Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཞི་པ། དགེ་བའི་རྩ་བ་དང་ལྡན་པའི་ལེའུ།
   
   
   
   
   
   


 
previousབཞི་པ། དགེ་བའི་རྩ་བ་དང་ལྡན་པའི་ལེའུ། next

བཞི་པ། དགེ་བའི་རྩ་བ་དང་ལྡན་པའི་ལེའུ།


DKG042_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་གསུམ་པ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། །གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས་རྟག་པར་ཆོས་བཞི་པོ་འདི་དག་ལ་བསྟེན་ཅིང་གོམས་པར་བྱས་ན་དགེ་བའི་ཆོས་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་ཡོངས་སུ་སྡུད་པར་འགྱུར་ལ། དགེ་བའི་རྩ་བ་ཐམས་ཅད་དང་ཡང་རབ་ཏུ་ལྡན་པར་འགྱུར་རོ། །བཞི་གང་ཞེ་ན། གང་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཐེག་པ་ཆེན་པོར་སེམས་བསྐྱེད་པས་བཟོད་པ་སྒྲུབ་པའི་ཆོས་ལ་བསྟེན་ཅིང་བསྒོམ་པར་བྱའོ། །དེ་ལྟར་བཟོད་པའི་ཆོས་སྒོམ་པ་ན་གལ་ཏེ་སེམས་མཉམ་པར་གྱུར་ཤིན་དུ་མཉམ་པའི་ཕ་རོལ་དུ་ཕྱིན་པ་རྣམས་ཀྱང་ཐོས་པར་འགྱུར་ལ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་སེམས་མཉམ་པ་ཉིད་ཀྱི་ཕ་རོ་དུ་ཕྱིན་པ་དང་། ཡེ་ཤེས་མཉམ་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་པར་གྱུར་པ་ན། གལ་ཏེ་འགྲོའམ། འགྲེང་ངམ། འདུག་དམ། ཉལ་ལམ། གཉིད་ལོག་གམ། སད་པའི་ཚེ་ཡང་རུང་སྟེ། གཅིན་གྱི་བུམ་པའམ། དུག་གི་བུམ་པའམ། ཁུ་ཚན་གྱི་བུམ་པའམ། ཕྱག་དར་རྣམས་སམ། མེད་དང་ཐལ་བའམ བཤང་གཅིའམ། ཐལ་བ་ཚ་བ་ཐོགས་པ་ཞིག་འོངས་ནས་མགོའི་སྟེང་དུ་བླུགས་སམ། ལུས་ཀྱི་ཡན་ལག་ཀུན་དུ་བརྡུངས་པར་གྱུར་ན། བྱང་ཆུབ་སེམས་དཔའ་དེ་ལ་ཞེ་སྡང་དང་འཁོན་གྱི་བསམ་པ་བསྐྱེད་ནས་སེམས་རྣམ་པར་གཡེང་ཞིང་ཁོང་ཁྲོ་བ་བསྐྱེད་པར་ཡང་མི་བྱའོ། །འདི་སྐད་དུ་བདག་ལ་ཉེས་པ་ཅི་ཡོད་ཅེས་ཀྱང་སྨྲ་བར་མི་བྱའོ། །གཞན་ཡང་ངན་སེམས་ཀྱིས་དེ་ལ་བལྟ་བར་མི་བྱའོ། །སེམས་རྩེ་གཅིག་ཏུ་རང་གི་ཆོས་དོན་དུ་གཉེར་ཞིང་གང་བསྒྲུབ་པར་བྱ་བའི་དངོས་པོ་མི་སྤང་བ་དེ་ལྟར་སེམས་ཡོངས་སུ་གདུལ་བར་བྱའོ། །གང་ཟག་དེས་རྒྱུ་དང་རྐྱེན་གང་གི་ཕྱིར་གཅིན་གྱི་བུམ་པ་དང་། དུག་གི་བུམ་པ་དང་། ཐལ་བ་དང་། མེ་དག་ཐོགས་ཏེ་འོངས་ནས་བདག་གི་ལུས་ལ་གནོད་པར་བྱེད་པ་ན་བདག་གི་ལུས་ནི་དངོས་པོ་འདི་དག་གི་རྒྱུ་དང་རྐྱེན་གྱིས་ན་བ་དང་གནོད་པར་མི་འགྱུར་རོ། །ཞེས་བྱང་ཆུབ་


DKG042_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དེའི་ཚེ་འདི་ལྟར་རྒྱུ་དང་རྐྱེན་མང་པོའི་ཆོས་ལ་སོ་སོར་བརྟགས་ནས་སུ་ཞིག་ནི་དངོས་པོ་འདི་སྦྱིན་པར་བྱེད། དངོས་པོ་འདི་ནི་སུ་ལ་སྦྱིན་པར་བྱེད། དངོས་པོ་གང་ནི་སྦྱིན་པར་བྱེད་ཅེས་དེས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་ན་སྦྱིན་པར་བྱེད་པ་ནི་སུ་ཡིན། ལེན་པར་བྱེད་པ་ཅི་སུ་ཡིན། ཆོས་ནི་གང་ཡིན་ཞེས་ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལྟར་ཡང་དག་པའི་དྲན་པས་ཡིད་ལ་བྱེད་ཅིང་སོ་སོར་རྟོག་པའི་ཚེ་འདི་དང་དེ་ཞེས་བྱ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་དམིགས་པར་ཡང་མི་འགྱུར་ལ་མཐོང་བར་ཡང་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེས་ཆོས་ཐམས་ཅད་མི་དམིགས་ཤིང་མི་མཐོང་བའི་ཕྱིར་ཞེ་སྡང་དང་འཁོན་དུ་འཛིན་པ་ཡང་སྐྱེད་པར་མི་བྱེད་དོ། །གང་པོ་བྱང་ཆུབ་སེམས་དཔའ་པས་གལ་ཏེ་དེ་ལྟར་བསམས་ཀྱང་ཞེ་སྡང་དང་འཁོན་དུ་འཛིན་པའི་བསམ་པ་སྐྱེས་པར་གྱུར་ན། གཞན་ཡང་འདི་ལྟར་ཡང་དག་པའི་དྲན་པས་འདི་སྙམ་དུ་རེག་བྱ་གང་གི་རྒྱུ་དང་རྐྱེན་གྱིས་བདག་གི་ལུས་ལན་པར་བྱེད། རེག་བྱ་དེ་དག་གིས་གང་དུ་རིག་པར་འགྱུར། ལུས་ལ་གནོད་པར་གྱུར་ཏམ། འོན་ཏེ་སེམས་ལ་གནོད་པར་གྱུར། གལ་ཏེ་ལུས་ལ་གནོད་པར་གྱུར་པ་ཡིན་ན་ལུས་ནི་རྩྭ་དང་། ཤིང་དང་། གྱོ་མོ་དང་། རྡོ་དང་། གཟུགས་བརྙེན་ལྟ་བུ་ཡིན་པས་རྟོག་པ་མེད་པ། ཤེས་པ་མེད་པ་ཡིན་ཏེ། བདག་ཀྱང་མ་ཡིན། གཞན་ཡང་མ་ཡིན་ནོ། །གལ་ཏེ་སེམས་ལ་གནོད་པར་གྱུར་པ་ཡིན་ན་སེམས་ནི་ཁ་དོག་དང་གཟུགས་མེད་པ། སྐད་ཅིག་མར་སྐྱེ་ཞིང་འགག་པ། ཐང་ཅིག་ཙམ་ཡང་མི་གནས་པས་བདག་ཀྱང་མ་ཡིན། གཞན་ཡང་མ་ཡིན་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་རྣམ་པར་བརྟགས་ནས་འདི་ནི་སྡུག་བསྔལ་ལོ། །འདི་ནི་བདེ་བའོ་འདི་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ་ཞེས་ཟེར་བར་ཟད་པས་དེང་བདག་གིས་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་རྣམ་པར་བརྟགས་པ་འདི་བསྐྱེད་པར་མི་བྱའོ། །དེང་བདག་གིས་མཉམ་པ་ཉིད་ཀྱི་ཡང་དག་པའི་མཚན་ཉིད་དུ་བལྟས་ནས་འཕགས་པའི་བྱ་བ་རྣམས་བསྒྲུབ་པར་བྱའི། བྱིས་པ་སོ་སོའི་སྐྱེ་བོའི་བྱ་བའི་རྗེས་སུ་འབྲང་བར་མི་བྱའོ། །འཕགས་པའི་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ལས་ཐག་རིང་དུ་གྱུར་ཅིང་རྣམ་པར་གྲོལ་


DKG042_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ཡིན་པའོ། །བདག་ནི་ཐག་བསྲིང་བའི་ཕྱིར་སློབ་པ་ཡིན། མི་ཕྲད་པར་བྱ་བའི་ཕྱིར་སློབ་པ་ཡིན་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་འདི་དག་ནི་ཐམས་ཅད་ཀྱང་ཕྲད་པར་བྱེད་པ་ཡིན་ཏེ། སུ་དང་ཕྲད་པར་བྱེད་པ་ཡིན་ཞེ་ན། འདོད་ཆགས་དང་ཕྲད་པར་བྱེད་པ་ཡིན། ཞེ་སྡང་དང་། གཏི་མུག་དང་ཕྲད་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ཕྲད་པར་བྱེད་པ་ཡིན་ཞེ་ན། ལུས་ལ་རྨོངས་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་ལ་རྨོངས་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་ལུས་ཀྱི་སྡུག་བསྔལ་མྱོང་བའི་ཚེ་གཞན་དག་ལ་མནར་སེམས་སྐྱེད་པ་གང་ཡིན་པ་དེ་ནི་ཞེ་སྡང་དང་ཕྲད་པ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་ལ་རྨོངས་པ་དང་བཅས་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་དང་། ཡིད་དང་མི་མཐུན་པའི་ཕྱིར་གཞན་དག་ལ་མནར་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་གཏི་མུག་དང་ཕྲད་པ་ཞེས་བྱའོ། །གང་དག་འདི་ལྟ་བུའི་དུག་གསུམ་གྱིས་བཅིངས་ནས་འདི་ལྟ་བུའི་ཁ་ན་མ་ཐོ་བའི་ལས་ཀྱི་རྒྱུ་དང་རྐྱེན་སློབ་པར་བྱེད་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོངས་སུ་སྐྱོབ་པར་མི་སྤྱོད་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེང་བདག་གིས་རྒྱུ་དང་རྐྱེན་གྱི་ཆོས་རྣམས་ཤིན་དུ་ལེགས་པར་སོ་སོར་བརྟགས་ནས་ཆོས་སྟོང་པ་ཉིད་དུ་བལྟ་བར་བྱའོ་སྙམ་དུ་བསམ་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་རྗེས་སུ་འཐུན་པར་ཡང་དག་པར་ལྟ་བས་རྒྱུ་དང་རྐྱེན་གྱི་ཆོས་རྣམས་སོ་སོར་རྟོག་པར་བྱེད་པ་ན་ཆོས་འགའ་ཙམ་ཡང་སུས་བྱིན་པའམ། སུས་ལེན་པའམ། དངོས་པོ་གང་ཡིན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེའི་ཚེ་བྱང་ཆུབ་སེམས་དཔའ་གཞན་ཡང་འདི་སྙམ་དུ་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་པ་ཡིན་པས་རང་གཞན་གྱིས་གཟོད་མ་ཉིད་ནས་སྟོང་པ་ཡིན་ཏེ། ངེས་པར་དམིགས་སུ་མེད་པར་སྟོང་པ་ཡིན་ན། བདག་ཅིའི་ཕྱིར་ཡང་དམ་པ་མ་ཡིན་པའི་ཆོས་དམིགས་སུ་མེད་པ་དག་ལ་ལས་མངོན་པར་འདུས་བྱས་ན་ཞེ་སྡང་བསྐྱེད་དེ་འདུ་བྱེད་ཀྱི་རྒྱུ་རྐྱེན་སློང་བར་བྱེད། དེང་བདག་གིས་ཞེ་སྡང་དང་འཁོན་དུ་འཛིན་པ་མེད་པའི་བསམ་པ་བསྐྱེད་ནས་མངོན་པར་


DKG042_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། སྒྲིབ་པ་མེད་པའི་ཆོས་མངོན་པར་བསྒྲུབས་ནས་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་བལྟ་བར་བྱའི། བདག་ཉིད་ཀྱི་སེམས་ཀྱི་རྗེས་སུ་འབྲང་བར་མི་བྱའོ། །དེང་བདག་གིས་མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། སྐྱེ་བ་མེད་པའི་ཆོས་ལ་བལྟ་བར་བྱའི། མངོན་པར་འདུ་བྱ་བ་དང་། འབྱུང་བའི་ཆོས་ལ་གནས་པར་མི་བྱའོ། །བདག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་བསམ་པར་བྱའི། དེང་བདག་གིས་ཡང་དམ་པ་མ་ཡིན་པ་ཡོད་པ་མ་ཡིན་པ་འདི་ནན་གྱིས་ཆོས་སུ་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། ཡང་དག་མ་ཡིན་པའི་པ་ལ་ནན་གྱིས་མངོན་པར་འདུ་བྱེད་པ་ནི་ཞེ་སྡང་དང་འཁོན་ཏུ་འཛིན་པ་དག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ངོ་བོ་ལ་གནས་པ་ལ་ནི་ཞེ་སྡང་དང་འཁོན་དུ་འཛིན་པ་ཡོད་ཀྱི། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་མཐར་སྟོང་པ་ཉིད་ལ་ནི་གནས་པར་བྱ་བའི་ཆོས་ཀྱི་ངོ་བོ་གཟོད་མ་ཉིད་ནས་མེད་པས་གོ་སྙམ་དུ་བསམ་པར་བྱའོ། །བྱང་ཆུབ་སེམས་དཔས་དེ་ལྟར་ཆོས་རྣམས་ཡིད་ལ་བྱས་པར་གྱུར་ན། དེའི་སེམས་རབ་ཏུ་དབེན་པར་གྱུར་བས་ཞེ་སྡང་དང་འཁོན་དུ་འཛིན་པ་སྐྱེ་བར་མི་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་དེ་འགྲོའམ། འགྲེང་ངམ། འདུག་གམ། ཉལ་ལམ། གཉིད་ལོག་གམ། སད་པའི་ཚེ་ཡང་རུང་སྟེ། འགའ་ཞིག་འོངས་ནས་སྤོས་དྲི་ཞིམ་པའམ། སྤོས་ཀྱི་ཕྱེ་མའམ། བྱུག་སྤོས་སམ། མེ་ཏོག་མཆོག་དམ་པ་ལུས་ལ་གཏོར་རམ། ཡང་ན་སྤོས་དང་། མེ་ཏོག་མཆོག་དམ་པ་དང་། སེ་མོ་དོ་དང་། མེ་ཏོག་ཙམ་པ་ཀའི་ཕྲེང་བ་དང་། མེ་ཏོག་མང་པོའི་ཕྲེང་བདག་གིས་ལུས་ལ་གཡོགས་པར་གྱུར་ཏམ། ཡང་ན་གོས་མཆོག་དམ་པ་ཤིན་དུ་ཕྲ་ཞིང་འཛམ་པ་འདི་ལྟ་སྟེ། ཀ་ཤི་ཀའམ། ཀུ་ཤ་ཀའམ། ཀུ་མ་པའམ། ཀུ་ཤ་ཡ་ཤའམ། ཆུ་མའམ། ཀ་བའམ། དེ་དག་ལ་སོགས་པ་གོས་ཕྲ་ཞིང་འཇམ་པ་དག་གིས་ལུས་ལ་གཡོགས་པར་གྱུར་ཏམ། ཡང་ན་ངར་གྱི་ལྡ་ལྡི་མཆོད་དམ་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་བདག་ཉིད་ཀྱི་སྟེང་དུ་བྲེས་པར་གྱུར་ཏམ། ཡང་ལྷའི་མེ་ཏོག་དང་། སྤོས་དང་། གོས་


DKG042_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམ་པ་དང་། རིན་པོ་ཆེའི་ཕྲེང་བ་དག་གིས་ལུས་གཡོགས་པར་གྱུར་ཏམ། ཡང་ན་ལྷའི་ཁ་ཟས་མཆོག་དམ་པ་བདུད་རྩིའི་རོ་དང་ལྡན་པ་དག་ཁྱེར་ཏེ་འོངས་ནས་བྱིན་པར་གྱུར་ན། བྱང་ཆུབ་སེམས་པས་མཆོད་པ་རྣམ་པ་སྣ་ཚོགས་འདི་དག་སྲེད་པའི་ཕྱིར་སེམས་བསྐྱེད་ནས་མངོན་པར་ཞེན་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་དེ་དག་ལ་སེམས་སྙོམས་པར་བྱ་ཞིང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རབ་ཏུ་རྟོགས་པར་བྱས་ནས་འདི་སྙམ་དུ་བདག་གིས་སེམས་ཅན་རྣམས་ལ་ཁོང་ཁྲོ་བར་ཡང་མི་བྱ། རྗེས་སུ་ཆགས་པར་ཡང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་སྡང་གི་དངོས་པོ་གཉིས་ག་ཡང་ཉོན་མོངས་པ་ཡིན་པས་སོ། །དེང་བདག་དེ་དག་ལ་སྲེད་པ་མི་བསྐྱེད་པར་ཆོས་རྣམས་ཀྱི་ཡང་དག་པ་ཉིད་ལེགས་པར་རྟོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ཀྱི་ནང་ན་སྲེད་པའི་རྐྱེན་གྱིས་ཕྲད་པར་གྱུར་པ་འདི་མཆོག་ཏུ་ལྕི་བས་སོ། །འདི་ལྟར་ཉོན་མོངས་པ་དེ་ནི་རུས་པ་དང་རྐང་ལག་དག་ཀྱང་ཐལ་ཏེ་འགྲོ་བས་ཀུན་དུ་སྦྱོར་བ་སྐྱེད་པའི་ཆོས་ཀྱི་ནང་ན་སྲེད་པའི་སེམས་ཀྱིས་ནི་ཤིན་དུ་མངོན་པར་ཞེན་པར་བྱེད་དོ། དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་པར་བྱ་བའི་དངོས་པོ་གལ་ཏེ་ཡིད་བཞིན་དུ་ཐོབ་པར་མ་གྱུར་ན་ཞེ་སྡང་སྐྱེ་བར་འགྱུར་བས་སོ། །སྐྱེ་བོ་རྣམས་ནི་རང་གི་ལུས་ལ་འདོད་ཆགས་ཀྱི་སྲེད་པ་བསྐྱེད་པར་བྱེད་པས་དེ་དག་གལ་ཏེ་འགའ་ཞིག་གིས་གནོད་པར་བྱས་པར་གྱུར་ན་ཞེ་སྡང་སྐྱེ་བར་འགྱུར་བས། དེའི་ཕྱིར་ཞེ་སྡང་ནི་སྲེད་པའི་འབྲས་བུ་རྣམ་པར་སྨིན་པ་ཡིན་ལ། མངོན་པར་ཞེན་པ་ནི་གཏི་མུག་གི་འབྲས་བུ་རྣམ་པར་སྨིན་པ་ཡིན་པར་རིག་པར་བྱའོ། །དེང་བདག་ནི་སྲེད་པས་གོས་པའི་སེམས་སྤངས་ནས་ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པར་བྱའོ། །བདག་ནི་འདོད་ཆགས་ཀྱི་ཕྱིར་སློབ་པ་མ་ཡིན། ཞེ་སྡང་གི་ཕྱིར་སློབ་པ་མ་ཡིན། གཏི་མུག་གི་ཕྱིར་སློབ་པ་མ་ཡིན་གྱི། བདག་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་རྒྱ་ཆེར་སློབ་པ་ཡིན་པས་ཆོས་རྣམས་


DKG042_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟས་ནས་ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པ་ཉིད་དུ་སྤྱད་ནས་ལས་དང་རྣམ་པར་སྨིན་པའི་རྒྱུ་རྐྱེན་ལ་བརྟེན་ཏེ་མཆོད་པ་དང་། སྡུག་བསྔལ་གྱི་དངོས་པོ་རྣམས་ཀྱང་སྔོན་གྱི་ལས་ཀྱི་སྤྱོད་པའི་རྐྱེན་ལས་གྱུར་པ་ཡིན་པར་རིག་པར་བྱས་ནས་དེའི་ཕྱིར་རྗེས་སུ་འཐུན་པར་གྱུར་པའི་ཆོས་རྣམས་ལ་ཡང་དགའ་ཞིང་སྲེད་པ་མི་བསྐྱེད། དགེ་བའི་ཆོས་དང་འགལ་བ་ལ་ཡང་ཞེ་སྡང་མི་བསྐྱེད་པར་སེམས་ཡོངས་སུ་སྦྱངས་ཏེ་མནར་སེམས་མེད་པར་བྱས་ནས་འདོད་ཆགས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱ། ཞེ་སྡང་གི་རྗེས་སུ་འབྲང་བར་ཡང་མི་བྱ། གཏི་མུག་གི་རྗེས་སུ་འབྲང་བར་ཡང་མི་བྱ། སྡིག་པའི་ཆོས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་ནི་རྟག་ཏུ་ཤེས་རབ་བསྔགས། །ཚུལ་ཁྲིམས་བསྲུང་བའང་བསྔགས་པ་ཡིན། །བཟོད་པ་བསྒོམ་ལ་བསྔགས་བྱས་ཤིང་། །མང་དུ་ཐོས་པའང་བསྔགས་པ་ཡིན། །ངས་ནི་དགེ་བའི་ཆོས་སྤྱོད་དང་། །བྱམས་སེམས་ཚིག་སྙན་སྒྲ་ལ་བསྔགས། །སེམས་ཅན་ལ་ནི་ཕན་གདགས་ཕྱིར། །ཡོན་ཏན་མང་པོ་ཅི་རིགས་བསྔགས། །ང་ནི་རྟག་ཏུ་འདོད་ལྔ་དང་། ཁོང་ཁྲོ་འཁོན་འཛིན་གཏི་མུག་ཅན། །ཕྲག་དོག་ང་རྒྱལ་གཡོ་སྒྱུ་དང་། ། འཁྲུག་ལོང་སེམས་ཅན་གནོད་བྱེད་དམོད། །ལེ་ལོ་དང་ནི་སྙོམ་ལས་དང་། བཀའ་བློ་མི་བདེ་སྨྲ་དགའ་དང་། བྱས་པ་མི་གཟོ་ལམ་ལོག་ཅན། །ཉེས་པ་ཆུང་ལ་ཆེར་ཁྲོ་དང་། རྙེད་པ་ལ་ནི་གདུ་བ་དང་། བདག་ནི་རྙེད་པར་རབ་དགའ་ཞིང་། །གཞན་གྱི་རྙེད་ལ་མི་དགའ་བ། །འདི་དག་ལ་ནི་ང་མི་བསྔགས། །བློ་ཆུང་རྙེད་པ་བདག་འདོད་ཅིང་། །གཞན་གྱི་རྙེད་ལ་ཕྲག་དོག་ཆེ། །གཞན་གྱི་ཁྱིམ་ལ་སེར་སྣ་བྱེད། །འདི་དག་ལ་ནི་ང་མི་བསྔགས། །རྙེད་པ་དག་ནི་ཚོལ་བའི་ཕྱིར། །སྤྱོད་ལམ་དག་ནི་འཆོས་བྱེད་པ། །འདི་ནི་འཚོ་བ་དག་མིན་པས། །ང་ཡི་ཆོས་ལས་ཤིན་དུ་རིང་། །ལམ་གྱི་བསྒོས་


DKG042_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ལ་ནི། །ཉེས་པ་འདི་དག་ཐམས་ཅད་ཡོད། །འདི་ནི་ངན་འགྲོའི་རྐྱེན་ཡིན་པས། །དངོས་པོ་འགའ་ཡང་བསྔགས་སུ་མེད། །སྡིག་པ་དག་ནི་མ་སྤངས་ན། །འདོད་སྲེད་སེམས་ནི་རབ་ཏུ་མང་། །འདོད་སྲེད་སེམས་ནི་མང་བའི་ཕྱིར། །རྙེད་པ་དག་ལ་གདུ་བར་འགྱུར། །བྱང་ཆུབ་སེམས་དཔའ་འདི་སྙམ་དུ། །བཟོད་བསྒོམ་སེམས་ཅན་ཕན་གདགས་ཤིང་། །ཁེངས་པའི་སེམས་ནི་རབ་བཏུལ་ནས། །མྱུར་དུ་སངས་རྒྱས་བྱ་བར་སེམས། །བདག་གིས་བྱམས་སེམས་རབ་བསྒོམས་ཏེ། །བཟོད་པས་སེམས་ཅན་བརྩེ་བར་བྱ། །ཆོས་རྣམས་སྟོང་ཞིང་རྐྱེན་ལས་བྱུང་། །འབྲེལ་བ་མེད་པར་ཤེས་པར་བྱ། །རྐྱེན་གང་གིས་ནི་ཆོས་རྣམས་ཡོད། །ཆོས་དེ་སེམས་ལས་བྱུང་བ་ཡིན། །མི་བདེན་འདུ་ཤེས་ཁོང་ཁྲོ་མེད། །མཁས་པ་ཐམས་ཅད་སོང་བ་ཡིན། །མི་བདེན་འདུ་ཤེས་ཁམས་གསུམ་བསྐྱེད། །ལུས་ཀྱི་རྒྱུན་ནི་འཆད་མི་འགྱུར། །མི་བདེན་འདུ་ཤེ་མི་རྟོག་ན། །ཉེས་དམིགས་འདི་དག་ཡོད་མི་འགྱུར། །རྟག་ཏུ་ཆོས་རྣམས་སེམས་པ་ན། །རྐྱེན་ལས་བྱུང་བར་རབ་ཏུ་ཤེས། །རྟག་ཏུ་ཆོས་རྣམས་སྟོང་ལྟ་བས། །ཐམས་ཅད་ཡོངས་སུ་བཟློག་པར་ནུས། །ཁྲིམས་སྤངས་སེམས་ཅན་སྡུག་བསྔལ་བ། །ང་རྒྱལ་དག་གིས་སྨྲས་པ་ལ། །སྡུག་བསྔལ་ཉེར་ཞི་ཆོས་སྟོན་པས། །ཕན་པ་མང་པོ་རབ་ཏུ་བྱེད། །གང་ཞིག་ཤར་ནུབ་ལྷོ་བྱང་དང་། །ཕྱོགས་མཚམས་བཞི་པོ་དག་ནས་ནི། །མི་གཙང་དུག་གི་བུམ་ཐོགས་ནས། །མགོ་ཡི་སྟེང་དུ་བླུགས་གྱུར་ན། །སུས་བྱིན་སུས་ནི་ལེན་བྱེད་ཅེས། །བདག་ནི་ཁོང་ཁྲོ་ཡོང་མི་སྐྱེད། །ཆོས་གང་ཞིག་ནི་བདག་ཡིན་ཞེས། །བརྟགས་ནས་བརྩོན་འགྲུས་རྩོམ་པར་བྱེད། །ཉེས་པ་ཅི་ཡོད་གནོད་བྱས་ཤེས། །ངན་སེམས་གཞན་ལ་ལྟ་མི་བྱེད། །ཤིན་དུ་བརྟན་པའི་བཟོད་བསྐྱེད་ནས། །བྱམས་སེམས་དེ་ལ་ཕན་འདོགས་བྱེད། །སྔོན་གྱི་ལས་ལས་གྱུར་ཤེས་པས། །རྣམ་སྨིན་འདི་མོད་སྙམ་དུ་སེམས། །དང་དུ་བླངས་ཏེ་བཟོད་བྱེད་པས། །བྱང་ཆུབ་ལམ་ལ་གནས་པར་བྱེད། །དམོད་དང་སྡུག་བསྔལ་དངོས་པོ་འདི། །གཞན་གྱིས་བྱས་པ་མ་ཡིན་གྱི། །འདི་ནི་ངེས་པར་ལས་ཀྱི་རྐྱེན། །ཡུན་རིང་ལོན་ཀྱང་


DKG042_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་མི་ཟ། །སེམས་ཅན་འཇིག་རྟེན་གནས་པ་དག །རྟག་ཏུ་དགེ་སྡིག་ལས་སློང་བས། །དེང་བདག་སྡུག་བསྔལ་འདི་མྱོང་ཡང་། །ལས་རྐྱེན་ཡིན་པར་རབ་ཏུ་ཤེས། །གལ་ཏེ་ངན་པའི་ལས་བྱས་ན། །ཕྱིས་ཀྱང་སྡུག་བསྔལ་མྱོང་འགྱུར་ན། །ཅིའི་ཕྱིར་དངོས་པོ་ངན་པ་ཡིས། །དེ་དག་ལ་ནི་གནོད་བྱ་སྙམ། །བླ་ན་མེད་པའི་ཆོས་གཉེར་ནས། །གཞན་དག་ལ་ནི་སྟོན་བྱེད་པས། །སེམས་ཅན་སྡུག་བསྔལ་ཇི་སྙེད་པ། །ཐམས་ཅད་ལས་ནི་ཐར་པར་བྱེད། །གལ་ཏེ་འགའ་ཞིག་མེ་ཏོག་སྤོས། །ཕྲེང་བ་བདག་གིས་བདག་མཆོད་ཀྱང་། །རྗེས་སུ་ཆགས་པ་མི་སྐྱེད་པར། །མཉམ་པར་བསྒོམ་པ་བསྒྲུབ་བྱ་སྙམ། །བྱམས་སྡང་དག་ནི་ལམ་མིན་པས། །རྟག་ཏུ་བཏང་སྙོམས་སྤྱོད་པར་བྱེད། །སུས་བྱིན་སུས་ནི་ལེན་བྱེད་ཅེས། །ཆོས་རྣམས་ཡང་དག་རྟོག་པར་བྱེད། །སྟོང་པས་བྱིན་ཞིང་སྟོང་ལེན་ན། །ཕྱི་ནང་གཉིས་སྟོང་པས་ན། །སྟོང་ལ་བྱིན་དང་ལེན་མེད་པས། །ཐམས་ཅད་ཀུན་ལ་བདག་མེད་དོ། །སྟོང་ལ་འདོད་ཆགས་བྲལ་བ་མེད། །སྟོང་ལ་ཀུན་ནས་ཉོན་མོངས་མེད། །རྣམ་པར་བྱང་བའང་མེད་པས་ན། །དྲི་བྲལ་རྣམ་དག་སྟོང་པ་ཡིན། །སྟོང་ལ་རྣམ་པར་རྟོག་པ་མེད། །སྟོང་ལ་ངོ་བོ་ཉིད་རྣམས་མེད། །སྟོང་ནི་རྟག་སྟོང་མཚན་མ་མེད། །དེ་ནི་རྣམ་དག་ལ་མ་ཡིན་ནོ། །གལ་ཏེ་འགའ་ཞིག་འོངས་གྱུར་ནས། །ལུས་ནི་དུམ་བུར་བཅད་གྱུར་ཀྱང་། །ལས་ཀྱི་རྐྱེན་ལས་བྱུང་རིག་པས། །དེ་ལ་ཞེ་སྡང་ཡོང་མི་སྐྱེད། །སེམས་ཅན་དགེ་སྡིག་སློང་བས་ན། །ལས་བཞིན་རང་ཉིད་འབྲས་བུ་ལེན། །བདག་ཀྱང་ངེས་པར་སྔ་མའི་སྡིག །སྡུག་བསྔལ་རྣམ་སྨིན་འདི་མྱོང་སྙམ། །སྡིག་པའི་རྣམ་སྨིན་འདི་མྱོང་ཡང་། །ལུས་བརྟགས་གཟུགས་བརྙན་ཆུ་བུར་དང་། །སྒྱུ་མ་སྤྲུལ་པ་སྨིག་རྒྱུ་དང་། །སྟོང་ཞིང་མེད་པས་མཐར་ཡང་སྟོང་། །ཁ་ཅིག་ལུས་ཀྱི་ཡན་ལག་གཅོད། །ཁ་ཅིག་དྲིན་ནི་དྲན་གྱུར་ནས། །མཆོད་པ་དག་ནི་བྱས་གྱུར་ཀྱང་། །དགའ་དང་མི་དགའ་ཡོང་མི་བྱེད། །རྙེད་པ་ཐོབ་ཀྱང་དགའ་བ་མེད། །ཁ་ངན་བྱས་ཀྱང་ཁོང་མི་ཁྲོ། །འདི་གཉིས་སྒྲིབ་པ་ཡིན་པས་ན། །སངས་རྒྱས་ཡང་དག་ལམ་མིན་སེམས། །འདོད་ཆགས་ཞེ་སྡང་གཏི་མུག་སེམས། །དེ་དག་ཐམས་ཅད་


DKG042_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་པར་བྱེད། །རྟག་ཏུ་སྟོང་དབེན་བསྒོམས་པས་ན། །སྒྲིབ་པ་རྣམས་ནི་སྤོང་པར་བྱེད། །བཟོད་པ་སྟོབས་བཅུའི་གཞི་ཡིན་ཏེ། །སངས་རྒྱས་རྣམས་ནི་རྫུ་འཕྲུལ་གནས། །ཐོགས་མེད་ཡེ་ཤེས་སྙིང་རྗེ་ཡི། །རྩ་བ་དག་ནི་བཟོད་པ་ཡིན། །བདེན་བཞི་དྲན་དང་ཡང་དག་སྤོང་། །དབང་སྟོབས་བྱང་ཆུབ་ལམ་ཡན་ལག། །ཐམས་ཅད་བཟོད་པས་གཞི་བྱེད་པས། །མཁས་པ་གང་ཞིག་བཟོད་མི་སྒོམ། །ངས་ཀྱང་བཱ་ན་ཎཱ་སིར་ནི། །བླ་མེད་འཁོར་ལོ་བསྐོར་བ་ཡང་། །བཟོད་པ་དག་གིས་གཞི་བྱས་པས། །སངས་རྒྱས་རྟག་ཏུ་བཟོད་པ་བསྔགས། །ཁྱེད་ཀྱང་སྟོང་བཟོད་བླ་མེད་གཞི། །ཡོངས་སུ་སྒོམ་པར་བྱེད་ན་ནི། །ཆོས་ཀྱི་ཆོས་ཉིད་དེ་ཡིན་པས། །སངས་རྒྱས་ཡོན་ཏན་ཐོབ་པར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འདོད་པ་ལྔ་པོ་དག་སྤངས་ནས་རྟག་པར་རབ་ཏུ་འབྱུང་བར་མོས་པས་སེམས་ཀྱིས་རབ་ཏུ་འབྱུང་བའི་རྗེས་སུ་འབྲང་བར་བྱེད། རབ་ཏུ་འབྱུང་བ་ལ་གཞོལ་བར་བྱེད་པས་འདོད་པ་ལྔ་པོ་དག་ལ་མངོན་པར་ཞེན་པར་མི་བྱེད་དོ། །རབ་ཏུ་བྱུང་ནས་ཀྱང་འདུ་འཛིན་རྣམས་སྤངས་ནས་ཤིན་ཏུ་ཐག་རིང་བའི་རི་དང་ནགས་ཚལ་དབེན་པ་དག་ཏུ་གནས་ཤིང་དགེ་བའི་ཆོས་ཆུད་མི་ཟ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། རབ་ཏུ་བྱུང་ལ་རྟག་མོས་པས། །རྟག་ཏུ་རབ་ཏུ་འབྱུང་བར་འགྱུར། །རི་དང་ནགས་ཚལ་གནས་མོས་པས། །ཡོན་ཏན་འབྱུང་གནས་འཕེལ་བར་བྱེད། །དབེན་པར་གནས་ལ་རྟེན་བྱེད་པས། །འདོད་ལྔའི་ཆགས་པ་ཡོངས་སུ་སྤོང་། །དེ་ན་འདུ་འཛི་མེད་པས་ན། །དགེ་ཆོས་རྐྱེན་ནི་ཉམས་མི་འགྱུར། །ཕན་ཚུན་འདུལ་ཞིང་གཏམ་འདྲི་དང་། །ཚིག་གིས་སྨྲ་བར་མི་བྱེད་པས། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་པར་དགོན་པ་བསྟེན་བྱ་ཞིང་། །གྲོང་ཁྱེར་ལ་ནི་ཆགས་མི་བྱ། །བསྟན་ན་རྙེད་སེམས་སྐྱེ་བར་འགྱུར། །རྙེད་པ་ཐོབ་ན་རབ་ཏུ་དགའ། །སྟོང་པར་གྱུར་ན་མྱ་ངན་སྐྱེ། །


DKG042_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་སངས་རྒྱས་མཆོད་བྱས་ཀྱང་། །མཆོད་པ་བྱས་ཞེས་མི་བརྗོད་དོ། །དེ་འདྲའི་ཉེས་དམིགས་སྤོང་འདོད་ན། །རྙེད་པ་རྣམས་ནི་སྤང་བར་བྱ། །སྤངས་ནས་གནས་དབེན་རབ་གནས་ནས། །སྟོང་པའི་ཆོས་ནི་བསྒོམ་པར་བྱ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་རྟག་པར་ཆོས་གཉེར་བ་ཡོངས་སུ་སློབ་པར་བྱེད་པས་ཡོངས་སུ་གཉེར་ནས་ཀྱང་ཀློག་ཅིང་ཁ་ཏོན་དུ་བཏོན་ནས་འདི་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། སྦྱངས་པའི་ཡོན་ཏན་ཤིང་དུ་ཕྲ་བའི་ཆོས་ཡོངས་སུ་ཚོལ་བར་བྱེད་ཀྱི། །འདོད་པ་མེད་པ་དང་། ཆོས་མི་ཤེས་པའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །འདོད་ཆགས་ཉེ་བར་ཞི་བ་ཡོངས་སུ་ཚོལ་བར་བྱེད་ཀྱི། །འདོད་ཆགས་རྒྱས་པར་མི་བྱེད་དོ། །ཞེ་སྡང་གཞོམ་པ་ཡོངས་སུ་ཚོལ་བར་བྱེད་ཀྱི། །ཞེ་སྡང་འཕེལ་བར་མི་བྱེད་དོ། །གཏི་མུག་གཅོད་པ་ཡོངས་སུ་ཚོལ་བར་བྱེད་ཀྱི། །གཏི་མུག་སྐྱེད་པར་མི་བྱེད་དོ། །ཁེངས་པའི་གཞིལ་བ་ཡོངས་སུ་ཚོལ་བར་བྱེད་ཀྱི། །ཁེངས་པ་སྤོང་བ་ཡོངས་སུ་ཚོལ་བར་མི་བྱེད་དོ། །ང་རྒྱལ་གཞོམ་པ་ཡོངས་སུ་ཚོལ་བར་བྱེད་ཀྱི། །ང་རྒྱལ་འཕེལ་བ་ཡོངས་སུ་ཚོལ་བར་མི་བྱེད་དོ། །བདག་དང་བདག་གིར་འཛིན་པའི་ཆོས་སྤོང་བ་ཡོངས་སུ་ཚོལ་བར་བྱེད་ཀྱི། །བདག་དང་བདག་གིར་འཛིན་པའི་ཆོས་འཕེལ་བར་བྱེད་པ་ཡོངས་སུ་ཚོལ་བར་མི་བྱེད་དོ། །བདག་མེད་པའི་ཆོས་ཡོངས་སུ་ཚོལ་བར་བྱེད་ཀྱི། །བདག་དང་། གང་ཟག་དང་། སེམས་ཅན་དང་། སྲོག་ལ་གནས་པའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །རྟག་པར་ཤེས་རབ་ཆེན་པོ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་བྱེད་ཀྱི། །ཤེས་རབ་ཆེན་པོ་ཉམས་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །རྟག་པར་མཚུངས་པ་མེད་པའི་ཤེས་རབ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་བྱེད་ཀྱི། །ཤེས་རབ་རྒྱ་ཆུང་ངུ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བའི་ཆོས་རྣམས་ཡོངས་སུ་ཚོལ་བར་བྱེད་ཀྱི། ཡོན་ཏན་རྣམས་ཕུན་སུམ་ཚོགས་པར་མི་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །དེ་ལྟར་ཆོས་ཡོངས་སུ་བཙལ་ནས་ཀྱང་ཀློག་པར་བྱེད། ཁ་ཏོན་དུ་འདོན་པར་བྱེད། ཚུལ་བཞིན་དུ་ཡང་དག་


DKG042_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡིད་ལ་བྱེད། ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་ཡིད་ལ་བྱེད། སྒྲུབ་པར་བྱེད། གཞན་དག་ལ་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ཀྱང་འཇིག་རྟེན་པའི་སྤྱོད་ཁེ་ཡང་ཡོངས་སུ་ཚོལ་བར་མི་བྱེད་ལ། ཐ་ན་ལེགས་སོ་ཞེས་བྱ་བའི་བསྔགས་པ་བརྗོད་པ་ཙམ་ཡང་ཡོངས་སུ་ཚོལ་བར་མི་བྱེད་པས་སེམས་ཅན་མང་པོ་ཆོས་དེ་ལ་འགོད་པར་བྱེད་དེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། །བྱང་ཆུབ་སེམས་དཔའ་རབ་བྱུང་ནི། །ཚུལ་ཁྲིམས་སྦྱངས་པ་དག་ལ་མོས། །དེས་ན་ཤེས་རབ་ཡོངས་འཕེལ་ནས། །ཡེ་ཤེས་ཆར་ནི་འབེབས་པར་བྱེད། །རྣམ་དག་ཆོས་ཟབ་དེ་ཐོས་ནས། །ཡང་དག་དྲན་པས་དོན་སེམས་བྱེད། །ཇི་སྐད་བསྟན་པ་བཞིན་དུ་ནི། །དེ་བཞིན་ཡང་དག་སྒྲུབ་པར་བྱེད། །རྟག་ཏུ་རྣམ་དག་སེམས་ཀྱིས་ནི། །གཞན་ལ་རྒྱ་ཆེར་རབ་བསྟན་ནས། །སེམས་ཅན་མང་ལ་ཕན་འདོགས་ཀྱང་། །སེམས་ལ་དེ་བ་ཅུང་ཟད་མེད། །ཡོན་ཏན་རྣམས་ཀྱི་ངོ་རྙེད་ནས། །བདག་ཉིད་ཆོས་དེ་རབ་གནས་ཤིང་། །གཞན་ཡང་དེ་ལ་འགོད་བྱེད་པས། །དེ་ཕྱིར་སངས་རྒྱས་ཆོས་འཕེལ་འགྱུར། །བསྐལ་པ་ཚད་མེད་རྣམས་སུ་ནི། །ཡོན་ཏན་མང་པོ་ཅི་བསགས་པ། །ཐམས་ཅད་མངོན་དུ་གྱུར་ནས་ནི། །བྱང་ཆུབ་ལམ་དུ་སྲུང་འཇུག་འགྱུར། །དེ་ཕྱིར་སངས་རྒྱས་བསྔགས་པ་ཡི། །ཆོས་ཟབ་དག་ནི་ཡོངས་བཙལ་ནས། །རྟག་པར་སེམས་ཅན་བསྟན་པར་བྱ། །ཡོན་ཏན་རྣམས་ནི་དེ་ལས་སྐྱེ། །གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་སྦྱངས་པའི་ཆོས་ལ་རབ་ཏུ་གནས་པར་གྱུར་ན་དགེ་བའི་རྩ་བ་ཐམས་ཅད་ཕུན་སུམ་ཚོགས་པའི་བསོད་ནམས་དང་ལྡན་པར་འགྱུར་རོ། །གང་པོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ། ཚད་མེད་ཅིང་མཐའ་ཡས་པ། བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ་བྱུང་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་


DKG042_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མེ་དོ་གན་དྷ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་སྐུ་ཚེའི་ཚད་ནི་ལོ་དྲུག་ཅུ་ཐོབ་པར་འགྱུར་ཏོ། །འདུས་པ་རེ་རེ་ལ་ཆོས་བསྟན་པའི་ཚེ་ཉན་ཐོས་བྱེ་བ་ཕྲག་བརྒྱད་བཅུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ལོ་ལྔ་རྒྱ་བར་དུ་གནས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཞག་བདུན་ཚུན་ཆད་ཉན་ཐོས་ཆེན་པོ་ཇི་སྙེད་པ་ཕལ་ཆེར་དེ་བཞིན་གཤེགས་པའི་རྗེས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །གང་པོ་དེ་བཞིན་གཤེགས་པ་དེ་གང་ཇི་ལྟ་བ་བཞིན་དུ་སྙིགས་མ་ལྔའི་དུས་ཀྱི་ཚེ་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། །ཉན་ཐོས་ཆེན་པོ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་དུ་དེའི་ཚེ་སྐྱེ་བོ་རྣམས་ཕལ་ཆེར་འདི་སྙམ་དུ་དགེ་སྦྱོང་གི་ཆོས་ནི་རབ་ཏུ་བདེ་ཞིང་སྐྱིད་པ་ཡིན་ན་བདག་ཅག་ཅིའི་ཕྱིར་སོ་སོ་ནས་རབ་ཏུ་མི་འབྱུང་སྙམ་དུ་བསམས་ནས། སོ་སོ་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ངུར་སྨྲིག་བགོས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་དངོས་པོ་གསུམ་པོ་རྟག་པར་ཁྱིམ་པའི་ཁྱིམ་དུ་འགྲོ་ཞིང་འདུ་བར་བྱེད་པ་དང་། རྙེད་པ་ལ་མངོན་པར་ཞེན་ནས་བདག་ཉིད་འཚོ་བར་བྱེད་པ་དང་། བདག་ཉིད་ཉམ་འཚག་འཚོ་བ་འབའ་ཞིག་ཞིག་ཏུ་སྦྱོར་ཞིང་བསོད་ནམས་དང་ཡེ་ཤེས་དང་མི་ལྡན་པ་འབའ་ཞིག་སྤྱོད་པར་གྱུར་པས་དངོས་པོ་གསུམ་པོ་འདི་འབའ་ཞིག་སྤྱོད་པར་བྱེད་ཀྱི་ལས་གཞན་ནི་མངོན་པར་སྒྲུབ་པར་གྱུར་ཏོ། །ལོ་བརྒྱ་འདས་པའི་འོག་ཏུ་ཉན་ཐོས་ཆེན་པོ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ཏེ་མ་ལུས་པར་གྱུར་པས་དགེ་སློང་མང་པོ་དེ་དག་ཁྱིམ་པ་རྣམས་དང་འཐུན་པར་བྱེད་ཅིང་སངས་རྒྱས་ཀྱི་མདོ་སྡེ་ཟབ་མོ་རྣམས་དང་། ཚུལ་ཁྲིམས་སྲུང་བ་དང་། སྦྱངས་པའི་ཡོན་ཏན་སྤྱོད་ལམ་ཞིབ་མོ་གྱ་ནོམ་པའི་ཆོས་རྣམས་ནི་ཕལ་ཆེར་སྤངས་ནས་སུ་ཡང་ཀློག་ཅིང་འདོན་པ་མེད་པར་གྱུར་ཏོ། །གང་པོ་དེའི་ཚེ་དགེ་སློང་རྣམས་འདོད་པ་མང་པོ་དག་ལ་སྤྱོད་པར་


DKG042_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཤིང་བཟའ་བ་དང་བཏུང་བའི་རོ་ལ་ཆགས་པར་གྱུར་པས་དེའི་ཚེ་རྒྱལ་པོའི་བུ་ད་མ་ཤི་རི་ཞེས་བྱ་བ་རྒྱལ་པོ་ཤིན་ཏུ་བྱམས་ཤིང་གཅེས་པར་བྱེད་པ་ཞིག་ཡོད་དེ། དེས་གནས་དབེན་པ་ཞིག་ཏུ་གནས་ནས་འདི་སྙམ་དུ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་ཆོས་ཇི་ལྟ་བུ་ཞིག་བརྙེད་ནས། དེང་དེའི་ཉན་ཐོས་རྣམས་བག་མེད་པར་སྤྱོད་ཅིང་ཁྱིམ་པ་རྣམས་དང་བྱེ་བྲག་མེད་པར་གྱུར་ཅེས་དེ་སྙམ་དུ་སེམས་ཤིང་ཐེ་ཚོམ་དུ་གྱུར་པ་དང་། དེའི་ཚེ་ལྷ་ཞིག་དེའི་ཐང་ཏུ་འོངས་ནས་ལུས་མི་སྣང་བར་བྱས་ཏེ། །འདི་སྐད་དུ་ཀྱེ་རྒྱལ་བུ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་བརྙེས་པའི་ཆོས་ནི་ཤིན་དུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་ངེས་ལྷས་དེ་སྐད་སྨྲས་པ་ཐོས་པ་དང་། འདི་སྐད་དུ་ཀྱེ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་བརྙེས་པའི་ཆོས་ཤིན་དུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པར་གྱུར་བའི་ཆོས་ཀྱི་དངོས་པོ་དེ་ཇི་ལྟ་བུ་ཞིག་ཡིན། ལྷས་སྨྲས་པ། རྒྱལ་བུ་ཆོས་དེ་ནི་གཟུགས་ཀྱང་མེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མེད། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱང་མེད་དང་། འདོད་པ་ལྔ་ཡང་མེད། འདོད་པའི་སེམས་ཀྱང་མེད་དེ། དེ་བཞིན་གཤེགས་པ་མེ་རོ་གན་དྷས་དེ་ལྟ་བུའི་ཆོས་ཤིན་དུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པ་བརྙེས་པ་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ནས་རྒྱལ་པོ་དེས་ལྷ་དེ་ལ་སྨྲས་པ། བདག་གིས་དེ་ལྟ་བུའི་ཆོས་ཐོས་ཤིང་ཁོང་དུ་ཆུད་པར་འགྱུར་ནས་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་རུང་ངམ། ལྷས་སྨྲས་པ། ཀྱེ་རྒྱལ་བུ་ཁྱོད་སེམས་རྩེ་གཅིག་ཏུ་ནན་ཏན་བརྩོན་འགྲུས་བྱོས་ཤིག་དང་ཐོས་པར་དཀའ་བ་མེད་དོ། །གང་པོ་དེའི་ཚེ་རྒྱལ་བུ་དེའང་སྙམ་དུ་ངེས་པར་ལྷས་ཀྱང་བསྐུལ་ཏེ་བདག་ཁོང་དུ་ཆུད་པར་བྱས་པས་བདག་རབ་ཏུ་བྱུང་ནས་ཆོས་ཟབ་མོ་དེ་ཡོངས་སུ་གཉེར་བར་བྱའོ་སྙམ་དུ་བསམས་ནས། ཕ་མ་ག་ལ་བ་དེར་སོང་སྟེ་མགོས་གཏུགས་ཏེ་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་དེང་བདག་ནི་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ལ་རབ་ཏུ་བྱུང་ནས་ལམ་ཡོངས་སུ་གཉེར་བར་འཚལ་ལོ། །


DKG042_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མས་སྨྲས་པ། ཁྱོད་དེང་ངེད་སྤངས་ནས་རབ་ཏུ་བྱུང་བ་དེ་ཅི་དགོས། ད་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ནི་ཁྱིམ་པ་རྣམས་དང་བྱེ་བྲག་ཏུ་གྱུར་པ་ཅི་ཡང་མེད་དོ། །དེ་ནས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། །ད་ལྟར་དགེ་སློང་མང་པོ་རྣམས། །བག་མེད་འདོད་པ་ལྔ་ཡང་སྦྱོང་། །ཞིང་རྨོད་ཉོ་ཚོང་བྱེད་པས་ན། །ཁྱིམ་པ་རྣམས་དང་བྱེ་བྲག་མེད། །དབུལ་པོ་སྡུག་བསྔལ་རབ་མང་ཞིང་། །བདག་ཉིད་གསོ་བར་མི་ནུས་པ། །དེ་འདྲའི་སྐྱེ་བོ་མང་པོ་རྣམས། །ལུས་གོ་སའི་ཕྱིར་ནི་རབ་ཏུ་འབྱུང་། །ཁྱོད་ནི་རྒྱལ་རིགས་ཁྱིམ་དུ་སྐྱེས། །ཕྱུག་ཅིང་འདོད་ལྔའི་བདེ་བ་མྱོང་། །ནོར་དང་རིན་ཆེན་རབ་མང་ན། །རབ་ཏུ་བྱུང་བས་ཅི་ཞིག་བྱ། །དེ་ནས་རྒྱལ་བུ་དམ་ཤི་རིས་ཕམ་ལ་ཚིགས་སུ་བཅད་དེ་སྨྲས་པ། །བདག་ནི་དབང་ཕྱུག་མི་ཚོལ་ཏེ། །གལ་ཏེ་ཐོབ་ཀྱང་སྤོང་བར་བགྱིད། །དེང་བདག་སངས་རྒྱས་ཆོས་ཟབ་དང་། །རྣམ་དག་ཚུལ་ཁྲིམས་འབའ་ཞིག་ཚོལ། །ལྷ་ཞིག་བདག་ནི་གོ་བགྱིས་ཏེ། །རབ་ཏུ་འབྱུང་བར་བསྐུལ་བས་ན། །སངས་རྒྱས་གསུངས་པའི་ཟབ་མོ་ཆོས། །བདག་ནི་རབ་ཏུ་རྟོགས་པར་འཚལ། །ལྷས་སྨྲས་བདག་གིས་ཐོས་པས་ན། །སེམས་ནི་རབ་ཏུ་དགའ་བར་འགྱུར། །སངས་རྒྱས་བསྟན་པ་ནུབ་ཏུ་ཉེ། །བདག་ནི་གྲོགས་བགྱི་བསྲུང་བར་སེམས། །དེ་ནས་ཕ་མས་ཚིགས་སུ་བཅད་དེ་དམ་ཤི་རི་ལ་སྨྲས་པ། །མདོ་སྡེ་ཟབ་མོ་ཟད་ནུབ་པས། །ཁ་དོན་འདོན་པ་ཡོང་མེད་ན། །དེ་རིང་ཁྱོད་ཀྱིས་སུ་ལས་ནི། །སངས་རྒྱས་ཆོས་ཟབ་ཐོས་པར་འགྱུར། །གལ་ཏེ་འཁོར་ནི་བཞི་པོ་ལ། །དོན་ཟབ་འདོན་པ་ཡོད་གྱུར་ན། །དེ་ལས་ཁྱོད་ཀྱིས་སྔར་མཉན་ནས། །དེ་འོག་རབ་ཏུ་འབྱུང་བའི་རིགས། །ད་མ་ཤི་རིས་ཚིགས་སུ་བཅད་དེ་ཕ་མ་ལ་སླར་སྨྲས་པ། དེང་བདག་ནན་ཏན་བརྩོན་འགྲུས་ཀྱིས། །ཚུལ་ཁྲིམས་བསྲུང་ཞིང་སྦྱངས་པ་སྤྱོད། །ཐག་རིང་རི་དང་ནགས་ཚལ་ནས། །སངས་རྒྱས་ཆོས་ཟབ་རྣམ་དག་ཚོལ། །གང་པོ་ད་མ་ཤི་རིས་ཚིགས་སུ་བཅད་པ་འདི་སྨྲས་ནས་མགོ་བོས་ཕྱག་བྱས་ཏེ། རབ་ཏུ་འབྱུང་བར་གསོལ་བ་བཏབ་པ་དང་། ཕ་མ་གཉིས་ཀྱང་ཅང་མི་སྨྲ་བར་གནང་ངོ་། །དེ་ནས་དེ་དགེ་སློང་རྣམས་ཀྱི་ཐང་དུ་སོང་ནས་སྐྲ་དང་ཁ་སྤུ་བྲེགས་


DKG042_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཆོས་གོས་ངུར་སྨིག་བགོས་ནས་རབ་ཏུ་བྱུང་སྟེ། བསླབ་པའི་དངོས་པོ་རྣམས་ཡང་དག་པར་བླངས་ནས་གུས་པའི་སེམས་ཀྱིས་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་རྗེས་སུ་བསྟན་པ་ཇི་ལྟ་བུ་ཞིག་གིས་སློབ་མ་རྣམས་ལ་རྗེས་སུ་བསྟན་པར་མཛད། བདག་གིས་ཐོས་པར་གྱུར་ན་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པར་འཚལ་ལོ་ཞེས་སྨྲས་པ་དང་། གང་པོ་དགེ་སློང་མང་པོ་རྣམས་ཀྱིས་དགེ་སློང་ད་མ་ཤི་རི་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་དེ་བཞིན་གཤེགས་པ་ལས་ཆོས་ཐོས་པ་ནི་མེད་ཀྱི། མཁན་པོ་དང་སློབ་དཔོན་རྣམས་ཀྱི་རྗེས་སུ་སྤྱོད་པར་ཟད་པས་དེང་ཁྱོད་ཀྱང་འདི་ལྟ་བུའི་ཆོས་ལ་སྤྱོད་ཅིག །དེ་ནས་དགེ་སློང་མ་ཤི་རིས་དགེ་སློང་རྣམས་ལ་སྨྲས་པ། ཁྱེད་ནི་གདོན་མི་ཟ་བར་དབུལ་པོ་དམང་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་དེའི་ཕྱིར་དེང་ཁྱོད་གོས་ཟས་འབའ་ཞིག་ལྷུར་ལེན་པས་སྤྱོད་པ་རྣམས་ཁྱིམ་པ་དག་དང་བྱེ་བྲག་ཏུ་གྱུར་པ་ཅི་ཡང་མེད་པས་དེང་ཁྱེད་བདག་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཆོས་ཟབ་མོ་ཡོངས་སུ་དག་པ་བཙལ་བར་བྱའོ། །དེ་ནས་དེའི་ཚེ་དགེ་སློང་མང་པོ་རྣམས་ཀྱིས་ཚིགས་སུ་བཅད་དེ་དགེ་སློང་ད་མ་ཤི་རི་ལ་སྨྲས་པ། བདག་ཅག་གིས་ནི་གང་བསྒྲུབས་པ། །དངོས་པོ་དེ་ནི་ཐོབ་གྱུར་པས། །གོས་ཟས་དག་ནི་འབྱོར་ཅིང་ལྡན། །རྒྱལ་པོས་བཀོལ་བ་ལས་ཀྱང་ཐར། །ཤིན་ཏུ་བདེ་ཞིང་རབ་ཏུ་སྐྱིད། །བརྙས་ཤིང་ང་རྒྱལ་བྱེད་པ་མེད། །ཁྱིམ་པའི་སྡུག་བསྔལ་གང་ཡིན་པ། །དེ་དག་ད་ལྟར་གང་ཡང་མེད། །འདི་ཉིད་མྱ་ངན་འདས་ཡིན་པས། །མཆོག་ཏུ་བདེ་བར་གྱུར་པ་ཡིན། །དངོས་པོ་འདི་ལས་ལྷག་པ་ནི། །བདག་ཅག་ལ་ནི་དགོས་པ་མེད། །ཁྱིམ་པས་རྟག་ཏུ་སྦྱོར་འབུལ་བས། །བདག་ཅག་ཆོས་གོས་ལྷུང་བཟེད་མང་། །སྨན་དང་ནོར་ཟས་ཤིན་ཏུ་མང་། །སྦྱིན་བདག་ཁྱིམ་ཡང་རབ་ཏུ་མང་། །གང་པོ་དེའི་ཚེ་དགེ་སློང་ད་མ་ཤི་རིས་དགེ་སློང་མང་པོ་རྣམས་ཀྱིས་ཚིགས་སུ་བཅད་དེ་དེ་སྐད་སྨྲས་པ་ཐོས་པ་དང་། །སེམས་ལ་རབ་ཏུ་གདུང་བ་སྐྱེས་ནས་མཆི་མ་བླགས་ཏེ་དུས་ནས་གཙུག་ལག་ཁང་གཞག་དག་ཏུ་སོང་སྟེ། ཡང་དངོས་པོ་དེས་དགེ་སློང་མང་པོ་རྣམས་


DKG042_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་བཞིན་གཤེགས་པ་མེ་རོ་ག་ན་དྷས་རྗེས་སུ་བསྟན་པ་ཇི་ལྟ་བ་ཞིག་གིས་སློབ་མ་རྣམས་རྗེས་སུ་བསྟན་པར་མཛད། །བདག་གིས་ཐོས་པར་གྱུར་ན་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པར་འཚལ་ལོ་ཞེས་སྨྲས་པ་དང་། དགེ་སློང་མང་པོ་རྣམས་ཀྱིས་ཀྱང་སྔ་མ་བཞིན་དུ་ལན་བཏབ་པར་གྱུར་ཏོ། །དེ་ནས་དགེ་སློང་ད་མ་ཤི་རིས་དགེ་སློང་མང་པོ་དེ་དག་སྤངས་ནས་གཅིག་དུ་རི་དང་ནགས་ཚལ་དབེན་པར་སོང་ནས་སེམས་རྩེ་གཅིག་ཏུ་ཆོས་ཟབ་མོ་གཉེར་བ་ལ་འདུན་པར་གྱུར་པ་དང་། དེའི་ཚེ་སྔོན་དེ་བཞིན་གཤེགས་པ་མེ་རོ་ག་ན་དྷའི་ཉན་ཐོས་རྣམས་ཀྱི་ནང་ན་ཉན་ཐོས་ཆེན་པོ་ཤིན་དུ་བརྟན་པ་ཞེས་བྱ་བ་རབ་ཏུ་དབེན་པའི་སྤྱོད་པ་མངོན་པར་བསྒྲུབས་པ། གཅིག་པུ་རི་ཕུག་དབེན་པར་གནས་པ། །འདོད་པ་ཉུང་ཞིང་ཆོག་ཤེས་པ། ཡོངས་སུ་སྤོང་བ་ལ་སེམས་མངོན་པར་སྤྲོ་བ། བྱ་བ་བྱས་པ། མངོན་པར་ཤེས་པ་དྲུག་དང་། རིག་པ་གསུམ་དང་ལྡན་པའི་དགྲ་བཅོམ་པ་ཆེན་པོ་ཞིག་བྱུང་བར་འགྱུར་ཏེ། ཇི་ལྟར་ད་ལྟར་ངའི་བསྟན་པ་ལས་འོད་སྲུང་ཆེན་པོ་ཇི་ལྟ་བ་བཞིན་ནོ། །དེའི་ཚེ་དགེ་སློང་ཤིན་དུ་བརྟན་པ་དེས་བདག་ཉིད་གནས་པའི་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བཅད་པ་འདི་དག་ཡི་གེར་བྲིས་པ་གྱུར་ཏེ། འདི་ལྟ་སྟེ། འདོད་པའི་རོ་ནི་མྱངས་པའི་ཕྱིར། །འཁོར་བ་དག་ནི་རྒྱུན་མི་གཅོད། །དགྲ་ནི་གསོས་ནས་དུར་ཁྲོད་འཇུག །དོན་མེད་སྡུག་བསྔལ་མང་པོ་མྱོང་། །ལུས་འདི་མི་གཙང་རོ་དང་འདྲ། །བུ་ག་དགུ་ནས་མི་གཙང་འཛག །སྲིན་བུ་མི་གཙང་མོས་པ་བཞིན། །བླུན་པོ་ལུས་སྲེད་དེ་དང་འདྲ། །ཡང་དག་མ་ཡིན་ཀུན་རྟོག་པ། །དེ་ནི་འདོད་ལྔའི་རྩ་བ་ཡིན། །མཁས་པ་དག་ནི་མི་རྟོག་པས། །འདོད་ལྔ་དག་ནི་འགག་པར་འགྱུར། ། ལོག་རྟོག་ལས་ནི་འདོད་ཆེན་སྐྱེ། །འདོད་ཆེན་ལས་ནི་ཉོན་མོངས་སྐྱེ། །ཡང་དག་དྲན་ན་ཞན་མེད་པས། །ཉོན་མོངས་ལྷག་མའང་ཟད་པར་འགྱུར། །བམ་པ་བཞི་པ། གང་པོ་དགེ་སློང་ཤིན་དུ་བརྟན་པས་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བཅད་པ་བཞི་པོ་འདི་དག་ཡི་གེར་བྲིས་པ་དགེ་སློང་ད་མ་ཤི་རི་རི་ཕུག་དབེན་པར་སོང་བས་ཡུན་རིང་ཞིག་ལོན་ནས་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བཅད་པ་བཞི་པོ་འདི་དག་ཡི་གེར་བྲིས་པ་མཐོང་ནས། ཁ་ཏོན་དུ་བསླབས་ཏེ་


DKG042_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་གང་ཡིན་པ་ཡིད་ལ་བྱས་པ་དང་། རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། དེ་ནས་དེ་བཞིན་གཤེགས་པ་མེ་རོ་གན་དྷ་སྔོན་ཞུགས་ལ་བཞིན་པའི་གནས་སུ་ཕྱིན་ནས་ཕྱག་བྱས་ཏེ། ལན་གསུམ་བསྐོར་བ་བྱས་ནས། སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་འདི་སྐད་ཅེས་བདག་གིས་གནས་འདིར་དེ་བཞིན་གཤེགས་པ་ཡང་མ་མཐོང་ངོ་། །ཆོས་གཞན་ཡང་མ་ཐོས་ཀྱི་བར་དུ་འདི་ལས་མི་ལྡང་ངོ་ཞེས་ཡིད་དམ་བཅས་སོ། །གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་གསུངས་པའི་མདོ་སྡེ་སྒོ་སྟོང་ཕྲག་བརྒྱད་བརྒྱ་པ་ཞེས་བྱ་བ་བརྒྱ་བྱིན་ལྷའི་དབང་པོས་ཁ་ཏོན་དུ་ཤེས་པས་བརྒྱ་བྱིན་ལྷའི་དབང་པོས་དགེ་སློང་ད་མ་ཤི་རིའི་ལྷག་པའི་བསམ་པ་སེམས་ཀྱིས་རྟོགས་ནས་སུམ་བཅུ་རྩ་གསུམ་ལྷའི་གནས་ནས་བབས་ཏེ། དེའི་དྲུང་དུ་ཕྱིན་ནས་དེ་ལ་མདོ་སྡེ་སྒོ་སྟོང་ཕྲག་བརྒྱད་བརྒྱ་པ་དེ་ཡང་དག་པར་བཤད་དོ། །གཞན་ཡང་མང་དུ་ཐོས་པའི་དངོས་གཞིའི་ཚིག་བཞི་དང་། རྣམ་པ་སྣ་ཚོགས་ཀྱི་ཚིག་བདུན་དང་། སྒོའི་ཚིག་བཅུ་བཞི་པ་ཞེས་བྱ་བའི་གཟུངས་ཀྱང་བྱིན་ནོ། །དགེ་སློང་མ་ཤི་རིས་ཐོས་ནས་ཀྱང་ཁ་ཏོན་དུ་བཏོན་ཏེ་ཡོངས་སུ་བཟུང་བས་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ་པར་གྱུར་ནས་དེ་བཞིན་གཤེགས་པ་མེ་རོ་ག་ན་དྷས་གསུངས་པའི་མདོ་སྡེ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ། བྲལ་བའི་རྗེས་སུ་འཐུན་པ། ཟབ་མོ་ཤིན་དུ་གྱ་ནོམ་པའི་མདོ་སྡེ་རྣམས་ཀྱང་རང་གི་ངང་གིས་སེམས་ལ་སྣང་བར་གྱུར་ཏོ། །གཞན་ཡང་དེ་བཞིན་གཤེགས་པ་མེ་རོ་གན་དྷ་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་དང་། བཞུགས་པའི་གནས་དྲི་གཙང་ཁང་དང་། གདན་ཁྲི་དང་། འཁོར་བཞི་པོ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་བཅས་པའི་འཁོར་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །དགེ་སློང་ད་མ་ཤི་རི་ཡང་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ་པར་གྱུར་པས་འདུག་པའི་སྟན་ལས་ལངས་ནས་མཐར་གྱིས་རང་གི་ཡུལ་དུ་སོང་སྟེ་ཕ་མའི་དྲུང་དུ་ཕྱིན་ནས་ཕ་མ་ལ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ། བྲལ་བའི་རྫས་སུ་འཐུན་པ།


DKG042_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ཤིན་དུ་གྱ་ནོམ་པའི་མདོ་སྡེ་རྣམས་ཡང་དག་པར་བཤད་ནས། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཡོན་ཏན་གྱི་བསྔགས་པ་རབ་ཏུ་བརྗོད་པས། གང་པོ་དེའི་ཚེ་དགེ་སློང་ད་མ་ཤི་རིའི་ཕ་མ་དང་། ནང་གི་བཙུན་མོ་དང་། བློན་པོ་ཆེན་པོ་དང་། འཁོར་རྣམས་ཀྱིས་ཆོས་དེ་ཐོས་ནས་ཤིན་དུ་མངོན་པར་ཡིད་ཆེས་པར་གྱུར་པས་གུས་པའི་སེམས་ཀྱིས་དགེ་སློང་ད་མ་ཤི་རི་ལ་འདི་སྐད་ཅེས་སྨྲས་སོ། །བཅུན་པ་བདག་ཅག་ཡོངས་སུ་བསྐྱབ་ཅིང་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ལ་རབ་ཏུ་དབྱུང་དུ་གསོལ། གང་པོ་དེའི་ཚེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་རྒྱལ་པོ་དང་། བཅུན་མོ་རབ་ཏུ་བྱུང་བའི་རྗེས་སུ་དུས་གཅིག་ཏུ་བར་ཏུ་བྱུང་བར་གྱུར་ཏོ། །རབ་ཏུ་བྱུང་ནས་ཐམས་ཅད་ཀྱི་མིང་ད་མ་ཤི་རིའི་ཚོགས་ཀྱི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཏོ། །གང་པོ་དགེ་སློང་ད་མ་ཤི་རིས་དེ་ལྟ་དེ་བཞིན་གཤེགས་པ་མེ་རོ་ག་ན་དྷའི་བསྟན་པ་སླར་རྒྱས་པར་བྱས་ནས་སེམས་ཅན་མང་པོ་བདེ་བ་ལ་ཡང་དག་པར་བཀོད་དོ། །སྔོན་གྱི་ཚེ་རབས་ཀྱི་བྱམས་པ་དང་། སྙིང་རྗེ་ཆེན་པོའི་སེམས་ཀྱིས་དམ་པའི་ཆོས་བསྲུང་བར་སྨོན་ལམ་བཏབ་པའི་ཕྱིར་དེའི་ཚེ་དགེ་སློང་ད་མ་ཤི་རི་ལྗོངས་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས་དེ་བཞིན་གཤེགས་པ་མེ་རོ་ག་ན་དྷ་དང་དེའི་ཉན་ཐོས་ཀྱི་བསྔགས་པ་ཡང་བརྗོད། གཞན་ཡང་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ། བྲལ་བའི་རྗེས་སུ་འཐུན་པ། ཟབ་མོ་ཤིན་དུ་གྱ་ནོམ་པའི་མདོ་སྡེ་རྣམས་ཀྱང་སེམས་ཅན་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་དེའི་ཚེ་དགེ་སློང་ད་མ་ཤི་རི་ཡང་སྐྱེ་བོ་མང་པོ་ཀུན་གྱིས་མཆོད་ཅིང་རིམ་གྲོ་དང་། བཀུར་སྟི་དང་། བླ་མར་བྱས་ཤིང་བསྔགས་པ་བརྗོད་པས་སྙན་པའི་གྲགས་པ་ཡང་ཀུན་དུ་གྲགས་པར་གྱུར་ཏོ། གང་པོ་དགེ་སློང་ད་མ་ཤི་རིས་དེ་ལྟར་སེམས་ཅན་མང་པོའི་དོན་རྒྱ་ཆེར་བྱས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པ་དང་། དེའི་སློབ་མ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལྷན་ཅིག་འདུས་ཏེ། སྤོས་ཀྱི་ཤིང་ཐམས་ཅད་སྤུངས་ནས་མཆོད་པ་བྱས་ཏེ་བསྲེགས་ནས་རིང་བསྲེལ་གྱི་མཆོད་བརྟེན་ཆུ་ཞེང་དུ་


DKG042_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱང་གྲགས་གཉིས་ཡོད་པ་བརྩིགས་ཏེ། མེ་ཏོག་དང་། སྤོས་དང་། བྱུག་པ་དང་། སྤོས་ཀྱི་ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་གུས་པར་མཆོད་ཅིང་རིམ་གྲོ་དང་བླ་མར་བྱས་ནས་བསྔགས་པ་བརྗོད་པར་གྱུར་ཏོ། །གང་པོ་དགེ་སློང་མ་ཤི་རེ་འཆི་ཀའི་དུས་ཀྱི་ཚེ་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སྨོན་ལམ་བཏབ་པ་བཞིན་དུ་རྒྱལ་རིགས་སུ་སྐྱེས་ནས་དྲན་པ་ཐོབ་པར་ཞེས་བར་གྱུར་ཏེ། དེ་བཞིན་གཤེགས་པ་མེ་རོ་ག་ན་དྷ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་སུམ་བརྒྱ་ལོན་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། སྔོན་གྱི་སྨོན་ལམ་དང་ཚེ་རབས་དྲན་པའི་ཤེས་པའི་དབང་གིས་སྒོ་རྣམས་ཀྱི་ཚིག་ཅེས་བྱ་བའི་གཟུངས་ཀྱི་ཚིག་ཀྱང་རང་གི་ངང་གིས་སླར་ཐོབ་པར་གྱུར་ཏོ། །གཟུངས་ཐོབ་པའི་སྟོབས་ཀྱིས་དབང་གིས་སྔོན་མ་ཐོས་པའི་མདོ་སྡེ་རྣམས་སེམས་ཅན་ལ་རྒྱ་ཆེར་ཡང་དག་པར་བསྟན་གྱི་ཚེ་རབས་སྔ་མ་ལ་སྔར་བཤད་པར་གྱུར་པ་དག་ནི་མ་བསྟན་ཏོ། །གང་པོ་འདི་ཚད་མ་ཤི་རིའི་དགེ་སློང་མང་པོ་རྣམས་ལས་གང་ཤེས་རབ་ཟབ་ཅིང་གསལ་ལ་རྣོ་བ་དང་། དགེ་བའི་རྩ་བ་ལྷུན་སྟུག་པ་གང་ཡིན་པ་དེ་དག་ནི་དྲན་པ་ཐོབ་པས་བསྟན་པའི་མདོ་སྡེ་རྣམས་ཐོས་པར་གྱུར་ནས་སེམས་ཀྱིས་རྗེས་སུ་ཡི་རང་ནས་མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་བྱེད་གུས་པས་མཆོད་པ་བྱས་ནས་དགེ་སློང་དྲན་པ་ཐོབ་པ་ལ་ཡང་ཡོངས་སུ་སྲུང་བར་བྱེད་དོ། །དགེ་སློང་དེ་དག་ལས་གང་གཟི་བྱིན་དང་ཡོན་ཏན་མེད་པ་དང་། དབང་པོ་རཏལ་ཞིང་མི་གསལ་བ་དང་། དགེ་བའི་རྩ་བ་ཆུང་བ་དེ་དག་ནི་དགེ་སློང་དྲན་པ་ཐོབ་པས་གསར་དུ་བཤད་པའི་ཆོས་ཐོས་པར་གྱུར་ནས་མངོན་པར་ཡིད་ཆེས་པ་ཡང་མེད། དང་དུ་ལེན་པ་ཡང་མེད་ལ། འགལ་བར་བྱས་ནས་སྐྱོན་འབྱིན་ཅིང་། འདི་སྐད་དུ་འདི་ལྟ་བུའི་མདོ་སྡེ་འདི་དག་ནི་བདག་ཅག་གིས་མཁན་པོ་དང་། སློབ་དཔོན་ལས་ཀྱང་མ་ཐོས། སྔོན་སློབ་དཔོན་ཆེན་པོ་ད་མ་ཤི་རི་ལས་ཀྱང་མ་ཐོས་སོ་ཞེས་ཟེར་རོ། །གང་པོ་དེ་དག་ལས་གང་ཤེས་རབ་ཟབ་ཅིང་ཡང་དག་པའི་དོན་ལ་སྟོན་པ་དེ་དག་ནི་ཚིག་གི་རྗེས་སུ་འབྲང་བར་དོན་ལ་རྟོན་པའི་ཕྱིར་སེམས་ཀྱིས་ཀྱང་འགལ་བར་མི་བྱེད་དོ། །འགལ་བར་མི་བྱེད་པའི་ཕྱིར་དེ་


DKG042_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་མེ་རོ་ག་ན་དྷའི་བསྟན་པ་ལ་ཡང་དག་པར་སྲུང་བར་ཡང་བྱེད་ལ། གུས་པས་དགེ་སློང་དྲན་པ་ཐོབ་པ་ལ་ཡང་སྲུང་བར་བྱེད་དོ། །གང་པོ་དེའི་ཚེ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་ཁྲག་ཁྲིག་བརྒྱད་བཅུ་དགེ་སློང་དྲན་པ་ཐོབ་པས་བསྟན་པའི་མདོ་སྡེའི་རྗེས་སུ་ཞུགས་པར་གྱུར་ཏོ། །གང་པོ་དེའི་ཚེ་ད་མ་ཤི་རིའི་སློབ་མ་འཁོར་རྣམས་ལོགས་ཤིག་ཏུ་སྡེ་གཉིས་སུ་གྱེས་པར་གྱུར་ཏེ། གཅིག་གི་མིང་ནི་ད་མ་ཤི་རིའི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཏོ། །གཅིག་གི་མིང་ནི་དྲན་པ་ཐོབ་པའི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཀྱང་དེའི་ཚེ་དགེ་སློང་དྲན་པ་ཐོབ་པས་བདག་ནི་ད་མ་ཤི་རི་ཡིན་ནོ་ཞེས་ནི་མ་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དགེ་སློང་ད་མ་ཤི་རི་ནི་མང་པོ་ཀུན་གྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་གྱི །བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ་ཞེས་ཟེར་བས་གལ་ཏེ་བདག་ཉིད་ཀྱིས་སྨྲས་པར་གྱུར་ན། མང་པོ་ཀུན་གྱི་ཐེ་ཚོམ་ཟ་བར་གྱུར་པ་དང་། དགེ་སློང་དྲན་པ་ཐོབ་པ་ནི་དེའི་ཚེ་མང་པོ་ཀུན་གྱི་ས་འདི་ནི་སེམས་དཔའ་ཡིན་གྱི །དགྲ་བཅོམ་པ་ནི་མ་ཡིན་ནོ་ཞེས་ཟེར་བས་སོ། །གང་པོ་དགེ་སློང་དྲན་པ་ཐོབ་པས་དེ་ལྟར་རྒྱ་ཆེར་སེམས་ཅན་རྣམས་ལ་ཕན་བཏགས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པར་གྱུར་པ་དང་། དེའི་སློབ་མ་མང་པོ་རྣམས་ཀྱིས་སྤོས་ཀྱི་ཤིང་ཐམས་ཅད་སྤུངས་ནས་མཆོད་པ་བྱས་ཏེ་བསྲེགས་སོ། །འཁོར་བཞི་པོ་རྣམས་འདུས་ནས་སྟོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དེ་ལ་མཆོད་པ་བྱ་བའི་ཕྱིར་རིང་བསྲེལ་གྱི་མཆོད་རྟེན་ཆུ་ཞེང་དུ་རྒྱང་གྲགས་གཅིག་ཡོད་པ་བརྩིགས་ནས་སྤོས་དང་། མེ་ཏོག་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་པ་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་མཆོད་ཅིང་བཀུར་སྟིར་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ། །གང་པོ་དགེ་སློང་དྲན་པ་ཐོབ་པ་འཆི་ཀའི་དུས་ཀྱི་ཚེ་བདག་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སྨོན་ལམ་བཏབ་པ་བཞིན་དུ་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་པར་གྱུར་ཏེ། དེའི་མིང་ནི་ཡ་ཤ་ཞེས་བྱ་བར་གྱུར་ཏོ། །སྔོན་གྱི་སྨོན་ལམ་གྱི་དབང་གིས་སྔོན་གྱི་གནས་


DKG042_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དྲན་པ་ཐོབ་པར་གྱུར་པས་དེ་བཞིན་གཤེགས་པ་མེ་རོ་ག་ན་དྷ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བཞི་བརྒྱ་པའི་བསྟན་པ་ལ་ལོ་བདུན་ལོན་ཏེ་རབ་ཏུ་བྱུང་ནས་གཟུངས་རྣམས་ཐོབ་པར་གྱུར་ཏོ། །གཟུངས་ཐོབ་པའི་མཐུས་སྐྱེ་བོ་མང་པོ་ལ་སྔོན་མ་ཐོས་པའི་མདོ་སྡེ་རྣམས་ཡང་དག་པར་བསྟན་ཏོ། །དེའི་ཚེ་དགེ་སློང་དྲན་པ་ཐོབ་པའི་དགེ་སློང་རྣམས་དང་། ད་མ་ཤི་རིའི་དགེ་སློང་རྣམས་ལས་གང་དགེ་བའི་རྩ་བ་ལྷུན་སྟུག་པ་དེ་དག་ནི་ཡ་ཤས་བསྟན་པའི་ཆོས་རྣམས་ཐོས་ནས་སེམས་རབ་ཏུ་དགའ་ཞིང་ཐམས་ཅད་ཀྱིས་ཆོས་ཀྱི་བདེ་བ་ཐོབ་པར་གྱར་ཏོ། །གང་པོ་དགེ་སློང་མང་པོ་དེ་དག་ཡང་དག་པའི་དོན་ལ་རྟོན་ཅིང་ཚིག་གི་རྗེས་སུ་འབྲང་བར་ཅང་མི་བྱེད་པས་ཕྱིར་དགེ་སློང་དེ་དག་སྔོན་མ་ཐོས་པའི་མདོ་སྡེ་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་ཞིང་ཤིན་དུ་ཟབ་པ། དོན་དམ་པའི་རྗེས་སུ་འཐུན་པ་ཡང་དག་པར་བསྟན་པ་ཐོས་པར་གྱུར་ནས་མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་བྱེད། འགལ་བ་མེད་པར་ཡང་དག་པར་ལེན་ཅིང་ཁ་ཏོན་དུ་འདོན་པར་བྱེད་དེ། ཇི་སྐད་བསྟན་པ་བཞིན་དུ་རྗེས་སུ་བསྒྲུབས་པར་གྱུར་ཏོ། །གང་པོ་དགེ་སློང་དེ་དག་ལས་གང་པོ་དབང་པོ་རཏལ་ཞིང་མི་གསལ་བ་དང་། དགེ་བའི་རྩ་བ་ལྷུན་མི་སྟུག་པ་དེ་དག་ནི་དགེ་སློང་ཡ་ཤ་ལས་སྔོན་མ་ཐོས་པའི་མདོ་སྡེ་དོན་དམ་པའི་རྗེས་སུ་འཐུན་པ། སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་ཞིང་ཤིན་དུ་ཟབ་པ་དག་ཐོས་པར་གྱུར་ནས་མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་ཡང་མི་བྱེད། འགལ་བ་བྱས་ནས་འཇིག་ཅིང་དམོད་པར་བྱེད་དེ། འདི་སྐད་དུ་འདི་ལྟ་བུའི་ཆོས་འདི་ནི་བདག་ཅག་གིས་མཁན་པོ་དང་། སློབ་དཔོན་ལས་ཀྱང་མ་ཐོས། སྔོན་སྟོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དྲན་པ་ཐོབ་པ་ལས་ཀྱང་མ་ཐོས་སོ་ཞེས་ཟེར་རོ། །གང་པོ་དེའི་ཚེ་དགེ་སློང་ཡ་ཤ་ལས་ཆོས་ཐོས་ནས་རབ་ཏུ་དགའ་བ་དང་། སེམས་ཀྱིས་མངོན་པར་ཡིད་ཆེས་ཤིང་དང་དུ་བླངས་པ་དེ་དག་ཐམས་ཅད་ནི་ད་མ་ཤི་རིའི་དགེ་སློང་རྣམས་དང་། དྲན་པ་ཐོབ་པ་ལས་ཀྱང་མ་ཐོས་སོ་ཞེས་ཟེར་རོ། །གང་པོ་དེའི་ཚེ་དགེ་སློང་ཡ་ཤ་ལས་ཆོས་ཐོས་ནས་རབ་ཏུ་དགའ་བ་དང་། སེམས་ཀྱིས་མངོན་པར་ཡིད་ཆེས་ཤིང་དང་དུ་བླངས་པ་དེ་དག་ཐམས་ཅད་ནི་དམ་ཤི་རིའི་དགེ་སློང་རྣམས་དང་། དྲན་པ་ཐོབ་པའི་དགེ་སློང་རྣམས་ཀྱིས་སྡང་ཞིང་ཕྲག་དོག་གིས་དམད་ནས་ལྷན་ཅིག་གནས་སུ་ཡང་མི་སྟེར། ལྷན་ཅིག་ཀློག་པ་དང་། ཁ་ཏོན་འདོན་པ་དང་། ཆོས་བཤད་དུ་རུ་ཡང་མི་སྟེར་ཏེ། སྐུར་བ་བཏབ་


DKG042_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱི་ཆོས་ཀྱང་མ་ཡིན། སྟོན་པ་ཆེན་པོའི་བསྟན་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །གང་པོ་དེའི་ཚེ་དགེ་སློང་ཡང་དེ་བཞིན་གཤེགས་པ་མེ་རོ་ག་ན་དྷའི་བསྟན་པ་རྒྱ་ཆེར་ཡང་དག་པར་སྤེལ་ནས་གྲོང་ཁྱེར་གཅིག་ནས་གྲོང་ཁྱེར་གཅིག་ཏུ་རྒྱུ་ཞིང་སོང་ནས་སེམས་ཅན་རྣམས་ལ་ཆོས་བསྟན་ཅིང་ཕན་པ་མང་པོ་བྱས་པས་སྲོག་ཆགས་ཁྲག་ཁྲིག་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དགེ་སློང་ཡ་ཤས་དེ་ལྟར་ཕན་པ་མང་པོ་བྱས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པ་དང་། དགེ་སློང་ཡ་ཤའི་རྗེས་སུ་ཕྱོགས་པའི་སྐྱེ་བོ་བདུན་ཁྲི་ཡོད་པ་དེ་དག་གིས་དགེ་སློང་ཡ་ཤའི་རིང་བསྲེལ་གྱི་མཆོད་རྟེན་བདུན་ཁྲི་བརྩིགས་ནས་སྤོས་དང་། མེ་ཏོག་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་པ་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོ་སྣ་ཚོགས་ཀྱིས་མཆོད་ཅིང་བཀུར་སྟིར་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱར་ཏོ། །གང་པོ་དགེ་སློང་ཡ་ཤས་འཆི་ཀའི་དུས་ཀྱི་ཚེ་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་འཆི་བའི་དུས་བྱས་པའི་འོག་ཏུ་སྨོན་ལམ་བཏབ་པ་བཞིན་དུ་ཡང་རྒྱལ་རིགས་སུ་སྐྱེས་པར་གྱུར་ཏེ། དེའི་ཆེ་ལྷ་མང་པོ་རྣམས་ཀྱིས་སྒྲ་ཆེན་པོ་ཕྱུང་སྟེ། འདི་སྐད་དུ་དེང་རྒྱལ་པོའི་བུ་བཅས་པ་འདི་ནི་སེམས་ཅན་ལ་ཕན་པ་མང་པོ་བྱེད་པ་ཡིན་ནོ་ཞེས་བསྒྲགས་པས། སྒྲ་དེའི་རྗེས་སུ་མིང་ཡང་རབ་ཏུ་འདྲེན་པ་ཞེས་བཏགས་སོ། །དེ་ལོ་བཅུ་བཞི་ལོན་པ་དང་། དེ་བཞིན་གཤེགས་པ་མེ་རོ་ག་ན་དྷ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་བརྒྱ་པའི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །དགེ་སློང་རབ་ཏུ་འདྲེན་པ་དེ་ཡང་མདོ་སྡེ་དང་། བསྟན་བཅོས་མང་པོ་རྒྱ་ཆེར་ཁ་ཏོན་དུ་འདོན་པ་དང་། མང་དུ་ཐོས་ཤིང་ཟབ་མོ་ལ་འཇུག་པ་དང་། ཚིག་འབྲུ་དང་། སྤོབས་པ་ཡོངས་སུ་དག་པ་དང་། ཆོས་བསྟན་པའི་ཐབས་ལ་རབ་ཏུ་མཁས་པར་གྱུར་ཏོ། །གང་པོ་དགེ་སློང་རབ་ཏུ་འདྲེན་པ་དེ་གྲོང་རྡལ་གཅིག་ཏུ། གྲོང་ཁྱེར་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས། དེ་བཞིན་གཤེགས་པ་མེ་རོ་གནྡ་དྷའི་བསྟན་པ་རྒྱ་ཆེར་སྤེལ་ནས་ཕན་པ་མང་པོ་བྱས་སོ། །


DKG042_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་ད་མ་ཤི་རི་དང་། དྲན་པ་ཐོབ་པ་དང་། ཡ་ཤའི་དགེ་སློང་གི་ཚོགས་རྣམས་གཅིག་ཏུ་འདུས་ནས་རབ་ཏུ་འདྲེན་པའི་ཐང་དུ་འོངས་ཏེ། དེའི་བསྟན་བདག་གཞིག་ཅིང་སྐུར་པ་གདབ་པར་བཤམས་སོ། །དེ་ནས་དེའི་ཚེ་དགེ་སློང་རབ་ཏུ་འདྲེན་པས་དགེ་སློང་མང་པོ་འོངས་པར་རིག་ནས་འདི་སྐད་དུ་ཀྱེ་དགེ་སློང་མང་པོ་ཁྱེད་དངོས་པ་ཅི་ཞིག་གིས་ནི་རྒོལ་བར་སེམས། དངོས་པོ་གང་ཞིག་ནི་འདྲི་བར་སེམས་ཤེས་པ་དང་། དགེ་སློང་མང་པོ་རྣམས་དེ་སྐད་སྨྲས་པ་ཐོས་ནས་མྱ་ངན་གྱིས་ནོན་ཅིང་མི་བདེ་བར་གྱུར་པས་ཅང་མི་ཟེར་བར་གྱུར་ཏེ། དགེ་སློང་རབ་ཏུ་འདྲེན་པ་ལ་བགེགས་བྱ་བར་ཡང་མ་ནུས་སོ། །གང་པོ་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་འཇིག་རྟེན་གནས་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་ཡང་རྒྱས་ཤིང་རབ་ཏུ་འཕེལ་བར་གྱུར་ཏོ། །དེ་ཡོངས་སུ་མྱ་ངན་ལས་འདས་པའི་རྗེས་སུ་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་གྱུར་ཏོ། །དགེ་སློང་རབ་ཏུ་འདྲེན་པ་དེ་མ་འོངས་པའི་དུས་ཐ་མ་ལ་དམ་པའི་ཆོས་ནུབ་ཏུ་ཉེ་བའི་ཚེ་གྲོང་རྡལ་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས་སེམས་ཅན་མང་པོའི་ཆེད་དུ་ཡོངས་སུ་དག་ཅིང་སྟོང་པ་ཉིད་དུ་རྗེས་སུ་འཐུན་པའི་མདོ་སྡེ་ཟབ་མོ་ཡང་དག་པར་བསྟན་པས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་དག་འཆི་བའི་དུས་བྱས་པའི་འོག་ཏུ་ཐམས་ཅད་ཀྱང་མཐོ་རིས་ལྷའི་འཇིག་རྟེན་སྐྱེས་པར་གྱུར་ཏོ། །གང་པོ་དགེ་སློང་རབ་ཏུ་འདྲེན་པས་དེ་ལྟར་ཕན་པ་བྱས་ནས་དེ་གང་ནི་ནུབ་མོ་འཆི་བའི་དུས་བྱས་པ་དེའི་ཕྱིར་དེ་ཉིན་པར་སངས་རྒྱས་ཀྱི་བསྟན་པ་ནུབ་པར་གྱུར་ཏོ། །གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ནུབ་པར་གྱུར་པའི་ཕྱིར་མདོ་སྡེ་ཟབ་མོ་ཡོངས་སུ་དག་ཅིང་སྟོང་པ་ཉིད་དུ་རྗེས་སུ་འཐུན་བའི་ཆོས་རྣམས་ཀྱང་ནུབ་པར་གྱུར་ཏོ། །གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མདོ་སྡེ་ཟབ་མོ་དེ་ལྟ་བུས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་བདག་ཉིད་ཀྱི་དགེ་བའི་རྩ་བ་དང་། བསོད་ནམས་ཀྱང་ཕུན་སུམ་ཚོགས་པར་བྱེད་པ་ཡིན་ནོ། །


DKG042_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གང་པོ་བྱང་ཆུབ་སེམས་དཔའ་རབ་ཏུ་འདྲེན་པ་དེ་འཆི་བའི་དུས་བྱས་པའི་འོག་ཏུ་ཞིང་དེ་ཉིད་ཀྱི་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བཅུ་པར་སྐྱེས་པར་གྱུར་ཏེ། དེའི་ཚེ་ཞིང་དེའི་སངས་རྒྱས་ཀྱི་མཚན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལེགས་པའི་སྤྱན་ཞེས་བྱ་སྟེ། དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་རབས་སྔ་མའི་དགེ་བའི་རྩ་བ་དང་། བསོད་ནམས་ཀྱི་རྒྱུ་དང་རྐྱེན་གྱིས་ཤེས་རབ་ཟབ་ཅིང་གསལ་ལ་རྣོ་བ་དང་སྤོབས་པ་གཏུགས་པ་མེད་ཅིང་མྱུར་ལ་ཐོགས་པ་མེད་པར་གྱུར་ཏོ། །དགེ་སློང་རབ་ཏུ་འདྲེན་པ་དེ་དེ་བཞིན་གཤེགས་པ་ལེགས་པའི་སྤྱན་གྱི་བསྟན་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་དགེ་བའི་ཆོས་རྣམས་མངོན་པར་བསྒྲུབས་ནས་འཆི་བའི་དུས་བྱས་པ་དང་། སླར་ཡང་དེ་ཉིད་དུ་དེ་བཞིན་གཤེགས་པ་རབ་ཏུ་འཕེལ་བའི་དཔུང་པ་ཞེས་བྱ་བ་དང་ཕྲད་པར་གྱུར་ནས་སངས་རྒྱས་དེའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགེ་བའི་རྩ་བ་རྣམས་མངོན་པར་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་གྱུར་ཏོ། །དེ་ནས་འདི་དུས་བྱས་པའི་འོག་ཏུ་སླར་ཡང་དེ་ཉིད་དུ་སྐྱེས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདོན་མི་ཟ་བའི་སྤྱོད་པ་དང་ཕྲད་པར་གྱུར་ཏེ། སངས་རྒྱས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ལོ་བདུན་ཁྲིའི་བར་དུ་ནན་ཏན་བརྩོན་འགྲུས་ཀྱིས་དགེ་བའི་རྩ་བ་མངོན་པར་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་གྱུར་ཏོ། །དེའི་ཚེ་དེའི་མིང་ནི་ཤུལ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་གདོན་མི་ཟ་བའི་སྤྱོད་པ་དེས་འདི་སྐད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་ཤུ་ལ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མི་མངའ་བའི་སྤྱན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་


DKG042_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཟབ་མོ་ཡིན། །རྣམ་དག་ངེས་པའི་ཆོས་ཐོས་ནས། །བདག་ཉིད་དེ་ལ་གནས་བྱེད་ཅིང་། །གཞན་དག་ལ་ཡང་སྟོན་པར་བྱེད། །འཇིག་རྟེན་གཏིང་ནི་མི་དཔོགས་ཀྱང་། །བྱང་ཆུབ་སེམས་དཔའ་བྱིང་མི་འགྱུར། །ཚུལ་ཁྲིམས་རྣམ་དག་རབ་གནས་ནས། །རྒྱ་ཆེར་སེམས་ཅན་ཕན་ཡང་འདོགས། །གླེང་གཞི་དང་ནི་རྟོགས་པར་བརྗོད། །སངས་རྒྱས་ལམ་ཞེས་འཁོར་ལ་སྟོན། །སངས་རྒྱས་ལམ་ཞེས་འཁོར་ལ་སྟོན། །སངས་རྒྱས་རྣམས་ཀྱིས་གསུངས་པས་ན། །འདི་ནི་ངེས་པའི་ཆོས་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཕན་སྤྱོད་པ། །སེམས་ཅན་ལ་ནི་ཕན་ཡང་འདོགས། །སངས་རྒྱས་ཆོས་རྣམས་སྲུང་བྱེད་ཅིང་། །འཁོར་ལ་བྱང་ཆུབ་འདེམས་པར་བྱེད། །སེམས་ཅན་དག་གི་ཆོས་བཞིན་དོན། །བྱང་ཆུབ་སེམས་དཔས་ཐམས་ཅད་བྱེད། །འཁོར་ལ་སངས་རྒྱས་ལམ་སྟོན་པས། །བྱང་ཆུབ་སེམས་ནི་ཉེ་བར་འགྱུར། །སངས་རྒྱས་ལམ་ནི་སྲུང་བྱེད་ཅིང་། །སེམས་ཅན་རྒྱ་ཆེར་ཕན་འདོགས་པས། །ལྷ་དང་ཀླུ་དང་འདྲེ་སྲིན་དང་། གང་ཟག་ཆེན་པོས་བཀུར་བར་འགྱུར། །དེ་ཕྱིར་རྣམ་པར་དག་པ་ཡི། །སྟོང་ཟབ་གྱ་ནོམ་ཆོས་ཐོས་ནས། །རྩེ་གཅིག་སེམས་ཤིང་གཉེར་བྱེད་ན། །ཤེས་རབ་དག་ནི་འཕེལ་བར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྤྱོད་པ་རྣམས་ཕུན་སུམ་ཚོགས་པར་བྱེད་དེ། །སྤྱོད་པ་རྣམས་ཕུན་སུམ་ཚོགས་པར་གྱུར་བའི་ཕྱིར་དགེ་བའི་རྩ་བ་དང་། །བསོད་ནམས་ཕུན་སུམ་ཚོགས་པར་བྱེད་པར་འགྱུར་རོ། །དེ་ལ་སྤྱོད་པ་གང་ཞེ་ན། གང་པོ་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྦྱིན་པ་ཡོངས་སུ་གཏོང་བར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། །བཟོད་པ་སྒོམ་པར་བྱེད། །བརྩོན་འགྲུས་རྩོམ་པར་བྱེད། །བསམ་གཏན་ལ་མཉམ་པར་འཇོག་པར་བྱེད། །ཤེས་རབ་དང་ཐབས་མཁས་པ་སྒོམ་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་ལས་མདོ་སྡེ་དེ་ལྟ་བུ་དག་རྗེས་སུ་བསྟན་པའི་ཐབས་མཁས་པ་འཐོབ་པར་འགྱུར་བ། སངས་རྒྱས་དང་། ཉན་ཐོས་དང་། ལྷག་པའི་བསམ་པས་བྱང་ཆུབ་དོན་དུ་གཉེར་བར་བྱེད་


DKG042_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་ནི་བྱང་ཆུབ་སེམས་དཔའ་རྣམས། །སྤྱད་པར་བྱ་བའི་ཆོས་དག་ནི། །སྦྱིན་པ་བཏང་ནས་རབ་དགའ་ཞིང་། འགྱོད་པ་མེད་པ་ཡིན་ཞེས་བཤད། །དེ་ལ་དགའ་བ་གང་ཞེ་ན། །དགའ་བས་ལུས་ཀུན་ཁྱབ་པ་ཡིན། །རྟག་ཏུ་དགའ་སེམས་འདི་ཡིས་ནི། །བྱང་ཆུབ་ལམ་ནི་སྤྱད་པར་བྱ། །བྱང་ཆུབ་སེམས་དཔའ་སྦྱིན་བཏང་ནས། །བྱང་ཆུབ་དུ་ནི་སྔོ་བྱེད་ཅིང་། །སེམས་ཅན་རྣམས་ལ་ཕན་འདོགས་ན། །རང་དོན་དཔག་མེད་ཐོབ་པར་འགྱུར། །སློབ་པ་དག་ནི་མཐོང་གྱུར་ན། །སངས་རྒྱས་འདུ་ཤེས་རབ་བསྐྱེད་དེ། །དེ་རིང་འདི་ནི་འདི་འོངས་པས། །བདག་ལ་བྱང་ཆུབ་ལམ་ཡང་བྱིན། །བདག་ནི་འདི་ཡི་དབང་གིས་ན། །རྣམ་དག་ཞིང་ནི་ཐོབ་པར་འགྱུར། །འདི་ཡིས་བདག་ལ་སངས་རྒྱས་བསྟན། །བདག་ལ་སངས་རྒྱས་ལམ་སྟོན་བྱེད། །དེང་བདག་འདི་དང་ཕྲད་པས་ན། །རྙེད་པ་ཆེན་པོ་རབ་རྙེད་ཅེས། །དགའ་བས་ལུས་ཀུན་ཁྱབ་ནས་ནི། །དངོས་པོ་གཞན་ལ་མོས་མི་བྱེད། །དགའ་ཞིང་དྲུང་དུ་འོངས་གྱུར་ན། །རྒྱང་ནས་གསོད་པོར་སྨྲ་བར་བྱེད། །ཁྱོད་ནི་དངོས་པོ་ཅི་ཞིག་འདོད། །བདག་གིས་ཟད་པར་སྦྱིན་ཞེས་ཟེར། །གལ་ཏེ་དགོས་པ་མེད་ཟེར་ན། །བྱང་ཆུབ་སེམས་དཔའ་རབ་དགའ་ཞིང་། །འདིས་བདག་གདུལ་བར་འདོད་པའི་ཕྱིར། །དགོས་པ་མེད་ཅེས་ཟེར་བར་ཟད། །འཕགས་པ་འདིས་ནི་གང་མོས་པའི། །འདོད་ཉུང་ཆོག་ཤེས་ཆོས་ཀྱིས་ནི། །འདིར་འོངས་བདག་ལ་གོ་བྱས་ནས། །བྱང་ཆུབ་རྐྱེན་ནི་ཐོབ་པར་བྱེད། །དེང་བདག་གང་ཟག་འདི་ཡི་རྒྱུས། །རྗེས་སུ་བསྟན་པའི་ཆོས་ཀྱང་ཐོབ། །ཁྱེད་ཀྱིས་དགོས་མེད་གང་སྨྲས་པ། །ཚིག་འདི་ལེགས་པ་ཡིན་ཞེས་ཟེར། །དངོས་པོ་འདི་ནི་འདོད་ཟེར་ཞིང་། །བདག་ལ་བྱིན་ཅིག་ཟེར་ན་ཡང་། །བྱང་ཆུབ་སེམས་དཔའ་ཅི་བདོག་པ། །ཐམས་ཅད་དགའ་བ་ཁྱེར་ཞེས་ཟེར། །གལ་ཏེ་སྦྱིན་པ་བཏང་ནས་ནི། །ཕྱིས་ཀྱང་འགྱོད་པ་མེད་འགྱུར་ན། །སངས་རྒྱས་ལམ་ནི་དྲན་པར་ཕྱིར། །སེམས་ནི་རྟག་ཏུ་དགའ་བ་འཐོབ། །སེམས་ཅན་ཀུན་ལ་སྐལ་ཡོད་པས། །ཐམས་ཅད་


DKG042_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཕོངས་པ་མེད་འགྱུར་ཞིང་། །མ་ལུས་ཐམས་ཅད་ཚིམ་བྱེད་ཞེས། །སྦྱིན་པ་གཏོང་ཚེ་སྔོ་བར་བྱེད། །བྱང་ཆུབ་ལམ་ནི་སྤྱོད་པའི་ཚེ། །སེམས་ཅན་དག་གི་མིང་ཐོས་པ། །རང་གི་རང་གིས་ཆོག་ཤེས་ཤིང་། །སེར་སྣ་ཆགས་སེམས་མེད་པར་ཤོག །བདག་གི་ཡུལ་གྱི་སེམས་ཅན་ཀུན། །ལམ་སྤྱོད་ཐམས་ཅད་ཆོག་ཤེས་ཤིང་། །འདོད་ལྔ་ཆགས་པ་ཀུན་སྤངས་ནས། །ཐམས་ཅད་རབ་འབྱུང་མོས་པར་ཤོག །དེ་འདྲའི་སྤྱོད་པ་ཚད་མེད་དང་། །སྦྱིན་པ་ཡོངས་སུ་བསྔོས་པ་ཡིས། །རྟག་པར་སྦྱིན་པ་བཏང་གཏོང་ཞིང་། །སེམས་ཅན་བདག་རྗེས་སློབ་པར་ཤོག །བྱང་ཆུབ་སེམས་དཔས་སྦྱིན་གཏོང་ཚེ། །བྱམས་སེམས་སེམས་ཅན་ཁྱབ་པས་ན། །འཇིག་རྟེན་དག་ནི་ཐམས་ཅད་ན། །དེ་འདྲའི་བདེ་བ་ཡོང་མེད་དོ། །དཔེར་ན་ཁྱིམ་བདག་ཕྱུག་པོ་ཞིག །ནོར་དང་རིན་ཆེན་ཤིན་ཏུ་མང་། །བུ་ནི་གཅིག་ཅིག་ཡོད་པ་ལས། །ལོ་ནི་མང་པོར་ལམ་རིང་སོང་། །ཁྱིམ་བདག་བུ་འོངས་ཐོས་གྱུར་ནས། །དགའ་བས་ལུས་ཀུན་ཁྱབ་འགྱུར་ཞིང་། །ཡུན་རིང་ལོན་ནས་དེང་འོངས་ཤེས། །ང་གདོང་བཅས་བཞིན་རབ་ཏུ་དགའ། །བྱང་ཆུབ་སེམས་དཔའ་སློང་མཐོང་ན། །དེ་ཡི་སེམས་ནི་རབ་ཏུ་དགའ། །ཁྱིམ་བདག་དེའི་དགའ་བས་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སྦྱིན་པ་གཏོང་བར་ཐོས་གྱུར་ན། །དེ་ཡི་སེམས་ནི་རབ་དགའ་བས། །བྱམས་སེམས་ལས་བྱུང་དགའ་བ་ཡི། །དཔེ་ཟླ་དག་ནི་ཡོང་མེད་དོ། །ཇི་ལྟར་རྒྱལ་པོས་ཉེས་བྱུང་བ། །ཡན་ལག་གདུབས་ཤིང་བསྒོ་བས་ན། །གསོད་པས་གསང་སར་ཁྲིད་ནས་ནི། །མཚོན་གྱིས་གདབ་པར་གཟས་པ་དང་། །རྒྱལ་པོས་ལོངས་སྤྱོད་ཐབས་བྱིན་ན། །མི་དེའི་རབ་ཏུ་དགའ་བས་ཀྱང་། །བྱང་ཆུབ་སེམས་དཔའ་པས་ཕོངས་པ་ལ། །སྦྱིན་བཏང་དགའ་བ་ཙམ་མི་ཕོད། །བྱང་ཆུབ་སེམས་དཔའ་ལམ་སྒོམ་ཚེ། །བསོད་ནམས་ཞིང་ནི་མི་ཚལ་གྱི། །སློང་བ་ཡོད་ན་གཏོང་བྱེད་པས། །དེ་ཕྱིར་དགའ་བ་ཆེན་པོ་ཐོབ། །བྱང་ཆུབ་སེམས་དཔའ་སངས་རྒྱས་དང་། །དགྲ་བཅོམ་རང་རྒྱལ་མཐོང་གྱུར་ན། །གུས་སེམས་ཕྲད་དཀའ་རིག་པས་ན། །དེ་ཕྱིར་དྲུང་འགྲོ་མཆོད་པར་བྱེད། །བྱང་ཆུབ་སེམས་དཔའ་གཟི་བརྗིད་ལྡན། །གསལ་རྣོ་སེམས་ནི་དུལ་བས་ན། །ཡོན་ཏན་མོས་ཤིང་ལམ་གཉེར་ཕྱིར། །སངས་རྒྱས་དགེ་འདུན་མཆོད་པར་བྱེད། །སངས་རྒྱས་བཅོམ་


DKG042_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྣམས་དང་། །དེ་ཡི་ཉན་ཐོས་མ་གཏོགས་པར། །ལྷག་པའི་བསམ་དང་གུས་སེམས་ཀྱིས། །ལྷ་ཀླུ་གཞན་ནི་མཆོད་མི་བྱེད། །གལ་ཏེ་རང་རྒྱལ་འགའ་ཞིག་གིས། །རང་བྱུང་མྱ་ངན་འདས་ཐོབ་པ། །དེ་འདྲའི་ཡོན་ཏན་བདེན་མཐོང་ན། །དེ་ལ་ཡང་ནི་མཆོད་པ་བྱེད། །བྱང་ཆུབ་སེམས་དཔའ་བསོད་ནམས་ཞིང་། །དགེ་དང་མི་དགེ་རིག་པས་ན། །འཇིག་རྟེན་མཁས་པས་གང་ཡིན་པའི། །མུ་སྟེགས་སྡིག་ཅན་མཆོད་མི་བྱེད། །ཚུལ་ཁྲིམས་ཕྱོགས་ལ་རབ་གནས་ཤིང་། །བྱམས་སེམས་སེམས་ཅན་ཀུན་ལ་ཁྱབ། །བརྩོན་འགྲུས་དག་ཀྱང་དཔེ་ཟླ་མེད། །བཟོད་ཤེས་མང་ཐོས་རྒྱ་ཡང་ཆེ། །དེ་འདྲའི་ཡོན་ཏན་ལྡན་པས་ན། །འཇིག་རྟེན་ཀུན་གྱི་གཙོར་གྱུར་ནས། །སངས་རྒྱས་བྱང་ཆུབ་མངོན་བྱས་ཏེ། །བླ་མེད་འཁོར་ལོ་སྐོར་བར་བྱེད། །བྱང་ཆུབ་སེམས་དཔའ་དེ་འདྲ་ཡི། །ཆོས་བཞི་དག་ནི་སྒྲུབ་བྱེད་ན། །དགེ་བའི་རྩ་བ་ཇི་སྙེད་པ། །ཐམས་ཅད་ཀུན་ནི་མངོན་དུ་འགྱུར། །བསྐལ་པ་བྱེ་བ་གྲངས་མེད་དུ། །ཡོན་ཏན་རྣམས་ནི་གང་བསྒྲུབས་པ། །དེ་ཀུན་བྱང་ཆུབ་སེམས་དཔའི་ལམ། །འདི་ནི་བསྡུ་བར་བྱ་བ་ཡིན། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྩམས། །རྟག་ཏུ་བྱམས་སེམས་བསྒོམ་པར་བྱ། །རབ་བྱུང་རི་དང་ཚལ་གནས་ཤིང་། །དགོན་པའི་གནས་ལ་མོས་པ་བྱ། །རྟག་པར་ཤིན་ཏུ་རྣམ་དག་ཅིང་། །ཟབ་མོ་ངེས་པའི་ཆོས་བཅལ་ཏེ། །བྱང་ཆུབ་སྤྱོད་དང་ལྡན་བྱས་ནས། །དེ་ཡི་བདག་ཉིད་འཕེལ་བར་བྱ། །དགེ་བའི་རྩ་བ་དང་ལྡན་པའི་ལེའུ་སྟེ་བཞི་པའོ། །


previousབཞི་པ། དགེ་བའི་རྩ་བ་དང་ལྡན་པའི་ལེའུ། next