Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུན་པ། བརྒལ་བའི་ལན་གདབ་པའི་ལེའུ།
   
   
   


 
previousབདུན་པ། བརྒལ་བའི་ལན་གདབ་པའི་ལེའུ། next

བདུན་པ། བརྒལ་བའི་ལན་གདབ་པའི་ལེའུ།


DKG042_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེའི་ཚེ་འཁོར་དུས་པ་དེ་ཉིད་དུ་དགེ་སློང་གླང་པོ་ཆེའི་ལག་ཅེས་བྱ་བ་ཞིག་འདུས་ཏེ་འདུག་པར་གྱུར་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་ལས་དཀའ་བ་སྤྱོད་པའི་དངོས་པོ་འདི་དག་ཐོས་པས་ལུས་ཀྱི་སྤུ་ཡང་ལྡང་ཞིང་མཆི་མ་བྱུང་བར་གྱུར་ཏོ། །དེང་བདག་གིས་དངོས་པོ་ཞིག་ཞུ་བར་འཚལ་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་འདི་སྐད་དུ་ངས་སྔོན་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ་ཇི་སྐད་སྨྲས་པ་བཞིན་དུ་སྤྱོད་ལ། ཇི་ལྟར་སྤྱོད་པ་བཞིན་དུ་སྨྲས་


DKG042_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ་ཞེ་གསུངས་པས་བཅོམ་ལྡན་འདས་ནི་དང་པོ་ཐུགས་བསྐྱེད་པ་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་ཐུགས་དམ་པ་ཞེས་པ་ལགས་ཏེ། གལ་ཏེ་དེ་ལྟ་བུའི་ཐུགས་དམ་པ་ཞེས་པ་ལགས་པར་གྱུར་ན་ད་ལྟར་ཡོངས་སུ་བཟླ་བར་མཛད་པའི་སེམས་ཅན་ད་དུང་མ་བས་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་གསལ་ཏེ་འགའ་ཞིག་མཆིས་ནས། དགེ་སློང་རྣམས་ལ་འདི་སྐད་དུ་ཁྱེད་ཀྱི་སྟོན་པ་ཆེན་པོ་སྔོན་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་ཐུགས་དམ་པ་ཞེས་སོ་ཞེ་ན། སེམས་ཅན་ད་དུང་མ་ཟད་པར་བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་ཅིའི་ཕྱིར་ཞེས་རྒོལ་བ་ཞིག་མཆིས་པར་གྱུར་ན། དེ་ལ་ཇི་སྐད་དུ་ལན་གདབ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་དགེ་སློང་གླང་པོ་ཆེའི་ལག་ལ་བཀའ་སྩལ་པ། གལ་ཏེ་འགའ་ཞིག་དེ་སྐད་དུ་རྒོལ་བར་གྱུར་ན་དེ་ཉིད་ལ་འདི་སྐད་དུ་དྲིས་ཤིག །ཁྱོད་ཀྱིས་ཆོས་ཇི་ལྟ་བུ་ཞིག་ལ་སེམས་ཅན་ཡིན་པར་འདོད། དེ་གལ་ཏེ་འདི་སྐད་དུ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་གང་ཡིན་པ་དེ་དག་ལ་སེམས་ཅན་ཡིན་པར་འདོད་དོ་ཞེས་ཟེར་ན་དེ་ཉིད་ལ་སླར་འདི་སྐད་དྲིས་ཤིག །ཅི་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་འདུས་ཤིང་ཚོགས་པ་ལ་སེམས་ཅན་ཡིན་པར་འདོད་དམ། འོན་ཏེ་བྲལ་ཞིང་གྱེས་པར་གྱུར་པ་ལ་སེམས་ཅན་ཡིན་པར་འདོད། དེ་གལ་ཏེ་འདི་སྐད་དུ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་འདུས་པ་ལ་སེམས་ཅན་ཡིན་པར་འདོད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་ཅེས་སྨྲོས་ཤིག །ཁྱོད་བདག་ཉིད་ཀྱིས་ལན་བཏབ་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདུས་པ་ནི་སེམས་ཅན་ཡིན་ལ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ནི་སེམས་ཅན་མ་ཡིན་པས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པ་ཡང་བྲལ་ཞིང་རྒྱས་པར་བྱ་བའི་ཆེད་དུ་དུག་གསུངས་པ་ཡིན་གྱི་ཚོགས་ཤིང་འདུ་བར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ནི་བྲལ་ཞིང་གྱེས་པའི་སྤྱོད་པ་ལ་དགྱེས་པ་ཡིན་གྱི་འདུས་ཤིང་ཚོགས་པ་ལ་དགྱེས་པ་མ་ཡིན་ཏེ། ཚོགས་ཤིང་འདུས་པ་ལ་སེམས་ཅན་དུ་འདོད་པས་སོ། །དེ་གལ་ཏེ་འདི་སྐད་དུ་ཕུང་པོ་དང་།


DKG042_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་དང་། ཁམས་ཉིད་སེམས་ཅན་ཡིན་ནོ་ཞེས་ཟེར་ན་དེ་ལ་སླར་འདི་སྐད་སྨྲོས་ཤིག །གལ་ཏེ་དེ་ལྟར་ན་རྩྭ་དང་། ཤིང་དང་། གྱོ་མོ་དང་། རྡོ་བ་ཐམས་ཅད་ཀྱང་སེམས་ཅན་ཡིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ཉིད་སེམས་ཅན་ཡིན་ནོ་ཟེར་ན་དེ་དག་ལ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ཡོད་པས་སོ། །དེ་གལ་ཏེ་འདི་སྐད་དུ་དེ་དག་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་ཀྱང་མེད་པའི་ཕྱིར་སེམས་ཅན་མ་ཡིན་ནོ་ཞེས་ཟེར་ན་དེ་ལ་འདི་སྐད་ཅེས་སྨྲོས་ཤིག །གལ་ཏེ་དེ་ལྟར་ན་སེམས་ཅན་ཐམས་ཅད་ནི་སེམས་ཅན་གཅིག་ཡིན་པ་ཉིད་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དག་ལ་ཐ་དད་པ་ཡོད་པར་མ་གསུངས་པས་སོ། །དེ་གལ་ཏེ་འདི་སྐད་དུ་དེ་བཞིན་གཤེགས་པའི་གསུང་རབ་ལས་སེམས་ཅན་ཡོད་པར་གསུངས་པས་དེའི་ཕྱིར་སེམས་ཅན་ཡོད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག །ཁྱོད་ཉིད་ཀྱིས་ལན་བཏབ་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་ལས་ཡོད་པ་དང་མེད་པ་ལས་དབེན་པ་ཞེས་གསུངས་པས་སོ། །དེ་གལ་ཏེ་དེའི་དུ་གལ་ཏེ་དེ་ལྟ་ན་འོ་ན་ནི་ལམ་གྱི་འབྲས་བུ་ཡང་མེད་པར་འགྱུར་རོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་ཁྱོད་གང་ཞིག་ལ་འབྲས་བུ་ཡིན་པར་འདོད་ཅེས་དྲིས་ཤིག །དེ་གལ་ཏེ་འདི་སྐད་དུ་བདག་ནི་རྣམ་པར་ངེས་པར་གྱུར་པ་གང་ཡིན་པ་དེ་ལ་འབྲས་བུ་ཡིན་པར་འདོད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་རྣམ་པར་ངེས་པའི་དོན་དམ་པ་ལ་ནི་སྒྲ་དག་ཚིག་མེད་པ། སྒྲ་དང་ཚིག་མེད་པ་ལ་ནི་ངེས་པར་ཡོད་ཅེ་འམ། མེད་ཅེས་བརྗོད་དུ་མེད་པས་ཁྱེད་ནི་རྣམ་པར་ངེས་པའི་དོན་དམ་པ་ལ་འབྲས་བུ་ཡིན་པར་འདོད་ལ། རྣམ་པར་ངེས་པའི་དོན་དམ་པ་ལ་ནི་སེམས་ཅན་ཡང་མེད། སེམས་ཅན་གྱི་མིང་ཡང་མེད་པས་དེའི་ཕྱིར་ཁྱོད་ཀྱིས་སེམས་ཅན་ཡོད་དོ་ཞེས་གང་སྨྲས་པའི་ཚིག་དེ་རང་ཉིད་ཀྱིས་བཤིག་པ་ཡིན་ནོ་ཞེས་སྨྲོས་ཤིག །གཞན་ཡང་གླང་པོ་ཆེའི་ལག་དེ་བཞིན་གཤེགས་པའི་བསྟན་པ་ལས་ཆོས་རྣམས་འགག་པ་མེད་པར་གསུངས་པ་ཡང་སྡུག་བསྔལ་ཉེ་བར་ཞི་བར་མཛད་པ་ཡིན་ཏེ། ངས་དེ་ལྟར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་རབ་ཏུ་རྟོགས་པས་ཇི་ལྟར་


DKG042_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སུ་ཆུད་པའི་ཆོས་རྣམས་སེམས་ཅན་ལ་མངོན་པར་ཞེན་པ་མེད་པ་དང་། རབ་ཏུ་དབེན་པ་དང་། སྤྲོས་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་ཅིང་འབྱུང་བ་མེད་པ་ཉིད་བསྟན་པ་ཡིན་ནོ། །གླང་པོ་ཆེའི་ལག་གང་གིས་དེ་ལྟར་ངས་བསྟན་པའི་ཆོས་ཀྱི་དོན་ཤེས་པ་ངས་ཡོད་པ་དང་མེད་པའི་ཆེད་དུ་ལས་ཀྱི་སྤྱོད་པ་སློང་བར་མི་བྱེད་དོ། །གང་གིས་ཡོད་པ་དང་། མེད་པའི་ཆེད་དུ་ལས་ཀྱི་སྤྱོད་པ་མི་སློང་བ་དེས་ཇི་ལྟར་སེམས་ཅན་ཡོད་པ་དང་སེམས་ཅན་མེད་པར་མཐོང་བར་འགྱུར་ཏེ། གླང་པོ་ཅེའི་ལག་འདི་ནི་རྟག་པར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ་གནས་པ་ཞེས་བྱ་སྟེ། འདི་ལ་ནི་རྗེས་སུ་དྲན་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་ཡང་མེད། དྲི་མ་ཡང་མེད། ཡོངས་སུ་དག་པ་ཡང་མེད། འོང་བ་ཡང་མེད། འགྲོ་བ་ཡང་མེད། ལམ་ཡང་མེད། ལམ་གྱི་འབྲས་བུ་ཡང་མེད། རིང་པོ་ཡང་མེད། ཐུང་ངུ་ཡང་མེད། གྲུ་བཞི་ཡང་མེད། ཟླུམ་པོ་ཡང་མེད། དབྱིབས་ཀྱང་མེད། ཁ་དོག་ཀྱང་མེད་པས་དེའི་ཕྱིར་ཆོས་རྣམས་ཀྱི་སྒོ་གཅིག་ཁོ་ན་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་སྒོ་ཞེས་བསྟན་པ་ཡིན་ནོ། །གླང་པོ་ཆེའི་ལག་འདི་ནི་ཆོས་ཀྱི་སྒོ་མཐོང་ཞེས་བྱ་སྟེ། གང་གིས་ཆོས་མཐོང་བའི་སྒོར་ཞུགས་པ་འདི་ནི་སངས་རྒྱས་མཐོང་བ་ཞེས་བྱའོ། །གླང་པོ་ཆེའི་ལག་འདི་ཇི་སྙམ་དུ་སེམས། ཆོས་གང་གིས་སངས་རྒྱས་མཐོང་བར་འགྱུར་བའི་ཆོས་དེ་ཅི་འགགས་པ་དང་། འགག་པ་དང་། འགག་པར་འགྱུར་བའི་འགག་པའི་མཚན་ཉིད་ཅིག་ཡིན་སྙམ་འམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །འདི་ཇི་སྙམ་དུ་སེམས། ཆོས་གང་གིས་སངས་རྒྱས་མཐོང་བར་གྱུར་བའི་ཆོས་དེའི་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བའི་སྐྱེ་བའི་མཚན་ཉིད་ཅིག་ཡིན་སྙམ་མའམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །གླང་པོ་ཆེའི་ལག་གལ་ཏེ་དེ་ལྟ་ན་དེ་བཞིན་གཤེགས་པ་ནི་འགག་པ་ཞེས་མི་བྱའོ། །བཅོམ་ལྡན་འདས་དེ་དེ་ལྟར་ལགས་སོ། །གླང་པོ་ཆེའི་ལག་དེ་གལ་ཏེ་འདི་སྐད་དུ་སྐུའི་མཚན་དང་ལྡན་པས་བདག་དེའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་ཞུགས་ནས་སླར་ལྡོག་པར་མི་འགྱུར་རོ་ཞེས་སྨྲས་པ་ཡང་སྐུ་འི་མཚན་ཉིད་ཕྱིར་མི་ལྡོག་པར་མཐོང་བའི་ཕྱིར་དེ་བཞིན་གཤེགས་པ་འགགས་པ་ཞེས་བྱའོ་ཞེས་


DKG042_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ན་དེའང་འདི་སྐད་དུ་དྲིས་ཤིག །ཅི་ཁྱོད་སྐུའི་མཚན་ཡོངས་སུ་གྲུབ་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བར་འདོད་དམ། དེས་གལ་ཏེ་འདི་སྐད་དུ་བདག་ནི་སྐུའི་མཚན་ཡོངས་སུ་གྲུབ་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་འདོད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག །དེ་བཞིན་གཤེགས་པས་གསུངས་པའི་གསུང་རབ་ལས་ནི་སྐུའི་མཚན་ལ་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་མ་གསུངས་སོ་གལ་ཏེ་སྐུའི་མཚན་ཡང་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བརྗོད་ན་ནི་གྱོ་མོ་དང་། རྡོ་དང་། རི་དང་། ཀླུ་དང་། རྩྭ་ཤིང་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཡིན་པར་འགྱུར་རོ། །དེ་གལ་ཏེ་འདི་སྐད་དུ་གྱོ་མོ་དང་། རྡོ་དང་། རི་དང་། ཀླུ་དང་། རྩྭ་ཤིང་ཐམས་ཅད་ལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་མེད་པས་དེ་བཞིན་གཤེགས་པ་ཞེས་མྱི་བྱའོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་སྨོས་ཤིག །ཁྱོད་ཀྱིས་སྨྲས་པ་ལྟར་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་ན་ནི་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པ་ཡིན་པར་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པས་སོ། །དེ་གལ་ཏེ་འདི་སྐད་དུ་མཚན་ནི་མཚན་གྱི་ཆོས་ལ་འཇུག་པར་འགྱུར་བས་མཚན་ཤེས་པའི་བྲམ་ཟེས་ཀྱང་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པའི་དངོས་པོ་དེ་བདེན་པས་སོ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་སྨྲོས་ཤིག །གལ་ཏེ་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་དེ་བཞིན་གཤེགས་པ་ཡིན་ན་ནི་ཁྱོད་བདག་ཉིད་ཀྱིས་མཚན་མཁན་གྱིས་སུམ་བཅུ་རྩ་གཉིས་དང་ལྡན་པར་མཐོང་བས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་པ་ཡིན་ནོ་ཞེས་སྨྲས་པ་དེང་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པའི་མཚན་ཤོད་ཅིག །དེ་གལ་ཏེ་འདི་སྐད་དུ་བདག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅུ་བརྒྱད་དང་། ཟག་པ་མེད་པའི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སོགས་པ་དེ་བཞིན་གཤེགས་པའི་མཚན་ཉིད་དུ་བསྟན་ཏོ་ཞེས་ཟེར་ན་དེ་ལ་འདི་སྐད་སྨྲོས་ཤིག །ཁྱོད་ཀྱིས་སྟོབས་བཅུ་ལ་སོགས་པ་ནི་དེ་བཞིན་


DKG042_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་མཚན་ཉིད་ཡིན་ནོ་ཞེས་སྨྲས་པས་དེ་དག་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་ཇི་ལྟ་བུ་ཡིན་ཤོག་ཅིག །དེ་གལ་ཏེ་འདི་སྐད་དུ་ཅི་སངས་རྒྱས་དང་མཚན་ཐ་དད་པ་ཞིག་ཡིན་ནམ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་ཁྱོད་ཉིད་མཚན་སངས་རྒྱས་ཡིན་ནོ་ཟེར་བར་ཟད་ཀྱི། །མཚན་ནི་སངས་རྒྱས་མ་ཡིན་ནོ་ཞེས་སྨོས་ཤིག །དེ་གལ་ཏེ་ཡང་འདི་སྐད་དུ་དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་གཞན་ཞིག་སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པའི་མཚན་ཉིད་བྱེད་པར་འགྱུར་རམ་ཞེས་ཟེར་ན་དེ་ལ་འདི་སྐད་དུ་སྨོས་ཤིག །དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་ཇི་ལྟར་དབྱིབས་དང་བཅས་ཤིང་ཁ་དོག་དང་བཅས་པའི་མཚན་ཉིད་བྱེད་པར་འགྱུར། གཞན་ཡང་ཁྱོད་ཀྱིས་གལ་ཏེ་དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་ལ་སངས་རྒྱས་ཤེས་བྱའོ་ཞེས་ཟེར་ན། འོ་ན་ནི་གཞན་དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཡིན་པར་འགྱུར་བའི་རིགས་སོ། །གལ་ཏེ་ཆོས་དེ་དག་སངས་རྒྱས་ཡིན་པར་གྱུར་ན་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅུ་བརྒྱད་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སོགས་པ་ཡང་དེའི་མཚན་ཉིད་བྱེད་པར་གྱུར་པའི་རིགས་སོ་ཞེས་བརྗོད་པར་བྱའོ། གླང་པོ་ཆེའི་ལག་ངའི་ཉན་ཐོས་རྣམས་ནི་དེ་ལྟར་སྐྱེས་བུ་བླུན་པོ་རྣམས་རབ་ཏུ་འདུལ་བར་བྱེད་དོ། །གཞན་ཡང་གླང་པོ་ཆེའི་ལག་ངས་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་བྱའོ་ཞེས་སྨོན་ལམ་བཏབ་མོད་ཀྱི། དེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སེམས་ཅན་ཡང་མ་དམིགས། སེམས་ཅན་གྱི་མིང་ཡང་མ་དམིགས་པས་དེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་ཚེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པའི་ཆོས་དངོས་པོ་འདི་ཡོད་པའི་ཕྱིར་དངོས་པོ་འདི་ཡོད། དངོས་པོ་འདི་མེད་པའི་ཕྱིར་དངོས་པོ་འདི་རྟོགས་པ་ཁོ་ནར་ཟད་དོ། དངོས་པོ་གང་ཡོད་པའི་ཕྱིར་དངོས་


DKG042_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གང་ཡོད། དངོས་པོ་གང་མེད་པའི་ཕྱིར་དངོས་པོ་གང་མེད་པར་གྱུར་ཅེ་ན་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཡོད་པར་གྱུར། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་ཀྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི། རྒ་ཤིའི་རྐྱེན་གྱིས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཡོད་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་དག་འབྱུང་བར་འགྱུར་རོ། །མ་རིག་པའི་འགག་པའི་ཕྱིར་འདུ་བྱེད་རྣམས་འགག །འདུ་བྱེད་རྣམས་འགགས་པའི་ཕྱིར་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པའི་ཕྱིར་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པའི་ཕྱིར་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པའི་ཕྱིར་རེག་པ་འགག །རེག་པ་འགགས་པའི་ཕྱིར་ཚོར་བ་འགག །ཚོར་བ་འགགས་པའི་ཕྱིར་སྲེད་པ་འགག། སྲེད་པ་འགགས་པའི་ཕྱིར་ལེན་པ་འགག །ལེན་པ་འགགས་པའི་ཕྱིར་སྲིད་པ་འགག། སྲིད་པ་འགགས་པའི་ཕྱིར་སྐྱེ་བ་འགག །སྐྱེ་བ་འགགས་པའི་ཕྱིར་རྒ་ཤི་འགག །རྒ་ཤི་འགགས་པའི་ཕྱིར་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འགག་པར་འགྱུར་རོ། །ང་དེ་ལས་མིག་དང་། ཡེ་ཤེས་དང་། རིག་པ་དང་། བློ་སྐྱེས་པས་འདི་ལྟར་དབུས་དང་མཐའ་མེད་པ་དང་། འཇིགས་པ་མེད་པའི་རྣམ་པར་གྲོལ་བ་རབ་ཏུ་རྟོགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་རྣམ་པར་གྲོལ་བ་དེ་རབ་ཏུ་རྟོགས་པའི་ཕྱིར་ཆོས་གཞན་ཡང་ཐོབ་པར་གྱུར་བ་མེད་ཀྱི། རྒྱུ་དང་རྐྱེན་ལས་བྱུང་བའི་ཆོས་དམིགས་པ་ཁོ་ནར་ཟད་དོ། །གླང་པོ་ཆེ་ལག་དེ་བཞིན་གཤེགས་པ་ནི་ཇི་ལྟར་ཆོས་རྣམས་རབ་ཏུ་རྟོགས་པ་དེ་བཞིན་དུ་སེམས་ཅན་


DKG042_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཡང་དག་པར་རབ་ཏུ་སྟོན་ཏོ། །གླང་པོ་ཆེའི་ལག་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་འགྱུར་བ་མེད་པར་རྟག་ཏུ་གནས་པ་ས་འདི་ལྟ་སྟེ། མིང་གཟུགས་ཀྱང་སྟོང་བར་མི་འགྱུར་ལ། ཕ་ཚུན་འགལ་བ་ཡང་མེད། སྐྱེས་པ་ཡང་མེད། འབྱུང་བ་ཡང་མེད་དོ། །གླང་པོ་ཆེའི་ལག་ང་ནི་རྟག་པར་དེ་ལྟར་ཆོས་སྟོན་པས་ཁྱེད་ཀྱིས་ཀྱང་ངའི་དགོངས་པ་བཞིན་དུ་རིག་པར་བྱའོ། །ངས་ཁྱེད་ལ་དེ་ལྟ་བུའི་ཆོས་བསྟན་ཁྱེད་ཀྱིས་ཀྱང་དེ་བཞིན་ནན་ཏན་གྱིས་བསྒྲུབ་པར་བྱའོ། །གླང་པོ་ཆེའི་ལག་སྟོན་པ་ཆེན་པོས་སློབ་པ་རྣམས་ལ་གང་བྱ་བའི་རིགས་པ་དེ་དག་ངས་མ་ལུས་པར་བྱས་ཟིན་པས་ཁྱེད་ཀྱིས་ཇི་སྐད་དུ་བསྟན་པ་བཞིན་དུ་མངོན་པར་བསྒྲུབས་ནས་ཆོས་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གླང་པོ་ཆེའི་ལག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་འགའ་ཞིག་འདི་སྐད་དུ་དེ་གཤེགས་པས་གསུངས་པའི་ཡན་ལག་པའི་ཆོས་ནུབ་པར་གྱུར་བ་ཞིག་ཡིན་ན་སུ་ཞིག་ལམ་སྟོན་པར་འགྱུར། ལམ་སྟོན་པ་མེད་པའི་ཕྱིར་དམ་པའི་ཆོས་ནུབ་པ་ཞེས་བྱའོ། །དམ་པའི་ཆོས་ནུབ་པར་གྱུར་བའི་ཕྱིར་དེ་བཞིན་གཤེགས་པ་ཡང་ནུབ་པ་ཞེས་བྱ་བས་འདི་ཡང་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཟླས་པ་ཞེས་བྱའོ་ཞེས་མཆི་ན་དེ་ལ་ཇི་སྐད་དུ་ལན་གདབ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་པོ་ཆེའི་ལག་གལ་ཏེ་དེ་སྐད་དུ་འདྲི་བ་ཡོད་ན་དེ་འདི་སྐད་དུ་ལན་གདབ་པར་བྱའོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཡིན་པར་སྐྱེ་བོ་མང་པོ་ཀུན་ཀྱིས་ཀྱང་ཤེས་ཤིང་མཐོང་ལ། རྟགས་པར་སེམས་ཅན་བཟླ་བའི་དུས་ལས་གཞེས་པས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་ད་དུང་ཕན་པར་མཛད་པ་ཡིན་ནོ། །གཞན་ཡང་དེ་བཞིན་གཤེགས་པས་མ་འོངས་པའི་སངས་རྒྱས་རྣམས་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ལུང་སྟོན་པར་མཛད་པས་དེ་ཉིད་སངས་རྒྱས་ཀྱི་གདུང་བསབ་ཅིང་རྒྱུན་མི་གཅོད་པར་མཛད་པ་ཡིན་ཏེ། སངས་


DKG042_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི་ཆོས་ནི་སངས་རྒྱས་གཅིག་གི་ཆོས་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་ཤེས་བྱའོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པའི་ཆོས་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཡིན་པས་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་ཅིང་ཇི་ལྟར་སྤྱོད་པ་བཞིན་དུ་གསུང་བ་ཡིན་པར་རིག་པར་བྱའོ་ཞེས་བརྗོད་པར་བྱའོ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གླང་པོ་ཆེའི་ལག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ལེགས་པར་ཐུགས་སུ་ཚུད་པ་ལགས་ཏེ། ཆོས་ཐམས་ཅད་ལེགས་པར་ཐུགས་སུ་ཆུད་པའི་སླད་དུ་སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་མཁྱེན་པ་སྔོན་དུ་གཏོང་ཞིང་མཁྱེན་པའི་རྗེས་སུ་འབྲང་བས་ན་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་ཚེ་ཇི་སྐད་བསྟན་པ་བཞིན་དུ་མཛད་ཅིང་ཇི་ལྟར་མཛད་པ་བཞིན་དུ་གསུང་བར་གྱུར་བ་ནི་ཤིན་དུ་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་པོ་ཆེའི་ལག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གླང་པོ་ཆེའི་ལག་ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་དུ་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་ཅིང་ཇི་ལྟར་སྤྱོད་པ་བཞིན་དུ་སྨྲས་པར་གྱུར་བ་ཡིན་ནོ། །གླང་པོ་ཆེའི་ལག་ཡང་དག་པར་སྨྲ་བ་གང་ལ་ལ་ཞིག་འདི་སྐད་དུ་སུ་ཞིག་ནོར་བ་མེད་པར་འཇིག་རྟེན་དུ་བྱུང་ནས་སེམས་ཅན་ལ་ཕན་འདོགས་པས་ལྷ་དང་བཅས་པའི་འཇིག་རྟེན་བདེ་བ་ལ་འགོད་པ་དང་། ཐམས་ཅད་ཀུན་གྱི་སྟོན་པ་ཆེན་པོར་གྱུར་ནས་ཡང་དག་པའི་ལམ་སྟོན་པ་དང་། ཡང་དག་པའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བས་སྤྲོས་པ་མི་མངའ་བར་ཕ་རོལ་ཏུ་བྱོན་ནས་ད་དུང་མ་རྒལ་བ་དག་ཡོངས་སུ་ཟློས་ཤེས་ཟེར་བ་ལ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ང་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་ཡང་དག་པར་སྨྲ་བ་ཡིན་ནོ། །གླང་པོ་ཆེའི་ལས་ཡང་དག་པར་གང་ལ་ལ་ཞིག་འདི་སྐད་དུ་སུ་ཞིག་སླུ་བ་མེད་ཅིང་བྱས་པའི་དྲིན་གཟོ་བ་ཡིན་ཞེས་ཟེར་བ་ལ་དེ་ནི་


DKG042_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ཏེ། སེམས་ཅན་གང་ལ་ལ་ཞིག་ང་ལ་བྱ་བ་ཅུང་ཟད་ཅིག་བྱས་པའི་དངོས་པོ་དེ་ཡང་ཆུད་ཟ་བར་མི་འགྱུར་རོ། །གླང་པོ་ཆེའི་ལག་ང་ནི་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཚུན་ཆད་ནམ་ཡང་སེམས་ལ་ལྡོག་ཅིང་གྱུར་བ་ཡང་མེད་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་མངོན་པར་ཞེན་ཅིང་མོས་པར་གྱུར་པ་ཡང་དག་པར་རྗེས་སུ་མི་དྲན་ཡང་ངས་ཆོས་དེ་བསྟན་པས་ངའི་འཁོར་རྣམས་ལས་སེམས་རྩེ་གཅིག་ཏུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་འབྲས་བུ་ཡོངས་སུ་གཉེར་བ་དག་གཟུང་བའི་ཕྱིར་འདུན་པར་གྱུར་བ་ཁོ་ནར་ཟད་དོ། །གླང་པོ་ཆེའི་ལག་སྔོན་བྱུང་བ་འདས་པའི་དུས་ན་ང་མུ་སྟེགས་ཅན་གྱི་དྲང་སྲོང་དུ་གྱུར་པའི་ཚེ་ཤེས་རབ་གསལ་ཞིང་རྣོ་ལ་མང་དུ་ཐོས་ཤིང་སྤོབས་པ་དང་ལྡན་པར་གྱུར་པས་ཆོས་ཟབ་མོའི་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་བྲམ་ཟེ་གཞོན་ནུ་ལྔ་བརྒྱ་ཞིག་ཁྱིམ་ན་གནས་པ་དང་འདོད་པ་ལྔའི་ཉེས་དམིགས་མཐོང་ཞིང་རབ་ཏུ་བྱུང་བའི་ཕན་ཡོན་མཐོང་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ལམ་བསྒོམས་པར་གྱུར་ཏེ། དེ་དག་ཐམས་ཅད་ངའི་ཐད་དུ་འོངས་པ་དང་ངས་ཆོས་བསྟན་པས་རང་སངས་རྒྱས་ཀྱི་ལམ་ཐོབ་པར་གྱུར་ནས་མངོན་པར་ཤེས་པ་དྲུག་དང་ལྡན་ཞིང་སེམས་ལ་རང་དབང་ཐོབ་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པར་གྱུར་པས་རྟག་པར་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནམ་མཁའ་ལ་མངོན་པར་འཕགས་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དག་ཏུ་ཞུགས་ཏེ་བསོད་སྙོམས་བསླད་ནས་དེ་ལ་རིམ་གྲོ་བྱས་སོ། །ད་དེའི་ཚེ་འདི་སྙམ་དུ་འདི་ལྟར་འདི་དག་ནི་ཡོངས་སུ་དག་པའི་ཡེ་ཤེས་ཆེན་པོ་དང་ལྡན་པ་ཡིན་པས་བདག་གིས་འདི་དག་གི་མཆོད་པ་བླང་བའི་མི་རིགས་སོ་སྙམ་དུ་སེམས་པར་ཕྱིར་ནན་ཏན་བརྩོན་འགྲུས་བསྐྱེད་པར་གྱུར་ཏོ། གླང་པོ་ཆེའི་ལག་ངས་ནན་ཏན་བརྩོན་འགྲུས་བསྐྱེད་ནས་ཆོས་དེ་


DKG042_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱས་པའི་ཚེ་གནས་གཙང་མའི་རིས་ཀྱི་ལྷ་ཞིག་འོངས་ཏེ་མངོན་དུ་ལུས་བསྟན་ནས་ང་ལ་འདི་སྐད་དུ་ཀྱེ་ཡེ་ཤེས་འདི་ལ་མངོན་པར་ཞེན་པར་མ་བྱེད་ཅིག །ཁྱོད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་སུ་ཟློ་བར་འགྱུར་རོ་ཞེས་བསྒོའོ། །གླང་པོ་ཆེའི་ལག་ངས་དེའི་ཚེ་དེ་སྐད་བསྒོ་བ་ཐོས་ལམ་བསྒོམ་པ་བཏང་བས་སེམས་མཆོག་ཏུ་དགའ་བ་ཐོབ་པར་གྱུར་ནས་ཟླ་བ་ཕྱེད་ཀྱི་བར་དུ་དབེན་པར་འདུག་པའི་ཚེ་དགའ་བས་ལུས་ཀུན་དུ་ཁྱབ་པར་གྱུར་ཏོ། གླང་པོ་ཆེའི་ལག་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན་ལྷ་རྣམས་ཀྱིས་གོ་བར་བྱེད་ཅིང་རབ་ཏུ་དགའ་བའི་སེམས་ཀྱང་འཐོབ་པར་འགྱུར་ལ། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་རིག་པར་བྱའོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་ནས་གཞན་དག་ཀྱང་སེམས་བསྐྱེད་པར་སྐུལ་བ་ཡིན། ཐེག་པ་ཆེན་པོར་སེམས་བསྐྱེད་པ་དག་མཐོང་ནས་ཕྲག་དོག་ཀྱང་མི་བྱེད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བདག་གཅིག་པུས་ཐོབ་པར་བྱ་བ་ཡིན་གྱི །གཞན་གྱིས་ཐོབ་པར་བྱ་བ་མ་ཡིན་ནོ་སྙམ་དུ་སེམས་པ་ཡིན། སེམས་ཅན་ཉེས་པར་སྤྱོད་པ་དག་ལ་དུས་སུ་རྗེས་སུ་འདོམས་ཤིང་སེམས་བཟང་པོས་གཏམ་དག་སྨྲས་ནས་དེ་དག་གི་དགེ་བ་ཡོངས་སུ་སྲུང་བར་བྱེད་པ་ཡིན། བདག་ཉིད་རྟག་པར་རབ་ཏུ་བརྩོན་པའི་སེམས་ཀྱིས་ཆོས་རྣམས་རྒྱ་ཆེར་གཉེར་ཞིང་གཞན་དག་ལ་བསྟན་ནས་སེར་སྣ་མེད་པར་གྱུར་པ་ཡིན་ཏེ། གླང་པོ་ཆེའི་ལག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ངོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན་ལྷ་རྣམས་ཀྱིས་ཀྱང་གོ་བར་བྱེད་ལ། བདག་ཉིད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་བརྟན་སེམས་ཀྱིས། བླ་མེད་ཐེག་ལ་རབ་གནས་ཤིང་། །


DKG042_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དག་ཀྱང་བསྐུལ་བྱས་ནས། །ཐེག་པ་དེ་ལ་འགོད་པར་བྱེད། །བྱང་ཆུབ་སེམས་དཔའ་སྤྱད་སྤྱོད་ཚེ། །རྟག་པར་ཕྲག་དོག་ཁོང་ཁྲོ་མེད། །ནན་ཏན་བརྩོན་འགྲུས་རྩོམ་བྱེད་པས། །དགའ་བའི་སེམས་ནི་འཕེལ་བར་བྱེད། །སེམས་ཅན་སྡིག་སྤྱོད་མཐོང་གྱུར་ན། །དུས་དུ་རྗེས་སུ་འདོམས་པར་བྱེད། །རྟག་པར་བྱམས་དང་སྙིང་རྗེར་ལྡན། །ཁོང་ཁྲོ་དག་ནི་མེད་པ་ཡིན། །རྟག་པར་ནན་ཏན་ཆོས་གཉེར་ནས། །སེམས་ཅན་རྣམས་ལ་སྤེལ་བར་བྱེད། །ཇི་ལྟར་ཆར་ནི་རླན་བྱེད་ལྟར། ཆོས་ཀྱི་ཐམས་ཅད་ཚིམ་པར་བྱེད། །ཆོས་བཞི་འདི་དག་གང་སྤྱོད་པ། །ཁྱོད་ནི་སངས་རྒྱས་འགྲུབ་འགྱུར་བས། །ཐེ་ཚོམ་སེམས་ནི་མ་སྐྱེད་ཅེས། །ལྷ་རྣམས་ཀྱིས་ནི་གོ་བར་བྱེད། །བྱང་ཆུབ་སེམས་དཔས་དེ་ཐོས་ནས། །ནན་ཏན་བརྩོན་འགྲུས་སྐྱེད་པར་བྱེད། །དངོས་པོ་འདི་ནི་ངེས་བདེན་པས། །བདག་ནི་སངས་རྒྱས་ངེས་འགྲུབ་སེམས། །བྱང་ཆུབ་སེམས་དཔའ་དེ་དག་ནི། །བརྩོན་འགྲུས་དང་ནི་སྨོན་ལམ་དང་། །དྲན་པ་དང་ནི་ཤེས་རབ་དག །བདག་ཉིད་རྒྱ་ཆེར་འཕེལ་བར་འགྱུར། །གལ་ཏེ་དེ་བཞིན་གཤེགས་པ་རྣམས། །འཇིག་རྟེན་དུ་ནི་བྱུང་གྱུར་ན། །བྱང་ཆུབ་སེམས་དཔའ་དེ་དག་ནི། །འདི་འདྲའི་ཡོན་ཏན་ལྡན་པར་འགྱུར། །གང་ཟག་ཆེན་པོས་བཀུར་འགྱུར་ཞིང་། །རྒྱལ་པོ་བློན་པོ་དམངས་རྣམས་ཀྱང་། །ཐམས་ཅད་སེམས་ནི་རབ་དགའ་ཞིང་། །ལམ་ལྡན་ཡིན་པར་རིག་པར་འགྱུར། །བསྟན་བཅོས་གཙུག་ལག་ཚིག་དང་དོན། །ཚིག་འབྲུ་ཚིགས་བཅད་རྩིས་དང་གྲངས། །དེ་དག་ཐམས་ཅད་ལེགས་པ་ཡིས། །སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར། །དབང་པོ་རྣོ་ཞིང་ཤེས་རབ་ལྡན། །བྱ་བ་སྟོབས་ལ་མི་ལྟོས་པར། །ཐབས་དང་ལྡན་པ་འགའ་ཤིག་གིས། །ཐམས་ཅད་ཡོངས་སུ་གྲུབ་པར་ནུས། །དགྲ་རྣམས་རབ་ཏུ་གདུལ་བ་ཡང་། །ལུས་ཀྱི་ཞོ་ཤ་མི་ལྟོས་པར། །ཤེས་རབ་སྟོབས་ནི་འབའ་ཤིག་གིས། །རང་གི་སེམས་ནི་འདུལ་བར་བྱེད། །སེམས་ཅན་རབ་


DKG042_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྩེ་བའི་ཕྱིར། །འཇིག་རྟེན་དུ་ནི་སྐྱེས་པས་ན། །རྒྱལ་པོ་བློན་པོ་དམངས་རྣམས་ཀྱང་། །ངོ་མཚར་ཚེ་ཞེས་བསྔགས་པར་འགྱུར། །ལྷ་རྣམས་ཀུན་ཀྱང་སྨྲ་བས་ན། །དེ་ཡི་ཡ་མཚན་ཀུན་གྱིས་རིག །ཅི་ཕྱིར་དེ་ལྟར་རིག་ཅེ་ན། །བདག་སེམས་ཤེས་ཞེས་སེམས་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་རྟག་ཏུ། །སངས་རྒྱས་རྣམས་ནི་མཐོང་བས་ན། །དེར་སོང་ཆོས་ནི་རབ་ཞུས་ནས། །སེམས་ཅན་རྒྱ་ཆེར་ཕན་ཡང་འདོགས། །སངས་རྒྱས་ཞུས་ལན་གསུངས་པས་ན། །ཐེ་ཚོམ་དག་ནི་ཆད་པར་འགྱུར། །སེམས་ཅན་རྣམས་རྒྱ་ཆེར་ཕན་འདོགས་པས། །ཐམས་ཅད་དགའ་བ་ཐོབ་པར་འགྱུར། །སངས་རྒྱས་རྫུ་འཕུལ་མཐུ་བསྟན་ནས། །སངས་རྒྱས་འགྱུར་བར་ལུང་སྟོན་པས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །སེམས་ནི་དགའ་བ་ཐོབ་པར་འགྱུར། །ཤིན་དུ་འཕངས་པའི་ནོར་རྣམས་དང་། །ཕྱི་ནང་ཀུན་ལ་ཆགས་མེད་པས། །དེ་ཕྱིར་དགའ་བ་ཆེན་པོ་ཡིས། །བདག་ཉིད་སངས་རྒྱས་འགྲུབ་པར་ཤེས། །སངས་རྣམས་ཀྱིས་བསྔགས་པ་ཡི། །བཟོད་པ་གྱ་ནོམ་ཐོབ་པས་ན། །དེ་ཕྱིར་དགའ་བ་ཆེན་པོ་ཡིས། །བདག་ཉིད་སངས་རྒྱས་འགྲུབ་པར་ཤེས། །ཆོས་རྣམས་ཀུན་ལ་མི་གནས་ཤིང་། །ཆོས་བརྟན་མི་རུང་རིག་པས་ན། །དེ་འདྲའི་ཤེས་རབ་ཐོབ་གྱུར་ནས། །ལུས་ནི་མཁའ་ལ་འཕགས་པར་འགྱུར། །དེ་ཡི་སེམས་ནི་ནང་མི་གནས། །ཕྱི་རོལ་ན་ཡང་མི་གནས་ཏེ། །འདུ་ཤེས་ཐམས་ཅད་འདས་པས་ན། །དེ་ཕྱིར་བཟོད་པ་བླ་མེད་ཐོབ། །ཡུན་རིངས་བྱམས་དང་སྙིང་རྗེས་ཡིས། །སེམས་ཅན་ཀུན་ལ་སེམས་པས་ན། །དེ་ཕྱིར་བསོད་ནམས་དེ་ཡི་དབང་། །སངས་རྒྱས་ཚད་མེད་མཐོང་བར་འགྱུར། །དེ་ཡི་ལུས་ནི་ཐམས་ཅད་ཀུན། །སངས་རྒྱས་སྐུ་དང་ཁྱད་པར་མེད། །དེ་འདྲ་བཟོད་པ་ཐོབ་པས་ནི། །ཆོས་ཀྱི་བདག་ཉིད་འཕེལ་བར་བྱེད། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལ། །སུ་ཞིག་རྗེས་


DKG042_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སློབ་མི་བྱེད། །རབ་བརྟན་དམ་ཆོས་གང་གནས་པ། །འདི་འདྲའི་ཡོན་ཏན་ཐོབ་པར་འགྱུར། །དེ་ཕྱིར་ལམ་ནི་གཉེར་བ་དག །རྟག་པར་ནན་ཏན་ཆོས་གཉེར་བྱ། །ཆོས་ཀྱིས་བདག་གི་ཁེ་བཙལ་ནས། །བྱང་ཆུབ་ལ་ནི་ཕན་གདགས་བྱ། །བརྒལ་བའི་ལན་གདབ་པའི་ལེའུ་སྟེ་བདུན་པའོ།། །།


previousབདུན་པ། བརྒལ་བའི་ལན་གདབ་པའི་ལེའུ། next