Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་གསུམ་པ།


   
   
   
   
   
   
   
   
   
   
   
འཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
   
   
   
   
   
   


 
previousའཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།next

འཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG043_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་པ་སྟེ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལུང་བསྟན་པ། བམ་པོ་ཕྱེད་པ། རྒྱ་གར་སྐད་དུ། ཨཱ་ཪྻ་སུ་མ་ཏི་དཱ་རི་ཀ་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིད་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲིའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་དྲག་ཤུལ་ཅན་གྱི་བུ་མོ་བློ་གྲོས་བཟང་མོ་ཞེས་བྱ་བ་བཅས་ནས་ལོ་བརྒྱད་ལོན་པ་འདྲ་བ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། སྔོན་གྱི་རྒལ་པོ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་འབུམ་ཕྲག་བྱེ་བ་ཁྲག་གི་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། སངས་རྒྱས་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག་འདུག་པ་དེ་འཁོར་དང་བཅས་པ་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། གལ་ཏེ་སྐབས་ཕྱེ་བདག་གིས་ནི། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །འཇིག་རྟེན་སྣང་བར་མཛད་པ་ལ། །བྱང་ཆུབ་སེམས་དཔའི་སྤྱོད་གང་ཞུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཡིད་ལ་ཅི་འདོད་ཐམས་ཅད་ནི། །བུ་མོ་ཁྱོད་ཀྱིས་དྲི་བར་གྱིས། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན། །ཅི་


DKG043_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཁྱོད་ལ་བསྟན་པར་བྱ། །དེ་ནས་བཅོམ་ལྡན་འདས་ལ་བུ་མོ་བློ་གྲོས་བཟང་མོས་ཚིགས་སུ་བཅད་དེ་གསོལ་པ། གང་གིས་སུ་ནི་མཛེས་པར་འགྱུར། །གང་གིས་ནོར་ནི་ཆེ་བ་དང་། །མི་ཕྱེད་འཁོར་དང་ལྡན་པར་འགྱུར། །ཐུབ་པས་འདི་ནི་བདག་ལ་གསུངས། །ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ནི། །གང་གིས་རྫུས་ཏེ་སྐྱེ་འགྱུར་ཞིང་། །འདབ་མ་སྟོང་ལྡན་པདྨ་ལ། །མཆིས་པར་ཡང་ནི་གདའ་བ་དང་། །ཞིང་རྣམས་བྱེ་བ་དཔག་ཡས་པར། །སངས་རྒྱས་ཕྱག་བགྱིར་མཆི་བ་ཡི། །རྫུ་འཕྲུལ་ཕ་རོལ་ཕྱིན་འགྱུར་པའི། །སྤྱོད་པ་རྒྱལ་བས་ལུང་བསྟན་གསོལ། །དགྲ་ཟླ་མ་མཆིས་གང་གིས་འགྱུར། །ཚིག་ཀྱང་བཙུན་པར་འགྱུར་བ་དང་། །ལས་ཀྱི་སྒྲིབ་པ་མ་མཆིས་དང་། །བདུད་ཀྱི་ལས་ཀུན་མ་མཆིས་དང་། །འཆི་བའི་དུས་ནི་བགྱིད་པ་ན། །མངོན་སུམ་སངས་རྒྱས་མཐོང་བ་དང་། །དེ་ལས་ཆོས་ཀྱང་ཉན་པ་དང་། །སྡུག་བསྔལ་ཚོར་བ་མྱོང་མི་འགྱུར། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་བློ་གྲོས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དོན་འདི་དྲི་བར་སེམས་པ་ལེགས་སོ་ལེགས་སོ། །བུ་མོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བུ་མོ་བློ་གྲོས་བཟང་མོས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མཛེས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐ་ན་དགྲ་ལ་ཡང་ཁྲོ་བར་མི་བྱེད་པ་དང་། བྱམས་པ་ལ་གནས་པ་དང་། ཆོས་འདོད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་མཛེས་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གནོད་པའི་རྩ་བ་ཁྲོ་བ་འཕེལ་མི་བྱེད། །བྱམས་ལ་གནས་པར་བྱེད་དང་ཆོས་འདོད་དང་། །དེ་བཞིན་གཤེགས་པའི་


DKG043_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟུགས་བྱས་ན་ནི། །མཛེས་པར་འགྱུར་ཏེ་བལྟ་བར་འོས་པ་ཡིན། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ནོར་ཆེ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དུས་སུ་སྦྱིན་པ་དང་། འགྱོད་པ་མེད་པར་སྦྱིན་པ་དང་། ཡིད་དུ་འོང་བ་སྦྱིན་པ་དང་། རྣམ་པར་སྨྱིན་པ་མི་རེ་བར་སྦྱིན་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ནོར་ཆེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དུས་སུ་བྱིན་དང་འགྱོད་པ་མེད་པ་དང་། །ཡིད་འོང་སྦྱིན་དང་རྣམ་སྨིན་མི་རེ་བ། །དཔའ་བོ་རྣམས་ནི་ལས་འདི་བྱས་པས་ན། །རྟག་ཏུ་ལོངས་སྤྱོད་ཆེན་པོ་ཐོབ་པ་ཡིན། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་འཁོར་མི་ཕྱེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྲ་མའི་ཚིག་སྤངས་པ་དང་། སེམས་ཅན་ལོག་པར་ལྟ་བ་རྣམས་ཡང་དག་པའི་ལྟ་བ་ཡང་དག་པར་འཛིན་དུ་འཇུག་ཅིང་འཇོག་པར་བྱེད་པ་དང་། དམ་པའི་ཆོས་འཇིག་པའི་ཚེ་དམ་པའི་ཆོས་སྲུང་བ་དང་། སེམས་ཅན་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་ཅིང་འཇོག་པར་བྱེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་འཁོར་མི་ཕྱེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཕྲ་མ་དེ་བཞིན་ལོག་པར་ལྟ་བ་སྤོང་། །དམ་ཆོས་འཇིག་པའི་ཚེ་ན་སྲུང་བར་བྱེད། །སེམས་ཅན་བྱང་ཆུབ་ཡང་དག་འཛིན་འཇུག་ན། །འཁོར་རྣམས་མི་ཕྱེད་ཕུན་སུམ་ཚོགས་པར་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐང་དུ་རིན་པོ་ཆེ་ཆེན་པོའི་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱེ་མའམ། མེ་ཏོག་ཨུད་པ་ལའམ། པདྨ་འམ། ཀུ་མུ་དའམ། པདྨ་དཀར་པོས་ལག་པ་བཀང་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་འབུལ་བ་དང་། གཞན་དག་ལ་ཡང་གནོད་སེམས་མི་སྐྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་པདྨའི་གདན་


DKG043_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་པ་བྱེད་དུ་འཇུག་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ངེས་པ་རྒྱ་ཆེར་མོས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐང་དུ་རིན་པོ་ཆེ་ཆེན་པོའི་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཕྱེ་མ་མེ་ཏོག་བཀང་སྟེ་འབུལ་བ་དང་གནོད་སེམས་སྤོང་ཞིང་སྐུ་གཟུགས་བྱེད་པ་དང་། མོས་པ་རྒྱ་ཆེན་ལ་ནི་གནས་བྱེད་ན། །རྒྱལ་བ་དག་གི་ཐང་དུ་རྫུས་ཏེ་སྐྱེ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་དག་གི་དགེ་བའི་རྩ་བའི་བར་ཆད་མི་བྱེད་པ་དང་། གཞན་དག་ཆོས་ཉན་པ་ལ་བར་ཆད་མི་བྱེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་མར་མེ་འབུལ་བ་དང་། ཏིང་ངེ་འཛིན་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དགེ་བ་དག་གི་བར་ཆད་མི་བྱེད་དང་། །གཞན་གྱི་ཆོས་གཏམ་དག་ལ་མི་སྨོད་དང་། །རྒྱལ་བའི་མཆོད་རྟེན་དག་ལ་མར་མེ་འབུལ། །ཏིང་འཛིན་བསྒོམས་པས་དེ་ནི་ཞིང་དུ་འགྲོ། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དགྲ་ཟླ་མེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཡོ་མེད་པར་དགེ་བའི་བཤེས་གཉེན་དག་ལ་སྟེན་པ་དང་། དགེ་བའི་རྩ་བ་ལ་སེར་སྣ་མི་བྱེད་པ་དང་། གཞན་གྱི་རྙེད་པ་ལ་དགའ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་དང་གནས་པ་ཐམས་ཅད་ལ་ཁོང་ཁྲོ་བར་མི་བྱེད་ཅིང་མི་སྙན་པ་མི་སྒྲོགས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་དགྲ་ཟླ་མེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དགེ་བའི་བཤེས་གཉེན་རྣམས་ལ་དེ་གཡོ་མེད། །གཞན་གྱི་རྙེད་ལ་དགའ་ཞིང་སེར་སྣ་མེད། །བྱང་ཆུབ་སེམས་དཔའི་སྤྱོད་ལ་མི་སྨོད་ན། །རྟག་ཏུ་དགྲ་ཟླ་མེད་པར་སྤྱོད་པར་འགྱུར། །


DKG043_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཚིག་བཙུན་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་མཛའ་བོ་དག་ལ་ཡོད་པའི་རང་བཞིན་མི་འཆབ་པ་དང་། གླན་ཀ་མི་ཚོལ་བར་ཆོས་ཉན་པ་དང་། གཞན་ཆོས་སྨྲ་བ་དག་ལ་དཔྱ་སྐུར་མི་བྱེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཚིག་བཙུན་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། །མཛའ་ལ་ཡོད་པའི་རང་བཞིན་མི་འཆབ་ཅིང་། །གླན་ཀ་མི་ཚོལ་ཆོས་ནི་ཉན་བྱེད་ན། །འཇིགས་པ་མེད་ཅིང་ཚིག་ཀྱང་བཙུན་པར་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ལས་ཀྱི་སྒྲིབ་པ་མེད་པར་འགྱུར་ཞིང་། ཡོངས་སུ་དག་པ་ཡང་མྱུར་དུ་རྟོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་བསྒྲུབས་པས་སྡོམ་པ་གསུམ་ཡང་དག་པར་ལེན་པ་དང་། མདོ་སྡེ་ཟབ་མོ་རྣམས་མི་སྤོང་བ་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་འདུ་ཤེས་སྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པ་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ལས་ཀྱི་སྒྲིབ་པ་མེད་པར་འགྱུར་ཞིང་ཡོངས་སུ་དག་པ་ཡང་མྱུར་དུ་རྟོགས་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷག་པའི་བསམ་པས་སྡོམ་པ་གསུམ་ལ་གནས། །མདོ་སྡེ་ཟབ་མོ་རྣམས་ལ་རྟག་ཏུ་མོས། །སངས་རྒྱས་སྲས་ལ་ཐམས་ཅད་མཁྱེན་ལྟར་ལྟ། །སེམས་ཅན་རྣམས་ལ་བྱམས་པས་ལས་དག་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བདུད་ཀྱི་ལས་མེད་པར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྒོམ་པ་དང་། བརྩོན་འགྲུས་བརྩམས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྔོ་བ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདུད་ཀྱི་ལས་མེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་རྣམས་ལ་ནི་ཆོས་ཀྱི་ཚུལ་རྟོགས་


DKG043_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བརྩོན་འགྲུས་བརྩམས་ཤིང་སངས་རྒྱས་རྗེས་སུ་དྲན། །ཡོངས་སུ་བསྔོ་ཞིང་བཤགས་དང་ཕྱག་འཚལ་བ། །དེ་ལ་བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་འཆི་བའི་དུས་ཀྱི་ཚེ་མདུན་དུ་སངས་རྒྱས་བཞུགས་ཤིང་དེ་ལས་ཆོས་ཀྱང་ཉན་ལ་སྡུག་བསྔལ་ཡང་མྱོང་བར་མི་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། མོས་པ་མང་བ་དང་། བྱང་ཆུབ་སེམས་དཔའི་སྦྱིན་པ་བཀོད་པ་སྣ་ཚོགས་ཉེ་བར་སྒྲུབ་པ་དང་། དཀོན་མཆོག་གསུམ་མཆོད་པ་ལ་བརྩོན་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་འཆི་བའི་དུས་ཀྱི་ཚེ་མདུན་དུ་སངས་རྒྱས་བཞུགས་ཤིང་དེ་ལས་ཆོས་ཉན་ལ་སྡུག་བསྔལ་ཡང་མྱོང་བར་མི་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ནི་གཞན་གྱི་བསམ་པ་རྫོགས་བྱེད་ཅིང་། །མོས་པ་དང་ནི་སྦྱིན་པ་རྒྱ་ཆེ་བ། །མཁས་པ་དེ་ནི་རྟག་ཏུ་སྦྱིན་པར་བྱེད། །དེ་ཕྱིར་དེ་མདུན་དེ་བཞིན་གཤེགས་པ་བཞུགས། །དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་བུ་མོ་བློ་གྲོས་བཟང་མོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་སྐད་བཅས་པ་འདི་དག་ལ་བདག་གིས་བསླབ་པར་འཚལ་ཏེ། བཅོམ་ལྡན་འདས་གལ་ཏེ་བདག་གིས་བཞི་པ་བཅུ་པོ་ཇི་སྐད་དུ་བཀའ་སྩལ་པ་འདི་དག་ལས་ཆོས་གཅིག་ཅིག་མ་སྦྱང་ན་ཡང་བདག་གིས་དེ་བཞིན་གཤེགས་པའི་སྐུ་བསླུས་པར་གྱུར་ཅིག །དེ་ནས་གནས་བརྟན་མཽང་གལ་གྱི་བུ་ཆེན་པོས་བུ་མོ་བློ་གྲོས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ཉམས་འོག་ཏུ་ཆུད་པར་དཀའ་ན་ཁྱོད་འདི་ལྟ་བུ་ཡང་དག་པར་ལེན་པར་བྱེད་ན། ཅི་ཁྱོད་ཀྱིས་སེམས་ལ་དབང་ཐོབ་བམ། དེ་སྐད་ཅེས་སྨྲས་ནས་བུ་མོ་བློ་གྲོས་བཟང་མོས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ། འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽང་གལ་གྱི་བུ་བདེན་པ་དང་བདེན་པའི་ཚིག་


DKG043_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་བདག་གིས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་ལྷའི་མེ་ཏོག་གི་ཆར་འབབ་པར་གྱུར་ཅིག །མ་དཀྲོལ་བར་ཡང་སིལ་སྙན་གྱི་སྒྲ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བུ་མོ་བློ་གྲོས་བཟང་མོས་དེ་ལྟར་བདེན་པའི་བྱིན་བརླབས་བྱས་མ་ཐག་ཏུ་དེའི་མདོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་གི་ཆར་བབ་པར་གྱུར་ཅིང་། མ་དཀྲོལ་བར་ལྷའི་སིལ་སྙན་གྱི་སྒྲ་ཡང་བྱུང་བར་གྱུར་ཏོ། །བཙུན་པ་མཽང་གལ་གྱི་བུ་བདེན་པ་དང་བདེན་པའི་ཚིག་གང་གིས། ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཇི་ལྟ་བ་དེ་བཞིན་དུ་མ་འོངས་པའི་དུས་ན་བདག་དེ་བཞིན་གཤེགས་པར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་དེར་བདག་ལ་བདུད་ཀྱང་འབྱུང་བར་མི་འགྱུར་བ་དང་། ངན་སོང་རྣམས་ཀྱི་མིང་ཡང་མེད་པ་དང་། བུད་མེད་ཀྱི་སྐྱོན་རྣམས་མེད་པར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་ངེས། འཁོར་འདི་གསེར་གྱི་ཁ་དོག་ཅན་དུ་གྱུར་ཅིག ། བུ་མོ་བློ་གྲོས་བཟང་མོས་ཚིག་དེ་སྐད་ཅེས་སྨྲས་པ་ཐག་ཏུ་དེའི་མོང་ལ་ཐམས་ཅད་དང་ལྡན་པའི་འཁོར་དེ་གསེར་གྱི་ཁ་དོག་ཅན་དུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་སྟན་ལས་ལངས་ཏེ་ཆོས་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བུ་མོ་བློ་གྲོས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བློ་གྲོས་བཟང་མོ་ཁྱོད་ཆོས་གང་ལ་གནས་ཏེ་བདེན་པའི་བྱིན་གྱི་བརླབས་འདི་བྱས། བློ་གྲོས་བཟང་མོས་སྨྲས་པ། འཇམ་


DKG043_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆོས་ཀྱི་དབྱིངས་ནི་གནས་པ་མ་མཆིས་པས་དེ་ལ་གནས་པར་མི་ནུས་ཏེ་འདི་ལ་དྲི་བ་མ་མཆིས་སོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་བྱང་ཆུབ་ཅེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཅེས་བགྱི་བ་ནི་རྣམ་པར་མི་རྟོག་པའི་ཆོས་ཀྱི་ཚིག་བླ་དགས་སོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཆོས་ཀྱི་ཚིག་བླ་དགས་སོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་ཅི་དེ་བཞིན་གཤེགས་པ་ཡང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་མཛད་དམ། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་དཔེར་ན་སྨིག་རྒྱུ་དང་བྲག་ཆས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་བྱང་ཆུབ་ཀྱི་ཕྱིར་སྤྱོད་དོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་ཁྱོད་ཀྱིས་ཅི་ལས་བསམས་ཏེ་དེ་སྐད་ཅེས་སྨྲས། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་འདི་ལ་ཆོས་འགའ་ལ་ཡང་བསམ་པའམ། བསམ་པ་མ་ལགས་པ་མ་མཆིས་སོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་བསམ་པ་དེ་ལྟ་བུ་ཡིན་དུ་ཟིན་ན་བྱིས་པ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་འགྱུར་རོ། །བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་འདི་ཇི་སྙམ་དུ་དགོངས། བྱིས་པ་རྣམས་ཀྱང་གཞན་ལ་མཁས་པ་རྣམས་ཀྱང་གཞན་ཏེ་བྱང་ཆུབ་ཀྱང་གཞན་པར་དེ་ལྟར་གཟིགས་སམ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཚུལ་དུ་འདི་ནི་དབྱིངས་གཅིག་པ་ལགས་ཏེ། བླང་བ་མ་མཆིས་ཤིང་དོར་བ་མ་མཆིས་ལ་སྒྲོ་བཏགས་པ་མ་མཆིས་སོ། །འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་བཤད་པ་འདིའི་དོན་ཤེས་པ་ཇི་སྙེད་ཅིག་ཡོད། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་བཤད་པ་འདིའི་དོན་འཚལ་བ་ནི་སྒྱུ་མ་སྤྲུལ་པའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་མཆིས་པ་དེ་སྙེད་དོ། །འཇམ་དཔལ་གྱིས་སྨྲས་པ།


DKG043_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་བཟང་མོ་སྤྲུལ་པ་ཉིད་ཀྱང་མེད་ན་དེའི་སེམས་དང་སེམས་ལས་བྱུང་བ་ལྟ་ག་ལ་ཡོད། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ནི་མཆིས་པ་ཡང་མ་ལགས། མ་མཆིས་པ་ཡང་མ་ལགས་ཏེ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བུ་མོ་བློ་གྲོས་བཟང་མོ་འདི་ཟབ་མོའི་བཟོད་པ་དང་ལྡན་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བུ་མོ་བློ་གྲོས་བཟང་མོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ནས་བསྐལ་པ་སུམ་བཅུ་ལོན་པའི་འོག་ཏུ་གདོད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁྱོད་ཀྱང་བུ་མོ་བློ་གྲོས་བཟང་མོ་འདི་ཉིད་ཀྱིས་མི་སྐྱེ་བའི་ཆོས་ལ་ཞུགས་པར་བྱས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བུ་མོ་བློ་གྲོས་བཟང་མོ་ལ་ཕྱག་བྱས་ནས་ཚིག་འདི་སྐད་དུ་བདག་གིས་སློབ་དཔོན་ཡུན་རིང་མོ་ཞིག་ན་མཐོང་ཞེས་ཀྱང་སྨྲས་སོ། །བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་མ་རྟོག་ཤིག །དེ་ཅིའི་ཕྱིར་ཞེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །འཇམ་དཔལ་གྱིས་སྨྲས་པ། ཅིའི་ཕྱིར་སློབ་དཔོན་གྱིས་བུད་མེད་ཀྱི་ལུས་ལས་ད་དུང་མ་བསྒྱུར། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་འདི་ནི་བུད་མེད་དོ། །འདི་ནི་སྐྱེས་པའོ་ཞེས་བྱ་བ་དེ་ནི་དམིགས་པ་སྟེ། འོན་ཀྱང་ཁྱོད་ཀྱི་ཐེ་ཚོམ་མེད་པར་བྱའོ། །བདེན་པ་གང་གིས་བདག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་བདེན་པ་དེས་བདག་སྐྱེས་པར་གྱུར་ཅིག །བུ་མོ་བློ་གྲོས་བཟང་མོས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་དེའི་མོད་ལ་དེའི་བུད་མེད་ཀྱི་དངོས་པོ་མི་སྣང་བར་གྱུར་ནས་སྐྱེས་པར་རེད་དེ་ཆོས་གོས་ངུར་སྨྲིག་གྱོན་ནས་དེས་འདི་སྐད་དུ་བདེན་པ་གང་གིས་བདག་གིས་བྱང་ཆུབ་ཐོབ་པ་ན་དགེ་སློང་ཚུར་ཤོག་ཅེས་བྱས་པས་རབ་ཏུ་འབྱུང་


DKG043_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བ་དང་། བདག་གི་སངས་རྒྱས་ཀྱི་ཞིང་དེར་བདུད་ཀྱང་འབྱུང་བར་མི་འགྱུར་བ་དང་། ངན་སོང་གི་མིང་ཡང་མེད་པ་དང་། བུད་མེད་ཀྱི་སྐྱོན་རྣམས་ཀྱང་མེད་པར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས་བདག་དགེ་སློང་བསྙེན་པར་རྫོགས་ནས་ལོ་སུམ་བཅུ་ལོན་པའི་སྤྱོད་ལམ་ཅི་འདྲ་བ་དེ་ལྟ་བུར་གྱུར་ཅིག་ཅེས་བྱས་སོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོས་ཚིག་འདི་སྐད་སྨྲས་མ་ཐག་ཏུ་དེའི་མོད་ལ་དགེ་སློང་བསྙེན་པར་རྫོགས་ནས་ལོ་སུམ་བཅུ་ལོན་པའི་སྤྱོད་ལམ་ཅི་འདྲ་བ་དེ་ལྟ་བུར་གྱུར་ཏོ། །འཇམ་དཔལ་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་རྣམས་ཀྱི་ལུས་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། བསམ་པས་བཟའ་བ་དང་བཏུང་བ་འགྲུབ་པར་འགྱུར་ཏེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཇི་ལྟ་བ་བཞིན་དུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་གསུམ་ཡོངས་སུ་སྤངས་པར་འགྱུར་བ་དང་། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་དང་། རིན་པོ་ཆེའི་དྲ་བས་ཡོངས་སུ་བསྐོར་ཅིང་རིན་པོ་ཆེ་སྣ་བདུན་གྱི་པདྨ་དག་གིས་རྒྱས་ལ་སྟེང་རིན་པོ་ཆེའི་བླ་རེ་བྲེས་ཏེ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་ཅི་འདྲ་བ་ཁོ་ན་དང་མཉམ་ཞིང་མི་ལྷག་པ་དེ་ལྟ་བུར་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས་འཁོར་འདི་གསེར་གྱི་ཁ་དོག་ཅན་དུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོས་ཚིག་དེ་སྐད་སྨྲས་མ་ཐག་ཏུ་དེའི་མོད་ལ་ཐམས་ཅད་དང་ལྡན་པའི་འཁོར་དེ་གསེར་གྱི་ཁ་དོག་ཅན་དུ་གྱུར་ཏོ། །དེ་ནས་ས་བླའི་ལྷ་རྣམས་ཀྱི་ལྷའི་ལུས་ཀྱིས་གཅིག་ནས་གཅིག་ཏུ་སྒྲ་བསྒྲགས་ཤིང་སྐད་ཀྱི་གོ་བར་བྱས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ནི་དེ་ལྟ་བུར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་


DKG043_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་པ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་རིན་ཆེན་དཔལ་གྱི་སྙིང་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན། སྲོག་ཆགས་བྱེ་བ་ཕྲག་སུམ་བཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཉིད་ལ་ཡང་དག་པར་གནས་པར་གྱུར་ཏོ། །ལྷ་བྱེ་བ་ཕྲག་བརྒྱད་བཅུ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །སྲོག་ཆགས་བརྒྱ་སྟོང་གིས་ནི་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་འདོད་པ་ལྔ་སྟོང་ཙམ་ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོའི་ལྷག་པའི་བསམ་པ་རྟོགས་ཤིང་དགེ་བའི་རྩ་བའི་ཆེ་བ་ཉིད་མཐོང་ནས་དེ་དག་རང་རང་གི་བླ་གོས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏེ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ནས་ཚིག་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་གི་དགེ་བའི་རྩ་བ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་སྨྲས་སོ། །དགེ་སློང་དེ་དག་གིས་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་མ་ཐག་ཏུ་བསྐལ་པ་དགུ་བཅུའི་འཁོར་བ་བསྙིལ་ཏེ་བོར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གནས་པར་གྱུར་ཏོ། །དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། འཇམ་དཔལ་དགེ་སློང་འདི་དག་ནི་བསྐལ་པ་བཅུ་གཉིས་ན་བསྐལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་བཟོད་པར་དཀའ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་བསྐལ་པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་སྤོབས་པའི་རྒྱན་ཅེས་བྱ་བར་ཐམས་ཅད་མིང་འཐུན་པར་འཇིག་རྟེན་དུ་འབྱུང་བར་


DKG043_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །འཇམ་དཔལ་དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་རྣམས་ལ་རྫུ་འཕྲུལ་ཆེན་པོ་བྱེད་པ་ཡིན་ནོ། །འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བྱང་ཆུབ་འདོད་པ་གང་གིས་བསྐལ་པ་སྟོང་གི་བར་དུ་ཐབས་མཁས་པ་དང་མ་བྲལ་བས་ཕ་རོལ་དུ་ཕྱིན་པ་དྲུག་སྤྱད་ལ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་བྲིས་ནས་ཟླ་བ་ཕྱེད་ཀྱི་བར་དུ་ལན་རེ་བླགས་ན་བསོད་ནམས་ཀྱི་ཕུང་པོ་སྔ་མས་ནི་བསོད་ནམས་ཀྱི་ཕུང་པོ་འདིའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་། བརྒྱ་སྟོང་གྱི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །འཇམ་དཔལ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་གཏད་ཀྱི་ཁྱོད་འདུན་པར་གྱིས་ལ་སྔོན་གྱི་བྱང་ཆུབ་སེམས་དཔའི་སྨོན་ལམ་བྱུང་བའི་མདོ་འདི་ལྟ་བུ་འདི་མ་འོངས་པའི་དུས་ན་ཟུང་ཤིག །ཆོངས་ཤིག །ཤོད་ཅིག །ལྷོགས་ཤིག །སྟོན་ཅིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །འཇམ་དཔལ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་སྲིད་དུ་གནས་པ་དེ་སྲིད་དུ་རིན་པོ་ཆེ་སྣ་བདུན་མེད་པར་མི་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཤི་ན་རིན་པོ་ཆེ་སྣ་བདུན་མེད་པར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་འཇིག་རྟེན་ན་ཇི་སྲིད་དུ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་སྣ་བདུན་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཚུལ་ཐམས་ཅད་མེད་པར་མི་འགྱུར་ལ། ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་མེད་པར་གྱུར་ན་དམ་པའི་ཆོས་ནུབ་པར་འགྱུར་རོ། །འཇམ་དཔལ་དེ་བས་ན་མདོ་སྡེ་རིན་པོ་ཆེ་འདི་ལྟ་བུ་འདི་ཡི་གེར་བྲི་བ་དང་། ལུང་འབོག་པ་དང་། བཅང་བ་དང་། བཀླག་པ་དང་། གཞན་དག་ལ་ཡང་རྒྱ་ཆེ་རབ་ཏུ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བརྩོན་འགྲུས་བརྩམ་པར་བྱའོ། །འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་ནོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ། འདི་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བྱང་ཆུབ་འདོད་པ་ལ་ངས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་


DKG043_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམས་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་བུ་མོ་བློ་གྲོས་བཟང་མོས་ཞུས་པའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།


previousའཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།next