Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱད་པ། ཚེ་དང་ལྡན་པ་གང་པོའི་ལེའུ།
   
   


 
previousབརྒྱད་པ། ཚེ་དང་ལྡན་པ་གང་པོའི་ལེའུ། next

བརྒྱད་པ། ཚེ་དང་ལྡན་པ་གང་པོའི་ལེའུ།


DKG042_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དགེ་བའི་ཆོས་རྣམ་པ་སྣ་ཚོགས་ལ་ཤིན་དུ་བརྟན་པར་གནས་པར་གྱུར་བ་ནི་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ནི་ཡུན་རིང་པོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དགེ་བའི་ཆོས་ལ་ཤིན་ཏུ་བརྟན་པར་གནས་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་གཉེར་ནས་ཆོས་ནི་གང་ཐོབ་པ། དེ་ནི་སངས་རྒྱས་ལམ་གཞི་ཡིན། །རྟག་ཏུ་ཆོས་ལ་གང་བརྩོན་པ། །ཆོས་མ་ཡིན་པ་སྤོང་བར་འགྱུར། །རྟག་ཏུ་ཡང་དག་ལམ་སྤྱོད་པ། །ལོག་པའི་ལམ་ནི་སྤོང་བར་བྱེད། །སངས་རྒྱས་ཆོས་ལ་རྟག་བསྟེན་པ། །དེ་ནི་ལམ་ལ་བསྟན་པར་འགྱུར། །དེས་ན་མི་ཁོམ་རྣམས་སྤངས་ནས། །ཁོམ་ལྡན་དག་ནི་ཐོབ་པར་འགྱུར། །ཐོབ་ལྡན་གནས་ནི་ཐོབ་གྱུར་དང་། །བརྩོན་འགྲུས་བརྩམས་པ་ཆུད་མི་ཟ། །གནས་གཉིས་སུ་ནི་མཆོག་ཏུ་བཅུན། །ཁ་དོག་གཟུགས་ནི་མཆོག་ཏུ་འགྱུར། །གཡོག་འཁོར་དག་ནི་ཕུན་ཚོགས་ཤིང་། །ཐམས་ཅད་ཀུན་གྱི་མཆོག་ཏུ་འགྱུར། །བརྟེན་པའི་སེམས་ཀྱིས་རྟག་ཏུ་ནི། །ཚུལ་ཁྲིམས་བཟོད་པའི་ཕྱོགས་ལ་གནས། །བརྩོན་འགྲུས་ཕྱོགས་ལ་རབ་གནས་ཤིང་། །བསམ་གཏན་


DKG042_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་འཕེལ་བར་བྱེད། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །གཙོ་མཆོག་དག་ནི་བྱེད་པར་འགྱུར། །ཡོན་ཏན་ཀུན་གྱིས་མཆོག་གྱུར་པས། །དོན་རིག་འཇིགས་པ་ཅི་ཡང་མེད། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུའི་ཆོས་གྱ་ནོམ་པ་དག་ལ་སུ་ཞིག་སློབ་པར་བགྱིད་དེ། བདག་ཅག་ནི་སྔོན་དང་དང་པོ་ནས་ལེ་ལོ་ཅན་དུ་གྱུར་པས་སངས་རྒྱས་ཀྱི་མཁྱེན་པ་ལ་རེ་བ་མ་མཆིས་ཤིང་བདག་ཅག་སངས་རྒྱས་ཀྱི་མཁྱེན་པ་འདི་ལྟ་བུ་ཐོབ་པར་འགྱུར་བར་མངོན་པར་ཡིད་ཆེས་པ་མ་མཆིས་པ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པས་བདག་ཉིད་ངེས་པར་བྱུང་བར་འགྱུར་བ་ལགས་སོ་སྙམ་སེམས་སོ། །བཅོམ་ལྡན་འདས་བདག་ནི་དེང་སླན་ཆད་བྱང་ཆུབ་སེམས་དཔའ་རྣམས་ལ་གཟེང་སྟོད་ཅིང་སྤྲོ་པ་བསྐྱེད་ནས་སངས་རྒྱས་ཀྱི་ཆོས་ལ་དགོད་པར་བགྱིད་ལགས་སོ། །དེའི་སླད་དུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་དཀའ་བ་མཛད་པ་ལགས་པས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་གྱི་ཆེད་དུ་རྟག་པར་དེ་ལྟ་བུའི་ཤིན་ཏུ་དཀའ་བའི་དངོས་པོ་ཤ་སྟག་མཛད་དེ། དེ་ལྟ་བའི་དངོས་པོ་དེ་ནི་དགྲ་བཅོམ་པ་དང་། རང་སངས་རྒྱས་ཐམས་ཅད་ལ་ཡང་མ་མཆིས་ན་སེམས་ཅན་གཞན་ལ་ལྟ་སྨོས་ཀྱང་ཅི་འཚལ་བས་སོ། །བཅོམ་ལྡན་འདས་དེ་ལྟ་བུའི་ཤིན་དུ་དཀའ་བའི་དངོས་པོ་ཆེན་པོ་དེ་ལྟ་བུ་ཚད་མ་མཆིས། །དཔག་ཏུ་མ་མཆིས། གྲངས་མ་མཆིས་པ་དག་སྤྱད་པས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་དེ་ལྟ་བུའི་ཤིན་དུ་དཀའ་བའི་དངོས་པོ་ཆེན་པོ་སྤྱད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏེ། སེམས་ཅན་


DKG042_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱི་གཟིར་བ་རྣམས་ཡོངས་སུ་བཟླ་བར་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བ་ཡོངས་སུ་གཉེར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་དང་ལྡན་པ་ཡིན་པས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དེ་ལྟ་བུའི་སྨོན་ལམ་ཆེན་པོ་དང་། དཀའ་བའི་དངོས་པོ་ཆེན་པོ་ཤིན་དུ་ཟབ་པ། ཤིན་དུ་དཀའ་བ། ཚད་མེད། དཔག་ཏུ་མེད། གྲངས་མེད་པ་ལྡན་པར་གྱུར་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ། ཚེ་དང་ལྡན་པ་གང་པོ་དང་། འཁོར་བཞི་པོ་རྣམས་དང་། ལྷ་དང་། མི་དང་། གླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་བཅས་པའི་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རབ་ཏུ་དགའ་ཞིང་ཡིད་ཆེས་པས་མངོན་པར་བསྟོད་དོ། །ཚེ་དང་ལྡན་པ་གང་པོའི་ལེའུ་སྟེ་བརྒྱད་པའོ།། །།འཕགས་པ་དཀོན་མཆོད་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའི་སྟོང་ཕྲག་བརྒྱ་པ་ལས་གང་པོས་ཞུས་པའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། ༈ །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བརྒྱད་པ་སྟེ་ཡུལ་འཁོར་སྐྱོང་གི་ཞུས་པ། །བམ་པོ་དང་པོ།


previousབརྒྱད་པ། ཚེ་དང་ལྡན་པ་གང་པོའི་ལེའུ། next