ཉི་ཤུ་རྩ་གཉིས་པ། མངོན་པར་རྫོགས་པར་བྱང་ཆུབ་པའི་ལེའུ།


DKG046_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བདུད་ཕྱིར་རྒོལ་བ་བཅོམ་པ། དགྲ་བཏུལ་བ། གཡུལ་ངོར་གཡུལ་ལས་རྣམ་པར་རྒྱལ་བ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་། དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུར་སྙོམས་པར་ཞུགས་པའི་སེམས་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འོད་གསལ་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ།་མཉེན་པ། ལས་སུ་རུང་བར་གནས་པ། མི་གཡོ་བར་གྱུར་པས་ནམ་གྱི་ཆ་སྟོད་ལ་ལྷའི་མིག་ལས་ཡེ་ཤེས་མཐོང་བའི་རིག་པ་མངོན་དུ་བྱ་བའི་ཕྱིར་སེམས་མངོན་པར་སྒྲུབ་ཅིང་མངོན་པར་གཏོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷའི་མིག་ཡོངས་སུ་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། བཟང་པོ་དང་། ངན་པ་རྣམས་མཐོང་ངོ་། །ལས་ཇི་ལྟ་བ་བཞིན་དུ་འགྲོ་བའི་སེམས་ཅན་རྣམས་ཀྱང་རབ་ཏུ་ཤེས་ཏེ། ཀྱེ་མ་སེམས་ཅན་


DKG046_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དག་སྟེ། དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དག་གོ །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་བ་དག་སྟེ། དེ་དག་ཡང་དག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་བ་དག་གོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དེ་ལྟར་ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། བདེ་འགྲོར་སོང་བ་དང་། ངན་འགྲོར་སོང་བ་དང་། ངན་པ་དང་། བཟང་པོ་དག་དང་། ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་རྣམས་མཐོང་ངོ་། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ནམ་གྱི་ཆ་སྟོད་ལ་རིག་པ་མངོན་སུམ་དུ་བྱེད་དོ། །མུན་པ་སེལ་ཏོ། །སྣང་བ་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུར་སྙོམས་པར་ཞུགས་པའི་སེམས་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འོད་གསལ་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། མཉེན་པ། ལས་སུ་རུང་བར་གནས་པ། མི་གཡོ་བར་གྱུར་པས་ནམ་གྱི་གུང་ཐུན་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཡེ་ཤེས་མཐོང་བའི་རིག་པ་མངོན་དུ་བྱ་བའི་ཕྱིར་སེམས་མངོན་པར་སྒྲུབ་ཅིང་མངོན་པར་གཏོད་དོ། །དེ་བདག་དང་སེམས་ཅན་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། འདི་ལྟ་སྟེ།སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། སྐྱེ་བ་ལྔ་བཅུ་དང་། སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བྱེ་བ་དང་། སྐྱེ་བ་བྱེ་བ་ཕྲག་བརྒྱ་དང་། སྐྱེ་བ་བྱེ་བ་ཕྲག་སྟོང་དང་། སྐྱེ་བ་བྱེ་བ་བརྒྱ་སྟོང་


DKG046_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། སྐྱེ་བ་བྱེ་བ་བརྒྱ་ཕྲག་དུ་མ་དང་། སྐྱེ་བ་བྱེ་བ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ནས། འཇིག་པའི་བསྐལ་པ་དང་། འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་དག་ཀྱང་རྗེས་སུ་དྲན་ནོ། །བདག་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་གྱུར་ཏེ། མིང་འདི་ཞེས་བྱ་བར་གྱུར་ཏོ། །རུས་ནི་འདི་ཞེས་བྱའོ། །རིགས་ནི་འདི་ཞེས་བྱའོ། །ཁ་དོག་ནི་འདི་ལྟ་བུའོ། །ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟའོ། །ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ་བོ། །ཡུན་ནི་འདི་སྲིད་ཅིག་གནས་གནས་སོ། །བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ངོ་། །བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་སྐྱེས་སོ། །དེ་ནས་ཤི་འཕོས་ནས་ཀྱང་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་སྐྱེས་སོ། །དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས་པར་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་བུར་སྙོམས་པར་ཞུགས་པའི་སེམས་ཡོངས་སུ་དག་པ། ཡོངས་སུ་བྱང་བ། འོད་གསལ་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བ། མཉེན་པ། ལས་སུ་རུང་བར་གནས་པ། མི་གཡོ་བར་གྱུར་པས་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ནམ་ཚོད་ཙམ་ན་སྡུག་བསྔལ་དང་། ཀུན་འབྱུང་བ་ནུབ་པར་བྱ་བ་དང་། ཟག་པ་ཟད་པ་ཤེས་པ་མཐོང་བའི་རིག་པ་མངོན་དུ་བྱ་བའི་ཕྱིར་སེམས་མངོན་པར་སྒྲུབ་ཅིང་མངོན་པར་གཏོད་དེ། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཇིག་རྟེན་འདི་ནི་འདི་ལྟ་སྟེ། སྐྱེ་བ་དང་། རྒ་བ་དང་།ན་བ་དང་། འཆི་བ་དང་། འཆི་འཕོ་བ་དང་། སྐྱེ་བས་སྡུག་བསྔལ་བར་གྱུར་པ་ཡིན་ན། འོན་ཀྱང་རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་ལས་འབྱུང་བར་བྱ་བ་མི་ཤེས་ཏེ། ཨེ་མའོ་རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་ཐམས་ཅད་ཟད་པར་བྱ་བར་ཤེས་ན་ཅི་མ་རུང་སྙམ་ནས། དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་རྒ་བ་དང་འཆི་བ་བྱུང་། རྒ་བ་དང་འཆི་བའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ།


DKG046_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཡོད་པས་རྒ་ཤི་བྱུང་སྟེ། རྒ་ཤིའི་རྐྱེན་ནི་སྐྱེ་བ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྐྱེ་བ་བྱུང་། སྐྱེ་བའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། སྲིད་པ་ཡོད་པས་སྐྱེ་བ་བྱུང་སྟེ། སྐྱེ་བའི་རྐྱེན་ནི་སྲིད་པ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྲིད་པ་བྱུང་། སྲིད་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། ལེན་པ་ཡོད་པས་སྲིད་པ་བྱུང་སྟེ། སྲིད་པའི་རྐྱེན་ནི་ལེན་པ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་ལེན་པ་བྱུང་། ལེན་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། སྲེད་པ་ཡོད་པས་ལེན་པ་བྱུང་སྟེ། ལེན་པའི་རྐྱེན་ནི་སྲེད་པ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྲེད་པ་བྱུང་། སྲེད་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། ཚོར་བ་ཡོད་པས་སྲེད་པ་བྱུང་སྟེ། སྲེད་པའི་རྐྱེན་ནི་ཚོར་བ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་ཚོར་བ་བྱུང་། ཚོར་བའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། རེག་པ་ཡོད་པས་ཚོར་བ་བྱུང་སྟེ། ཚོར་བའི་རྐྱེན་ནི་རེག་པ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་རེག་པ་བྱུང་། རེག་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། སྐྱེ་མཆེད་དྲུག་ཡོད་པས་རེག་པ་བྱུང་སྟེ། རེག་པའི་རྐྱེན་ནི་སྐྱེ་མཆེད་དྲུག་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་སྐྱེ་མཆེད་དྲུག་བྱུང་། སྐྱེ་མཆེད་དྲུག་གི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་སེམས་ཏེ། མིང་དང་གཟུགས་ཡོད་པས་སྐྱེ་མཆེད་དྲུག་བྱུང་སྟེ། སྐྱེ་མཆེད་དྲུག་གི་རྐྱེན་ནི་མིང་དང་གཟུགས་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་མིང་དང་གཟུགས་བྱུང་། མིང་


DKG046_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟུགས་ཀྱི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། རྣམ་པར་ཤེས་པ་ཡོད་པས་མིང་དང་གཟུགས་བྱུང་སྟེ། མིང་དང་གཟུགས་ཀྱི་རྐྱེན་ནི་རྣམ་པར་ཤེས་པ་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་རྣམ་པར་ཤེས་པ་བྱུང་། རྣམ་པར་ཤེས་པའི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། འདུ་བྱེད་ཡོད་པས་རྣམ་པར་ཤེས་པ་བྱུང་སྟེ། རྣམ་པར་ཤེས་པའི་རྐྱེན་ནི་འདུ་བྱེད་ཡིན་ནོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཡོད་པས་འདུ་བྱེད་བྱུང་། འདུ་བྱེད་ཀྱི་རྐྱེན་ནི་གང་ཡིན་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། མ་རིག་པ་ཡོད་པས་འདུ་བྱེད་བྱུང་སྟེ། འདུ་བྱེད་ཀྱི་རྐྱེན་ནི་མ་རིག་པ་ཡིན་ནོ་སྙམ་མོ། །དེ་ལྟར་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འབྱུང་བར་འགྱུར་རོ་སྙམ་མོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཀུན་འབྱུང་ཀུན་འབྱུང་ཞེས་ཚུལ་བཞིན་ཡིད་ལ་བྱེད་ཅིང་མང་དུ་བྱེད་པས་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས་སོ། །སྣང་བ་བྱུང་ངོ་། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་མེད་པས་རྒ་ཤི་མེད་པར་འགྱུར། གང་འགགས་པས་རྒ་ཤི་འགག་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། སྐྱེ་བ་མེད་ན་རྒ་ཤི་མེད་པར་འགྱུར་ཏེ། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་མེད་པས་སྐྱེ་བ་མེད་པར་འགྱུར། གང་འགགས་པས་སྐྱེ་བ་འགག་སྙམ་ནས། དེས་


DKG046_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྙམ་དུ་བསམས་ཏེ། སྲིད་པ་མེད་ན་སྐྱེ་བ་མེད་པར་འགྱུར་ཏེ། སྲིད་པ་འགགས་པས་སྐྱེ་བ་འགག་གོ་སྙམ་མོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་མེད་པས་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདུ་བྱེད་མེད་པར་འགྱུར། གང་འགགས་པས་འདུ་བྱེད་འགག་སྙམ་པའི་བར་དུའོ། །དེས་འདི་སྙམ་དུ་བསམས་ཏེ། མ་རིག་པ་མེད་པས་འདུ་བྱེད་མེད་པར་འགྱུར་ཏེ། མ་རིག་པ་འགགས་པས་འདུ་བྱེད་འགག་གོ །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་གོ་ཞེས་བྱ་བ་ནས། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འགག་པར་འགྱུར་རོ་སྙམ་པའི་བར་དུའོ། །དགེ་སློང་དག་དེ་ལྟར་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་ཅིང་མང་དུ་བྱེད་པས་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྐྱེས། མིག་སྐྱེས། རིག་པ་སྐྱེས། མང་པོ་ཤེས་པ་སྐྱེས། ཡིད་གཞུངས་པ་སྐྱེས། ཤེས་རབ་སྐྱེས་སོ། །སྣང་བ་བྱུང་ངོ་། །དགེ་སློང་དག་ངས་དེའི་ཚེ་འདི་ནི་ཟག་པ་སྡུག་བསྔལ་ལོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་ཟག་པའི་ཀུན་འབྱུང་བའོ། །འདི་ནི་ཟག་པ་འགོག་པའོ། །འདི་ནི་ཟག་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་འདོད་པའི་ཟག་པའོ། །འདི་ནི་སྲེད་པའི་ཟག་པའོ། །འདི་ནི་མ་རིག་པའི་ཟག་པའོ། །འདི་ནི་ལྟ་བའི་ཟག་པའོ། །འདིར་ཟག་པ་མ་ལུས་པར་འགག་གོ །འདིར་ཟག་པ་མ་ལུས་པར་མི་སྣང་བར་འགྱུར་ཞིང་ནུབ་པར་འགྱུར་རོ། །འདི་ནི་མ་རིག་པའོ། །འདི་ནི་མ་རིག་པའི་ཀུན་འབྱུང་བའོ། །འདི་ནི་མ་རིག་པ་འགོག་པའོ། །འདི་ནི་མ་རིག་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདིར་མ་རིག་པ་མ་ལུས་པར་མི་སྣང་བར་འགྱུར་ཏེ་ནུབ་པར་འགྱུར་རོ་ཞེས་བྱ་བར་དེ་བཞིན་དུ་སྦྱར་རོ། །འདི་དག་ནི་འདུ་བྱེད་རྣམས་སོ། ། འདི་ནི་འདུ་བྱེད་ཀྱི་ཀུན་འབྱུང་བའོ། །འདི་ནི་འདུ་བྱེད་འགོག་པའོ། །འདི་ནི་འདུ་བྱེད་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་


DKG046_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། །འདི་ནི་རྣམ་པར་ཤེས་པ་འགོག་པའོ། །འདི་ནི་རྣམ་པར་ཤེས་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་མིང་དང་གཟུགས་སོ། །འདི་ནི་མིང་དང་གཟུགས་ཀྱི་ཀུན་འབྱུང་བའོ། །འདི་ནི་མིང་དང་གཟུགས་འགོག་པའོ། །འདི་ནི་མིང་དང་གཟུགས་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་སྐྱེ་མཆེད་དྲུག་གོ །འདི་ནི་སྐྱེ་མཆེད་དྲུག་གི་ཀུན་འབྱུང་བའོ། །འདི་ནི་སྐྱེ་མཆེད་དྲུག་འགོག་པའོ། །འདི་ནི་སྐྱེ་མཆེད་དྲུག་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་རེག་པའོ། །འདི་ནི་རེག་པའི་ཀུན་འབྱུང་བའོ། །འདི་ནི་རེག་པ་འགོག་པའོ། །འདི་ནི་རེག་པ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་ཚོར་བའོ། །འདི་ནི་ཚོར་བའི་ཀུན་འབྱུང་བའོ། །འདི་ནི་ཚོར་བ་འགོག་པའོ། །འདི་ནི་ཚོར་བ་འགོག་པར་འགྲོ་བའི་ལམ་མོ། །འདི་ནི་སྲེད་པའོ། །འདི་ནི་སྲེད་པའི་ཀུན་འབྱུང་བའོ། །འདི་ནི་སྲེད་པ་འགོག་པའོ། །འདི་ནི་སྲེད་པ་འགོག་པར་འགྲོ་བའི་ལམ་མོ། །འདི་ནི་ལེན་པའོ། །འདི་ནི་ལེན་པའི་ཀུན་འབྱུང་བའོ། །འདི་ནི་ལེན་པ་འགོག་པའོ། །འདི་ནི་ལེན་པ་འགོག་པར་འགྲོ་བའི་ལམ་མོ། །འདི་ནི་སྲིད་པའོ། །འདི་ནི་སྲིད་པའི་ཀུན་འབྱུང་བའོ། །འདི་ནི་སྲིད་པ་འགོག་པའོ། །འདི་ནི་སྲིད་པ་འགོག་པར་འགྲོ་བའི་ལམ་མོ། །འདི་ནི་སྐྱེ་བའོ། །འདི་ནི་སྐྱེ་བའི་ཀུན་འབྱུང་བའོ། །འདི་ནི་སྐྱེ་བ་འགོག་པའོ། །འདི་ནི་སྐྱེ་བ་འགོག་པར་འགྲོ་བའི་ལམ་མོ། །འདི་ནི་རྒ་བའོ། །འདི་ནི་རྒ་བའི་ཀུན་འབྱུང་བའོ། །འདི་ནི་རྒ་བ་འགོག་པའོ། །འདི་ནི་རྒ་བ་འགོག་པར་འགྲོ་བའི་ལམ་མོ། །འདི་ནི་འཆི་བའོ། །འདི་ནི་འཆི་བའི་ཀུན་འབྱུང་བའོ། །འདི་ནི་འཆི་བ་འགོག་པའོ། །འདི་ནི་འཆི་བ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་དག་ནི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འབྱུང་བར་འགྱུར་བ་ནས། འགོག་པར་འགྱུར་


DKG046_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་བྱ་བའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་གྱི་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ནམ་ཚོད་ཙམ་ན་སྐྱེས་བུ་དང་། སྐྱེས་བུ་དམ་པ་དང་། སྐྱེས་བུ་མཆོག་དང་། སྐྱེས་བུ་ཆེན་པོ་དང་། སྐྱེས་བུ་ཁྱུ་མཆོག་དང་། སྐྱེས་བུ་གླང་པོ་དང་། སྐྱེས་བུ་སེང་གེ་དང་། སྐྱེས་བུ་སྐྱེས་མཆོག་དང་། སྐྱེས་བུ་དཔའ་བོ་དང་། སྐྱེས་བུ་རྟུལ་ཕོད་དང་། སྐྱེས་བུ་ཅང་ཤེས་དང་། སྐྱེས་བུ་པད་མ་དང་། སྐྱེས་བུ་པད་མ་དཀར་པོ་དང་། སྐྱེས་བུ་ལྗིད་ཁྱེར་བ་དང་། སྐྱེས་བུ་ཁ་ལོ་སྒྱུར་བ་བླ་ན་མེད་པས་འཕགས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་དང་། ཁོང་དུ་ཆུད་པར་བྱ་བ་དང་། ཐོབ་པར་བྱ་བ་དང་། བལྟ་བར་བྱ་བ་དང་། མངོན་དུ་བྱ་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རིག་པ་གསུམ་ཐོབ་བོ། །དགེ་སློང་དག་དེ་ནས་ལྷའི་བུ་རྣམས་ཀྱིས་སྨྲས་པ། གྲོགས་པོ་དག་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཀྱིས་མེ་ཏོག་གཏོར་ཅིག་ཅེས་བྱས་སོ། །དེ་ནས་ལྷའི་བུ་གང་དག་སྔོན་གྱི་སངས་རྒྱས་མཐོང་བ་དེ་དག་འདུས་ནས་དེ་དག་གིས་དེ་དག་ལ་སྨྲས་པ། གྲོགས་པོ་དག་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བརྡ་མཛད་ཅིང་བརྡ་མངོན་པར་སྤྲུལ་པ་མཛད་ཀྱིས། བཅོམ་ལྡན་འདས་ཀྱིས་བརྡ་མ་མཛད་ཀྱི་བར་དུ་མེ་ཏོག་མ་གཏོར་ཅིག །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ལྷའི་བུ་དེ་དག་ཡིད་གཉིས་སུ་གྱུར་པར་མཁྱེན་ནས། ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། དེར་བཞུགས་ནས་ལམ་གྱི་རྒྱུན་ནི་ཆད་དོ། །རྡུལ་ནི་ཉེ་བར་ཞིའོ། །ཟག་པ་ནི་སྐམས་ཏེ་ཡང་མི་ཟག་གོ །ལམ་ནི་ཆད་དེ་ཡང་མི་འཇུག་གོ །འདི་ནི་སྡུག་བསྔལ་གྱི་མཐའ་ཞེས་བྱའོ་ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ལྷའི་བུ་དེ་དག་གིས་དེ་བཞིན་གཤེགས་པ་ལ་ལྷའི་མེ་


DKG046_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གིས་གཏོར་ཏེ། དེ་ནས་ལྷའི་མེ་ཏོག་པུས་མོ་ནུབ་ཙམ་དུ་བཀྲམ་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མུན་པ་མུན་ནག་དང་ནི་བྲལ། སྲེད་པ་ནི་རྣམ་པར་སྦྱངས། ལྟ་བ་ནི་བཟློག །ཉོན་མོངས་པ་རྣམས་ནི་རྣམ་པར་དཀྲུགས། ཟུག་རྔུ་ནི་ཕྱུང་། མདུད་པ་ནི་བཀྲོལ། ང་རྒྱལ་གྱི་རྒྱལ་མཚན་ནི་བསྙལ། ཆོས་ཀྱི་རྒྱལ་མཚན་ནི་བསྒྲེང་། བག་ལ་ཉལ་རྣམས་ནི་བཏོན། ཆོས་ཀྱི་དེ་བཞིན་ཉིད་ནི་མཁྱེན། ཡང་དག་པའི་མཐའ་ནི་ཐུགས་སུ་ཆུད། ཆོས་ཀྱི་དབྱིངས་ནི་ཡོངས་སུ་མཁྱེན། སེམས་ཅན་གྱི་ཁམས་ནི་རྣམ་པར་བཀོད། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་བསྔགས། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ནི་སྨད། མ་ངེས་པའི་ཕུང་པོ་ནི་ཡོངས་སུ་བཟུང་། སེམས་ཅན་གྱི་དབང་པོ་རྣམས་ལ་ནི་རྣམ་པར་གཟིགས། སེམས་ཅན་གྱི་སྤྱོད་པ་ནི་ཡོངས་སུ་མཁྱེན། སེམས་ཅན་གྱི་ནད་གསོ་བ་ནི་ཐུགས་སུ་ཆུད། བདུད་རྩིའི་སྨན་སྦྱར་བ་ནི་གྲུབ། སྨན་པའི་རྒྱལ་པོར་ནི་བྱུང་། སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་ཐར་བར་མཛད་པ་པོར་ནི་གྱུར། མྱ་ངན་ལས་འདས་པའི་བདེ་བ་ལ་འཇོག་པ་པོར་ནི་གྱུར། དེ་བཞིན་གཤེགས་པའི་སྙིང་པོ། དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་པོའི་ཁྲི་ཆེན་པོ་ལ་ནི་བཞུགས། རྣམ་པར་གྲོལ་བའི་ཐབས་ནི་བརྙེས། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ནི་ཞུགས། སངས་རྒྱས་ཐམས་ཅད་དང་ཡང་དག་པར་ནི་འདྲེས། ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པ་ལས་དབྱེར་མེད་པར་ནི་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ངས་འདིར་ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་མཐར་ཕྱུང་ངོ་ཞེས་ཞག་བདུན་པ་དང་པོ་ལ་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་ན་བཞུགས་སོ།། །།འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅྭ་ལྔ་པ། དགེ་སློང་དག་བྱང་ཆུབ་སེམས་དཔས་ཐམས་ཅད་མཁྱེན་པ་ཉིད་ཐོབ་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་མཆོག་ཏུ་བདེ་བ་དང་ལྡན་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བ་ཆེན་པོས་སྣང་བར་བྱས་ནས། འཇིག་


DKG046_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་བར་སྡིག་པ་སྡིག་པས་ཁྱབ་པ་མུན་ནག་ཅེས་བྱ་བ་སྔ་མ་བཞིན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །ལྡེག །རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་གོ །འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཆོས་ཀྱི་དགབ་པ་དག་ཀྱང་སྐུར་རོ། །ཆོས་ཀྱི་དགབ་པ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་རིན་པོ་ཆེའི་གདུགས་གཅིག་གིས་ཁེབས་པར་གྱུར་ཏེ། རིན་པོ་ཆེའི་གདུགས་དེ་ལས་ཀྱང་རྣམ་པ་འདི་ལྟ་བུའི་འོད་ཟེར་གྱི་དྲ་བ་བྱུང་སྟེ། དེ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་སྣང་བར་བྱས་ནས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷའི་བུ་རྣམས་ཀྱང་ཀུན་དགའ་བའི་སྒྲ་རྗོད་པར་གྱུར་ཏེ། སེམས་ཅན་མཁས་པའི་པད་མ་ཡེ་ཤེས་ཀྱི་མཚོ་ལས་བྱུང་བ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མ་གོས་པ་བྱུང་ངོ་། །ཐུགས་རྗེ་ཆེན་པོའི་སྤྲིན་ཡང་དག་པར་འཕགས་ཏེ། ཆོས་ཀྱི་དབྱིངས་ཀྱི་གནས་ཁྱབ་པར་མཛད་ནས། འདུལ་བའི་སྐྱེ་བོའི་སྨན་གྱི་ཆོས་ཀྱི་ཆར། དགེ་བའི་རྩ་བའི་ས་བོན་ཐམས་ཅད་ཀྱི་མྱུ་གུ་སྐྱེད་པ། དད་པའི་མྱུ་གུ་རྣམས་རྣམ་པར་འཕེལ་བར་བྱེད་པ། རྣམ་པར་གྲོལ་བའི་འབྲས་བུ་རྣམས་འབྱིན་པར་བྱེད་པའི་ཆར་འབེབས་པར་འགྱུར་རོ་ཞེས་འཛེར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྐྱེས་བུ་སེང་གེ་དེ་ཡིས་དཔུང་བཅས་བདུད་བཏུལ་ཏེ། །སྟོན་པས་བསམ་གཏན་བདེ་བ་མངོན་དུ་མཛད་ནས་ནི། །གང་ཚེ་སྟོབས་བཅུས་རིག་པ་གསུམ་པོ་མཉེས་གྱུར་ཚེ། །ཕྱོགས་བཅུའི་སངས་རྒྱས་ཞིང་མང་བྱེ་བ་གཡོས་པར་གྱུར། །ཆོས་འདོད་བྱང་ཆུབ་སེམས་དཔའ་གང་དག་ཡོངས་ལྷགས་པ། །ཞབས་ལ་གཏུགས་ཏེ་འདི་སྐད་ཚིག་སྨྲས་མ་མཉེལ་ཏམ། །བདག་ཅག་མངོན་སུམ་ཅི་འདྲ་ཤིན་ཏུ་འཇིགས་དཔུང་དེ། །ཤེས་རབ་བསོད་ནམས་སྟོབས་དང་བརྩོན་འགྲུས་སྟོབས་ཀྱིས་བཅོམ། །ཁྲག་ཁྲིག་ཞིང་


DKG046_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སངས་རྒྱས་རྣམས་ཀྱིས་གདུགས་རྣམས་བསྐུར། །དེས་པ་སྐྱེས་བུ་ཆེན་པོ་བདུད་ཀྱི་སྡེ་རྣམས་བཏུལ། །ཁྱེད་ཀྱིས་གནས་མཆོག་འཆི་མེད་མྱ་ངན་མེད་པ་བརྙེས། །སྲིད་པ་གསུམ་དུ་དམ་ཆོས་ཆར་པ་མྱུར་དུ་ཕོབ། །ཕྱོགས་བཅུའི་སེམས་ཅན་སྙིང་པོ་རྣམས་ཀྱིས་ཕྱག་བརྐྱང་སྟེ། །ཀ་ལ་པིང་ཀའི་སྒྲ་ཡི་གསུང་དུ་བརྗོད་པ་ནི། །བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་གྱི་སྙིང་ཁུ་མཚུངས་འདྲ་བཞིན། །དགེ་སློང་དག་དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་མོ་དག་གིས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་མངོན་པར་ཤེས་པ་བརྙེས་པ་དང་། བརྣག་པ་ཡོངས་སུ་རྫོགས་པ་དང་། གཡུལ་ལས་རྣམ་པར་རྒྱལ་བ་དང་། བདུད་ཕྱིར་རྒོལ་བ་ཕམ་པར་མཛད་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་དང་། དཔའ་བ་དང་། རྒྱལ་བ་འཕགས་པ་དང་། སྐྱེས་བུ་དང་། སྐྱེས་བུ་ཆེན་པོ་དང་། སྨན་པའི་མཆོག་དང་། ཟུག་རྔུ་འབྱིན་པ་ཆེན་པོ་དང་། སེང་གེ་ལྟར་མི་བསྙེངས་ཤིང་སྤུ་ཟིང་ཞེས་བྱེད་པ་མི་མངའ་བ་དང་། གླང་པོ་ལྟར་ཐུགས་ཤིན་ཏུ་དུལ་བ་དང་། དྲི་མ་གསུམ་སྤངས་པས་དྲི་མ་མི་མངའ་བ་དང་། རིག་པ་གསུམ་བརྙེས་པས་མཁྱེན་པ་པོ་དང་། ཆུ་བོ་བཞི་ལས་བརྒལ་བས་ཕ་རོལ་ཏུ་བྱོན་པ་དང་། རིན་པོ་ཆེའི་གདུགས་གཅིག་འཛིན་པས་རྒྱལ་རིགས་སུ་གྱུར་པ་དང་། སྡིག་པའི་ཆོས་སྤངས་པས་འཇིག་རྟེན་གསུམ་གྱི་བྲམ་ཟེར་གྱུར་པ་དང་། མ་རིག་པའི་སྒོ་ངའི་སྦུབས་བཅོམ་པས་དགེ་སློང་དུ་གྱུར་པ་དང་། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པས་དགེ་སྦྱོང་དུ་གྱུར་པ་དང་། ཉོན་མོངས་པ་བསལ་བས་གཙང་སྦྲ་ཅན་དུ་གྱུར་པ་དང་། རྒྱལ་མཚན་མ་བསྙལ་བས་དཔའ་བ་དང་། སྟོབས་བཅུ་མངའ་བའི་ཤིན་ཏུ་སྟོབས་དང་ལྡན་པ་དང་། རིན་པོ་ཆེའི་འབྱུང་གནས་ལྟར་ཆོས་རིན་པོ་ཆེ་ཐམས་ཅད་ཡོངས་སུ་རྫོགས་པར་རིག་ནས་བྱང་ཆུབ་ཀྱི་སྙིང་པོ་ལོགས་སུ་ཕྱོགས་ཏེ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འདི་ནི་ཤིང་གི་རྒྱལ་དྲུང་དུ། །བདུད་སྡེ་མངོན་དུ་ཕམ་མཛད་ནས། །རི་རབ་ལྟ་བུར་མི་གཡོ་བཞུགས། །བསྙེངས་པ་མི་མངའ་འབྲོས་མི་མཛད། །འདིས་ནི་བསྐལ་པ་བྱེ་མང་དུ། །སྦྱིན་དང་དུལ་དང་སྡོམ་པ་ཡིས། །བྱང་ཆུབ་དམ་པ་ཡང་དག་བསྒྲུབས། །དེས་ན་འདིར་ནི་


DKG046_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དོ་མོད་མཛེས། །བྱང་ཆུབ་དམ་པ་ཚོལ་བ་ན། །འདི་ཡིས་བསྐལ་པ་བྱེ་མང་དུ། །ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་ཀྱིས། །བརྒྱ་བྱིན་ཚངས་པ་ཟིལ་དུ་བརླག །འདི་ཡིས་བསྐལ་པ་བྱེ་མང་དུ། །བཟོད་པའི་སྟོབས་ཀྱི་གོ་མནབས་ཏེ། །སྡུག་བསྔལ་རྣམས་ནི་དང་དུ་བླངས། །དེས་ན་གསེར་མདོག་འོད་དང་ལྡན། །འདི་ཡིས་བསྐལ་པ་བྱེ་མང་དུ། །བརྩོན་འགྲུས་སྟོབས་དང་རྩལ་གྱིས་ནི། །གཞན་དག་ཕྱིར་བསྙིལ་མཛད་མཛད་དེ། །དེས་ན་བདུད་ཀྱི་སྡེ་ལས་རྒྱལ། །འདི་ཡིས་བསྐལ་པ་བྱེ་མང་དུ། །བསམ་གཏན་མངོན་ཤེས་ཡེ་ཤེས་ཀྱིས། །ཐུབ་པའི་དབང་པོ་ཡང་དག་མཆོད། །དེས་ན་དོ་མོད་འདི་ལ་མཆོད། །འདི་ཡིས་བསྐལ་པ་བྱེ་མང་དུ། །ཤེས་རབ་དང་ནི་གསན་པ་བསགས། །སེམས་ཅན་བྱེ་བ་ཕན་ཡང་བཏགས། །དེས་ན་བྱང་ཆུབ་མྱུར་དུ་བརྙེས། །འདི་ནི་ཕུང་པོའི་བདུད་ལས་རྒྱལ། །འཆི་བདག་ཉོན་མོངས་བདུད་ལས་རྒྱལ། །འདི་ནི་ལྷ་ཡི་བདུད་ལས་རྒྱལ། །དེས་འདི་མྱ་ངན་མི་འདའོ། །འདི་ནི་ཤིན་ཏུ་ལྷ་ཡི་ལྷ། །ལྷ་རྣམས་ཀྱིས་ཀྱང་མཆོད་པའི་ཆ། །འཇིག་རྟེན་གསུམ་ན་མཆོད་པའི་འོས། །བསོད་ནམས་དོན་དུ་གཉེར་བའི་ཞིང་། །འཆི་མེད་འབྲས་བུ་སྦྱིན་མཛད་པ། །འདི་ནི་སྦྱིན་གནས་དམ་པ་སྟེ། །འདི་ལ་སྦྱིན་པ་བཏང་ན་དེ། །བྱང་ཆུབ་དམ་པ་ཐོབ་བར་དུ། །བར་མ་དོར་ནི་ཆུད་མི་ཟ། །འདི་ཡི་མཛོད་སྤུ་མཛེས་པ་ཡིས། །ཞིང་མང་བྱེ་བ་གསལ་བར་བགྱིད། །ཉི་ཟླ་དག་ཀྱང་ཟིལ་དུ་རླག །སེམས་ཅན་རྣམས་ལ་སྣང་བར་གྱུར། །འདི་ཡི་གཟུགས་ནི་གཟུགས་མཛེས་ཏེ། །གཟུགས་ཀྱི་དམ་པ་ལེགས་པའི་གཟུགས། །མཚན་མཆོག་མངའ་ཞིང་ཕན་པ་བཞེད། ། འཇིག་རྟེན་གསུམ་ན་མཆོད་པའི་འོས། །འདི་སྤྱན་ཤིན་ཏུ་རྣམ་དག་སྟེ། །ཞིང་རྣམས་དང་ནི་སེམས་ཅན་ཚོགས། །སེམས་དང་ལྡན་དང་སེམས་མེད་པ། །མང་པོ་དག་ལ་རང་བྱུང་གཟིགས། །འདི་སྙན་ཤིན་ཏུ་རྣམ་དག་སྟེ། །ལྷ་ཡི་དག་དང་མི་ཡི་དང་། །རྒྱལ་བ་རྣམས་ཀྱི་ཆོས་ཀྱི་དང་། །མཐའ་ཡས་པ་ཡི་སྒྲ་རྣམས་གསན། །འདི་ཡི་ལྗགས་ནི་ཡངས་པ་སྟེ། །ཀ་ལ་པིང་ཀ་འཇམ་པའི་དབྱངས། །འཆི་མེད་རབ་ཏུ་ཞིར་འགྲོ་བའི། །ཆོས་ནི་འདི་ལས་བདག་ཅག་མཉན། །བདུད་ཀྱི་སྡེ་རྣམས་གཟིགས་གྱུར་ཀྱང་། །དེ་ཡི་ཐུགས་ནི་འཁྲུགས་མི་མངའ། །ལྷ་ཡི་ཚོགས་རྣམས་


DKG046_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་གྱུར་ཀྱང་། །ཤིན་ཏུ་ཐུགས་གཞུངས་དགྱེས་མི་མངའ། །འདི་ཡིས་མཚོན་དང་མདའ་རྣམས་ཀྱིས། །བདུད་ཀྱི་སྡེ་ལས་རྒྱལ་མ་ལགས། །བདེན་པ་བརྟུལ་ཞུགས་དཀའ་ཐུབ་ཀྱིས། །སྡང་བའི་གྱད་ལས་འདི་རྒྱལ་ལོ། །གདན་ལས་མ་བསྐྱོད་བཞིན་དུ་ནི། །དེ་ཡི་སྐུ་ལ་གནོད་མ་བྱུང་། །དེ་ཡི་སྐབས་སུ་བྱམས་མི་མངའ། །ཞེ་སྡང་གྱུར་པའང་མ་ལགས་སོ། །གང་དག་ཁྱོད་ལས་ཆོས་ཐོས་ནས། །སྒྲུབ་པ་བགྱིད་པར་འཚལ་བ་ཡི། །ལྷ་དང་མི་རྣམས་དེ་དག་ནི། །རྙེད་པ་ལེགས་པར་རྙེད་པ་ལགས། །རྒྱལ་བ་བསོད་ནམས་གཟི་མངའ་བ། །ཁྱོད་ལ་བསྟོད་པའི་བསོད་ནམས་ཀྱིས། །མི་ཡི་ཟླ་བ་ཁྱོད་འདྲ་བར། །ཀུན་ཀྱང་མྱུར་དུ་འགྱུར་བར་ཤོག །སྐྱེས་བུ་ཁྱུ་མཆོག་འདྲེན་པས་བྱང་ཆུབ་སངས་རྒྱས་ནས། །ཁྲག་ཁྲིག་ཞིང་རྣམས་བསྐྱོད་ཅིང་བདུད་ཀྱང་ཕམ་མཛད་དེ། །ཚངས་པའི་དབྱངས་དང་ཀ་ལ་པིང་ཀའི་སྒྲ་སྐད་ཀྱིས། །འདྲེན་པས་ཐོག་མར་ཚིགས་སུ་བཅད་པ་འདི་གསུངས་སོ། །བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་འདས་པ་ཞི་བ་བསིལ་བའི་དངོས་པོ་ཐོབ། །དེ་བས་བསོད་ནམས་བྱ་བས་ཆོག་པར་སུ་ཞིག་འཛིན། །བདུད་རྩི་ཆོས་མཉན་པས་ཀྱང་ཆོག་པར་སུ་ཞིག་འཛིན། །སྐྱེ་བོ་མེད་པའི་ནགས་གནས་ཆོག་པར་སུ་ཞིག་འཛིན། །སེམས་ཅན་དོན་བྱ་བས་ཀྱང་ཆོག་པར་སུ་ཞིག་འཛིན། །བྱང་ཆུབ་སེམས་དཔས་ལག་པ་བརྐྱང་སྟེ་ཚིག་བརྗོད་པ། །མཆོད་པ་བྱས་ཀྱིས་རང་རང་དག་གི་ཞིང་དུ་དེང་། །ཀུན་གྱིས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ནས། །སྣ་ཚོགས་བཀོད་པས་རང་རང་དག་གི་ཞིང་དུ་དོང་། །དཔུང་རྣམས་ཕན་ཚུན་ཆེན་པོ་བྱུང་བ་དེ་གཟིགས་ནས། །བདེ་བར་གཤེགས་པ་ཚུལ་དུ་ཤིས་པར་རྣམ་པར་རོལ། །དཔུང་བཅས་བདུད་ལས་རྒྱལ་ཏེ་བདུད་རྩི་རེག་ཤོག་ཅེས། །སེམས་ཅན་རྣམས་ཀྱིས་མཚུངས་མེད་སེམས་ཀྱིས་བྱང་ཆུབ་སྨོན། །དགེ་སློང་དག་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་གདན་ལ་བཞུགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས། སྐད་ཅིག་དེ་ལ་སངས་རྒྱས་ཀྱི་རྣམ་པར་རོལ་པ་དཔག་ཏུ་མེད་པ་མཛད་དེ། དེ་དག་ནི་བསྐལ་པར་ཡང་


DKG046_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་སླ་བ་མ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ས་ནི་ལག་མཐིལ་ལྟ་བུར་མཉམ་པར་གནས་པར་གྱུར། །འདབ་མ་བརྒྱ་པ་རྒྱས་པ་འོད་དང་ལྡན་པ་བྱུང་། །ལྷ་རྣམས་བརྒྱ་སྟོང་བྱང་ཆུབ་སྙིང་པོར་རབ་ཏུ་འདུད། །སེང་གེ་སྒྲ་ཡི་མཚན་མ་དང་པོ་འདི་འདིར་མཐོང་། །སྟོང་གསུམ་ཤིང་བརྒྱ་དག་དང་རི་རྣམས་དུ་མ་དང་། རི་ཡི་རྒྱལ་པོ་ལྷུན་པོ་བྱང་ཆུབ་སྙིང་པོར་འདུད། །་སྟོབས་བཅུའི་གན་དུ་སོང་སྟེ་བརྒྱ་བྱིན་ཚངས་པ་འདུད། །འདི་ཡང་མི་ཡི་སེང་གེ་བྱང་ཆུབ་སྙིང་པོར་རོལ། །སྐུ་ལས་འོད་ཟེར་བརྒྱ་སྟོང་དག་ནི་རབ་བཀྱེ་སྟེ། །རྒྱལ་བའི་ཞིང་མཆོག་ཁྱབ་ནས་ངན་སོང་གསུམ་པོ་ཞི། །དེ་ནས་སྐད་ཅིག་ཡུད་ཙམ་མི་ཁོམ་སྐམས་པར་གྱུར། །སེམས་ཅན་གང་ལའང་ཐ་བ་རྒྱགས་སྡང་གནོད་པ་མེད། །འདི་ཡང་མི་ཡི་སེང་གེ་གདན་ལ་བཞུགས་པའི་རོལ། །ཉི་ཟླ་ནོར་བུ་མེ་དང་གློག་དང་ལྷ་ཡི་འོད། །འོད་དང་ལྡན་པའི་རླབས་ཀྱིས་ཟིལ་མནན་ལམ་མེ་མིན། །འགྲོ་བ་གང་གིས་ཀྱང་ནི་སྟོན་པའི་གཙུག་མི་མཐོང་། །འདི་ཡང་མི་ཡི་སེང་གེ་གདན་ལ་བཞུགས་པའི་རོལ། །ཕྱག་གི་མཐིལ་གྱིས་རེག་ནས་ས་ཡང་རྣམ་དྲུག་གཡོས། །དེ་ཡི་བདུད་ཀྱི་སྡེ་རྣམས་ཤིང་བལ་བཞིན་དུ་དཀྲུགས། །བདུད་ནི་མདའ་ཐོགས་ས་ལ་རི་མོ་གང་འདྲི་བ། །འདི་ཡང་མི་ཡི་སེང་གེ་གདན་ལ་རོལ་པ་ལགས། །མངོན་པར་རྫོགས་པར་བྱང་ཆུབ་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།