Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་ལྔ་པ། བསྐུལ་བའི་ལེའུ།
   
   
   
   
   


 
previousཉི་ཤུ་རྩ་ལྔ་པ། བསྐུལ་བའི་ལེའུ། next

ཉི་ཤུ་རྩ་ལྔ་པ། བསྐུལ་བའི་ལེའུ།


DKG046_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་ད་ལྟར་དེ་བཞིན་གཤེགས་པ་ཤིང་སྒྲོལ་རྒྱུའི་དྲུང་ན་བཞུགས་པ་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་གཅིག་པུ་དབེན་པར་གཤེགས་ཏེ། ནང་དུ་ཡང་དག་བཞག་ནས་འཇིག་རྟེན་དང་འཐུན་པར་


DKG046_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ཕྱིར་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་ངས་ཐོབ་ཅིང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་འདི་ནི་ཟབ་པ། ཞི་བ། རབ་ཏུ་ཞི་བ། ཉེ་བར་ཞི་བ། གྱ་ནོམ་པ། མཐོང་བར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། བརྟག་མི་ནུས་པ་རྟོག་གེའི་སྤྱོད་པ་མ་ཡིན་པ། འཕགས་པ་མཁས་པ་དང་མཛངས་པས་རིག་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་བོར་བ་ཀུན་ཏུ་རིག་པ། ངེས་པར་རིག་པ། ཚོར་བ་ཐམས་ཅད་འགོག་པ། དོན་དམ་པ། ཀུན་གཞི་མེད་པ། བསིལ་བའི་དངོས་པོ། ལེན་པ་མེད་པ། ཉེ་བར་ལེན་པ་མེད་པ། རྣམ་པར་རིག་པ་མ་ཡིན་པ། རྣམ་པར་རིག་པར་བྱ་བ་མ་ཡིན་པ། འདུས་མ་བྱས་པ་ཡུལ་དྲུག་ལས་ཤིན་ཏུ་འདས་པ། མི་རྟོག་པ་རྣམ་པར་མི་རྟོག་པ། བརྗོད་དུ་མེད་པ་སྒྲ་མེད་པ། སྒྲས་བརྗོད་དུ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། དམིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ། ཞི་གནས་ཀྱི་ལམ་གྱིས་ཆོད་པ། སྟོང་པ་ཉིད་དམིགས་སུ་མེད་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདས་པ་སྟེ། གལ་ཏེ་བདག་གིས་ཆོས་འདི་གཞན་དག་ལ་བསྟན་ལ། གལ་ཏེ་དེ་དག་གིས་མ་ཤེས་ན། དེ་ནི་བདག་ངལ་བ་དང་། ལོག་པར་བརྩལ་བ་དང་། ཆོས་བསྟན་པ་དོན་མེད་པར་འགྱུར་གྱི། བདག་སྙིང་ལས་ཆུང་ངུར་ཁ་རོག་པར་གནས་པར་བྱ་སྙམ་མོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ཆོས་ནི་བདག་གིས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲར་ནགས་འདབས་གནས་པར་བྱ་བ་སྙམ། །ཚིག་བྲལ་ངག་གི་ལམ་གྱིས་མི་གོས་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱིས་རྒྱུ་བ་རབ་གྲོལ་བ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །དོན་ཚུལ་འདི་ནི་ཡི་གེ་རྣམས་ཀྱིས་སུ། །ཤེས་པར་མི་ནུས་མཛངས་པས་རིག་པ་ཡིན། །སྔོན་གྱི་རྒྱལ་ལ་ལྷག་བྱས་སེམས་ཅན་རྣམས། །དེ་དག་ཆོས་འདི་ཐོས་ན་ཡིད་ཆེས་འགྱུར། །འདི་ན་ཆོས་ནི་གང་ཡང་ཡོད་མིན་ཏེ། །ཡོད་མེད་གང་ཡིན་དེ་ནི་ཡོད་མ་ཡིན། །གང་གིས་རྒྱུ་དང་བྱ་བ་བརྒྱུད་


DKG046_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ། ། དེ་ལ་ཡོད་པའམ་མེད་པ་ཡོད་མ་ཡིན། །བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་ནི། །སྔོན་གྱི་རྒྱལ་བའི་གན་ནས་བདག་གིས་སྤྱད། །འོན་ཀྱང་གང་ན་བདག་དང་སེམས་ཅན་དང་། །སྲོག་མེད་བཟོད་པ་དེ་ནི་བདག་མ་ཐོབ། །གང་ཚེ་འདི་ན་སྐྱེ་འཆི་གང་མེད་པ། །ཆོས་འདི་ཐམས་ཅད་རང་བཞིན་བདག་མེད་པའི། །བཟོད་འདི་བདག་གིས་ཐོབ་པ་དེ་ཡི་ཚེ། །སངས་རྒྱས་མར་མེ་མཛད་ཀྱིས་བདག་ལུང་བསྟན། །འཇིག་རྟེན་ཀུན་ལ་སྙིང་རྗེ་མཐའ་ཡས་ང་། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་སྡོད། །སྐྱེ་བོ་འདི་དག་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །གལ་ཏེ་ཚངས་པས་ང་ཡི་རྐང་པར་གཏུགས། །རྣམ་པ་བཟང་པོ་འཚལ་འགྱུར་སེམས་ཅན་མཆིས། །རྡུལ་བྲལ་གྱ་ནོམ་ཆོས་ཤོད་གསོལ་བཏབ་ན། །དེ་ལྟས་ང་ཡི་ཆོས་འདི་གཟུང་འོས་འགྱུར། །དགེ་སློང་དག་དེ་ལྟར་དེ་བཞིན་གཤེགས་པས་དེའི་ཚེ་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་འགྱུར་བའི་འོད་ཕྱུང་ངོ་། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་ཆེན་པོ་གཙུག་ཕུད་ཅན་སངས་རྒྱས་ཀྱི་མཐུས་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ཏེ། བཅོམ་ལྡན་འདས་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་ཅིང་ཆོས་མི་སྟོན་པར་ཤེས་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་སོང་ལ་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་གོར་མ་ཆག་སྙམ་མོ། །དེ་ནས་ཚངས་པ་གཙུག་ཕུད་ཅན་གྱིས་དེའི་ཚེ། དེ་མ་ཡིན་པ་ཚངས་རིས་ཀྱི་ལྷའི་བུ་གཞན་དག་ལ་སྨྲས་པ། གྲོགས་པོ་དག་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། འདི་ལྟར་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་པས། ཀྱེ་མ་འཇིག་རྟེན་འདི་ནི་མ་རུང་ངོ་། །གྲོགས་པོ་དག་ཀྱེ་མ་འཇིག་རྟེན་འདི་ནི་རྣམ་པར་མ་རུང་ངོ་། །བདག་ཅག་དོང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་གོར་མ་ཆག་གོ །དགེ་སློང་


DKG046_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དག་དེ་ནས་ཚངས་པ་ཆེན་པོ་གཙུག་ཕུད་ཅན་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་བསྐོར་ཏེ། མདུན་དུ་བདར་ནས་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་པས་ཀྱེ་མའོ་བཅོམ་ལྡན་འདས་འཇིག་རྟེན་འདི་ནི་མ་རུང་ངོ་། །ཀྱེ་མའོ་བཅོམ་ལྡན་འདས་འཇིག་རྟེན་འདི་ནི་རབ་ཏུ་མ་རུང་ངོ་། །སེམས་ཅན་རྣམ་པ་བཟང་པོ་གོ་སླ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བར་རྔོ་ཐོགས་པ། སྐལ་བ་དང་ལྡན་པ། ནུས་པ་དང་ལྡན་པ་དག་མཆིས་ཏེ། དེ་ལྟ་ལགས་པས་བཅོམ་ལྡན་འདས་ཆོས་ལེགས་པར་བསྟན་དུ་གསོལ། བདེ་བར་གཤེགས་པ་ཆོས་བསྟན་དུ་གསོལ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་འགྱེད་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པད་མ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །འཕགས་པའི་ནོར་ལ་སེམས་ཅན་དག་ནི་འགྲོན་གཉེར་ཏེ། །སྲོག་ཆགས་བྱེ་བ་མང་པོ་དབུགས་ཕྱུང་མཛད་ནས་ནི། །གང་སླད་མི་གསུང་འགྲོ་ལ་བཏང་སྙོམས་མཛད་པ་འདི། །འཇིག་རྟེན་རྩ་ལག་ཁྱོད་ལ་རིགས་པ་མ་ལགས་སོ། །ཆོས་ཀྱི་དམ་པའི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་མྱུར་དུ་བུད་དུ་གསོལ། །ཆོས་ཀྱི་མཆོད་སྡོང་ཆེན་པོ་བསྒྲེང་བར་མཛད་དུ་གསོལ། །ཆོས་ཀྱི་མར་མེ་ཆེན་པོ་འབར་བར་མཛད་དུ་གསོལ། །ཆོས་ཆུ་མཆོག་གི་ཆར་པ་རབ་ཏུ་དབབ་ཏུ་གསོལ། །སྲིད་པའི་རྒྱ་མཚོར་གནས་པ་འདི་དག་བསྒྲལ་དུ་གསོལ། །ནད་ཆེན་ཉོན་མོངས་འདི་དག་ཐར་བར་མཛད་དུ་གསོལ། །ཉོན་མོངས་མེས་གདུངས་རབ་ཏུ་ཞི་བར་མཛད་དུ་གསོལ། །བདེ་བ་ཤིས་པ་རིམས་མེད་མྱ་ངན་མེད་གྱུར་པ། །ཞི་བའི་ལམ་ནི་ཁྱོད་ཀྱིས་ངེས་པར་བསྟན་དུ་གསོལ། །མྱ་ངན་འདས་པའི་ལམ་དུ་མི་འགྲོ་མགོན་


DKG046_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། །ལོག་པའི་ལམ་དུ་གནས་ལ་མགོན་པོ་ཐུགས་རྗེ་མཛོད། །རྣམ་པར་ཐར་པའི་སྒོ་རྣམས་རབ་ཏུ་དབྱེ་བར་གསོལ། །ཆོས་ཚུལ་འཁྲུག་པ་མ་མཆིས་དེ་ནི་གཟུང་དུ་གསོལ། །སྐྱེ་བོ་དམུས་ལོང་དུ་ནི་གྱུར་པ་དེ་དག་ལ། །མགོན་པོ་ཁྱོད་ཀྱིས་ཆོས་མིག་དམ་པ་སྦྱང་དུ་གསོལ། །མི་ཡི་ཟླ་བ་མགོན་པོ་ཁྱོད་ནི་མ་གཏོགས་པར། །འཇིག་རྟེན་དག་གི་སྐྱེ་དང་རྒ་བ་སེལ་བགྱིད་པ། །ཚངས་པའི་འཇིག་རྟེན་དང་ནི་ལྷ་ཡི་འཇིག་རྟེན་དང་། །གནོད་སྦྱིན་དྲི་ཟ་མི་ཡི་འཇིག་རྟེན་ན་མ་མཆིས། །ལྷ་རྣམས་ཐམས་ཅད་ལྟག་པར་སྤྱད་པར་བགྱིས་ནས་ནི། །བདག་ནི་ཆོས་རྒྱལ་ཁྱོད་ལ་གསོལ་བ་འདེབས་པ་ལགས། །བསོད་ནམས་འདི་ཡིས་བདག་ཀྱང་རབ་ཏུ་མྱུར་བར་ནི། །ཆོས་ཀྱི་འཁོར་ལོ་དམ་པ་རབ་ཏུ་སྐོར་གྱུར་ཅིག །དགེ་སློང་དག་དེ་བཞིན་གཤེགས་པས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྗེས་སུ་གཟུང་བའི་ཕྱིར། ཐུགས་བརྩེ་བར་དགོངས་ཏེ། ཚངས་པ་ཆེན་པོ་གཙུག་པུད་ཅན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པས་ཅང་མི་གསུང་བས་གནང་བར་རིག་ནས། ལྷའི་ཙན་དན་གྱི་ཕྱེ་མ་དང་། ཨ་ག་རུའི་ཕྱེ་མས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས་དགའ་བ་དང་མཆོག་ཏུ་དགའ་བ་སྐྱེས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་ཆོས་ལ་འཇིག་རྟེན་གུས་པ་བསྐྱེད་པ་དང་། ཚངས་པ་ཆེན་པོ་གཙུག་པུད་ཅན་ཡང་དེ་བཞིན་གཤེགས་པ་ལ་ཡང་དང་ཡང་བསྐུལ་བས་དགེ་བའི་རྩ་བ་རྣམ་པར་སྤེལ་བ་དང་། ཆོས་ཀྱང་ཤིན་ཏུ་ཟབ་པའི་ཕྱིར་ཡང་གཅིག་པུ་དབེན་པར་གཤེགས་ཏེ། ནང་དུ་ཡང་དག་བཞག་ནས། ཐུགས་ལ་འདི་ལྟ་བུར་རྣམ་པར་རྟོག་པར་གྱུར་ཏེ། བདག་གིས་ཆོས་ཟབ་པ། ཕྲ་བ། གསལ་བ། ཁོང་དུ་ཆུད་པར་དཀའ་བ། བརྟག་མི་ནུས་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། མཁས་པ་དང་མཛངས་པས་རིག་པ། འཇིག་རྟེན་ཐམས་ཅད་དང་མི་འཐུན་པ། མཐོང་བར་དཀའ་བ། ཕུང་པོ་ཐམས་ཅད་བོར་བ། འདུ་བྱེད་ཐམས་ཅད་ཉེ་བར་ཞི་བ། ཞི་གནས་ཀྱི་ལམ་གྱིས་ཆད་པ། སྟོང་པ་ཉིད་དམིགས་སུ་མེད་པ། སྲེད་པ་ཟད་པ།


DKG046_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པ་འདི་མངོན་པར་རྫོགས་པར་སངས་རྒྱས་ཏེ། གལ་ཏེ་བདག་གིས་ཆོས་འདི་བསྟན་ལ། གཞན་གྱིས་འདི་ཁོང་དུ་མ་ཆུད་ན་དེ་ནི་བདག་ལ་ཤིན་ཏུ་ཐོ་བཙམས་པར་འགྱུར་གྱིས་བདག་སྙིང་ལས་ཆུང་ངུར་གནས་པས་གནས་པར་བྱ་གོར་མ་ཆག་སྙམ་མོ། །དགེ་སློང་དག་དེ་ནས་སངས་རྒྱས་ཀྱི་མཐུས། ཚངས་པ་ཆེན་པོ་གཙུག་ཕུད་ཅན་གྱིས་ཡང་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྣམ་པར་རྟོག་པ་དེ་ལྟ་བུ་དེ་སེམས་ཀྱིས་ཤེས་ནས། ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཤེས་པར་གྱིས་ཤིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་དེ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་མི་སྟོན་པར་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་པས། ཀཽ་ཤི་ཀ་ཀྱེ་མའོ་འཇིག་རྟེན་འདི་ནི་མ་རུང་བར་འགྱུར་རོ། །ཀཽ་ཤི་ཀ་ཀྱེ་མའོ་འཇིག་རྟེན་འདི་ནི་རྣམ་པར་མ་རུང་བར་འགྱུར་རོ། །ཀྱེ་མའོ་འཇིག་རྟེན་འདི་ནི་མ་རིག་པའི་མུན་པ་ཆེན་པོར་བཅུག་པར་འགྱུར་ན། བདག་ཅག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་དུ་ཅིའི་ཕྱིར་མི་འདོང་། དེ་ཅིའི་ཕྱིར་ཞེ་ན། མ་བསྐུལ་བར་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་མི་སྐོར་བའི་ཕྱིར་རོ། །གྲོགས་པོ་ལེགས་སོ་ཞེས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། ས་བླའི་ལྷ་རྣམས་དང་། བར་སྣང་བ་རྣམས་དང་། རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། འོད་གསལ་དང་། འབྲས་བུ་ཆེ་དང་། དགེ་རྒྱས་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་རབ་ཏུ་མང་པོ་ཁ་དོག་མངོན་པར་འཕགས་པ་དག་ནམ་སྲོས་པ་དང་། ལྷའི་ཁ་དོག་དང་། ལྷའི་སྣང་བས་ཤིང་སྒྲོལ་རྒྱུའི་དྲུང་ཉེ་ཚེ་སྣང་བར་བྱས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།


DKG046_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་དོ། །ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཇི་ལྟར་ཁྱོད་ཀྱིས་བསྐུལ་བ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་མི་གདབ་བོ། །དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པས་གསོལ་བ། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཀུན་ཏུ་འཚལ་བར་འགྱུར་བ་མཆིས་ལགས་ཀྱིས། །ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །དགེ་སློང་དག་དེ་སྐད་ཅེས་གསོལ་བ་དང་། དེ་བཞིན་གཤེགས་པས་ཚངས་པ་ཆེན་པོ་གཙུག་པུད་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ངས་ཆོས་ཟབ་པ་ཕྲ་བ། གསལ་བ་འདི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ནས། དེ་ནི་བདག་ལ་ཤིན་ཏུ་ཐོ་བཙམས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྦྱར་རོ་ཚངས་པ་ཚིགས་སུ་བཅད་པ་འདི་དག་ང་ལ་རྒྱུན་དུ་སྣང་མོད་ཀྱི། ངའི་ལམ་རྒྱུན་ལས་བཟློག་པར་འགྲོ་བ་ཟབ་པ། མཐོང་བར་དཀའ་བ་དེ་ནི་འདོད་ཆགས་ཀྱིས་ལྡོངས་པ་དག་གིས་མི་མཐོང་སྟེ། དེ་ལྟ་བས་ན་བསྟན་ཀྱང་མི་ཕན་ནོ། །སྐྱེ་དགུ་འདོད་པ་རྣམས་ལ་བཅིངས། །རྒྱུན་གྱིས་རབ་ཏུ་བདས་པ་ཡིན། །ངས་འདི་ཚེགས་ནི་ཆེན་པོས་རྙེད། །དེ་ལྟ་བས་ན་བསྟན་མི་ཕན། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་དང་། ལྷའི་དབང་


DKG046_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ཅང་མི་གསུང་བར་གྱུར་པར་རིག་ནས། ལྷའི་བུ་དེ་དག་དང་ལྷན་ཅིག་ཏུ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །ལན་གསུམ་གྱི་བར་དུ་དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུ་ལ་ཐུགས་བཏུད་དོ། །དགེ་སློང་དག་དེའི་ཚེ་ཡུལ་མ་ག་དྷཱའི་མི་རྣམས་ལ་སྡིག་པ་མི་དགེ་བའི་ལྟ་བར་གྱུར་པ་འདི་ལྟ་བུ་དག་བྱུང་བར་གྱུར་ཏེ། འདི་ལྟ་སྟེ། ཁ་ཅིག་ནི་འདི་སྐད་དུ་རླུང་ལྡང་བར་མི་འགྱུར་རོ་ཞེས་འཛེར་རོ། །ཁ་ཅིག་ནི་འདི་སྐད་དུ་མེ་འབར་བར་མི་འགྱུར་རོ་ཞེས་འཛེར་རོ། །ཁ་ཅིག་ནི་འདི་སྐད་དུ་ཆར་འབབ་པར་མི་འགྱུར་རོ་ཞེས་འཛེར་རོ། །ཁ་ཅིག་ནི་ཆུ་འབབ་པར་མི་འགྱུར་རོ་ཞེས་འཛེར་རོ། །ཁ་ཅིག་ནི་ལོ་ཏོག་སྐྱེ་བར་མི་འགྱུར་རོ་ཞེས་འཛེར་རོ། །ཁ་ཅིག་ནི་བྱ་རྣམས་ནམ་མཁའ་ལ་འཕུར་བར་མི་འགྱུར་རོ་ཞེས་འཛེར་རོ། །ཁ་ཅིག་ནི་སྦྲུམ་མ་རྣམས་ནད་མེད་པར་བཙའ་བར་མི་འགྱུར་རོ་ཞེས་འཛེར་རོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྣམ་པར་རྟོག་པ་དེ་ལྟ་བུ་དེ་ཡང་ཤེས། ཡུལ་མ་ག་དྷཱའི་མི་རྣམས་ཀྱི་ལྟ་བར་གྱུར་པ་དེ་དག་ཀྱང་རིག་ནས། ནམ་སྲོས་པ་དང་། ཁ་དོག་མངོན་པར་འཕགས་པ་དང་། ལྷའི་སྣང་བས་ཤིང་སྒྲོལ་རྒྱུའི་དྲུང་ཐམས་ཅད་སྣང་བར་བྱས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པ་གསོལ་པ། མ་ག་དྷཱར་ནི་སྔོན་ཆོས་མ་དག་པ། །དྲི་མར་བཅས་པར་སེམས་པའི་སྨྲ་བ་བྱུང་། །དེ་སླད་ཐུབ་པ་བདུད་རྩིའི་སྒོ་དབྱེ་གསོལ། །དྲི་མེད་སངས་རྒྱས་ཆོས་ནི་ཉན་ཅིང་མཆིས། །ཁྱོད་ནི་རང་གི་དགོས་མཛད་རང་དབང་གྱུར། །སྡུག་བསྔལ་མངོན་པར་འདུ་བྱེད་དྲི་མ་སྤངས། །ཁྱོད་ཀྱི་དགེ་བ་འཕེལ་དང་འགྲིབ་མ་མཆིས། །ཁྱོད་འདིར་ཆོས་མཆོག་ཕ་རོལ་བྱོན་པར་གྱུར། །ཐུབ་པ་ཁྱོད་འདྲ་འཇིག་རྟེན་འདིར་མ་མཆིས། །དྲང་སྲོང་ཆེ་ཁྱོད་ལྷག་པ་ག་ལ་མཆིས། །སྲིད་གསུམ་འདི་ན་རྣམ་པར་ལྷང་


DKG046_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་སྟེ། །ལྷ་མིན་གནས་ན་མཆིས་པའི་རི་བོ་འདྲ། །སྡུག་བསྔལ་སྐྱེ་བོ་ཐུགས་རྗེ་ཆེ་བསྐྱེད་གསོལ། །ཁྱོད་འདྲ་ནམ་ཡང་བཏང་སྙོམས་མཛད་མི་རིགས། །ཁྱོད་ནི་མི་འཇིགས་སྟོབས་དང་ཡང་དག་ལྡན། །ཁྱོད་ནི་སྐྱེ་བོ་རབ་ཏུ་སྒྲོལ་བར་སྤྱོད། །ལྷ་དང་དགེ་སྦྱོང་བྲམ་ཟེར་བཅས་པ་ཀུན། །སྐྱེ་དགུ་འདི་དག་རིང་ནས་ཟུག་རྔུར་བཅས། །ནད་རིམས་མ་མཆིས་ནད་མ་མཆིས་གྱུར་ཅིག །འདི་ན་དེ་དག་སྐྱབས་ནི་གཞན་མ་མཆིས། །ཆོས་དེ་རྒྱལ་བས་ཐུགས་སུ་ཆུད་གྱུར་ཏེ། །ཇི་ལྟ་བཞིན་དུ་མི་ཉུང་སྟོན་འགྱུར་ཞེས། །དགེ་བའི་སེམས་ཀྱིས་བདུད་རྩི་དོན་གཉེར་ཞིང་། །ལྷ་དང་མི་རྣམས་ཁྱོད་ཕྱིར་རིང་ནས་འབྲང་། །དེ་སླད་མཐུ་རྩལ་བཟང་པོ་ཁྱོད་ལ་གསོལ། །རིང་ནས་ལམ་ལས་ཉམས་པའི་སེམས་ཅན་ཐུལ། །མ་ཐོས་དོན་རྣམས་རབ་ཏུ་ཐོས་པར་འཚལ། །ཤིན་ཏུ་ཉམ་ཆུང་རྟས་པར་འཚལ་དང་འདྲ། །རབ་ཏུ་སྐམ་པའི་ས་ལ་སྤྲིན་ལྟ་བུར། །འདྲེན་པ་ཆོས་ཀྱི་ཆར་པས་ཚིམ་པར་མཛོད། །རིང་ནས་ཉམས་པའི་མི་རྣམས་སྲིད་པ་ན། །ལྟ་ངན་ཐིབས་པོ་ཚེར་མར་བཅས་པར་རྒྱུ། །གང་བསྒོམས་ན་ནི་བདུད་རྩི་ཐོབ་འགྱུར་བ། །ཚེར་མ་མ་མཆིས་དྲང་ལམ་དེ་བསྟན་གསོལ། །ལོང་བ་གཡང་ལྷུང་འདྲེན་པ་མ་མཆིས་པ། །འདི་ན་དེ་དག་གཞན་གྱིས་དྲང་མི་ནུས། །བློ་ལྡན་ཁྱུ་མཆོག་ཁྱོད་ནི་མོས་བསྐྱེད་དེ། །གཡང་ས་ཆེན་པོར་ལྷུང་བ་གདོན་དུ་གསོལ། །ཐུབ་པ་ཁྱོད་དང་རིང་ནས་རྟག་མི་མཇལ། །ཨུ་དུམ་བཱ་རའི་མེ་ཏོག་བརྒྱ་ལམ་ལྟར། །འདྲེན་པ་རྒྱལ་བ་དག་ནི་ས་ལ་འབྱུང་། །མགོན་པོ་དལ་རྙེད་སེམས་ཅན་དགྲོལ་དུ་གསོལ། །རང་རྒལ་ནས་ནི་བསྒྲལ་བར་བྱའོ་ཞེས། །སྔོན་སྲིད་ཁྱོད་ཀྱི་དགོངས་པ་འདི་འབྱུང་ངོ་། །ད་ལྟར་ཁྱོད་ནི་ཕ་རོལ་བྱོན་པར་ངེས། །བདེན་པའི་མཐུ་རྩལ་ཐུགས་དམ་མད་པར་མཛོད། །ཐུབ་པ་ཆོས་ཀྱི་སྒྲོན་མས་མུན་པ་སོལ། །དེ་བཞིན་གཤེགས་པའི་རྒྱལ་མཚན་ཁྱོད་ཀྱིས་སྒྲེང་། །སྙན་པའི་གསུང་བརྗོད་པ་ཡི་དུས་ལ་བབ། །རྔ་སྒྲ་རི་དགས་དབང་ལྟར་བསྒྲག་ཏུ་གསོལ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ལ་གཟིགས་ན། སེམས་ཅན་


DKG046_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་དང་། འབྲིང་དང་། གྱ་ནོམ་དང་། མཐོ་བ་དང་། དམའ་བ་དང་། བར་མ་དང་། རྣམ་པ་བཟང་པོ་དང་། རྣམ་པར་སྦྱང་སླ་བ་དང་། རྣམ་པ་ངན་པ་དང་། །རྣམ་པར་སྦྱང་དཀའ་བ་དང་། ཟུར་ཙམ་གྱིས་གོ་བ་དང་། ཚིག་ལྷུར་ལེན་པ་དང་། སེམས་ཅན་གྱི་ཕུང་པོ་གསུམ་སྟེ། གཅིག་ནི་ལོག་པ་ཉིད་དུ་ངེས་པ་དང་། གཅིག་ནི་ཡང་དག་པ་ཉིད་དུ་ངེས་པ་དང་། གཅིག་ནི་མ་ངེས་པ་གཟིགས་སོ། །དགེ་སློང་དག་འདི་ལྟ་སྟེ་དཔེར་ན། མི་ཞིག་རྫིང་གི་འགྲམ་ན་འདུག་པས་པད་མ་ཁ་ཅིག་ནི་ཆུའི་ནང་ནས་འཐོན། ཁ་ཅིག་ནི་ཆུ་དང་མཉམ། ཁ་ཅིག་ནི་ཆུ་ལས་འཕགས་པ་དག་མཐོང་ངོ་། །དགེ་སློང་དག་དེ་བཞིན་དུ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ན་སེམས་ཅན་ཕུང་པོ་གསུམ་དུ་རྣམ་པར་གནས་པ་དག་གཟིགས་སོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་འདི་སྙམ་དུ་དགོངས་ཏེ། ངས་ཆོས་བསྟན་ཀྱང་རུང་། མ་བསྟན་ཀྱང་རུང་སྟེ། གང་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་འདི་ནི་ཆོས་འདི་ཤེས་པར་མི་འགྱུར་རོ། །ངས་ཆོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་སྟེ། གང་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་འདི་ནི་ཆོས་འདི་ཤེས་པར་འགྱུར་རོ། །མ་ངེས་པའི་ཕུང་པོ་གང་ཡིན་པ་འདི་ནི་གལ་ཏེ་ཆོས་བསྟན་ན་ནི་ཤེས་པར་འགྱུར། ཇི་སྟེ་ཆོས་མ་བསྟན་ན་ནི་ཤེས་པར་མི་འགྱུར་རོ་སྙམ་མོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པས་མ་ངེས་པའི་ཕུང་པོར་རྣམ་པར་གནས་པའི་སེམས་ཅན་རྣམས་ལས་བརྩམས་ཏེ་ཐུགས་རྗེ་ཆེན་པོ་བསྐྱེད་དོ། །དེ་ནས་དེ་བཞིན་གཤེགས་པས་བདག་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་འདིའི་དབང་དུ་མཛད་དེ། ཚངས་པ་ཆེན་པོ་གཙུག་ཕུད་ཅན་གྱིས་བསྐུལ་བ་ཡང་མཁྱེན་ནས། ཚངས་པ་ཆེན་པོ་གཙུག་པུད་ཅན་ལ་ཚིགས་སུ་བཅད་པས་བཀའ་སྩལ་པ། །ཚངས་པ་མ་ག་དྷཱ་ཡི་སེམས་ཅན་གང་། །རྣ་བ་ལྡན་ཞིང་དད་དང་ལྡན་གྱུར་ལ། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པས། །དེ་དག་ལ་ནི་བདུད་རྩིའི་སྒོ་ཕྱེའོ། །དེ་ནས་ཚངས་པ་ཆེན་པོ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པས་གནང་བར་རིག་ནས་ཚིམ་ཞིང་མགུ་ལ་


DKG046_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་དེ་ནས་དེའི་ཚེ་ས་བླའི་ལྷ་རྣམས་ཀྱིས་བར་སྣང་གི་ལྷ་རྣམས་ལ་ཚིག་ཏུ་བརྗོད་ཅིང་སྒྲ་བསྒྲགས་པ། གྲོགས་པོ་དག་དོ་མོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་སྟེ། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། །ཀྱེ་གྲོགས་པོ་དག་ལྷ་མ་ཡིན་གྱི་རིས་ནི་ཡོངས་སུ་འགྲིབ་པར་འགྱུར་རོ། །ལྷའི་རིས་ནི་ཡོངས་སུ་རྫོགས་པར་འགྱུར་རོ། །འཇིག་རྟེན་ན་སེམས་ཅན་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ལྟར་བར་སྣང་གི་ལྷ་རྣམས་ཀྱིས་ས་བླའི་ལྷ་རྣམས་ལས་ཐོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་སྒྲར་བརྗོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ལའོ། །དེ་དག་གིས་ཀྱང་ཚངས་རིས་ཀྱི་ལྷ་རྣམས་ལ་ཚིག་ཏུ་བརྗོད་ཅིང་སྒྲ་བསྒྲགས་ཏེ། གྲོགས་པོ་དག་དོ་མོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་སྟེ། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །ཀྱེ་གྲོགས་པོ་དག་ལྷ་མ་ཡིན་གྱི་རིས་ནི་ཡོངས་སུ་འགྲིབ་པར་འགྱུར་རོ། །ལྷའི་རིས་ནི་ཡོངས་སུ་འཕེལ་བར་འགྱུར་རོ། །འཇིག་རྟེན་ན་སེམས་ཅན་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དགེ་སློང་དག་དེ་ལྟར་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལས་བླའི་ལྷ་རྣམས་ནས་བཟུང་སྟེ། ཚངས་རིས་ཀྱི་ལྷའི་བར་མན་ཆད་དུ་གྲོགས་པོ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོ་མོད་ཆོས་


DKG046_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་བསྐོར་བར་གནང་སྟེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྒྲ་སྐད་གཅིག་མངོན་དུ་བྱུང་བར་གྱུར་ཏོ། །དགེ་སློང་དག་དེ་ནས་བྱང་ཆུབ་ཀྱི་ཤིང་གི་ལྷ་ཆོས་སྲེད་ཅེས་བྱ་བ་དང་། ཆོས་འདོད་དང་། ཆོས་ཀྱི་བློ་གྲོས་དང་། ཆོས་སྤྱོད་དང་། བྱང་ཆུབ་ཀྱི་ཤིང་གི་ལྷ་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པས་ལྷ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུའོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་གྲོང་ཁྱེར་བཱ་རཱ་ཎ་སཱི་ནི་སྐྱེ་བོའི་ཚོགས་ཆུང་བ་ལགས། རི་དགས་ཀྱི་ནགས་ནི་ཞུགས་ཤིང་གི་གྲིབ་མ་ཆུང་བ་ལགས་ཏེ། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགྱེས་པ། མི་དང་སྐྱེ་བོ་མང་པོས་གང་བ། སྐྱེད་མོས་ཚལ་དང་། ནགས་དང་ནགས་འདབས་ཀྱིས་བརྒྱན་པ། གཞན་དག་ཀྱང་མཆིས་ན། བཅོམ་ལྡན་འདས་དེ་དག་ཅིག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ། དེ་བཞིན་གཤེགས་པས་བཀའ་སྩལ་པ། བཞིན་བཟངས་དག་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དེར་ནི་ང་ཡིས་མཆོད་སྦྱིན་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་དྲུག་ཅུ་བྱས། །དེར་ནི་སངས་རྒྱས་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དེ་དག་མཆོད། །་བཱ་རཱ་ཎ་སཱི་དམ་པ་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། །ས་དེ་ལྷ་དང་ཀླུ་ཡིས་མངོན་བསྟོད་རྟག་ཏུ་ཆོས་ནི་མངོན་པར་གཞོལ། །ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན། །དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །ཞི་ཞིང་ཉེར་ཞི་བསམ་གཏན་མངོན་གྱུར་རྟག་ཏུ་རི་དགས་རྣམས་ཀྱིས་བསྟེན། །དེ་ཕྱིར་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །བསྐུལ་བའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་ལྔ་པའོ།། །།


previousཉི་ཤུ་རྩ་ལྔ་པ། བསྐུལ་བའི་ལེའུ། next