང་དེའི་བསོད་ནམས་ཀྱི་རྒྱུ་དང་རྐྱེན་གྱིས་ངས་དེང་འདིར་ཁྱོད་ཆོས་སྨྲ་བ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཞེས་བརྗོད་པ་ཡིན་ནོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་གསོལ་པ། །བཅོམ་ལྡན་འདས་བདག་གིས་སྔོན་མི་དགེ་བའི་ལས་ཅི་ཞིག་གིས་བགྱིས་ན་བསྐལ་པ་གཅིག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སླར་ལོག་ཅིང་ཉམས་པར་གྱུར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་ཁྱོད་ཀྱིས་མི་དགེ་བའི་གྲོགས་པོ་ལ་བསྟེན་པའི་ཕྱིར་དང་། གཞན་ཡང་ཁྱོད་ཀྱིས་དམ་པའི་ཆོས་རྒྱ་ཆེར་མ་སྤེལ་བའི་ཕྱིར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་ལོག་ཅིང་ཉམས་པར་གྱུར་པ་ཡིན་ནོ། །གང་པོ་ཆོས་བཞི་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ཅིང་ཉམས་ནས་ཉན་ཐོས་ཀྱི་ཐེག་པར་འགྱུར་རོ། །བཞི་གང་ཞེ་ན། །བྱང་ཆུབ་སེམས་དཔའ་སྡིག་པ་མི་དགེ་བའི་གྲོགས་པོ་ལ་བསྟེན་པའི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་སྤངས་ནས་འདི་སྐད་དུ་འདི་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་


DKG042_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅི་དགོས། འཁོར་བའི་མཐའ་ནི་ཤིན་ཏུ་ཐག་རིང་སྟེ་འགྲོ་བ་ལྔ་པོ་རྣམས་སུ་ཁ་བརྒྱུད་ཅིང་སྡུག་བསྔལ་ཚད་མེད་མྱོང་བས་ཁོམ་པ་དང་ཕྲད་པ་ཡང་ཤིན་ཏུ་དཀོན། །སངས་རྒྱས་འབྱུང་བ་དང་ཕྲད་པ་ཡང་ཤིན་ཏུ་དཀོན། ཤིན་ཏུ་དང་བའི་དད་པ་ཐོས་པ་ཡང་ཤིན་དུ་དཀོན། །སངས་རྒྱས་འབྱུང་བ་དང་ཕྲད་པར་གྱུར་ན་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ཆེས་ཤིན་ཏུ་དཀའ་བས་དེང་ཁྱེད་ཁོམ་པ་དང་ལྡན་པ་ཆུད་མ་གཟན་ཅིག །ཁྱོད་དེ་བཞིན་གཤེགས་པ་རྣམས་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལུང་བསྟན་པ་ཐོབ་པ་ཡང་མ་ཡིན་པ། དགེ་བའི་རྩ་བ་ངེས་པར་གྱུར་པ་ཡང་མ་ཡིན་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མི་ཐོབ་ཅིང་འགྲོ་བ་ལྔ་པོ་རྣམས་སུ་འཁོར་བར་འགྱུར་རོ་ཞེ་སྨྲས་པས་གང་ཟག་དེས་དེ་སྐད་སྨྲས་པ་ཐོས་པའི་དབང་གིས་སེམས་བྱིང་ནས་བྱང་ཆུབ་ཀྱི་ལམ་ལས་ལྡོག་ཅིག་ལེ་ལོས་མོས་པར་་མི་འགྱུར་ཏེ་གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པར་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའི་རྗེས་སུ་འཐུན་པའི་མདོ་སྡེ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་དང་། བྱང་ཆུབ་སེམས་དཔའི་བྱ་བ་ཡང་དག་པར་སྡུད་པའི་མདོ་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་རྗེས་སུ་འཐུན་པའི་མདོ་ཐོས་པར་མ་གྱུར་ན། འདི་ལྟར་ཐོས་པར་མ་གྱུར་པའི་ཕྱིར་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་པར་མི་འགྱུར་རོ། ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་སློབ་པར་མི་འགྱུར་བས་དེས་བྱང་ཆུབ་སེམས་དཔས་ཆོས་གང་ནི་ཡོངས་སུ་སྤང་བར་བྱ། ཆོས་གང་ནི་ཡང་དག་པར་བླང་བར་བྱ་བའི་རིགས། ཆོས་གང་ནི་ཡང་དག་པར་བླང་བར་བྱ་བའི་མི་རིགས། ཆོས་གང་ནི་བྱང་ཆུབ་སེམས་དཔའི་ཆོས་ཡིན། ཆོས་གང་ནི་ཉན་ཐོས་ཀྱི་ཆོས་ཡིན་པ་བདག་རབ་ཏུ་མི་ཤེས་སོ། །འདི་ལྟར་མི་ཤེས་ཤིང་རབ་ཏུ་འབྱེད་པར་མི་ནུས་པའི་ཕྱིར་བསྟེན་པར་བྱ་བའི་རིགས་པའི་ཆོས་ནི་བསྟེན་པར་མི་བྱེད་ལ། བསྟེན་པར་བྱ་བའི་མི་རིགས་པའི་ཆོས་ལ་ནི་རབ་ཏུ་བསྟེན་


DKG042_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །དེས་བསྟེན་པར་བྱ་བའི་རིགས་པའི་ཆོས་ནི་སྟེན་པར་མི་བྱེད་ལ། །བསྟེན་པར་བྱ་བའི་མི་རིགས་པའི་ཆོས་ལ་ནི་རབ་ཏུ་བསྟེན་པར་བྱེད་པའི་ཕྱིར་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ལས་རབ་ཏུ་ཉམས་ཤིང་ལོག་པར་གྱུར་པས་སེམས་ཀྱང་ཞུམ་སྟེ། ལེ་ལོ་ཅན་དུ་གྱུར་ནས་སྔོན་གྱི་སྨོན་ལམ་རྣམས་ཀྱང་ཡོངས་སུ་གཏོང་བར་འགྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་དང་ལྡན་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པར་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་རྣམས་ཡོད་པ་ཉིད་དུ་འཛིན་ཅིང་བདག་ཏུ་མངོན་པར་ཞེན་པ་དང་། ལོག་པ་རྣམས་སྤྱོད་ཅིང་མཐར་འཛིན་པའི་ལྟ་བར་ལྟུང་བ་དང་། ལོག་པའི་སྡིག་པ་རྣམས་སུ་བྱིང་སྟེ་དྲང་དཀའ་བར་གྱུར་ནས་མདོ་སྡེ་ཟབ་མོ་དོན་དམ་པའི་རྗེས་སུ་འཐུན་བདག་ཐོས་པར་གྱུར་ན་ཡང་མངོན་པར་ཡིད་ཆེས་པའི་རྟགས་ཅུང་ཟད་ཙམ་ཡང་མེད་ཅིང་འགལ་བར་བྱེད་པ་དང་། མངོན་པར་རྟོགས་ནས་ཡང་དག་པའི་ཆོས་འཇིག་པའི་ཁ་ན་མ་ཐོ་བ་དག་སློང་བར་བྱེད་ན་རྒྱུ་དང་རྐྱེན་དེས་མི་ཁོམ་པའི་གནས་སུ་སྐྱེས་ནས་སངས་རྒྱས་རྣམས་དང་ཡང་ཕྲད་པར་མི་འགྱུར། དམ་པའི་ཆོས་ཀྱང་ཐོས་པར་མི་འགྱུར། སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པ་དག་དང་ཡང་ཕྲད་པར་མི་འགྱུར། དགེ་བའི་བཤེས་གཉེན་ཡང་རྙེད་པར་མི་འགྱུར་རོ། །དེས་སངས་རྒྱས་རྣམས་མི་མཐོང་བའི་ཕྱིར་ཡང་དག་པའི་ཆོས་ཀྱང་ཐོས་པར་མི་འགྱུར་རོ། །ཡང་དག་པའི་ཆོས་མ་ཐོས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པ་དག་དང་ཕྲད་པར་མི་འགྱུར་རོ། །སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པའི་ཆོས་དང་ཕྲད་པར་མ་གྱུར་བའི་ཕྱིར་དགེ་བའི་བཤེས་གཉེན་རྙེད་པར་མི་འགྱུར་རོ། །དགེ་བའི་བཤེས་གཉེན་མ་རྙེད་པའི་ཕྱིར་ཁོམ་པའི་གནས་དང་བྲལ་ནས་མི་ཁོམ་པའི་གནས་སུ་སྐྱེས་བར་འགྱུར་རོ། །མི་ཁོམ་པའི་གནས་སུ་སྐྱེས་པའི་ཕྱིར་དགེ་བའི་བཤེས་གཉེན་དང་བྲལ་ནས་མི་དགེ་བའི་འགྲོགས་པོ་དང་ཕྲད་པར་མི་འགྱུར་རོ། །མི་དགེ་བའི་གྲོགས་པོའི་རྗེས་སུ་འབྲངས་པའི་ཕྱིར་སྔོན་གྱི་ཡི་དམ་བརྗོད་ཅིང་སྟོང་པར་འགྱུར་རོ། །དེས་སྔོན་གྱི་ཡི་དམ་བརྗོད་ཅིང་


DKG042_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་པར་འགྱུར་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱང་སྤོང་བར་བྱེད། བྱང་ཆུབ་སེམས་དཔའི་ཐེག་པ་ཡང་སྤོང་བར་བྱེད་པས་སླར་ལོག་པར་འགྱུར་ཞིང་བྱང་ཆུབ་ཀྱི་བསམ་པ་ཡང་གཏན་དུ་སྟོད་ནས་འཁོར་བའི་ཆོས་འབའ་ཤིག་སྤྱོད་ཅིང་ཐེག་པ་ཆེན་པོའི་སྤྱོད་པའི་ཆོས་མངོན་པར་སྒྲུབ་པར་མི་འགྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པར་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་མདོ་སྡེ་ཐོས་པར་གྱུར་ཡང་ལྷག་པའི་བསམ་པས་གཞན་དག་ལ་ཡང་དག་པར་སྟོན་པ་མི་བྱེད་ཅིང་། སེམས་ཞུམ་པར་གྱུར་ནས་གཅིག་ཏུ་འགྲོ་བ་ལ་དགའ་ཞིང་ཆོས་ཀྱི་སེར་སྣ་བྱས་ནས་གཞན་དག་ལ་བསྟན་པའི་འདུན་པ་མེད་པ་དང་། ཆོས་ཀྱིས་གཞན་དག་རྒྱ་ཆེར་ཡོངས་སུ་སྡུད་པར་མི་བྱེད་ན་དགེ་བའི་རྩ་བ་དེའི་རྒྱུ་དང་རྐྱེན་གྱིས་ཤེས་རབ་དང་ལྡན་པ་རབ་ཏུ་ཉམས་པར་འགྱུར་རོ། །ཤེས་རབ་དང་ལྡན་པ་ཉམས་པ་གྱུར་བའི་དབང་གིས་གཞན་དག་དང་ལྷན་ཅིག་མདོ་སྡེའི་ཆོས་ཀློག་ཅིང་མངོན་པར་མི་བྱེད་ལ། ཆོས་ཀྱིས་གཞན་དག་དང་འཐུན་པར་མི་བྱེད་པས་གང་ཟག་དེ་ལུས་རྗེས་མ་ཐག་ཏུ་བྱང་ཆུབ་སེམས་ཀྱང་སྟོང་བར་འགྱུར་ལ་བྱང་ཆུབ་སེམས་དཔའི་བསམ་པ་ཡང་བརྗེད་པར་གྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་དེ་དག་ལྡན་པར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཡང་དག་པར་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། མི་དགེའི་གྲོགས་པོ་བསྟེན་བྱེད་ཅིང་། །བྱང་ཆུབ་ལ་ནི་མི་བརྩོན་ན། །རྒྱུ་དང་སྐྱེན་ནི་དེ་ཡི་ཕྱིར། །བླ་མེད་བྱང་ཆུབ་སེམས་སྟོང་འགྱུར། །སྡིག་པའི་བདག་ལྟ་རབ་བསྐྱེད་ནས། །མཐའ་དང་ལོག་ལྟར་གང་ལྷུང་བ། །ཆོས་འཇིག་སྡིག་ནི་བསླངས་པས་ན། །མི་ཁོམ་གནས་སུ་སྐྱེ་པར་འགྱུར། །མི་ཁོམ་གནས་སུ་སྐྱེས་ནས་ཀྱང་། །བྱང་ཆུབ་སེམས་ནི་གཅོད་བྱེད་ཅིང་། །སྔོན་གྱི་ཡི་དམ་སྟོང་འགྱུར་པས། །དེ་ཕྱིར་བྱང་ཆུབ་སེམས་ཀྱང་ཉམས། །དེ་ཡི་བྱང་ཆུབ་སེམས་སྐྱེ་བའི། །ཆོས་ནི་ཐོས་པར་ཡོང་མི་འགྱུར། །དེ་ཡི་


DKG042_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་འཕེལ་གྱུར་ན། །བྱང་ཆུབ་སེམས་ནི་སྒྲུབ་པར་འགྱུར། །དམ་ཆོས་རྒྱ་ཆེན་ཐོས་གྱུར་ཀྱང་། །སེར་སྣས་གཞན་ལ་སྟོན་མི་མོས། །རྒྱུ་དང་རྐྱེན་ནི་དེ་ཡི་ཕྱིར། །བྱང་ཆུབ་ལམ་ནི་ལྡོག་པར་འགྱུར། །བྱང་ཆུབ་སེམས་དཔའ་ཐེག་ཆེན་གཉེར། །ཆོས་འདི་བཞིན་ནི་ཤེས་པར་བྱ། །ཆོས་འདི་བཞི་ནི་ཤེས་གྱུར་ན། །བྱང་ཆུབ་སེམས་ནི་སྐྱེ་བར་འགྱུར། །དེ་ཕྱིར་སྡིག་པའི་ཆོས་འདི་བཞི། །ནན་ཏན་གྱིས་ནི་རབ་སྤངས་ནས། །སྟོང་ཉིད་ཆོས་ནི་སྒོམ་བྱེད་ན། །དགེ་བའི་བཤེས་གཉེན་སྟེན་པར་འགྱུར། །འདི་ལྟའི་མདོ་སྡེ་ཐོས་གྱུར་ན། །སེར་སྣ་དག་ནི་མི་བསྐྱེད་པར། །ནན་ཏན་གཞན་ལ་བསྟེན་པར་བྱ། །དེ་ལས་བྱང་ཆུབ་རབ་ཏུ་སྐྱེ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་མི་འགྱུར་ཞིང་། ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་ཉམས་པར་མི་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཚུལ་ཁྲིམས་རྣམ་པར་དག་པ་ཡོངས་སུ་བསྲུངས་ནས་བསམ་པ་རྣམས་མངོན་པར་གྲུབ་པར་བྱེད་པ་དང་། དྲན་པ་དང་ལྡན་ཞིང་ཤེས་རབ་ཡང་དག་པར་གནས་པ་དང་། རབ་ཏུ་བརྩོན་པའི་སེམས་ཀྱིས་བརྩོན་ཞིང་ལེ་ལོ་མེད་པ་དང་། མང་དུ་ཐོས་པ་ཕུན་སུམ་ཚོགས་ཤིང་ཤེས་རབ་འཕེལ་བར་གྱུར་བ་དག་ཡིན་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན་ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལས་ཡོངས་སུ་ལྡོག་པར་མི་འགྱུར་ཞིང་། ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན། །དྲན་པ་ཟབ་ཅིང་ཐག་ཀྱང་རིང་། །བརྩོན་པའི་སེམས་ཀྱིས་རབ་བརྩོན་ཞིང་། །མང་ཐོས་ཤེས་རབ་རྒྱུན་དང་ལྡན། །བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཆོས་འདི་བཞི་ལ་སྟེན་བྱེད་ན། །ཡིད་ལ་བསམས་པའི་དངོས་པོ་ཀུན། །ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར། །དེ་ཕྱིར་རྟག་ཏུ་ཁྲིམས་བསྲུང་ཞིང་། །ནན་ཏན་བརྩོན་འགྲུས་ལྡན་པར་བྱ། །ཆོས་དྲན་རྒྱུན་ནི་མི་


DKG042_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཅིང་། །རྟག་པར་མང་ཐོས་གཉེར་བར་བྱ། །ཁྲིམས་བསྲུངས་གནས་གཙང་རབ་ཏུ་སྐྱེ། །དྲན་པས་ཤེས་རབ་སྤྱོད་པར་འགྱུར། །བརྩོན་འགྲུས་སངས་རྒྱས་ཆོས་ཀྱང་སྦྱོང་། །མང་ཐོས་ཤེས་རབ་ཆེན་པོ་སྐྱེ། །དེ་བས་བྱང་ཆུབ་སེམས་དཔའ་རྣམས། །དེ་འདྲའི་ཆོས་ནི་བསླབ་པར་བྱ། །དེ་འདྲའི་ཆོས་ནི་རབ་བསླབས་ན། །བླ་མེད་འཁོར་ལོ་སྐོར་བར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན་བྱང་ཆུབ་ལ་ཕན་པར་འདོགས་པར་འགྱུར་རོ། །བཞི་གང་ཞེ་ན། ཚུལ་ཁྲིམས་སྲུང་བ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་སོ། །བཟོད་པ་སྒོམ་པ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་སོ། །བརྩོན་འགྲུས་རྩོམ་པ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་སོ། །མང་དུ་ཐོས་པ་ནི་བྱང་ཆུབ་ལ་ཕན་འདོགས་པའི་ཆོས་ཏེ། གང་པོ་ཆེས་བཞི་པོ་འདི་དག་ནི་བྱང་ཆུབ་ལས་ཕན་འདོགས་པ་ཞེས་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་གསལ་བར་རབ་ཏུ་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། །བྱང་ཆུབ་སེམས་དཔའི་ཁྲིམས་སྲུང་བ། །བྱང་ཆུབ་ལ་ནི་ཕན་འདོགས་ཏེ། །བརྩོན་འགྲུས་དང་ནི་བཟོད་པ་དང་། །མང་དུ་ཐོས་པ་དེ་བཞིན་ནོ། །ཚུལ་ཁྲིམས་དག་པ་གང་སྲུང་བ། །སྨོན་ལམ་ཐམས་ཅད་འགྲུབ་པར་འགྱུར། །ཁྲིམས་གཙང་ཕན་འདོགས་མང་བས་ན། །བྱང་ཆུབ་འཐོབ་པར་ཡོང་མི་དཀའ། །བྱང་ཆུབ་སེམས་དཔའ་བཟོད་སྒོམ་པ། །ལུས་ཀྱི་མཚན་དང་ཤེས་རབ་འགྲུབ། །དེ་ཕྱིར་བཟོད་པ་རབ་བསྒོམས་ན། །སངས་རྒྱས་མཚན་དང་ཤེས་རབ་གཏེར། །བརྩོན་འགྲུས་ཀྱང་ནི་དེ་བཞིན་དུ། །བྱང་ཆུབ་མང་དུ་ཕན་འདོགས་པས། །རྟག་ཏུ་བརྩོན་འགྲུས་གང་རྩོམ་པ། །བྱང་ཆུབ་འཐོབ་པར་ཡོངས་མི་དཀའ། །མང་ཐོས་ཀྱིས་ཀྱང་ཕན་འདོགས་པས། །ཐོས་ནས་ཆོས་ལ་རབ་བསྟེན་ཅིང་། །ཆོས་མི་དག་ནི་སྤོང་བྱེད་པས། །བྱང་ཆུབ་འཐོབ་པར་ཡོང་མི་དཀའ། །ཆོས་བཞི་ས་བོན་ཡིན་པས་ན། །དེ་ལས་བྱང་ཆུབ་རབ་ཏུ་སྐྱེ། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །ཆོས་ཀྱི་ཕན་ལ་བསྟེན་པར་བྱ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་བཞི་དང་ལྡན་པར་གྱུར་ན་ལུས་ཀྱི་ཁ་དོག་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། །


DKG042_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་རྟག་པར་སྡིག་པ་མི་དགེ་བའི་གནས་མི་ཁོམ་པ་རྣམས་སུ་སྐྱེ་བར་མི་འགྱུར། །རྟག་པར་སངས་རྒྱས་རྣམས་དང་ཕྲད་པར་འགྱུར། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བྱམས་པ་བསྒོམ་པ་ན་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་ཅིང་གནོད་པ་མི་བྱེད་པ་ཡིན་ཏེ། གང་པོ་བྱང་ཆུབ་སེམས་དཔའ་བྱམས་པ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་ཅིང་གནོད་པ་མི་བྱེད་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་བྱམས་པ་བསྒོམ་པ་ན་སེམས་ཅན་རྣམས་ལ་བདག་གིས་ཡོངས་སུ་བསྐྱབ་པར་བྱའོ་སྙམ་པའི་བྱམས་པ་བསྐྱེད་པས་སེམས་ཅན་ལུས་དང་སེམས་སྡུག་བསྔལ་བདག་མཐོང་བར་གྱུར་པ་ན་འདི་སྐད་དུ་བདག་གིས་ནན་ཏན་གིས་བརྩོན་འགྲུས་ཀྱིས་སེམས་ཅན་དེ་དག་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བཟླས་ནས་སེམས་ཅན་ཐམས་ཅད་དེ་དག་ལ་བདག་གིས་བདེ་བ་སྦྱིན་པར་བྱའོ། །བདག་གིས་དྲངས་ནག་འཁོར་བའི་སྡུག་བསྔལ་དང་བྲལ་བར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་ལྟ་བུའི་སེམས་བསྐྱེད་པར་བྱེད་དོ། །དེ་ལྟ་བུའི་སེམས་བསྐྱེད་ནས་ཀྱང་ནན་ཏན་བརྩོན་འགྲུས་ཀྱིས་ཕ་རོལ་དུ་ཕྱིན་པ་དྲག་པོ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་གོམས་པར་བྱེད་དོ། །གང་པོ་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཕུན་སུམ་ཚོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུས་ནན་ཏན་བརྩོན་འགྲུས་སྐྱེད་པར་བྱེད་ཅེ་ན། གང་པོ་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་ཆོས་གང་ནི་བདག་ཅེས་བྱ་བ་ཡིན། ཆོས་གང་ནི་བདག་གི་ཞེས་བྱ་བ་ཡིན་སྙམ་དུ་སེམས་ཤིང་འཇལ་བར་བྱེད་དེ། དེ་ལྟར་སེམས་ཤིང་འཇལ་བ་ན་བདག་ཅེས་བྱ་བའི་ཆོས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ལ། བདག་གི་ཞེས་བྱ་བའི་ཆོས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་སྙམ་དུ་སེམས་པས་ཆོས་འདི་ལ་བདག་ཅེས་བྱ་བའི་ཆོས་ཀྱང་མེད་ལ། བདག་གི་ཞེས་བྱ་བའི་ཆོས་ཀྱང་མེད་དོ་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་ཕྱིར་ལུས་སྟོང་པ་ཉིད་དུ་རབ་ཏུ་ཤེས་


DKG042_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ལུས་སྟོང་པའི་ཕྱིར་སེམས་ཅན་ཡང་སྟོང་ངོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ལ་བདག་དང་བདག་གིར་འཛིན་པ་ཡང་སྟོང་པ་ཡིན་ན་སེམས་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་པས་སོ། །བྱང་ཆུབ་སེམས་དཔའ་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་ཕྱིར་སེམས་ཅན་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །སེམས་ཅན་སྟོང་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །གཟུགས་ཀྱི་ཕུང་པོ་སྟོང་པའི་ཕྱིར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་ཕྱིར་ལུས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །ལུས་སྟོང་པའི་ཕྱིར་སེམས་ཅན་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །སེམས་སྟོང་པའི་ཕྱིར་ཕུང་པོ་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །ཕུང་པོ་རྣམས་སྟོང་པའི་ཕྱིར་འདི་ལྟ་སྟེ། སད་པ་དང་ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་ཏེ། སའི་ཁམས་ཀྱང་སའི་ཁམས་ཀྱི་མཚན་ཉིད་ཀྱིས་སྟོང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཀྱང་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱིས་སྟོང་པས་ཁམས་འདི་དག་ལ་ནི་བྱེད་པ་ཡང་མེད་ལ་བྱ་བ་ཡང་མེད་དོ། །གང་བྱེད་པ་མེད་པའི་ཆོས་དེ་ནི་སྟོང་པ་ཡིན་ནོ་སྙམ་མོ། །གང་པོ་བྱང་ཆུབ་སེམས་དཔའ་འདི་དག་ལ་བདག་དང་བདག་གིས་འཛིན་པ་སྤངས་པའི་ཕྱིར་ལུས་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །ལུས་སྟོང་པའི་ཕྱིར་སེམས་ཅན་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །སེམས་ཅན་སྟོང་པའི་ཕྱིར་ལུས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །ཕུང་པོ་རྣམས་སྟོང་པའི་ཕྱིར་ཁམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །ཁམས་རྣམས་སྟོང་པའི་ཕྱིར་སྐྱེ་མཆེད་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། །སྐྱེ་མཆེད་རྣམས་སྟོང་པའི་ཕྱིར་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་ཀྱང་སྟོང་ཞིང་སྐྱེ་མཆེད་རྣམས་ལ་བྱེད་པ་མེད་པ་དང་། བྱ་བ་མེད་པ་ཉིད་དུ་རིག་པར་འགྱུར་ཏེ། ཆོས་གང་བྱེད་པོ་དང་བྱ་བ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཡིན་ནོ་སྙམ་མོ། །གང་པོ་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་ཆོས་ཐམས་ཅད་


DKG042_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དུ་ལྟ་བར་བྱེད་དོ། །ཆོས་ཐམས་ཅད་སྟོང་པར་ལྟ་བའི་ཆོས་རྣམས་ལ་ངོ་བོ་ཉིད་ཀྱིས་ཞེ་སྡང་སྐྱེ་བའི་གནས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱམས་པ་ཆེན་པོ་ལུས་སྟོང་པ་ཉིད་དུ་རིག་པའི་བྱམས་པ་དང་། སེམས་ཅན་སྟོང་པ་ཉིད་དུ་རིག་པའི་བྱམས་པ་དང་། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་སྟོང་པ་ཉིད་དུ་རིག་པའི་བྱམས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་བྱམས་པ་སྒོམ་པ་གང་ཡིན་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བྱམས་པ་སྒོམ་པ་ཞེས་བྱའོ། །གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་འབྱམས་པ་ཆེན་པོ་སྒོམ་པ་ཞེས་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་སེམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཤིན་དུ་འདུན་པ་བསྐྱེད་ནས། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་པས་སེམས་ཅན་གང་འདི་ལྟར་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཁོང་དུ་མ་ཆུད་པ་དང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྤྱོད་པ་ཞེས་བྱ་སྟེ། བདག་གིས་བསྐྱབ་པར་བྱའོ་སྙམ་དུ་སེམས་པའི་ཕྱིར་བྱམས་པ་ཞེས་བྱའོ། །བདག་གིས་དྲུང་བར་བྱའོ་སྙམ་དུ་སེམས་པའི་ཕྱིར་སྙིང་རྗེ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་བྱམས་པ་ཆེན་པོ་དང་ལྡན་པ་གང་ཡིན་པ་དེས་ནི་སེམས་ཅན་རྣམས་ཀྱི་མགོན་དང་། སྐྱབས་དང་། གནས་དང་། གླིང་དང་། མཐར་ཕྱིན་པའི་གནས་ཕྱེད་བར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་པས་དེ་ལྟ་བུའི་བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །སེམས་ཅན་རྣམས་ལ་རྗེས་སུ་ཆགས་པ་ཡང་མེད་ལ། ཁོང་ཁྲོ་བ་ཡང་མི་སྐྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཅན་སྟོང་པའི་བྱམས་པ་ཞེ་སྡང་མེད་པ་ཞེས་བྱའོ། །གང་པོ་བྱང་ཆུབ་སེམས་དཔའ་གང་བྱམས་པའི་རྒྱུ་དང་། བྲལ་བའི་རྒྱུ་དང་། སྟོང་པའི་རྒྱུས་ཆོས་རྣམས་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་འཇུག་པར་འགྱུར་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཆེན་པོ་སྒོམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་དེ་ལྟར་ཆོས་རྣམས་རབ་ཏུ་རྟོགས་པར་གྱུར་པ་དེ་ལ་བདུད་དང་བདུད་


DKG042_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་རྣམས་ཀྱིས་ཚུགས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་པ་དེ་ནི་ཡོན་ཏན་ཐམས་ཅད་ལ་སྒྲིབ་པའི་འཆིང་བ་རྣམས་ཡོངས་སུ་གཅོད་པར་བྱེད་དོ། །ཡོན་ཏན་གྱི་འཆིང་བ་ཡོངས་སུ་བཅད་པའི་ཕྱིར་མཉམ་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་རྣམས་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔས་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་དེ་དག་ལ། །བདག་མེད་པར་ནི་རྟག་ཤེས་པ། །བྱམས་སྒོམ་སྟོང་པར་ལྟ་བར་བྱེད། །བདག་དང་བདག་གི་ཆོས་གཉིས་དག་ངེས་པར་ཡང་དག་དམིགས་སུ་མེད། །ཆོས་རྣམས་དམིགས་སུ་མེད་པས་ན། །བྱམས་པའི་སེམས་ནི་སྒོམ་པར་བྱེད། །ཆོས་རྣམས་ལ་ནི་མི་གནས་ཏེ། །མི་གནས་པ་ཡང་མ་ཡིན་པ། །འདི་ནི་སངས་རྒྱས་རྣམས་ཀྱི་ལམ། །ཆོས་རྣམས་མི་གནས་པ་ཞེས་བྱ། །བླ་མེད་བཟོད་པ་གང་འཐོབ་པ། །ཆོས་རྣམས་ཡང་དག་མཚན་ཉིད་བཟོད། །ཆོས་རྣམས་སྐྱེ་འགག་མེད་དོ་ཞེས། །དོན་གྱི་ཚུལ་ནི་རབ་ཏུ་རྟོགས། །བློ་གྲོས་ཆེན་པོ་ལྡན་པ་དག །ཆོས་འདི་ལ་ནི་སྟེན་བྱེད་ན། །རྟག་ཏུ་གྱ་ནོམ་གཟུངས་ཐོབ་ཅིང་། །སྤོབས་པ་དག་ཀྱང་ཐོབ་པར་འགྱུར། །རྟག་པར་སངས་རྒྱས་ཕྲད་པར་འགྱུར། །ཆོས་རྣམས་ཀུན་གྱི་དོན་རིག་འགྱུར། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ནན་ཏན་བརྩོན་འགྲུས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་བརྟེན་དག་ལ་མཆོད་པ་བྱེད་པས་གུས་པའི་སེམས་ཀྱིས་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། སྤོས་ཀྱི་ཕྱེ་མ་དང་། གདུགས་དང་། བ་དན་དང་། རོལ་མོ་སིལ་སྙན་དང་། མཆོད་པའི་ཡོ་བྱད་གྱ་ནོམ་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མེ་ཏོག་སྤོས། །བ་དན་དང་ནི་གདུགས་མཆོག་གིས། །


DKG042_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བློ་མཆོག་མཆོད་རྟེན་རབ་མཆོད་ནས། །ཤེས་རབ་མཆོག་ནི་ཚོལ་བར་བྱེད། །བསོད་ནམས་འདི་ཡི་རྐྱེན་གྱིས་ན། །བྱང་བཞིན་དག་ནི་མཛེས་པར་འགྱུར། །ནོར་ཕྱུག་རིན་ཆེན་རབ་ཏུ་མང་། །འཁོན་ནི་ཕུན་སུམ་ཚོགས་པར་འགྱུར། །བྱང་ཆུབ་ཉིད་དུ་ངེས་གྱུར་ཅིང་། །རྟག་ཏུ་ཆོས་ལ་རབ་ཏུ་གནས། །སྐྱེ་བ་དག་ནི་ཐམས་ཅད་དུ། །ཡོན་ཏན་འཕེལ་ཞིང་མཐོན་པོར་འགྱུར། །རྒྱལ་པོ་རྣམས་ཀྱིས་བཀུར་བྱེད་ཅིང་། །ལྷ་ཀླུས་རྟག་ཏུ་དྲན་པར་འགྱུར། །སེམས་ཅན་ཐམས་ཅད་ཀུན་གྱིས་ཀྱང་། །བཀུར་སྟི་དག་ནི་བྱེད་པར་འགྱུར། །འདས་དང་ད་ལྟ་བཞུགས་པ་ཡི། །སངས་རྒྱས་དག་ལ་མཆོད་བྱེད་ན། །སྐྱེ་བ་ཀུན་དུ་མཆོད་པ་འཐོབ། །རྟག་པར་མི་ཁོམ་མེད་པར་སྐྱེ། །གཞན་ཡང་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྟག་པར་བརྩོན་པའི་སེམས་ཀྱིས་ཆོས་ལ་མཆོད་པར་བྱེད་དོ། །ཆོས་ཤེས་བྱ་བ་ནི་གང་། ཇི་ལྟར་ན་ཆོས་ལ་མཆོད་པར་བྱེད་ཅེ་ན། དེ་ལ་ཆོས་ཤེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། བསམ་གཏན་བཞི་དང་། ཞི་གནས་དང་། ལྷག་མཐོང་དང་། རིག་པ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། ཟད་པའི་ཡེ་ཤེས་དང་། མི་སྐྱེ་བའི་ཡེ་ཤེས་གང་ཡིན་པ་འདི་ནི་ཆོས་ཤེས་བྱའོ། །ཇི་ལྟར་མཆོད་པར་བྱེད་ཅེ་ན། ཆོས་དེ་དག་ཇི་སྐད་བསྟན་པ་བཞིན་དུ་མངོན་པར་སྒྲུབ་ཅིང་རྗེས་སུ་འབྲངས་ནས་འགལ་བ་མེད་པར་འདུན་པ་དང་། བརྩོན་འགྲུས་བསྐྱེད་དེ་ཕུན་སུམ་ཚོགས་པར་མངོན་པར་སྒྲུབ་པ་གང་ཡིན་པ་འདི་ནི་ཆོས་ལ་མཆོད་པ་ཞེས་བྱའོ། །གཞན་ཡང་གང་པོ་ཆོས་ལ་མཆོད་པ་ཞེས་བྱ་བ་ལ། ཆོས་ནི་མདོ་སྡེ་འདི་ལྟ་བུ་དག་ཡིན་པ་དེ་ལ་མངོན་པར་ཡིད་ཆེས་ཤིང་ཡིད་ལ་སེམས་པ་དང་། རྣམ་པར་འབྱེད་པ་དང་། རྗེས་སུ་འབྲང་ཞིང་སེམས་ཀྱིས་འགལ་བར་མི་བྱེད་པ་གང་ཡིན་པ་འདི་ནི་ཆོས་ལ་མཆོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་


DKG042_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་དོན་འདི་ཉིད་ལ་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྟག་ཏུ་ཆོས་མཆོད་བརྩོན་བྱེད་པས། །ཇི་སྐད་བསྟན་པ་བཞིན་དུ་གནས། །ཟབ་མོ་སྟོང་པའི་ཆོས་ཐོས་ན། །སེམས་ཀྱིས་འགལ་བར་ཡོང་མི་མཁྱེན། །དེ་ཕྱིར་ལུས་ནི་རྟག་མཛེས་ཤིང་། །སྤོབས་པ་དག་ཀྱང་འཐོབ་པར་འགྱུར། །ངས་ནི་ཇི་སྐད་བསྔགས་པའི་ཆོས། །དེ་ནི་རབ་ཏུ་འཕེལ་བར་བྱེད། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རབ་ཏུ་བརྩོན་པའི་སེམས་ཀྱིས་དེ་བཞིན་གཤེགས་པའི་འཕགས་པའི་ཚོགས་རྣམས་ལ་མཆོད་པ་བྱེད་པས་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། འཚོ་བའི་ཡོ་བྱད་དག་དང་། གཙུག་ལག་ཁང་དང་། ཀུན་དགའ་ར་བ་དང་། འཆགས་དང་། ཁྲུས་ཀྱི་རྫིང་དང་། ཁྲོན་པ་དང་། ལས་བྱེད་པའི་མི་དང་། འདི་ལྟ་བུ་ལ་སོགས་པ་གཞན་ཡང་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་འདི་ལྟར་འཕགས་པའི་ཆོས་རྣམས་ལ་མཆོད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བསྟེན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཆོད་པའི་ཡོ་བྱད་མཆོག་དམ་པས། །འཕགས་པའི་ཚོགས་ནི་མཆོད་བྱེད་པས། །བསོད་ནམས་འདི་ཡི་རྐྱེན་གྱིས་ནི། །སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན། །ལུས་ཀྱི་ཁ་དོག་རབ་མཛེས་ཤིང་། །སྤོབས་པ་དག་ཀྱང་འཐོབ་པར་འགྱུར། །ཡོན་ཏན་རྣམས་ནི་ཕུན་ཚོགས་ཤིང་། །ཤེས་རབ་དག་ནི་འཕེལ་བར་འགྱུར། །དྲང་པོའི་སེམས་ཀྱིས་མཆོད་བྱས་ཤིང་། །བདག་དང་བདག་གི་མེད་པས་ན། །ཤེས་པ་འདི་ཡི་རྒྱུ་རྐྱེན་གྱིས། །སྐྱེ་བ་ཀུན་ཏུ་མཆོད་པ་འཐོབ། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི། །ཆོས་བཞི་དག་ལ་རྟག་བསྟེན་ན། །སྐྱེ་བ་ཀུན་ཏུ་ཆོ་རིགས་བཙུན། །ཡོན་ཏན་དག་ནི་མངོན་ཐོབ་འཕགས། །ཕྱིར་མི་ལྡོག་པའི་ལེའུ་སྟེ་གསུམ་པའོ།། །།


previousགསུམ་པ། ཕྱིར་མི་ལྡོག་པའི་ལེའུ། next